སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཀྱི་ཊཱི་ཀ་དང་ས་བཅད།

༼ཉ༽

༄༅། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་བླ་མ་ལ་བཏུད་ནས། །ཡི་གེ་གཉིས་ནི་སྔོན་འགྲོ་ཡིས། །སྒྲོལ་མ་འཁོར་བ་ལས་སྒྲོལ་མ། །གཉིས་པའི་ཚིགས་གིས་བདག་ཕྱག་འཚལ། །དྲན་པ་སྔོན་དུ་བཏང་བྱས་ལ། །གཞན་གྱིས་བསྐུལ་ཕྱིར་བྲི་བར་བྱ། །ཀླུ་སྒྲུབ་གསུང་ལ་བརྟེན་བྱས་ནས། །ཉི་མ་སྦས་པས་སྒྲོལ་མ་གྲུབ། །དེ་ཡིས་ལུང་བསྟན་ཐོབ་གྱུར་ནས། །རྒྱུད་དང་མཁས་པའི་གསུང་བརྟེན་བྱས། །དེས་ནི་དཱ་ན་ཤྲཱི་ཞེས་ལ། །བརྒྱུད་འགྱུར་དེས་ནི་མཉྫུ་ཤྲཱི། །དེས་ནི་མལ་གྱོ་ལ་བརྒྱུད་ཅིང༌། །དེས་ནི་དཔལ་ལྡན་ས་སྐྱ་པའོ། །དེ་སྲས་གྲགས་པ་རྒྱལ་མཚན་ལའོ།།  །། ༄༅། །བརྒྱུད་པ་དང་ལྡན་པའི་མན་ངག་ཅུང་ཟད་ཡི་གེར་བྲི་བར་བྱའོ། །རྟེན་གྱི་གང་ཟག་སྣོད་དང་ལྡན་པས། ཐོག་མར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལ་བརྟེན་ནས། སྔོན་དུ་བསྙེན་པ་བྱས་ལ་ལས་སྒྲུབ་པའི་དུས་སུ་སོ་སོའི་ལྷའི་རྣལ་འབྱོར་ལ་གནས་ཏེ་བྱའོ། །ཞེས་གསུང་ཡང་ལས་ཀྱི་ཡན་ལག་རྣམས་ནི་ཐམས་ཅད་ཀྱི་སྤྱིར་འགྲོ་བ་ཡིན་པས། ལྷའི་རྣལ་འབྱོར་དང་པོ་གང་ལ་གནས་ཀྱང་ལས་རྣམས་འགྲུབ་བོ། སྤྱིའི་སྒྲུབ་ཐབས་དང་སོ་སོའི་ལྷའི་རྣལ་འབྱོར་གྱི་མངོན་རྟོགས་ནི་ལོགས་སུ་ཤེས་པར་བྱ་བས་འདིར་མ་བྲིས་སོ། །ལས་རྣམས་ཀྱི་ནི་འདི་ཡིན་ཏེ། ཕྱིར་ཟློག་ཡམས་ཞི་ཚེ་འཕེལ་གསད་པ་དང༌། །དབང་བྱེད་སྒྲིབ་སྦྱོང་འཕོ་བ་རྫོགས་རིམ་དང༌། །རབ་གནས་དབང་བསྐུར་ནོར་སྤེལ་སྦྱིན་སྲེག་དང༌། །འབྱུང་པོ་བཟློག་དང་འཁྲུལ་འཁོར་ཁྲུས་ཆོག་དང༌། །བློ་འཕེལ་ཆོམ་རྐུན་བཅིངས་དང་ཀླུ་ནང་གསོ། །ཁྲི་མོན་ལས་ཐར་མི་སྣང་མཁའ་སྤྱོད་དོ། །སྤྱིར་འགྲོའི་ཡན་ལག་རྣམ་པ་ལྔ་ཡིན་ཏེ། །གཏོར་མ་ཆུ་སྦྱིན་སཱཙྪ་དུས་གསུམ་བརྟག །བུ་ཆུང་གཞོན་ནུ་བསྐྱེད་བསྲུང་དང་བཅས་ཏེ། །ལས་ཀྱི་རྣམ་གྲངས་ཉི་ཤུ་རྩ་དྲུག་ཡིན།།  །།སྤྱིར་ཐམས་ཅད་ལ་བསྙེན་པ་དང༌། སྒྲུབ་པ་དང༌། ལས་སྦྱོར་གསུམ་གསུམ་གནས་སོ། དེ་ལ་སྒྲོལ་མ་མྱུར་ཞིང་དཔའ་བའི་ལས་ཀྱི་ཡན་ལག་ཕྱིར་བཟློག་པ་ནི་འདི་ཡིན་ཏེ། བསྙེན་པ་སྔོན་དུ་སོང་ནས་སྒྲུབ་པ་ནི། དུས་དང་གང་ཟག་དགོས་པ་དང༌། ཆོ་ག་དེ་བཞིན་གསུམ་གྱིས་སྡུ། རྩོད་པའི་དུས་སུ་རྣལ་འབྱོར་པས། མུ་སྟེགས་ལ་སོགས་པའི་གནོད་པ་བཟློག་པའི་ཕྱིར་ཆོ་ག་ནི། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ནི། དགྲ་བོའི་ཡུལ་གྱི་ལྷ་རྟེན་ནམ། རི་ནག་པོ་བ་ཚྭ་ཅན་ལ་སོགས་པའི་ས་ལས། དཀྱིལ་འཁོར་ནག་པོ་རྒྱར་མདའ་གང་བ་ལ་ཟབས་སུ་ཁྲུ་ཕྱེད་དབྱིབས་གྲུ་གསུམ་སུམ་བརྩེགས་གསུམ་གྱི་ཁྱད་པར་ནི་སོར་གཉིས་པའོ། །དེ་ལ་ཁྲག་སྣ་ཚོགས་དང༌། དུག་སྣ་ཚོགས་དང༌། དུར་ཁྲོད་ཀྱི་སོལ་བ་དང༌། འབྲུ་ནག་པོའི་ཕྱེ་མ་རྣམས་ཀྱིས་བྱུགས་ལ། ལོགས་རེར་རྩང་ནག་པོ་བདུན་བདུན་ཏེ་ཉི་ཤུ་རྩ་གཅིག་བསྣོལ་མར་གཟུགས་སོ། །དེར་དགྲའི་གོས་དང༌། བཤང་གཅི་ལ་སོགས་པ་དང༌། མི་གྲིར་ཤི་བའི་ཁྲག བརྒྱ་སྒོའི་ས། ཆུ་འགྲམ་གྱི་ས། ལྕགས་ཟངས་ཀྱི་ཕྱེ་མ་ལ་སོགས་པ་གང་རྙེད་ལ་ལིངྒ་སོར་བརྒྱད་པ་དབང་པོ་ཡོངས་སུ་རྫོགས་པ་བྱ། དེའི་སྙིང་གར་མི་པགས་སམ། རོ་རས་ལ་ཁྲག་དང་དུག་གིས་བྱ་རོག་གི་སྒྲོ་རྩ་ལ་སྨྱུ་གུ་བྱས་ལ། འཁོར་ལོ་རྩིབས་བརྒྱད་ལ་ཨོཾ་ཏཱ་རེ་ལ་སོགས་པ་བརྒྱད། ལྟེ་བར་སྭཱ་དང་ཧཱའི་བར་དུ་བསྒྲུབ་བྱའི་མིང་དང་མཱ་ར་ཡ་སྤེལ་བ་གཉིས་ཁ་སྦྱར་ལ་ཚོན་སྐུད་སྣ་ལྔས་དཀྲིས་ཏེ། དེ་ལིངྒའི་སྙིང་གར་བཅུག་སྟེ། དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་གན་རྐྱལ་དུ་གཞག་གོ །དེའི་སྙིང་ག་ནས་མི་རྒྱུས་སམ། གཡག་རྔའམ། ཡུགས་ས་མོའི་སྐྲ་ལས་བྱས་པའི་གཟུངས་ཐག་བཏགས་ཏེ་བཟླས་པ་བྱེད་དུས་སུ་སྲིན་ལག་ལ་གདགས། མི་བྱེད་པའི་དུས་སུ་དཀྱིལ་འཁོར་གྱི་གྲྭར་ལྕགས་ཕུར་ལ་བརྟོད་ལ་གཞག གཏོར་མ་ཡང་བཅས་ལ་གཞག་གོ །སྒྲུབ་པའི་དུས་ཉིད་ནས་དགོས་པའམ། ལས་བྱེད་ཀྱི་དུས་ཉིད་དུ་དགོས་པ་སྟེ། བཅའ་བ་ནི་དང་པོ་ནས་བཅའ་བའོ། །ད་ནི་ལ་གསུམ། ལུང་པ་གསུམ་གྱི་ས་ཆུས་སྦྲུས་པའི་མཆོད་རྟེན་ནག་པོ་ཁྲུ་གང་པ། གདན་དང་བང་རིམ་དང་བུམ་རྟེན་དང་བཅས་པ། བུམ་པ་གྲུ་གསུམ་པ་བྱ། དེ་ལ་གཡག་དང༌། ཁྱི་དང༌། ར་དང༌། དེ་རྣམས་ཀྱི་རྩེ་ཆུང་དང༌། རྣ་བ་དང༌། སྣའི་ཁྲག་གོ །ཡང་དེ་མ་རྙེད་ན་སྲོག་ཆགས་གང་རུང་སོགས་ཀྱི་རྩའུ་ཆུང་གི་ཁྲག་དང༌། ཡང་ན་སྐྱེས་པ་གྲིར་ཤི་བའི་ཁྲག་གིས་བུམ་པའི་ལོགས་གསུམ་བྱུག་གོ །ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པ་དང༌། ཕྱོགས་སྐྱོང་བཅུའི་སྔགས་སྤེལ་ཚིག་དང་བཅས་པ་བྲིས་ལ་བུམ་པར་གཞུག་གོ །དེ་ནི་ནམ་དགོས་པའི་དུས་སུ་ལས་ལ་སྦྱར་རོ། །སྦྱོར་བ་ནི་སྲོད་ཀྱི་དུས་སུ་རང་གི་ལྷའི་རྣལ་འབྱོར་སྒྲུབ་ཐབས་བཞིན་བསྐྱེད་པའམ། ཡང་ན་རང་བཞིན་བསྐྱེད། གཟུང་ཐག་སྲིན་ལག་ལ་བཏགས་ལ། ཐུན་མགོ་ལ་སྙིང་གའི་འོད་ཟེར་གྱིས་བསྒྲུབ་བྱ་ལྷ་དང་དབྲལ་བ་དང༌། ཡང་དེ་ཉིད་ཀྱི་ལུས་སེམས་དབྲལ་བར་བྱ་སྟེ། རྣམ་ཤེས་གང་དགུག་པ་ལ་དམིགས་པ་རྩེ་གཅིག་པ་ཡང་ཡང་དུ་བྱའོ། །སྔགས་གཞུང་བཞིན་བཟླས་ཤིང་བུ་གུ་ལིངྒའི་སྙིང་ལ་བཙུགས་ལ་མཆིལ་མ་གདབ་བོ། །ཐུན་མཚམས་སུ་གཟུངས་ཐག་ཕུར་བ་ལ་བརྟོད་ལ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང༌། ཉི་ཤུ་རྩ་གཅིག་པའི་བསྟོད་པ་དང༌། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཨ་ཀཱ་རོས་གཏོར་མ་ཕྱོགས་སྐྱོང་ལ་མཉེས་པའི་དཔང་དང་བཅས་པས་བཏང་ངོ༌། །དེ་ནས་སྒྲོལ་མའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །གཏོར་མ་མཆོད་པ་སོགས་ཀྱི་ཐུན་ནི་གསུམ་མམ་བཞི་རུ་བྱའོ། །དེ་ལྟ་བུ་ཞག་བདུན་གྱིས་མཚན་མ་རྙེད་དམ། མ་རྙེད་ན་ཡང་ཞག་བདུན་སྔ་མ་ལྟར་ལྷའི་སྦྱོར་བ་དང༌། དགུག་གཞུག་བསྟིམ་སོགས་བྱས་པས་ཇི་ལྟར་འདོད་པའི་མཚན་མ་རྙེད་པ་དང༌། ཐབ་དེ་ཉིད་དུ་དྲག་པོའི་ཤིང་ཚེར་མ་ཅན་ལ་མེ་སྦར་ལ་སྔགས་བཟླས་པ་ལ་སོགས་པ་བྱ་ཞིང་ལིངྒ་དེ་བསྲེག་གོ །དེའི་ཐལ་བ་བསྡུས་ཏེ་ས་གཉན་པའམ་སྟོང་ལམ་ཆེན་པོ་སོགས་སུ་དོང་གྲུ་གསུམ་བྲུས་ཏེ་སྔར་གྱི་མཆོད་རྟེན་ནག་པོས་མནན་ལ་དེ་སས་གཡོགས་ལ་ཆུས་བྲན་ལ་གཞག་གོ །དཔང་གཟུ་སོགས་བྱ། ལོག་ལ་བཀྲ་ཤིས་བརྗོད་པ་དང་དགའ་སྟོན་སོགས་བྱའོ། །དེས་ནི་ཕྱིར་ཟློག་པའམ། གསད་པའི་ལས་ཀྱི་ཚོགས་གང་རུང་བྱ་བའི་ལས་ཚོགས་ཏེ། ལེའུ་དང་པོའོ།།  །།སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་པོ་ཞེས་བྱའི་ལས་ཀྱི་ཡན་ལག་ཡམས་ཞི་བ་ལ་གསུམ། དགོས་པ་དང་དུས་དང༌། ཆོ་གའོ། །དེ་ལ་ཡམས་བསྲུང་བ་ནི་དགོས་པའོ། །ཟླ་བ་གང་རུང་གི་ཚེས་གསུམ་ནས་བརྩམས་པ་ནི་དུས་སོ། །ཆོག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གསུམ་མོ། དེ་ལ་དང་པོ་ནི་ཕྱོགས་རེ་ལ་ཁྲུ་དོ་དོ་ཡོད་པའི་མཎྜལ་གྱི་དབུས་སུ་ཁྲུ་གང་བའི་པདྨ་སྣ་ཚོགས་འདབ་བརྒྱད་ཀྱི་ལྟེ་བ་ལ་སྒྲོལ་མའི་ཕྱག་མཚན་ཨུཏྤལ་ཁ་ཟུམ་པའི་སྟེང་དུ་འོད་དཔག་མེད་ཀྱི་མཚན་མ་པདྨ་དམར་པོ་བྲིའོ། །པདྨའི་འདབ་མ་རྣམས་ལ་ཤར་དུ་རྡོ་རྗེ་སྔོན་པོ། ལྷོར་རིན་ཆེན་སེར་པོ། ནུབ་ཏུ་འཁོར་ལོ་དཀར་པོ། བྱང་དུ་སྣ་ཚོགས་རྡོ་རྗེ་ལྗང་གུ། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་སྒྲོལ་མ། བྱང་ཤར་དུ་གོས་དཀར་མོ། དེ་རྣམས་ཕྱག་མཚན་ཡབ་བཞིན་བྲིའོ། །ཡང་པདྨའི་ཕྱི་རོལ་གྱི་ལྷ་སྣམ་ལ་ཕྱོགས་སྐྱོང་གི་མཚན་མ་བྲི་སྟེ། བརྒྱ་བྱིན་ལ་རྡོ་རྗེ། མེ་ལྷ་ལ་དགང་གཟར། གཤིན་རྗེ་ལ་དབྱུག་པ། སྲིན་པོ་ལ་རལ་གྲི། ཆུ་ལྷ་ལ་ཞགས་པ། རླུང་ལྷ་ལ་བ་དན། གནོད་སྦྱིན་ལ་བུམ་པ། དབང་ལྡན་ལ་རྩེ་གསུམ་རྣམས་བྲི་བར་བྱའོ། །དེའི་གཞི་ཕྱོགས་ཚོན་དུ་བྱའོ། །ཟུར་བཞིར་མདའ་བཞི་ལ་མེ་ལོང་བཞི་གདགས་སོ། །ཕྱོགས་བཞིར་རལ་གྲི་བཞི་ལ་རྨ་བྱའི་སྒྲོ་བཞི་གདགས་སོ། །དེ་རྣམས་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས། ཤུག་པ་ལ་སོགས་པའམ། ཟངས་ལ་སོགས་པའི་ཕུར་པ་སོར་བརྒྱད་པ་བརྒྱད། དེ་རྣམས་ཕྱི་རོལ་དུ་ཕྱོགས་མཚམས་བརྒྱད་དུ་གཟུགས་སོ། །ཕྱོགས་མཚམས་བརྒྱད་དུ་མཆོད་པ་བརྒྱད་བཤམ། གདུགས་དང་རྒྱལ་མཚན་ལ་སོགས་པ་དུ་མས་བརྒྱན་ལ་གཞག་གོ །གཞན་ཡང་དར་དམར་པོའམ། རས་སམ་གྲོ་ག་ལ་འཕན་ལག་པ་གསུམ་པའི་དབུས་མ་ལ་ཡི་གེ་བཅུ་པ་བྲི། གཡས་ལ་རིགས་ལྔ་ཡབ་བྲི། གཡོན་ལ་ཡུམ་ལྔ་བྲི། གཤམ་དུ་ཨོཾ་ཨིནྡྲཱ་ཡ་ལ་སོགས་ཕྱོགས་སྐྱོང་བཅུའི་སྔགས་གུར་གུམ་གྱིས་བྲིས་ལ་བདག་ཉིད་ཡན་ལག་བཞིས་ལྷར་བསྐྱེད། ལྷ་རྣམས་བ་དན་ལ་བཅུག་སྟེ། མཆོད་པ་དང་གཏོར་མ་ལ་སོགས་རྒྱ་ཆེན་པོས་བ་དན་དེའི་མངའ་གསོལ་ལོ། །དེ་ནི་སྦྱོར་བའོ། །དངོས་གཞི་ལ་བསྙེན་པ་དང༌། སྒྲུབ་པ་གཉིས་སོ། །དང་པོ་རྟེན་གྱི་གང་ཟག་དགེ་སློང་ངམ། དགེ་ཚུལ་ལམ། དགེ་བསྙེན་ནམ་གསོ་སྦྱོང་གི་སྡོམ་པ་ལ་གནས་པ་བཞིས། དཀྱིལ་འཁོར་གྱི་ཕྱོགས་བཞིར་བསྡད་ལ། སྤྱིའི་སྒྲུབ་ཐབས་དང་མཐུན་པར་ལྷའི་རྣལ་འབྱོར་བྱ་སྟེ། སྔགས་བརྒྱ་ཕྲག་རེ་ཐོན་པ་དང༌། མཆོད་པ་དང་གཏོར་མ་དང༌། གསོལ་བ་གདབ་པ་རེ་བྱ། མི་རེས་ཁྲི་ཕྲག་རེ་ཐོན་པའི་བར་དུའོ། །དེ་སྒྲུབ་པ་ནི་འདི་ཉིད་ཀྱི་ལྷའི་རྣལ་འབྱོར་དང་ལྡན་པས་ཁྲི་ཕྲག་རེ་ཐོན་པ་དང༌། མཆོད་པ་དང་གཏོར་མ་དང་གསོལ་བ་གདབ་པ་དང༌། གཏོར་མ་སྐྱེལ་བའི་དུས་སུ་དུང་དང་ཆ་ལང་ལ་སོགས་པ་ལ་སྔགས་བྲིས་པ་བུད་ཅིང་དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་རྒྱང་གྲགས་གཅིག་ཏུ་གཏོར་མ་བསྐྱལ་བར་བྱའོ། །སླར་ལོག་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། བསྲུང་བའི་དོན་དུ་གཏོར་མ་ཆུང་བ་གཏང་བར་བྱའོ། །དེ་ལྟར་མི་རེས་འབུམ་ཕྲག་རེ་ཐོན་པའི་བར་དུ་ལྷའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཙང་སྦྲའི་སྤྱོད་པ་དང༌། ནད་ཞི་བར་འདོད་པའི་སྤྱོད་པའི་བསམ་པས་བྱའོ། །ནད་ཞི་བ་ཡོད་མོད་ཀྱི་དབང་དང་རྒྱས་པ་དང་དྲག་པོའི་བསམ་པས་ཀྱང་དེ་ཉིད་དུ་འགྱུར་རོ། །ཆར་ཆེས་ཆུང་ས་ལ་སོགས་པ་ལའང་དེ་ལྟར་ཕན་པར་འགྱུར། ཡང་ན་བསྙེན་པ་ནི་སྔོན་དུ་སོང་བ་ཡིན་པས་གནས་སྐབས་ཀྱི་བསྙེན་པ་འདིར་མི་དགོས་ལ་སྒྲུབ་པའི་ཆོ་ག་འདི་ཉིད་ཀྱིས་བསྒྲུབ་བོ། །མཇུག་གི་ཆོ་ག་ནི་རེ་མ་ཏཱི་ལ་སོགས་པ་ཡམས་ཀྱི་བདག་མོ་ལ་གཏོར་མ་རྒྱ་ཆེན་པོ་གཏང་བ་དང༌། ཚོན་སྐུད་དང་རྡུལ་ཚོན་ལ་སོགས་པ་དཀྱིལ་འཁོར་གྱི་ཡོ་བྱད་བཀྲམ་པ་ཐམས་ཅད་བསྡུས་ཏེ། གྲོང་ཁྱེར་པ་མང་པོས་མཐོང་བའི་སྒང་བུ་ལ་བྱང་ཆུབ་ཆེན་པོ་ལ་སོགས་པའི་མཆོད་རྟེན་བྱས་པའི་བུམ་པའི་ནང་དུ་གཞུག་ཅིང་གཟུངས་སྔགས་ཀྱང་བྲིས་ནས་བཅུག་ལ། མཆོད་པ་རྒྱ་ཆེན་པོ་བྱས་ནས་སྐྱེ་བོ་ཐམས་ཅད་གུས་པར་བྱེད་དུ་བཅུག་ན། དེ་མཐོང་བའི་ས་ཕྱོགས་སུ་རིམས་ནད་མི་འབྱུང་ངོ༌། །ཞེས་རྗེ་བཙུན་མ་ཉིད་ཀྱིས་གསུངས་སོ། །སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ལས་ཀྱི་ཡན་ལག་ལས་ཡམས་ནད་ཞི་བའི་ཆོ་གའི་ལེའུ་སྟེ་གཉིས་པའོ།།  །།གསུམ་པ་ཚེ་འཕེལ་བའི་ཆོ་ག་ལ་ནི་གསུམ་སྟེ། དགོས་པ་དང༌། གནས་དང་ཆོ་གའོ། །གོང་མ་གཉིས་ནི་རྟོགས་པར་སླ། ཆོ་ག་ལ་གསུམ། སྔོན་དུ་འགྲོ་བ་དང༌། ལྷའི་རྣལ་འབྱོར་བཟླས་པ་དང་བཅས་པ་དང༌། རླུང་གི་རྣལ་འབྱོར་རོ། །དང་པོ་ནི་ཆུ་ལ་སོགས་པས་ཕྱིའི་ཁྲུས་བྱས་ནས། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པ་ནང་གི་ཁྲུས་བྱའོ། །གཉིས་པ་ནི་སྔོན་དུ་འགྲོ་བ། ཚོགས་གཉིས་བསགས་པ་སྔོན་དུ་འགྲོ་བས་བདག་ཉིད་ཀྱི་རྣལ་འབྱོར་རྫོགས་པར་བསྐྱེད་ལ། སྙིང་གར་ཟླ་བའི་སྟེང་དུ་རེ་ལས་ཡི་གེ་བཅུ་པས་བསྐོར་བ་ལས་འོད་ཟེར་བྱུང་སྟེ། འཕགས་མ་ཚེ་དཔག་ཏུ་མེད་པ་ལ་ཕོག་པས་རིན་པོ་ཆེ་ལས་བྱས་པའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བ་ཕྱག་ན་བསྣམས་པ་བཀུག་སྟེ། མདུན་དུ་དཔག་བསམ་གྱི་ཤིང་གི་སྟེང་དུ་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ་གསོལ་ལ། ཡན་ལག་བདུན་པ་དང༌། བདག་ལ་མཆོག་གི་ཚེ་སྩོལ་ཞེས་གསོལ་བ་བཏབ་པས། རྗེ་བཙུན་མ་དེས་བུམ་པའི་ཆུས་སྤྱི་གཙུག་ན་མར་བྱིན་གྱིས་རློབ་པར་བསམ་ཞིང༌། ཐོག་མར་རླུང་ནང་དུ་རྔུབ་པ་ཙམ་བྱས་ལ། དེ་ནས་ཅི་བདེར་བཞག་ལ་སྔགས་བཟླ་བར་བྱའོ། །དེ་ནས་མདུན་གྱི་ལྷ་མོ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་པས་ལན་བདུན་ལ་སོགས་པས་བསྟོད་ལ། ཐུན་འཇོག་ཁར་བདག་གི་སྤྱོ་བོ་ན་མར་རྗེ་བཙུན་མ་དེ་མར་ལ་མར་བཞག་པའི་ཚུལ་དུ་ཐིམ་པས་མུན་ཁང་དུ་མར་མེ་བཏེག་པ་ལྟར་ཡེ་ཤེས་ཀྱི་ཚེ་ས་བདག་གི་རྒྱུད་གང་བར་བསམ་མོ། ཐིམ་པའི་དུས་སུ། བདག་ཉིད་ཚེའི་དབང་ཕྱུག་མཆོག །བདག་ལ་སྩལ་ནས་རྒྱ་མཚོ་ལྟར། །ཞེས་གསུང་པར་བསམ་ཞིང་ཐིམ་པར་བསམ་མོ། །དེ་ནས་རླུང་བསྒོམ་པ་ནི། རླུང་སྣ་བུག་གཡོན་ནས་རྒྱུ་པའི་དུས་སུ་ཕྱིར་ཨོཾ་གྱི་རྣམ་པར་རྒྱུས་ཞེས་དྲང༌། ནང་དུ་ན་ཨཱཿའི་རྣམ་པར་ཞེས་རིང་དུ་དྲང༌། ཧཱུྃ་གི་རྣམ་པས་གནས་ཞེས་རླུང་གིས་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་ཁྱབ་པར་བསམས་ལ་རླུང་ཅུང་ཞིག་མནན། ཕྱིར་འགྲོ་བའི་དུས་སུ་དལ་གྱིས་བཏང༌། དེ་ཡང་རླུང་སྣ་བུག་གཡས་སུ་མ་འཕོས་ཀྱི་བར་དུ་བསྒོམ་པར་བྱའོ། །ཡང་ན་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་ཀྱི་བར་དུའོ། །གོང་གི་བསྐྱེད་རིམ་བསྒོམ་པ་ཡང་རླུང་གཡོན་ནས་རྒྱུ་བའི་དུས་སུ་བསྒོམས་ན་ལེགས་སོ། །མི་རྒྱུ་ཡང་རྒྱུ་བར་བསམ། བསྐྱེད་རིམ་དང་རླུང་གཉིས་པོ་དེ་ཐུན་གཅིག་ཡིན་ཏེ། དེ་ལྟར་ཐུན་བཞིའི་རིམ་པས་བསྒོམས་ན། དུས་མ་ཡིན་པར་འཆི་བ་ཟློག་ཅིང༌། དུས་སུ་འཆི་བ་ཡང་བཟློག་ནས་ཚེ་འཕེལ་བར་འགྱུར་རོ། །འཕགས་མ་སྒྲོལ་མ་གསེར་གྱི་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེ་འཕེལ་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ།།  །།བཞི་པ་དུག་གསད་པའི་ལས་ཀྱི་ཆོ་ག་ལ་གསུམ་བསྙེན་པ་དང་སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །བསྙེན་པ་ནི་སྤྱིའི་ཆོ་ག་བཞིན་ནོ། །སྒྲུབ་པ་ལ་གསུམ། རྫས་དང༌། ཏིང་ངེ་འཛིན་དང༌། སྔགས་སོ། །དང་པོ་ནི། ཡར་གྱི་ངོའི་ཚེས་གསུམ་ལ་སོགས་པའི་ཚེས་དང༌། སྐར་མ་དང༌། གཟའ་བཟང་པོ་ཚ་ལ་དང༌། གི་ཧཾ། དྲི་ཆུ། ས་ཕུག་ཁ་བྱང་དུ་བལྟས་པའི་གཏིང་དུ་ཁྲུ་གང་བརྐོས་པའི་ས། ཙི་ཏྲ་ཀ དཔའ་བོ། གླ་རྩི། བུ་ཆུང་སྐྱེས་མ་ཐག་གི་རོ་ཚན་རྣམས་ཆ་མཉམ་ལ། ཆེ་ཆུང་དུ་གྱུར་ཀྱང་ཉེས་པ་མེད་དེ། ཞིབ་པར་བཏགས་ལ་སྲན་མའི་ཚད་ཙམ་གྱི་རི་ལུ་བྱས་ནས་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པའི་ནང་དུ་བཅུག་ལ་མདུན་དུ་བཞག་གོ །གཉིས་པ་ཏིང་ངེ་འཛིན་ནི་ལྷའི་རྣལ་འབྱོར་དང་ལྡན་པས། དུག་གི་རིགས་ཐམས་ཅད་ལས་བསྲུང་བ་དང༌། རི་ལུའི་སྟེང་གི་ནམ་མཁའ་ལ་ཡང་སྒྲོལ་མ་རང་འདྲ་བ་ཅིག་བསྐྱེད་ལ། རི་ལུ་རྣམས་བདུད་རྩིར་བསམ་མོ། །སྔགས་ནི་ཐུན་རེ་ལ་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་བཟླས་ཤིང་རི་ལུ་ལ་གདབ་པ་ཐུན་བཞིའི་ངེས་པས་ཞག་བདུན་དུ་བསྒྲུབ་པར་བྱའོ། །ཐུན་འཇོག་ཁར་ནམ་མཁའི་སྒྲོལ་མ་རི་ལུ་ལ་ཐིམ་པའམ། ཡང་ན་བཟླས་པ་ཡོངས་སུ་རྫོགས་པ་དང་ཐིམ་པར་བསམ་མོ། །ལས་ལ་སྦྱར་བ་ནི་བསྒྲུབས་པའི་རི་ལུ་ལྟོ་སྟོང་ལ་ཟར་གཞུག་པ་དང༌། མ་ཟིན་པ་ལ་རི་ལུ་རེ་ཟོས་ན་ཟླ་བ་རེའི་བསྲུང་བར་འགྱུར་ལ། སྤྱི་གཙུག་ཕྲག་པ་གཉིས་དགུ་གཉིས་སུ་སྔགས་གདབ་ཅིང༌། སྔགས་མེའི་རྣམ་པས་དུག་རྩྭ་དང་འདྲ་བར་བསྲེག་པར་བསམ་ཞིང༌། བསྒྲུབ་བྱ་ལ་དམིགས་པ་རྩེ་གཅིག་དང་བཅས་པས་རྨ་བྱའི་སྒྲོས་བྱ་བས་པ་བྱས་ནས་ནང་མ་རེ་རེ་རི་ལུ་ཟ་ཞིང་སྔགས་གདབ་པ་ལ་སོགས་པ་བྱས་ན། དུག་གི་རིགས་ཀྱིས་ཐེབས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །འཕགས་མ་སྒྲོལ་མ་རྣམ་པར་རྒྱལ་བའི་ལས་ཀྱི་ཡན་ལག དུག་གསད་པའི་ཆོ་གའི་ལེའུ་སྟེ་བཞི་པའོ།།  །།ལེའུ་ལྔ་པ་དབང་དུ་བྱ་བ་ལ་གསུམ། བསྙེན་པ་དང༌། དགོས་པ་དང༌། ཆོ་གའོ། །དང་པོ་ནི་སྤྱིའི་སྒྲུབ་པ་བཞིན། འབུམ་ཕྲག་དྲུག་ལ་སོགས་པ་སྔོན་དུ་སོང་བས། གཉིས་པ་ནི་འདོད་པའི་དོན་གང་ལ་རག་ལས་པ་དབང་དུ་བྱ་བས། ཆོ་ག་ལ་གསུམ། ཉེ་བར་བསྙེན་པ་དང༌། སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ནི་གྲོ་ག་ལ་སོགས་པའི་གཞི་ལ། སྐྱེས་པ་ལ་གུར་གུམ། བུད་མེད་ལ་གི་ཧཾ་དང་ག་པུར་ལ་སོགས་པ་དྲི་བཟང་པོ་སྦྱར་བས་འཁོར་ལོ་རྩིབས་བཅུ་དྲུག་ལྟེ་བ་དང༌། མུ་ཁྱུད་རིམ་པ་གསུམ་གྱིས་བསྐོར་བའི་དབུས་སུ་བསྒྲུབ་བྱའི་གཟུགས་དང༌། རྩ་བའི་སྔགས་མིང་དང་སྤེལ་བ་ལས་ཀྱི་ཤམ་བུ་དང་བཅས་པ་བྲི། རྩིབས་རེ་རེ་ལ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་བདག་གི་དབང་དུ་གྱུར་ཅིག་ཧྲཱིཿསྭཱ་ཧཱ་བྲི། མུ་ཁྱུད་གསུམ་ལ་ཨོཾ་མགོ་ཕྱིར་བསྟན་པ་སུམ་རིམ་དུ་བྲི། དེ་ལྟ་བུའི་འཁོར་ལོ་གཉིས་པ་ཅིག་ཀྱང་བྱས་ཏེ། ཁ་སྦྱར་ལ་སྲད་བུ་དམར་པོས་བཅིངས་ལ་སྤྲ་ཚིལ་དང༌། ལ་ཅ་བསྲེས་པའི་གཟུགས་བརྙན་སོར་བརྒྱད་པའི་སྙིང་གར་གཞུག་པར་བྱའོ། །དེ་ནས་མདུན་དུ་སེང་ལྡེང་ངམ་ཤུག་པའི་མེ་སྦར་ལ། འདི་ཉིད་ཀྱི་ལྷའི་རྣལ་འབྱོར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་སྙིང་གའི་ས་བོན་ལས་འོད་ཟེར་བྱུང་སྟེ། བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་གཅེར་བུར་གྱུར་པ་ཕོའམ་མོའི་མཚན་མ་དང༌། མགྲིན་པར་ལྕགས་ཀྱུ་དང༌། ཁབ་ལྟ་བུས་ཕུག་པ་དང༌། ཞགས་པ་ལྟ་བུས་དྲངས་ནས་རླུང་གི་ཤུགས་ཀྱིས་རྐང་པའི་དྲུང་དུ་ལྷགས་ནས། དེའི་སྙིང་ག་ནས་རྃ་ལས་མེ་བྱུང་བས་བདག་ལ་ཆགས་པར་བསམས་ནས། ཅི་བགྱི་ཞེས་བཀའ་ནོད་པར་བསམས་ལ། ལིངྒ་དེ་སྤྲ་ཚིལ་མ་འཐིགས་ཙམ་དུ་མེ་ལ་བསྲོ་ཞིང༌། ཟངས་མའི་ཐུར་མས་སྐྱེས་པ་ཡིན་ན་དེའི་རྐང་མཐིལ། བུད་མེད་ཡིན་ན་དེའི་གསང་གནས་ནས་བྲུད་ཅིང་དུས་གསུམ་དུ་སྔགས་བཟླས་པར་བྱའོ། །དེ་ཉིད་ཀྱི་རྗེས་ཐོགས་ལ་དྲི་ཆུ་དང་ཚ་བསྲེས་ལ་རང་གི་ཁྱོར་བ་གསུམ་ལ་སྔགས་སྤེལ་ཚིག་དང་བཅས་པ་བཏབ་སྟེ། བསྒྲུབ་བྱས་འཐུངས་པར་བསམ་ཞིང་རང་གི་ཁར་འཐུངས་ནས་སླར་ཟངས་གཞོང་ལ་སོགས་པའི་ནང་དུ་བླུགས་པའམ། ཡང་ན་རང་གིས་མིད་པར་བྱའོ། །དེ་ལྟ་བུ་ཞག་བདུན་དུ་བྱའོ། །སྒྲུབ་པ་ནི་རྒྱ་ཤུག་ལ་སོགས་པའི་མེ་བཏང་བའི་དབུས་སུ་སྒྲོལ་མ་བསམས་ལ། སྔར་གྱི་ལིངྒ་དང༌། ལན་ཚྭ་དང༌། སྐེ་ཚེ་སྔགས་ཀྱི་སྤེལ་ཚིག་དང་བཅས་པས་མེའི་ནང་དུ་བསྲེག་པར་བྱའོ། །ཡང་ན་ཚ་ཉིད་ཀྱི་ཀྱང་བཏུབ། དེའི་དུས་སུ་ཏིང་ངེ་འཛིན་ནི་མོ་ཡིན་ན་རྡོ་རྗེ་བསྐྱོད་པ་དང༌། བདེ་བ་དང་བཅས་པ་དང༌། མཐར་ཕྱིན་པ་དང༌། བྱང་ཆུབ་ཀྱི་སེམས་སླར་ལོག་པ་དང༌། རླུང་ནང་དུ་རྔུབ་པ་དང་བཅས་པའི་སྦྱོར་བས་ཡིན་ནོ། །ཕོ་ཡིན་ན་ཅི་བགྱི་ཞེས་བཀའ་ནོད་ཅིང་མདུན་ན་འདུག་པའོ། །དེ་ལྟ་བུའི་སྦྱིན་སྲེག་དུས་གསུམ་དུ་བྱ་བའམ། ལན་ཅིག་ཀྱང་རུང་སྟེ། ཐ་མལ་པ་རྣམས་ལ་ཉི་མ་བདུན་ནོ། །རྒྱལ་པོ་ལ་སོགས་པ་ཆེན་པོ་རྣམས་ལ་ནི་ཉི་མ་ཉི་ཤུ་རྩ་གཅིག་གོ །ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་རྣམས་ལ་ནི་ཞག་བདུན་ཕྲག་བདུན་གྱིས་དབང་དུ་འགྱུར་རོ། །ལས་ལ་སྦྱར་བ་ནི། མེ་ཏོག་ལ་སྔགས་བཏབ་སྟེ་བསྣུན་པའམ། བདུག་སྤོས་ལ་སྔགས་བཏབ་སྟེ་སྣོམ་དུ་འཇུག་པའམ། འཁར་བའི་སྣོད་དུ་སྦྲང་རྩིའམ། མར་ལ་སོགས་པའི་བཟའ་བཏུང་ལ་བཏབ་སྟེ་ཟར་གཞུག་པའམ། སྒྲོལ་མའི་སྐུ་ལ་དུས་གསུམ་དུ་མཆོད་པ་དང༌། ཡན་ལག་བདུན་པ་བྱས་པས་འགྲུབ་པར་འགྱུར་རོ། །སྐྱེ་བུ་མཆོག་རྣམས་ལ་ཡུངས་ཀར་ལ་སྔགས་བཟླས་ཏེ་བརྡེག་པར་བྱའོ། །སེང་ལྡེང་གི་མེ་ཏོག་དམར་པོ་ལ་སྔགས་ཀྱི་སྤེལ་ཚིག་དང་བཅས་པའི་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །མིག་སྨན་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་མིག་ལ་བྱུགས་ནས་བལྟས་པས་དབང་དུ་འགྱུར་ཏེ། དེ་ལྟར་ན་ལས་ལ་སྦྱར་བ་བདུན་ནོ། །མིག་སྨན་གྱི་སྦྱོར་བ་ནི། དུར་ཁྲོད་དུ་བུད་མེད་ཀྱི་ཐོད་པ་དུམ་བུ་གཅིག་པའམ། དུམ་བུ་གསུམ་པའི་ནང་དུ་པདྨ་དཀར་པོའམ་ཨརྐའི་ཤིང་བལ་ལ་སྡོང་བུ་བྱས་ཏེ། ཚིལ་ཆེན་གྱི་མར་ཁུ་ལ་མེ་སྦར་ཏེ། ཕོ་ཐོད་ཀྱིས་ཁ་བཅད་དེ། ཚེས་བརྒྱད་དམ་བཅུ་བཞིའི་ནུབ་མོ་ལྷའི་རྣལ་འབྱོར་དང་ལྡན་པས་མིག་སྨན་བསྒྲུབས་ལ་མིག་ལ་བསྐུ་བར་བྱའོ། །འདི་ནི་གོང་དུ་དབང་དུ་བྱ་བའི་མིག་སྨན་ཏེ་འདིས་བདག་ཉིད་ནམ་མཁའ་ལ་འགྲོ་ཞེས་ཀྱང་གསུང་ངོ༌། །འཕགས་མ་སྒྲོལ་མ་ཧཱུྃ་གི་སྒྲ་སྒྲོགས་པའི་ལས་ཀྱི་ཡན་ལག་དབང་དུ་བྱ་བ་སྟེ། ལེའུ་ལྔ་པའོ།།  །།དྲུག་པ་ལས་ཀྱི་སྒྲིབ་པ་སྦྱང་བ་ལ་བཞི། དགོས་པ་དང༌། དུས་དང༌། གང་ཟག་དང༌། ཆོ་གའོ། །དང་པོ་ནི་སྡིག་པའི་སྒྲིབ་པ་མ་ལུས་པ་བྱང་བར་བྱའོ། །གཉིས་པ་ནི་རྒྱལ་ལ་ཉ་བའི་བཅུ་གསུམ་ནས་བརྩམས་ནས་ཉ་ཕྱིས་ཟིན་པར་བྱའམ། བཅུ་གཉིས་ལ་བརྩམས་ནས་བཅུ་དྲུག་ལ་ཟིན་པར་བྱའམ། ཉི་ཤུ་རྩ་བརྒྱད་ལ་བརྩམས་ནས་གནམ་སྟོང་གིས་ཟིན་པར་བྱ་བའོ། །གང་ཟག་ནི་དགེ་སློང་ངམ། དགེ་ཚུལ་ལམ། དགེ་བསྙེན་བཞིའམ་གཅིག་གིས་བྱས་ཀྱང་ཉེས་པ་མེད་དེ། ཕྱི་དྲོའི་ཁ་ཟས། ཤ་ཆང་སྒོག་བཙོང་ལ་སོགས་པ་སྤང་བར་བྱའོ། །ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ནི། རྟེན་བཅའ་བ་ཡམས་ཞི་བའི་དཀྱིལ་འཁོར་དང་མཐུན་པར་བྱ། རྟེན་དགྲམ་བ་དང་མཆོད་པ་སྣ་ཚོགས་བཤམ། བར་ཆད་ཞི་བར་བྱ་བའི་ཕྱིར་ཆོས་སྐྱོང་བའི་སྲུང་མ་ལ་གཏོར་མ་བཏང༌། དཀྱིལ་འཁོར་གྱི་སྤྱན་སྔར་འདུག་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་གྱིས་བཀུག་སྟེ་རྟེན་རྣམས་ལ་བཅུག་ནས་དེ་རྣམས་སྒྲོལ་མའི་ངོ་བོར་བསམས་ཏེ། གསོ་སྦྱོང་བླངས་ལ། རྗེ་བཙུན་མ་ལ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །དངོས་གཞི་ནི། ཞག་གསུམ་ལ་དུས་དྲུག་དྲུག་ཏུ་གསོལ་བ་གདབ་པ་སྔོན་དུ་སོང་བས་ལྷའི་རྣལ་འབྱོར་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། སྡིག་པ་ཞི་བར་འདོད་པའི་བསམ་པས་ཚིག་ཏུ་མི་བརྗོད་པར་སྔགས་བཟླ་བར་བྱའོ། །ཚིག་ཏུ་བརྗོད་ན་སྒྲ་ཆུང་བ་ཡིན་ཏེ། ཐུན་རེ་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླ་བར་བྱའོ། །རྗེས་ལ་བདག་ཉིད་ཀྱི་སྡིག་པ་མ་ལུས་པ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། །མཇུག་གི་ཆོ་ག་ནི་གནས་གསུམ་དུ་སྡིག་པའི་ས་བོན་ཀྃ་བྲིས་པའམ་བསམས་ལ། ཀུ་ཤའི་ཆུན་པོ་ལ་སྔགས་བཏབ་པས་བྱབས་པར་བྱ་བ་དང༌། ལག་པ་གཡོན་པར་ཏིལ་བླུགས་ལ་སྙིང་གའི་ཧཱུྃ་ལས་ཀྃ་གི་ཕྲེང་བ་སྣ་བུག་གཡས་པར་བྱུང་བ་དང༌། སྡིག་པའི་གཟུགས་སུ་གྱུར་པ་ཏིལ་ལ་ཐིམ་སྟེ། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དག་པར་བསམ་ཞིང༌། ལག་པ་གཡས་པས་ཏིལ་མེའི་ནང་དུ་བསྲེག་པར་བྱ་བ་དང༌། བུམ་པའི་ཆུ་ལ་ལག་པས་རེག་ནས་སྔགས་བཟླས་ཏེ་དེའི་ཆུས་བཀྲུས་པས་སྡིག་པ་སྦྱང་པར་བྱ་བའོ། །དེ་ལྟར་གོང་དུ་རྟེན་བཅའ་བ་མ་གཏོགས་པར་སྦྱོར་བ་དངོས་གཞི་མཇུག་གསུམ་ཉིན་ཞག་རེ་ལ་དུས་དྲུག་ཏུ་བྱ་བ་ཞག་གསུམ་བྱས་ནས་སྡིག་པ་དག་པའི་རྟགས་རྨི་ལམ་དུ་འོ་མའི་མཚོ་ལ་རྐྱལ་བ་དང༌། ངན་སྐྱུགས་འཁྲུ་སྐྱུགས་པ་དང༌། ནམ་མཁའ་ལ་འགྲོ་བ་དང༌། མེ་ཏོག་འཐུ་བ་དང༌། རྩོད་པ་ལས་རྒྱལ་བ་ལ་སོགས་པ་རྨི་ལྟས་བཟང་པོ་བྱུང་ན་ཡིད་དགའ་བར་བྱས་ལ་རྟེན་བསྡུ་བ་དང༌། རྡུལ་ཚོན་ཆུ་བོར་དོར་བར་བྱས་ན་རང་གཞན་གྱི་སྡིག་པ་མ་ལུས་པ་འདག་པར་འགྱུར་རོ། །འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་ཡན་ལག་སྒྲིབ་པ་སྦྱོང་བ་སྟེ་དྲུག་པའོ།།  །།བདུན་པ་འཕོ་བའི་རྣལ་འབྱོར་ལ་གསུམ། འཆི་ལྟས་བརྟག་པ་དང༌། འཆི་བ་བསླུ་བ་དང༌། མ་བསླུས་ན་འཕོ་བ་དངོས་སོ། །དང་པོ་ནི། རྨི་ལམ་ན་བོང་བུ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་དང༌། གྲོགས་མེད་པར་ཐང་ལ་འཁྱམ་པ་དང༌། ས་གཏིང་དུ་འཛུལ་བ་དང༌། སྐད་རིགས་མི་མཐུན་པའི་ཡུལ་དུ་ཕྱིན་པ་དང༌། མཆོད་རྟེན་ལ་འཛེགས་པ་དང༌། མི་ནག་པོའམ་ནག་མོས་བཙོན་དུ་ཁྱེར་བ་ལ་སོགས་པ་དང༌། སྔོན་མི་ཤི་བ་དང་འགྲོགས་པ་དང༌། ཚེ་གཟུགས་མ་ཚང་བ་དང༌། མིག་ཡོར་མེད་པ་དང༌། ཤ་བཀྲག་ཉམས་པ་དང༌། བཤང་གཅིའི་དུས་སུ་སྦྲིད་པ་འཛོམ་པ་དང༌། རྒྱུ་རྐྱེན་མེད་པར་སིལ་སྙན་གྱི་སྒྲ་ཐོས་པ་དང༌། རྐྱེན་མེད་པར་སྙིང་མི་དགའ་བ་དང༌། སྔར་བས་སྤྱོད་པ་འགྱུར་བ་དང༌། དེ་ལྟར་བཅུ་བཞི་ལ་སོགས་པ་ཕྱིའི་འཆི་ལྟས་ཡིན་ལ། ནང་གི་འཆི་ལྟས་རླུང་གི་ཡང་གཞན་དུ་ཤེས་པར་བྱའོ། །འཆི་བ་བསླུ་བའི་ཆོ་ག་ནི་འགྲོ་བ་རྣམས་ལ་ཚེ་སྦྱིན་པ་དང༌། བླ་མ་དཀོན་མཆོག་ལ་བསོད་ནམས་ཀྱི་ཚོགས་བསག་པ་དང༌། མཆོད་རྟེན་རྙིང་པ་གསོ་ཞིང་གསར་པ་ལ་རབ་གནས་དང་ན་བཟའ་གསོལ་བ་ལ་སོགས་པ་བྱ་བ་དང༌། ཆོས་ཐམས་ཅད་ནམ་མཁའ་ལྟར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བསྒོམ་པ་སྟེ། དེ་ལྟར་བཞི་ནི་གཞུང་ལས་འབྱུང་ལ། རླུང་གིས་འཆི་བ་བསླུ་བ་ལ་སོགས་པའང་རྒྱས་པར་རྟོགས་པར་བྱའོ། །གལ་ཏེ་མ་བསླུས་ན་འཕོ་བའི་ཆོ་ག་ལ་སྦྱང་བ་དང༌། ལས་ལ་སྦྱར་བ་གཉིས་སོ། །དང་པོ་ནི། ཆོས་ཐམས་ཅད་མི་རྟག་པར་ཡིད་ལ་བྱས་ལ། དངོས་པོ་ཐམས་ཅད་ལ་མ་ཞེན་པའི་འདུ་ཤེས་ཀྱིས་བདོག་པ་རྣམས་བླ་མ་ལ་བཏང་ལ། འདི་ཉིད་ཀྱི་གཞུང་བཞིན་དུ་ཡན་ལག་བཞི་རྫོགས་ཀྱིས་ལྷའི་རྣལ་འབྱོར་བྱས་ལ། རླུང་ཁ་དོག་དཀར་བ་རེག་བྱ་བསིལ་བ་ལུས་ལ་ཕན་པའི་ནུས་པ་ཡོད་པར་བསམས་ལ། སྣ་བུག་གཉིས་ནས་ནང་ན་རིམ་གྱིས་དྲངས་ཏེ། འོག་རླུང་ཡང་ཅུང་ཟད་བསྐུམས་ནས། རླུང་སྔར་གྱི་ཆོས་གསུམ་ལྡན་གྱིས་ནང་གང་བར་བསམས་ནས་ཐུབ་ཚད་ཀྱིས་མནན་པར་བྱའོ། །ཕྱིར་གཏོང་བའི་དུས་སུ་ཚངས་པའི་བུ་ག་ནས་དཀར་ནར་གྱིས་འགྲོལ་བར་བསམས་ལ། དལ་གྱིས་གཏང་བར་བྱའོ། །དེ་ལྟ་བུ་ཐུན་བཞིའི་ངེས་པ་བསྒོམ་པར་བྱ། ཐུན་འཇོག་ཁར་གནས་གསུམ་དུ་ཡི་གེ་གསུམ་བསྒོམས་ལ། ལུས་ཧྲིལ་པོ་ཡི་གེ་གསུམ་ལ་ཐིམ་པར་བསམ། ཡི་གེ་ཡང་མས་རིམ་གྱིས་ཧཱུྃ་ལ་ཧཱུྃ་ཨཱཿལ་ཨཱཿཨོཾ་ལ་ཨོཾ་ཐིག་ལེ་ལ་ཐིག་ལེ་སྟོང་པ་ཉིད་ཆུ་ལ་ཆུ་བཞག་པ་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་བློ་གཞག་གོ །དེ་ནས་ཆུ་ལས་ཉ་འཕར་བ་ལྟར་སྟོང་པའི་ངང་ལས་སྐད་ཅིག་གིས་སྒྲོལ་མར་བསམས་ལ་སྤྱོད་ལམ་གཞན་བྱའོ། །འབྱོངས་པའི་ཚད་ནི་རླུང་ཇི་ཙམ་མནན་པ་ཐུབ་པའོ། །ལས་ལ་སྦྱར་བ་ནི། ཡན་ལག་བཞི་རྫོགས་ཀྱིས་ལྷའི་རྣལ་འབྱོར་བྱས་ལ། མདུན་གྱི་ནམ་མཁར་རྗེ་བཙུན་མ་གསལ་བར་བསྒོམས་ལ། སྟེང་རླུང་མནན། འོག་རླུང་བསྐུམ། མིག་གྱེན་ལ་ཟློག ལྕེ་རྐན་ལ་སྦྱར། ཧིཀ་ཞེས་འབྲུ་གཉིས་པོ་ལྟེ་བར་བསྒོམ། སྙིང་གར་སེམས་ཀྱི་རྟེན་ཡི་གེ་ཧཱུྃ་བསམས་ཏེ། དེ་ལས་འོད་བྱུང་བས་དབང་པོའི་སྒོ་རྣམས་དགག་པར་བྱ་བ་ནི་ཤུགས་ལས་ཤེས་པར་བྱའོ། །དེ་ནས་ཧི་ཀ་ཞེས་ཉི་ཤུ་ཐམ་པས་སེམས་ཀྱི་རྟེན་ལྕེ་ཆུང་གི་བར་དུ་དྲང་ཞིང༌། བར་དུ་ཀ་ཧི་ཞེས་ཉི་ཤུ་ཐམ་པས་མར་འགྲོ་བར་བསམ་ཞིང་ངལ་བསོ། ཉི་ཤུ་རྩ་གཅིག་པས་སྤྱི་གཙུག་ནས་རྣམ་ཤེས་བཏོན་ལ་མདུན་དུ་སྒྲོལ་མའི་ཐུགས་ཀར་གཞུག་པ་བྱས་ན། སྒྱོགས་དང་འཁྲུལ་འཁོར་གྱི་དཔེ་མཁའ་ལ་སྤྱོད་པའི་གནས་སུ་འགྲོ་བ་བླ་ན་མེད་པའི་གདམས་ངག་ཡིན་ནོ། །ཞེས་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །འཕགས་མ་སྒྲོལ་མ་གཞན་འཇོམས་པའི་ལས་ཀྱི་ཡན་ལག་གོང་དུ་འཕོ་བ་སྟེ་བདུན་པའོ།།  །།བརྒྱད་པ་ཉོན་མོངས་པ་སྤང་བའི་ཕྱིར། རྫོགས་པའི་རིམ་པ་བསྒོམ་པ་ལ་བཞི། ལས་ཀྱི་ཕྱག་རྒྱ་དང༌། དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་བསྒོམ་པའོ། །དང་པོ་ལ་གསུམ། སྦྱང་བ་དང༌། རྟེན་དང༌། ཉམས་སུ་བླང་བའི་ཆོ་གའོ། །དང་པོ་ནི། འདི་ཉིད་ཀྱི་ལྷའི་རྣལ་འབྱོར་ཡན་ལག་བཞི་རྫོགས་པར་བསྐྱེད་ལ། རླུང་ཁ་སྦྱོར་གྱི་རྣལ་འབྱོར་ལ། འབྱོངས་པའི་ཚད་ཇི་ཙམ་མནན་པ་ཐུབ་ཀྱི་བར་དུའོ། །རྟེན་ནི་རིགས་དང༌། མཚན་ཉིད་དང༌། ལོ་གྲངས་ཏེ་རྣམ་པ་གསུམ། རིགས་ནི་རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུའི་རིགས་དང་གསུམ། མཚན་ཉིད་ནི་པདྨ་ཅན་དང༌། དུང་ཅན་མའམ། གླང་པོ་ཅན་མ། མིག་དཀྱུས་རིང་ཞིང་དཀར་མདངས་དང་ལྡན་ཞིང་ཤ་འཇམ་ལ་གཉེར་མ་མེད། ལུས་ལ་ག་པུར་གླ་རྩིའི་འདྲི་དང་ལྡན། འགྲོས་དལ་ངག་འཇམ་ཤེས་པ་ཆེ་བར་གྱུར་པའོ། །ལོ་གྲངས་ནི། བཅུ་བཞི་མའམ། བཅུ་དྲུག་མའམ། ཉི་ཤུ་རྩ་གཅིག་ལོན་པའོ། །སྐྱབས་འགྲོ་ནས། དབང་གི་བར་གྱིས་རྒྱུད་སྨིན་པར་བྱས་པའོ། །ཉམས་སུ་བླང་བ་ནི་མཎྜལ་གྲུ་བཞི་པ་གཅིག་བྱས་ལ་བདུད་རྩི་ལྔ་དང་དྲི་ཞིམ་པོས་བྱུགས་ལ། མེ་ཏོག་ཚོམ་བུ་ལྔ་བཀོད་ལ། རིགས་ལྔར་བསམས་ལ། མཆོད་པ་རྒྱས་པས་མཆོད། དེ་བྱང་གི་སྒོར་ཁྲིའི་སྟེང་དུ་བཞག་སྟེ། དེ་མཉེས་པར་བྱ་བ་དང༌། ལུས་བཀྲུ་བ་དང༌། ཙནྡན་ག་པུར་ལ་སོགས་པའི་དྲིའི་བྱུག་པ་བྱས་ནས། བདག་དོན་ཡོད་གྲུབ་པའི་རྣལ་འབྱོར་ཕྱག་རྒྱ་ནི་སྒྲོལ་མའི་རྣལ་འབྱོར་དུ་བྱ། ཧཱུྃ་དང་ཨཱ་ལས་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ། སྔགས་ཅུང་ཞིག་བཟླས་ནས་སྙོམས་པར་ཞུགས་པས། སྙོམས་འཇུག་གི་སྒྲ་དང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དོན་ཡོད་གྲུབ་པ་ཡབ་ཡུམ་སྤྱན་དྲངས་ནས་སྤྱི་གཙུག་ནས་ཞུགས་པ་འོད་དུ་ཞུ་སྟེ། མགྲིན་པར་སླེབ་བ་དགའ་བའི་ཡེ་ཤེས། སྙིང་གར་མཆོག་དགའི་ཡེ་ཤེས། ལྟེ་བར་དགའ་བྲལ་གྱི་ཡེ་ཤེས། རྡོ་རྗེའི་རྩེར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་ལ། བྱང་ཆུབ་ཀྱི་སེམས་ཉམས་སུ་མི་གཞུག་པར་སླར་ལུས་བསྒྲིམ་ཤེས་པ་ཁོང་ཀློད། ཧཱུྃ་ངམ་སིའི་སྒྲས་དྲངས་ལ་ལུས་ཐམས་ཅད་བདེ་སྟོང་གིས་རྒྱས་པར་བྱས་ལ། དེའི་ངང་ལ་བློ་བཞག་ཅིང་བསྒོམ་པར་བྱའོ། །བདེ་བའི་ཉམས་ཆུང་ན་སྔར་གྱི་བཞིན་ཉམས་སུ་བླང་ཞིང་བསྒོམས་ཏེ། ལས་ཀྱི་ཕྱག་རྒྱ་གོམས་པའི་ཚུལ་དུ་བསྒོམ་པའོ། །གཉིས་པ་ནི་སྙོམས་འཇུག་སྤངས་ལ་འཁྲིག་པའི་གཏམ་ལ་སོགས་པ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་དང༌། རླུང་བསྒོམ་པ་ལ་སོགས་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཟིན་པ་དང༌། བདེ་བ་ཆེན་པོའི་ཡེ་ཤེས་གོང་བཞིན་དུ་རྒྱས་པར་འགྱུར་ཏེ། དམ་ཚིག་གི་ཕྱག་རྒྱ་གཟུང་འཛིན་གྱི་ཚུལ་དུ་བསླབ་པའོ། །གསུམ་པ་ནི། བདག་དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས། མདུན་དུ་ཡིད་ལས་བྱུང་བའི་མིའི་བུ་མོ་སྒྲོལ་མར་བསྐྱེད་པའི་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་ཅིང་བདེ་བ་ཆེན་པོའི་ཡེ་ཤེས་བསྒོམ་པ་སྟེ། ཆོས་ཀྱི་ཕྱག་རྒྱ་ཡིད་ལས་བྱུང་བའི་ཚུལ་དུ་བསྒོམ་པའོ། །གསུམ་པ་གང་ཡང་རུང་བ་ཅིག་གིས་ཕྱག་རྒྱ་ཆེན་པོ་མཚོན་ནུས་ན་གཉིས་པ་བསྒོམ་མི་དགོས་སོ། །བཞི་པ་ནི་གོང་མ་རྣམས་ཀྱིས་ཉམས་སུ་མྱོང་པ་དང༌། སྣང་བའི་དངོས་པོ་རོ་གཅིག་པར་བསྲེས་ལ། ཆོས་ཐམས་ཅད་སྤྲོས་པའི་མཁའ་ཐམས་ཅད་དང་བྲལ་བ་འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་དང༌། རང་གི་སེམས་ཀྱི་ཆོས་ཉིད་གཉིས་སུ་མེད་པའི་ཚུལ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་ཡིད་ལ་བྱས་ཤིང་བསྒོམ་པ་བྱས་ན། རིང་པོར་མི་ཐོགས་པར་ཆོས་ཀྱི་སྐུ་ཐོབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོའི་རྒྱས་གདབ་ཀྱི་ཚུལ་དུ་བསྒོམ་པའོ། །འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་བའི་ལས་ཀྱི་ཡན་ལག་སྟེ་བརྒྱད་པའོ།།  །།ལེའུ་དགུ་པ་མཆོག་གསོལ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པ་ལ་གཉིས། དོན་དམ་པར་རབ་ཏུ་གནས་པ་བྱར་མེད་པ་སྟེ། ཆོས་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་རབ་ཏུ་གནས་པ་བྱ་སྟེ། དེ་ལ་བཞི་རབ་ཏུ་གནས་པ་བྱས་པའི་ཕན་ཡོན་དང༌། མ་བྱས་པའི་ཉེས་དམིགས་དང༌། ཆོ་ག་དང་ཕན་ཡོན་རྒྱས་པར་བསྟན་པའོ། །གསུམ་པ་ནི། གཞུང་ཉིད་དུ་རྟོགས་པར་སླ་ལ། ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །སྦྱོར་བ་ལ་བཞི། རྟེན་གྱི་མཚན་ཉིད་དང༌། སྟེགས་བུ་བརྩེགས་པ་དང༌། དུས་ལ་སོགས་པ་བཀྲ་ཤིས་པ་ལ་བརྩམས་པ་དང༌། མཆོད་པའི་ཡོ་བྱད་བཤམ་པའོ། །དེ་ལ་དང་པོ་རྟེན་གྱི་མཚན་ཉིད་ནི། སྐུ་གསུམ་གྱི་གཟུགས་བརྙན་གང་ཡིན་ཀྱང་བཟོ་བོས་བྱས་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གཉིས་པ་སྟེགས་བུ་ནི། སྐུ་གཟུགས་ཀྱི་གསུམ་ཆའི་ཚད་དུ་ལེགས་པར་བརྩིགས་ལ་བཀྲ་ཤིས་ཀྱི་རྟགས་བརྒྱད་ཀྱི་མཚན་མ་བྲི། གསུམ་པ་ནི་གཟའ་དང་སྐར་མ་བཟང་བ་ལ་བྱ་ཞིང༌། གནས་དགེ་བར་བརྩམ་པར་བྱའོ། །བཞི་པ་ནི། དཀོན་མཆོག་མཆོད་པའི་ཡོ་བྱད་དང༌། ཆོས་སྐྱོང་བའི་གཏོར་མ་དང༌། དགེ་བའི་བཤེས་གཉེན་དང༌། དགེ་འདུན་མཆོད་པའི་ཡོ་བྱད་རྣམས་བཤམ་མོ། དངོས་གཞི་ལ། གཞུང་ནས་བདུན་དུ་གནས་ཀྱང༌། ལག་ལེན་ལ་དྲུག་ཏུ་བྱ་སྟེ། བདག་གི་རྣལ་འབྱོར་དང༌། བུམ་པ་བཟླས་པ་བྱ་བ་དང༌། རྟེན་སྦྱང་བ་དང༌། བསྐྱེད་པ་དང༌། མཆོད་ཅིང་སྤྱན་དབྱེ་བ་དང༌། མངའ་དབུལ་བའོ། །དང་པོ་ནི། བདག་རྗེ་བཙུན་མ་སྒྲོལ་མའི་ང་རྒྱལ་བརྟན་པར་བྱ། གཉིས་པ་ནི་བུམ་པ་མཚན་ཉིད་དང་ལྡན་པ་ལ་མགུལ་ཆིངས་བྱ། བཅུད་གཞུག ཁ་རྒྱན་གཟུགས། བུམ་པ་སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པའི་ནང་དུ་སྒྲོལ་མ་ཡན་ལག་བཞི་རྫོགས་སུ་བསྐྱེད། གཟུངས་ཐག་ལ་འཇུས་ནས་སྔགས་མང་དུ་བཟླས་ལ་ལྷ་འོད་དུ་ཞུ་བར་བསམ་མོ། །གསུམ་པ་རྟེན་སྦྱང་བ་ནི། མེ་ལོང་གི་ངོས་སུ་གཟུངས་སྔགས་བཟླས་ཤིང་བུམ་པའི་ཆུས་བཀྲུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་དུ་བརྗོད་ཅིང་བཀྲུ། སྐུ་ཕྱི་པའི་སྔགས་ཟློས་ཤིང་དར་གྱིས་སྐུ་ཕྱིའོ། །བཞི་པ་བསྐྱེད་པ་ནི། རྟེན་རྣམས་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམས། རྟེན་གང་ཡིན་ཀྱང་རིགས་ལྔའི་ས་བོན་ལས། དེ་བཞིན་གཤེགས་པ་རིགས་ལྔ་དམ་ཚིག་པ་བསྐྱེད། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡི་གེ་བཞིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། དེ་བཞིན་གཤེགས་པའི་ཚོགས་ཀྱིས་དབང་བསྐུར་ལ། རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །ལྔ་པ་མཆོད་ཅིང་སྤྱན་དབྱེ་བ་ནི། ཅི་འབྱོར་བའི་མཆོད་པ་ཅུང་ཟད་ཀྱིས་མཆོད། གསེར་གྱི་ཐུར་མའམ། རྡོ་རྗེའི་རྩེ་མོས་སྤྱན་གྱི་ཐད་ཀར་བྱུག་ཅིང་སྤྱན་དབྱེ་བའི་གསང་སྔགས་བཟླས་ལ། སེམས་ཅན་གྱི་དོན་ལ་ནུས་པ་མཐུ་དང་ལྡན་པར་བསམ་མོ། །དྲུག་པ་མངའ་དབུལ་བ་ནི། མེ་ཏོག་ཐོགས་ལ་རབ་ཏུ་གནས་པའི་གསང་སྔགས་ཟློས་ཤིང་མེ་ཏོག་དོར། མཆོད་པ་རྒྱ་ཆེན་པོ་བཤམ། གླུ་དང་རོལ་མོ་ལ་སོགས་པ་བཀྲ་ཤིས་པའི་ཡན་ལག་མང་དུ་བྱའོ། །མཇུག་གི་ཆོ་ག་ལ་གསུམ། ཆོས་སྐྱོང་བའི་སྲུང་མ་ལ་གཏོར་མ་བྱིན་ལ། ཆོས་སྐྱོང་བའི་སྲུང་མར་བསྒོ་བ་དང༌། བསོད་ནམས་འཕེལ་བ་དང༌། སྡིག་པ་སྦྱང་བའི་དོན་དུ། ལེའུ་བཅུ་གཉིས་པ་ནས་འབྱུང་བའི་ཚུལ་གྱིས་ཞི་བ་དང་རྒྱས་པའི་སྦྱིན་སྲེག་བྱ་བ་དང༌། བླ་མ་ལ་ཅི་འབྱོར་པའི་ཡོན་དབུལ་བའོ། །འཕགས་མ་སྒྲོལ་མ་མཆོག་གསོལ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པའི་ལེའུ་དགུ་པའོ།།  །།བཅུ་པ་དབང་བསྐུར་པའི་ཆོ་ག་ནི། བླ་མ་ཆེན་པོས་མཛད་པའི་ཡི་གེར་གསལ་བས་ན་དེར་བལྟ་བར་བྱའོ། །འཕགས་མ་སྒྲོལ་མ་མྱ་ངན་སེལ་བའི་ལས་ཀྱི་ཡན་ལག་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟེ་བཅུ་པའོ།།  །།བཅུ་གཅིག་པ་ལོངས་སྤྱོད་སྤེལ་བ་ལ་གཉིས། དགོས་པ་དང༌། ཆོ་གའོ། །དང་པོ་ལོངས་སྤྱོད་རྒྱས་པའི་ཕྱིར་རོ། །ཆོ་ག་ལ་སྦྱིན་སྲེག་གིས་ལོངས་སྤྱོད་སྤེལ་བ་དང༌། གཏེར་གྱིས་སྤེལ་བ་གཉིས་སོ། །དང་པོ་ནི་རྒྱས་པའི་ཐབ་འོག་ནས་འབྱུང་བ་བཞིན་བྱས་ལ། པདྨ་དང༌། བིལ་བ་དང༌། ཀ་ར་བཱི་ར་ལ་སོགས་པའི་མེ་ཏོག་དམར་སེར་གྱི་རིགས་རྙེད་ཚད་བསོགས་ལ། བདག་ཉིད་ཡན་ལག་བཞིས་འདི་ཉིད་ཀྱི་སྒྲོལ་མར་བསྐྱེད་ལ་མེ་སྦར་ཏེ་ཐབ་ཏུ་སྒྲོལ་མ་ལ་གཟའ་བརྒྱད་ཀྱིས་བསྐོར་བ་རང་བཞིན་གྱི་གནས་ནས་སྤྱན་དྲངས་པ་ཐབ་ཏུ་གསལ་བར་དམིགས་ལ་གཞུང་ནས་འབྱུང་བའི་སྔགས་ལོངས་སྤྱོད་འཕེལ་བར་མཛད་ཅིག ཨོཾ་ཞེས་པའི་མཐའ་རྟེན་དང་བཅས་པས་མེ་ཏོག་རྣམས་བསྲེག་པར་བྱའོ། །དེ་ནས་འཇོག་པར་འདོད་ན་ཐབ་ཀྱི་ལྷ་རྣམས་བློས་དོར་ལ་ཅི་བདེར་གནས་སོ། །དེ་བཞིན་དུ་ཐུན་གྲངས་དང༌། ཞག་གྲངས་ཅི་རིགས་པར་བྱའོ། །གཉིས་པ་རྫས་ཀྱིས་ལོངས་སྤྱོད་སྤེལ་བ་ནི། རྒྱལ་རིགས་དང༌། རྗེའུ་རིགས་ཀྱི་ཐོད་པའི་མཚན་ཉིད་ནི་མུར་གོང་གཡས་གཤོང་བུ་གཉིས། དབུ་ཟུར་བཞི་ན་འདོད་འཇོའི་བ་གཤོང་བུ་བཞི། དཔག་བསམ་གྱི་ཤིང་ཡོད་པ། བཙག་རོ་དང༌། སྲིན་ཁུང་ལ་སོགས་པ་སྐྱོན་སྤངས་པ་དུམ་བུ་གཅིག་པའམ། གསུམ་པ་བརྒྱད་དམ་གཅིག་བླངས་ལ། དེའི་དཀྱིལ་དུ་གསེར་གྱི་རིན་པོ་ཆེ་འབར་བ་བྲིས་པའི་ཕྱོགས་གཟུངས་སྔགས་བྲིས་ཏེ། ལྔ་ཚན་དང་པོའོ། །དེ་ནས་འབྲུ་ལྔ་དང༌། རིན་པོ་ཆེ་ལྔ་དང༌། སྨན་ལྔ་དང༌། བཅུད་ལྔ་མ་འདྲེས་པར་སོ་སོར་དར་རམ་ཀྱིས་ཐུམ་པོ་བྱས་པ་བཅུག་པ་བརྒྱད་དམ་གཅིག་མདུན་དུ་བཞག་ལ། བདག་འདི་ཉིད་ཀྱི་སྒྲོལ་མར་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས། རྫས་རེ་རེ་ལ་དམིགས་ནས་འདི་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ཐོད་པ་མཚན་ལྡན་གཞན་ཞིག་གིས་ཁ་བཅད་དེ། བརྒྱད་ཡོད་ན་བང་མཛོད་ལ་སོགས་པའི་ཕྱོགས་བརྒྱད་དུ་བཞག གཅིག་ལས་མེད་ན་ཁང་པའི་དབུས་སུ་ཅུང་ཟད་མཐོ་བའི་སྟེགས་བུའི་དབུས་སུ་ལེགས་པར་སྦས་ལ། ཟླ་བ་ཡར་གྱི་ངོ་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ན་ལོངས་སྤྱོད་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །འདི་ནི་སྔོན་དུ་བསྙེན་པ་རྫོགས་པའི་ལས་ཡིན་ནོ། །འཕགས་མ་སྒྲོལ་མ་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བའི་ལས་ཀྱི་ཡན་ལག་ལོངས་སྤྱོད་འཕེལ་བ་སྟེ། བཅུ་གཅིག་པའོ།།  །།བཅུ་གཉིས་པ་སྦྱིན་སྲེག་གི་བསྙེན་པ། སྔོན་དུ་སོང་ནས་བྱས་ན་དངོས་གྲུབ་ཐམས་ཅད་འབྱུང་བའི་རྩ་བ་ཡིན་ནོ། །དེ་ཡང་རྒྱལ་ལམ། སྟའི་ཟླ་བ་ལ་སོགས་པ་ཤིས་པའི་ཡར་ངོའི་ཚེས་གཅིག་ནས་ཉའི་བར་དུ་བྱ་བ་ཡིན་ཏེ། དེ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གོ །དང་པོ་ལ་ལྔ། ཐབ་ཁུང་གི་ཁྱད་པར་དང་བསྲེག་རྫས་དང༌། མཆོད་རྫས་བཤམ་ཐབས་དང༌། བུད་ཤིང་གི་ཁྱད་པར་དང༌། ཡམ་ཤིང་གི་ཁྱད་པར་དང༌། དགང་གཟར་དང་བླུགས་གཟར་གྱི་ཁྱད་པར་རོ། །དང་པོ་ནི་གནས་དབེན་པར་སའི་ཆོ་ག་ལེའུ་དགུ་པ་ནས་འབྱུང་བ་བཞིན་ལེགས་པར་བྱས་པ་ཐབ་རྒྱར་ཁྲུ་གང་ལ་ཟབས་སུ་ཁྲུ་ཕྱེད་པ། ཕྱིར་སོར་བཞི་བསྐྱེད་ནས་སོར་བཞི་དཔངས་ལ་ཙནྡན་དཀར་པོ་ལ་སོགས་པའི་དྲིས་ལེགས་པར་བྱུག དབུས་སུ་ས་བོན་གྱི་ཡི་གེ་དགོད། ཕྱིར་བསྐྱེད་པ་ལ་ཨུཏྤ་ལའི་ཕྲེང་བ་བྲི། དཔངས་སུ་བརྩིགས་པ་ལ་རྡོ་རྗེའི་ཕྲེང་བ་བྲི། འདི་ཞི་བའི་ཐབ་ཡིན་མོད་ཀྱི་ལས་གཞན་མ་རྣམས་ལ་ཡང༌། སྤྱི་དང་མཐུན་པར་བྱ། གཉིས་པ་བཤམ་ཐབས་ནི། ལས་འཇམ་པོ་རྣམས་བསྲེག་རྫས་གཡས། མཆོད་རྫས་གཡོན། དྲག་པོ་ལ་དེ་ལས་བཟློག་པའོ། །གསུམ་པ་བུད་ཤིང་ནི་ནགས་ཀྱི་བ་ལང་གི་ལྕི་བའམ་འོ་མ་ཅན་གྱི་ཤིང་སྲོག་ཆགས་མེད་པའོ། །བཞི་པ་ཡམ་ཤིང་ནི་འོ་མ་ཅན་གྱི་ཤིང་མར་དང་སྦྲང་རྩི་ལ་སོགས་པའོ། །ལྔ་པ་དགང་གཟར་དང་བླུགས་གཟར་ནི། རིན་པོ་ཆེའམ། མཆོད་སྦྱིན་གྱི་ཤིང་ལས་བྱས་པ་ཁྲུ་གང་བའི་ཚད་དགང་གཟར་གྱི་བཅུད་ཀྱི་སྣོད་རྒྱར་སོར་བཞི་པ། དཔངས་སུ་སོར་གཉིས་པའམ། རྒྱར་གཉིས་པ་དཔངས་སུ་གཅིག་པའོ། །བླུགས་གཟར་གྱི་བཅུད་ཀྱི་སྣོད་རྒྱར་སོར་གཉིས་པ། དཔངས་སུ་གཅིག་པའམ། རྒྱར་གཅིག་ལ་དཔངས་སུ་ཕྱེད་པའོ། །གཉིས་ཀའི་དཀྱིལ་དུ་རྡོ་རྗེས་མཚན་པ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས་ཁ་སྦྱར་ཏེ། རྡོ་རྗེ་དང་དྲིལ་བུའི་བར་དུ་བཞག་ནས་རྣལ་འབྱོར་པ་ཁ་ཤར་དུ་བལྟས་པའི་མདུན་དུ་གཞག་པར་བྱའོ། །དངོས་གཞི་ལ་བཞི། བདག་ཉིད་ཀྱི་བྱ་བ་དང༌། ཐབ་དང་འབྲེལ་པའི་བྱ་བ་དང༌། འཇིག་རྟེན་གྱི་མེ་ལྷ་མཆོད་པ་དང༌། འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི་བདག་ཉིད་འདི་ཉིད་ཀྱི་ལྷའི་རྣལ་འབྱོར་རྫོགས་པར་བསྐྱེད་ལ་བཟླས་པ་ཅུང་ཞིག་བྱའོ། །གཉིས་པ་ནི་ཐབ་བསྲུང་བར་བྱ་བའི་ཕྱིར་ཀུ་ཤ་དགྲམ། མཆོད་རྫས་བསྲེག་རྫས་རྣམས་བསང་བ་དང་བྱིན་གྱིས་བརླབ། བྲམ་ཟེའི་རྒྱུན་ཞག་གི་མེ་ལ་སོགས་པ་ལས་མེ་བླངས་ལ་སྦར། ཨོཾ་བཛྲ་ཛྭ་ལ་ཧྲཱིཿཧཱུྃ་ཕཊ། ཅེས་རླུང་ཡབ་ཀྱིས་དྲག་ཏུ་སྦར། དགང་གཟར་མར་གྱིས་གང་བ་གསུམ་གྱིས་མེ་གསོ། རྡོ་རྗེ་གནོད་སྦྱིན་ནམ་བདུད་རྩི་འཁྱིལ་པའི་སྔགས་བཟླས་ཤིང་ཐབ་བསང༌། ཐབ་ཁུང་སྭ་བྷཱ་ཝས་སྟོང་པར་བསྒོམ། ཧཱུྃ་ལས་བྱ་བ་དང་རྗེས་སུ་མཐུན་པ་ཇི་ལྟ་བ་བཞིན་དུ་བསྐྱེད་དོ། །གསུམ་པ་ནི་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་མེ་ལྷ་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་གཡས་དབྱུག་པ་དང་སྐྱབས་སྦྱིན། གཡོན་ཕྲེང་བ་དང་གུནྡྷེ། ཚངས་སྐུད་དཀར་པོ་ཅན། ར་སྐྱེས་ཀྱི་གདན་ལ་བཞུགས་པར་བསམ་མོ། །ཡེ་ཤེས་པ་མེའི་མཚམས་ནས་དེ་འདྲ་བ་ཅིག་སྤྱན་དྲངས་ལ། དེ་ལ་བསང་གཏོར་དང༌། ཞབས་བསིལ་དང༌། མཆོད་པ་རྣམས་ཀྱིས་མཆོད་ལ་བསྟིམ། དེ་ནས་ཐབ་ཀྱི་ནང་དུ་གནས་པ་དེ་ལ་བདག་པདྨའི་འདུག་སྟངས་ཀྱིས་གནས་ནས། ཨོཾ་ཨགྣ་ཡེ་བྱ་བ་ལ་སོགས་པའི་སྔགས་ཀྱིས་མར་གྱི་དགང་བླུགས་ལན་བདུན་ནམ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་ཕུལ་ལ་མེའི་མཚན་མ་བརྟག་པར་བྱ་སྟེ། ཁ་དོག་དཀར་པོ་དང༌། དབྱིབས་རཏྣ་ལྟ་བུ་དང༌། སྒྲ་ཟབ་པ་དང༌། དྲི་ཞིམ་པ་ལ་སོགས་པ་རྣམས་ནི་བཟང་བའི་མཚན་མ་ཡིན་ལ། ཁ་དོག་གནག་པ་དང༌། དུ་བ་ཆེ་བ་དང༌། མདུད་རྩེ་གསུམ་ལྟ་བུའི་དབྱིབས་དང༌། སྒྲ་འཇིགས་པ་དང༌། དྲི་མི་ཞིམ་པ་རྣམས་ནི་བགེགས་དང་བཅས་པའི་མཚན་མ་ཡིན་པས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསང་བར་བྱའོ། །དེ་ནས་མཆོད་རྫས་དབུལ་བ་ནི། མར་ལ་སོགས་པ་ཞུ་བའི་རྫས་རྣམས་ཞལ་དུ། ཏིལ་ལ་སོགས་པ་མ་ཞུ་བའི་རྫས་རྣམས་ཕྱག་ཏུ། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར་དུ་དབུལ་ཏེ། བདུན་ནམ་ཉི་ཤུ་རྩ་གཅིག་གཞུང་ནས་འབྱུང་བའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་གང་བའི་དགང་བླུགས་གསུམ་དང༌། ཞབས་བསིལ་དང༌། བསྟོད་པ་དང༌། འདོད་པའི་དོན་གསོལ་བ་གདབ་པ་རྣམས་བྱས་ནས་འབར་བའི་རྣམ་པར་ཐིམ་པའམ། དེའི་ལྟོ་བ་ཡངས་པར་བསྒོམས་པའི་སྙིང་གར་འདས་པའི་མེ་ལྷ་མཆོད་པར་བྱའོ། །འདས་པའི་མེ་ལྷ་མཆོད་པ་ནི། ས་བོན་ལས་རྗེ་བཙུན་མ་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་པ་བཀུག་པ་ལ་བསང་གཏོར་དང༌། ཞབས་བསིལ་དང༌། མཆོད་པ་བྱས་ནས་གཉིས་སུ་མེད་པར་བྱའོ། །དབང་བསྐུར་ཏེ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམས་ལ། ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུར་བསམས་ལ་དགང་བླུགས་བདུན་ནམ་གཉིས་དབུལ་བར་བྱའོ། །དེ་ནས་ཞུ་བ་ལ་སོགས་པའི་རྫས་རྣམས་སྔར་གྱི་རིམ་པས་གཞུང་ནས་འབྱུང་བའི་སྔགས་ཀྱིས་ཕུལ་ཏེ། མཐར་གང་བའི་སྦྱིན་སྲེག་འབྱོར་ཚད་ཅིག་ཕུལ་ལ་མཆོད་པ་དང༌། བསྟོད་པ་ཉི་ཤུ་རྩ་གཅིག་པས་བསྟོད་པ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་བ་བྱས་ནས། ཡེ་ཤེས་པ་གཤེགས་སུ་གསོལ་ཏེ། དམ་ཚིག་པ་བདག་གི་ལུས་ལ་བསྡུ་བར་བྱའོ། །མཇུག་གི་ཆོ་ག་རྣམས་འཇིག་རྟེན་པའི་མེ་ལྟ་འབར་བའི་རྣམ་པས་ཐིམ་ན་སྐད་ཅིག་གིས་ཞལ་ཕྱག་གི་རྣམ་པར་བསམ་པའམ། ལྟོ་བ་ཡངས་པར་བསྒོམས་ན། སྔར་གྱི་ཚད་དུ་ཆུང་བར་བྱས་པ་ལས། དགང་བླུགས་སྔོན་དུ་འགྲོ་བས་བསྲེག་རྫས་ལྷག་མ་རྣམས་དབུལ་བ་དང༌། སླར་དགང་བླུགས་དབུལ། བསྟོད་པ་བྱ། བཟོད་པར་གསོལ། འདོད་པའི་དོན་གསོལ་བ་གདབ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་ཐབ་ཏུ་མི་དམིགས་པར་བྱ། ཡི་གེ་བརྒྱ་པ་བརྗོད་ཅིང་ལྷག་ཆད་ཁ་བསྐང༌། ཐལ་བ་བསྡུས་ཏེ་དབེན་པའི་གནས་སམ། ཆུ་བོར་དོར་བར་བྱའོ། །འདི་ནི་ཞི་བའི་ལས་ཀྱི་ཆོ་ག་སྟེ། རྒྱས་པ་ལ་སོགས་པའི་ལས་གཞན་རྣམས་ལ་ཡང༌། ཐབ་དང་སྔགས་ཀྱི་སྤེལ་ཚིག་ལ་སོགས་བསྒྱུར་ཏེ་བྱ་བ་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་བྱས་ན་དངོས་གྲུབ་ཏུ་འགྱུར་རོ། །འཕགས་མ་སྒྲོལ་མ་བཀྲ་ཤིས་སྦྱིན་མའི་ལས་ཀྱི་ཡན་ལག སྦྱིན་སྲེག་གི་ཆོ་ག་སྟེ་བཅུ་གཉིས་པའོ།།  །།བཅུ་གསུམ་པ་འབྱུང་པོ་བཟློག་པ་ལ་གསུམ། བསྙེན་པ་ད་ང༌། བསྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི་སྤྱིའི་སྒྲུབ་ཐབས་བཞིན་ནོ། །གཉིས་པ་སྒྲུབ་པ་ནི་འདིའི་གཞུང་ནས་བསྙེན་པར་བྱ་བའི་རྫས་བསག་པར་བཤད་པའི་རྫས་བསག་པར་བྱ་བ་ནི། འདི་ཉིད་ཀྱི་ལྷའི་རྣལ་འབྱོར་དང་ལྡན་པས་ཨ་རུ་ར་དང༌། བྱི་རུ། མུ་ཏིག ཨི་ནྡྲ་ནཱི་ལ། སྦུར་ལེན། འཕགས་པ་རྣམས་ཀྱི་གདུང༌། ཕག་རྒོད་ཀྱི་མཆེ་བ། རྨ་བྱའི་མཁྲིས་པ། ཟེ་ཚ། མུ་ཟི། འབྲས་བུ་གསུམ། བྲིང་ཀར་ཙ་སྟེ་ར་མོ་ཤག སྦྲང་རྩི། མར། ག་པུར། བདུད་རྩི་ལྔ། ཛཱ་ཏི། ཙནྡན། གུར་གུམ། གླ་རྩི་སྟེ། སྤོས་ལྔ་དང༌། གུ་གུལ་དཀར་ནག་གཉིས། སྤྲ་ཚིལ་ཏེ་རྫས་ཉི་ཤུ་རྩ་བཞི་ཤིན་ཏུ་ཞིབ་བར་བཏགས་ཏེ། སྦྱར་བའི་ཚད་ལོ་གཅིག་གམ། གསུམ་མམ། དགུ་རུ་སྦྱར་གསུང་སྟེ། རྫས་རྣམས་ལེན་པ་དང་སྦྱོར་བའི་དུས་སུ་རང་སྒྲོལ་མའི་རྣལ་འབྱོར་དང་སྔགས་བཟླས་ཤིང་བྱའོ། །ཉི་མ་འགས་བཏུབ་བཟླས་པ་ཡུན་རིང་དུ་བྱེད་པའི་དོན་ཡིན། སྐྱུ་རུ་ར། བ་རུ་ར་ཆང་དང་བུ་རམ་གྱིས་སྦྱར་ལ། རི་ལུ་མཐེ་བོང་གི་ཚད་ཙམ་སྦྱར་ནས་རྫའི་གའུ་སོ་མ་བཏང་བའི་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། ཚོན་སྣ་ལྔའི་སྐུད་པས་རྒྱ་གྲམ་དུ་དཀྲིས། ཚོན་སྣ་ལྔས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་བཞག་སྟེ། རང་སྒྲོལ་མར་ཡན་ལག་བཞིས་བསྐྱེད་ལ། རི་ལུའི་སྟེང་དུ་ཡང་སྒྲོལ་མ་བསྒོམས་ནས། ཐུན་བཞིའི་ངེས་པས་གཞུང་ནས་འབྱུང་བའི་སྔགས་འབུམ་ཕྲག་གཅིག་ཏུ་བཟླས་པར་བྱའོ། །ལས་ལ་སྦྱར་བ་ལ་གཉིས། ནད་དང་གདོན་ཞི་བ་དང་བསྲུང་བ་དང་བསྐྲད་པ་གསུམ་གཅིག་ཏུ་བྱས་པ་དང༌། གསད་པའོ། །དང་པོ་ནི་རང་བཞིན་གྱིས་གནོད་པའམ། གཞན་གྱིས་རྦད་པ་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བཅོ་བརྒྱད་པོ་གང་ཡིན་ཡང་རུང་སྟེ་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ནས་རྫས་མེ་ལ་བསྲེགས་པའི་དུད་པས་བདུག་ན་ཀླད་པ་འགས་པ་དང་ཕྱོགས་གཞན་དུ་འབྱེར་བ་ལ་སོགས་པར་འགྱུར་རོ། །འདིས་ནི་དུག་སྤྲུལ་དང་སྡིག་པ་ལ་སོགས་པ་སྲོག་ཆགས་ཀྱི་གནོད་པ་ཐམས་ཅད་དང༌། ནད་ཞི་བ་དང་བསྲུང་བར་འགྱུར་རོ། །གཉིས་པ་གསད་པའི་ཆོ་ག་ནི། ཡུངས་ཀར། ལྡོང་རོས། བྱི་ལའི་བྲུན། སྲིན་བྱ་དང༌། བྱ་རོག་གི་བྲུན་རྣམས་ལས་བྱས་པའི་གཟུགས་བརྙན་ཚད་ཀྱི་ངེས་པ་ནི་མེད་དེ། ཤོག་བུ་ལ་མིང་བྲིས་ལ་སྙིང་གར་བཅུག་སྟེ། དེ་རྫ་ཕོར་སོ་མ་བཏང་བའི་ནང་དུ་བཅུག་ནས་རས་དཀར་པོས་ཁ་བཅད་ལ་ཚོན་སྐུད་སྣ་ལྔའི་གཟུངས་ཐག་བཏགས་ལ་མཎྜལ་ཁར་བཞག་ལ་རྣམ་པར་ཤེས་པ་དགུག་གཞུག་བྱས་ཏེ་བསྟིམ་པ་ལས་བདུག་པས་བདུག ཤིང་ཚེར་མ་ཅན་ལ་མེ་སྦར་ལ་ལིངྒ་གཏུབས་ལ་མིང་དང་མཱ་ར་ཡའི་སྤེལ་ཚིག་དང་བཅས་པས་བསྲེགས་ན་གནོད་བྱེད་འཆི་བར་འགྱུར་རོ། །འདི་ནི་གནོད་སྦྱིན་ལྕགས་ཀྱུའི་གདུག་པ་ཞེས་བྱ་བ་ཡིན་ནོ་ཞེས་གསུངས་སོ། །འཕགས་མ་སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་འབྱུང་པོ་བཟློག་པ་སྟེ། བཅུ་གསུམ་པའོ།།  །།བཅུ་བཞི་པ་བདག་གཞན་སྲུང་བའི་འཁོར་ལོ་ནི། བདག་ལྷའི་ང་རྒྱལ་དང་ལྡན་པས་བྲི་བའི་གཞི་དཀར་ཞིང་འཇམ་པའི་དར་རམ་རས་ལ་སྣག་ཚ་ནི་སྐྱེས་པ་བསྲུང་བ་ལ་གུར་གུམ། བུད་མེད་ལ་གི་ཝང་གིས་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ་མུ་ཁྱུད་རིམ་པ་བདུན་གྱིས་བསྐོར་བའི་དབུས་ཀྱི་ལྟེ་བ་ལ་ཨོཾ་ཆེ་གེ་མོ་རཀྵ་རཀྵ་ཧཱ་བྲི། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་བྲི། མུ་ཁྱུད་ནང་མ་ལ་རྟེན་འབྲེལ་སྙིང་པོ་བྲི། དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་རྭ་བ། དེའི་ལྟེ་བ་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཆེ་གེ་མོ་རཀྵ་རཀྵ་བྲི། མུ་ཁྱུད་གསུམ་པ་ལ་ཨཱ་ལི་ཀཱ་ལི། བཞི་པ་ལ་བདུད་རྩི་འཁྱིལ་པའི་སྔགས་རིང༌། ལྔ་པ་ལ་རལ་གྲིའི་ཕྲེང་བ། དྲུག་པ་ལ་རྡོ་རྗེའི་ཕྲེང་བ། བདུན་པ་ལ་མེ་རིས་ཡོངས་སུ་བསྐོར་བའོ། །དེ་ལྟ་བུའི་འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་བཞག་ལ། མཆོད་པ་ལྔ་དང་གཏོར་མ་གཅིག་བཤམ། བདག་ཉིད་ཡན་ལག་བཞིས་སྒྲོལ་མར་བསྐྱེད། འཁོར་ལོ་མི་དམིགས་ཏེ་སྟོང་པ་ལས་ཡན་ལག་བཞིས་སྒྲོལ་མར་བསྐྱེད་ལ། བསྙེན་པ་བསྐྱལ་ཞེས་ཟེར་བས་འཁོར་ལོ་ལ་རེག་ནས་ཡི་གེ་བཅུ་པའི་མཐར་ཆེ་གེ་མོ་རཀྵ་རཀྵ་དང་བཅས་པ་སྟོང་རྩ་བརྒྱད་ལ་སོགས་པ་ཅི་རིགས་པ་བཟླས་ལ་འཁོར་ལོ་ལ་མཆོད་པ་བྱ། ཕྱོགས་སྐྱོང་ལ་གཏོར་མ་བཏང༌། སྒྲོལ་མ་ཞུ་བ་ལས་བྱུང་བའི་འཁོར་ལོར་བསམས་ལ་དྲིལ་ཏེ་ཟངས་མའི་སྦུ་གུ་ལ་སོགས་པར་བཅུག་ནས། སྐྱེས་པ་ལ་དཔུང་པ་གཡས། བུད་མེད་ལ་གཡོན་གང་ཡང་རུང་བའི་མགུལ་དུ་བཏགས་ན། རྡོ་རྗེ་རིན་པོ་ཆེ་ལྟར་གང་གིས་ཀྱང་མི་ཚུགས་ཤིང༌། སྲུང་བའི་མཆོག་ཏུ་འགྱུར་རོ། །འཕགས་མ་སྒྲོལ་མ་འགུགས་པའི་ཁྲོ་མོའི་ལས་ཀྱི་ཡན་ལག་སྲུང་བའི་འཁོར་ལོ་སྟེ་བཅུ་བཞི་པའོ།།  །།བཅོ་ལྔ་པ་ཁྲུས་ཀྱི་ཆོ་ག་ལ་དགུ། དགོས་ཆེད། གནས། དཀྱིལ་འཁོར། བུམ་པ། ཡོ་བྱད་བཤམ་པ། ཆོ་ག་ལ་འཇུག་པ། ཁྲུས་དང་བྱ་བ་དངོས། མཇུག་གི་ཆོ་ག གཟུངས་བསྟན་པའོ། །དང་པོ་ནི། ཡི་གེ་བཅུ་པ་ལ་བསྙེན་པ་སྔོན་དུ་སོང་བས་ཁྲུས་ཀྱི་ཆོ་ག་བྱས་ནས་མི་མཐུན་པའི་ཕྱོགས་ཞི་ཞིང༌། མཐུན་པའི་ཕྱོགས་འཕེལ་བར་འགྱུར་རོ། །གཉིས་པ་ནི་ཆུ་འགྲམ་ལ་སོགས་པའོ། །གསུམ་པ་ནི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པ། ཕྱི་རོལ་རྡོ་རྗེ་རྭ་བས་མཛེས་པར་བྱས་པ་ལ་རིགས་ལྔ་དང་ཡུམ་བཞི་དགོད། ལྷ་སྣམ་ལ་ཕྱོགས་སྐྱོང་བ་བཅུ་དགོད། སྒོ་བཞིའི་གཡས་གཡོན་གཉིས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྲིའོ། །གཤིན་རྗེའི་གདོན་ལ་སོགས་པ་གདོན་གང་གནོད་པའི་ཕྱོགས་ཀྱི་སྒོ་དབྱེའོ། །བཞི་པ་བུམ་པ་ནི་མཚན་ཉིད་གཞན་ནས་འབྱུང་བ་དང་མཐུན་ལ་དེར་ཆུས་དགང་ལྔ་ཚན་ལྔའི་བཅུད་གཞུག མགུལ་ཆིངས་དང༌། ཁ་རྒྱན་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་གཞག ལྔ་པ་ནི་དཀྱིལ་འཁོར་གྱི་ཕྱོགས་བཞི་མདའ་ལ་མེ་ལོང་གདགས། གྲྭ་བཞིར་རལ་གྲི་ལ་རྨ་བྱའི་མཇུག་སྒྲོ་གདགས། རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་བུམ་པའི་སྟེང་དུ་གཞག སྟེང་དུ་གདུགས་དང་བ་དན་ལ་སོགས་པས་བརྒྱན་ལ་མཛེས་པར་བྱ། མཆོད་པ་དང་གཏོར་མ་རྒྱ་ཆེར་བཤམ་པའོ། །དྲུག་པ་ཆོ་ག་ལ་འཇུག་པ་ནི། གཙང་སྦྲ་དང་ལྡན་པས་བདག་ཉིད་ཡན་ལག་བཞིས་སྒྲོལ་མར་བསྐྱེད། བུམ་པ་མི་དམིགས་ཏེ་སྟོང་པ་ལས་བྷྲཱུྃ་ལས་གཞལ་ཡས་ཁང་ནང་བདུད་རྩིའི་རྒྱ་མཚོས་གང་བར་བསམ། དེའི་ནང་དུ་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཡན་ལག་བཞིས་བདག་འདྲ་བའི་སྒྲོལ་མ་བསམ། དེ་ནས་བུམ་པའི་ནང་གི་སྒྲོལ་མ་ལ་མཆོད་པ་ལྔ་དང༌། བསྟོད་པ་ཉི་ཤུ་རྩ་གཅིག་པས་བསྟོད། བགེགས་ཞི་བ་དང་བསོད་ནམས་འཕེལ་བའི་གསོལ་བ་འདབ། མེ་ཏོག་གཏོར། དེ་ནས་བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ལས། གཞུང་ལས་འབྱུང་བའི་སྔགས་ཁ་དོག་དཀར་པོ་གཡས་སྐོར་དུ་དམིགས་ཏེ། བདག་དང་བུམ་ནང་གི་སྔགས་དང་ལྷ་ལས་འོད་བྱུང་ནས་ཆུ་ལ་ཐིམ་པས་ཆུ་དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆུར་བསམ་ཞིང་སྟོང་རྩ་བརྒྱད་ལ་སོགས་པ་ཅི་རིགས་པ་བཟླས་པར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ལ། བུམ་ནང་གི་ལྷ་འོད་དུ་ཞུ་བའི་ཆུར་བསམ་མོ། །བདུན་པ་ལ་གཉིས། ནད་པ་ལ་བྱ་བ་དང༌། གཞན་ལ་བྱ་བའོ། །དང་པོ་ནི་ཟངས་གཞོང་ལ་སོགས་པའི་སྟེང་དུ་བུམ་པ་བླངས་ལ། ནད་པ་སྟེགས་བུ་གཅིག་གི་སྟེང་དུ་གོས་ངན་པ་བསྐོན་ལ་བཞག་ལ་བུམ་པའི་ཆུས་བཀྲུ། རྨ་བྱའི་མདོངས་ལ་སྔགས་བཏབ་པས་བྱབས། སྔགས་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། སེམས་ཀྱིས་བ་སྤུའི་བུ་ག་ཐམས་ཅད་ནས་ནད་གདོན་ཐམས་ཅད་ནག་ཉི་ལི་ལི་འགྲོ་བར་བསམས་ལ། བཀྲུས་ནས་གོས་ངན་པ་དེ་དོར་ཏེ་གོས་གསར་པ་བསྐོན་ནས་བཞག་ན་སྡུག་བསྔལ་ཞི་བར་འགྱུར་རོ། །ནད་པ་མ་ཡིན་པ་ལ་བྱབས་པ་ནི། ལྷར་བསྐྱེད་པ་དང་གོས་ངན་མི་བསྐོན་པ་ཡིན་མོད་ཀྱི་ཆོ་ག་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །བརྒྱད་པ་ནི་ལྷ་ལ་མཆོད་པ་དང༌། བསྟོད་པ་དང༌། འདོད་པའི་དོན་གསོལ་བ་གདབ་པ། བཟོད་པར་གསོལ་བ་དང༌། གཤེགས་སུ་གསོལ་བ་དང༌། ཆོས་སྐྱོང་ལ་གཏོར་མ་དང༌། རྡུལ་ཚོན་བསྡུས་ཏེ་དབེན་པའི་གནས་སམ་ཆུ་བོར་དོར་བར་བྱའོ། །ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཁ་བསྐང་བར་བྱའོ། །གཟུངས་ནི་གཞུང་ཉིད་དུ་གསལ་ལོ། །འཕགས་མ་སྒྲོལ་མ་ཞི་བ་ཆེན་པོའི་ལས་ཀྱི་ཡན་ལག་ཁྲུས་ཀྱི་ཆོ་ག་སྟེ། བཅོ་ལྔ་པའོ།།  །།བཅུ་དྲུག་པ་ཤེས་རབ་ངན་པ་བསལ་ཞིང་ཕུན་སུམ་ཚོགས་པར་བྱ་བ་ནི། སྤྱིའི་བསྙེན་པ་སྔོན་དུ་སོང་བས་འགྲུབ་པར་འགྱུར་ཏེ། དེ་ལ་ལྷ་ཉེ་བར་བསྙེན་པ་དང༌། དུས་ངེས་པའི་སྒྲུབ་པ་དང༌། དུས་ངེས་པ་མེད་པའི་སྒྲུབ་པའོ། །དང་པོ་ནི་ཡན་ལག་བཞིས་བདག་ཉིད་སྒྲོལ་མར་བསྐྱེད། བདག་ལྟ་བུའི་སྒྲོལ་མ་བཞི་ཕྱོགས་བཞིར་བསམ་པ་ནི། ཡིད་གཞུངས་མ་དང༌། དྲན་མ་དང༌། ཤེས་རབ་མ་དང༌། བློའི་རང་བཞིན་མའོ། །བདག་གི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ལས་བྱུང་བའི་རྣམ་པར་སྣང་མཛད་ཞུ་བ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲོལ་མ་བདག་ལྟ་བུར་བསྒོམ་པར་བྱ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ལ་མི་སྨྲ་བའི་སྦྱོར་བས་ཐུན་བཞིའི་ངེས་པས་བྱས་ལ་ཐུན་རེ་ལ་ཅི་རིགས་པ་ཟླ་བ་དྲུག་གམ། འབུམ་ཕྲག་གཅིག་ཐོན་པའི་བར་དུ་བཟླས་པ་བྱ་བའོ། །ཐོ་རངས་ཀྱི་ཐུན་དང་པོ་ལ་ར་དཀར་མོའི་འོ་མ། རི་མཐོན་པོ་ལས་སྐྱེས་པའི་སེར་པོ་ཁྲག་རྐང༌། ལྒ། པི་པི་ལིང༌། ཕོ་བ་རིས། པདྨ་དཀར་པོ། ཤུ་དག རྒྱམ་ཚ། ཚ་ལ། དགུ་ཞིབ་པར་བྱས་པའི་རི་ལུ་ལ་སྔགས་བདུན་བདུན་བཟླས་ཤིང་བཟའ་བར་བྱའོ། །དུས་ཀྱི་ངེས་པ་དང་བཅས་པའི་སྒྲུབ་པ་ནི། ར་དཀར་མོའི་འོ་མ་བྲེ་བཞི། མར་བྲེ་གང༌། བ་རུ་ར་འབྲིང་པོ་བརྒྱད་ལ་སྲང་གཅིག་བྱས་པའི་ཚད་དང་མཉམ་པའི་ཤུ་དག ཤིང་མངར། རྒྱམ་ཚ། སེར་པོ་ཁྲག་རྐང༌། ལི་དོང་གྲ། ལ་ལ་ཕུད། ཟི་ར་དཀར་ནག པི་པི་ལིང༌། རུ་རྟ། དེ་རྣམས་ཆ་མཉམ་པར་བྱས་ལ་ཞིབ་པར་སྦྱངས་ལ། སྔར་གྱི་འོ་མ་དང༌། མར་ལ་བཏབ་སྟེ་མེ་ལ་བསླུགས་ལ། བཟླས་བསྒོམ་སྔ་མ་ལྟར་བྱ་ཞིང་ཐོ་རངས་ཀྱི་ཐུན་གྱི་ཁྱེ་སུས་ལ་ལན་བདུན་བདུན་བཟླས་ཤིང་ཅི་རིགས་པ་ཟོས་ན་ཟླ་བ་གཅིག་གིས་རྩོད་པའི་ལན་ཐེབས་པར་འགྱུར་བ་དང༌། གསུམ་གྱིས་ཚིགས་སུ་བཅད་པ་རྩོམ་པ་དང༌། དྲུག་གིས་སྒྲོལ་མ་ཉིད་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཡང་གཅིག་གིས་ཐོས་པ་འཛིན་པར་འགྱུར་བ་དང༌། གསུམ་གྱིས་དབང་ཕྱུག་ཆེན་པོ་ལྟར་སྒྲ་རྩོམ་པར་འགྱུར་བ་དང༌། དྲུག་གིས་ཚངས་པའི་དབྱངས་ཐོབ་པར་འགྱུར་རོ། །དུས་ངེས་པ་མེད་པར་རྒྱུན་དུ་བསྒྲུབ་པ་ནི། གངས་ལས་སྐྱེས་པའི་སེར་པོ་ཁྲག་རྐང་དང༌། ཤུ་དག་ཆ་མཉམ་པར་ཞིབ་པར་བཏགས་པ་ལ་ལྷའི་རྣལ་འབྱོར་སྔར་བཞིན་དུ་བྱས་ནས་ཐོ་རངས་ཀྱི་ཆ་ལ་ལན་བདུན་བཏབ་ཅིང་ཟོས་ན་ཟླ་བ་གཅིག་གིས་བདག་ཡིད་གཞུངས་ཤིང་དབྱངས་སྙན་པར་འགྱུར་བ་དང༌། གསུམ་གྱིས་ཤེས་རབ་དང་ལྡན་པ་དང༌། དྲུག་གིས་ངག་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །འཕགས་མ་སྒྲོལ་མ་གཞན་འཇོམས་པའི་ལས་ཀྱི་ཡན་ལག བློ་འཕེལ་བ་ཞེས་བྱ་བའི་ཆོ་ག་སྟེ། བཅུ་དྲུག་པའོ།།  །།བཅུ་བདུན་པ་མི་དང་མི་མ་ཡིན་པའི་བར་ཆད་བསྲུང་བ་ལ་གསུམ། བསྙེན་པ་དང་ཉེ་བསྙེན་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི་སྤྱིའི་སྒྲུབ་ཐབས་བཞིན་ནོ། །གཉིས་པ་གནས་དབེན་པར་བླ་མ་དང༌། སྒྲོལ་མའི་མཎྜལ་དང༌། དཀོན་མཆོག་སྤྱིའི་མཎྜལ་ཏེ་གཉིས་བཤམ། ཚོམ་བུ་ཅི་རིགས་པ་དགྲམ། མཆོད་པ་ཚར་གཉིས་བཤམ། རྗེ་བཙུན་མའི་རྟེན་བཀྲམ་པའི་སྤྱན་སྔར་སྟན་བདེ་བ་ལ་འདུག་ལ་སེམས་ཅན་ཐམས་ཅད་ཀྱི་བར་ཆད་བསལ་བའི་དོན་དུ་སེམས་བསྐྱེད། གཏོར་མ་གཉིས་བཤམས་ལ། གཅིག་བར་ཆད་སྲུང་བའི་དོན་དུ་བསྔོས་ལ་བཏང༌། བདག་གི་སྙིང་གའི་ཏཱཾ་ལས་འོད་འཕྲོས་བླ་མ་དང༌། སྒྲོལ་མ་ད་ང༌། དཀོན་མཆོག་སྤྱན་དྲངས་ལ། མཆོད་པ་དང༌། ཡན་ལག་བདུན་པ་བྱ། རྟེན་དེ་རྣམས་བདག་གི་སྤྱི་བོར་ཞུགས་པས་བདག་འོད་དུ་ཞུ་བར་བསམ། ཤཱུ་ནྱ་ཏཱས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཏཱྃ་དཀར་པོ་ལས་འོད་འཕྲོས་པས་འགྲོ་བ་སྦྱངས་ཚུར་འདུས་ཏེ། ཨུཏྤལ་ཏཱྃ་གིས་མཚན་པར་གྱུར་པ་ལས་བདག་སྒྲོལ་མར་བཞུགས་པ་བཞིན་བསམ། སྙིང་གར་ཟླ་བའི་སྟེང་དུ་ཏཱྃ་བསམས་པ་ལས་འོད་འཕྲོས་ཏེ། བླ་མ་དང་སྒྲོལ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། རྗེ་བཙུན་མའི་རྣམ་པར་གྱུར་ཏེ་སྤྱི་གཙུག་ན་མར་ཞུགས་བདག་གི་སྙིང་གར་ཟླ་བའི་སྟེང་དུ་བཞུགས་པར་བསམ། དེའི་སྙིང་གར་ཟླ་བའི་སྟེང་དུ་ཏཱྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ཏེ། སེམས་དཔའ་སུམ་བརྩེགས་སུའོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ནས་མི་བསྐྱོད་པས་དབུར་བརྒྱན་པ་སྟེ། ཡན་ལག་བཞི་རྫོགས་སུ་བྱས་ལ་ཕྱིའི་བསྲུང་བས་ཕྱི་རུ་བསྡུ་བ་དང༌། ནང་གི་བསྲུང་བས་ནང་དུ་བསྡུ་བ་དང་གཉིས་བྱ་སྟེ། ཕྱི་ཡི་ནི་བདག་ཉིད་ཀྱི་སྐྱབས་སྦྱིན་གྱི་ཕྱག་རྒྱ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་དང་གུར་དུ་བསམ། ཡང་འོད་འཕྲོས་པས་ཆོམ་རྐུན་དང༌། གཅན་གཟན་གདུག་པ་ཅན་ལ་སོགས་པ་གནོད་པར་བྱེད་པ་རྣམས་རྡོ་རྗེའི་རྭ་བའི་ནང་དུ་བཀུག་སྟེ། ལྕགས་སྒྲོག་དང་ཤིང་སྒྲོགས་གིས་བཅིངས་པར་བསམ་ཞིང༌། རིམས་དྲག་པོས་ཐེབས་པ་ལྟར་བསམ་མོ། ནང་གི་ཏིང་ངེ་འཛིན་ནི་སེམས་དཔའི་ཏཱྃ་ལས་འོད་འཕྲོས་ནས་གདུག་པ་ཅན་རྣམས་བསྡུས་ཏེ་སྣ་བུག་གཡོན་ནས་སྙིང་གའི་ཏཱྃ་ལ་བསྟིམ། དེ་ལྟ་བུ་གཉིས་པོ་དེ་ཡང་དུས་གཅིག་གམ་རིམ་གྱིས་དམིགས་པ་དང་སྦྱར་བ་བྱ་ཞིང་སྔགས་བཟླས་པ་བྱའོ། །ཐུན་ཐོན་པ་དང་གཏོར་མ་གཅིག་བཏང༌། དེ་ལྟར་ཐུན་བཞིའི་ངེས་པས་འབུམ་ཕྲག་གསུམ་དུ་བཟླས་པས་སྲོག་ཆགས་གསད་པ་དང༌། བཙོན་དུ་བཟུང་བའི་རྨི་ལྟས་འབྱུང་སྟེ། དེ་ནི་རྣལ་འབྱོར་བདག་ཉིད་གནས་པའི་ཡུལ་ཕྱོགས་ཙམ་གྱི་བསྲུང་བའོ། །གཉིས་པ་བདག་ཉིད་འཁོར་དུ་མ་དང་བཅས་པའམ། གཅིག་པུའང་རུང་སྟེ་ལམ་དུ་འགྲོ་བ་ན་སྔོན་དུ་བསྟན་པ་བཞིན་བསྙེན་པ་འབུམ་ཕྲག་གསུམ་བྱས་ནས་མདུན་དུ་མཎྜལ་དང་མཆོད་པ་བཤམས་ལ། བདག་ཉིད་སྐད་ཅིག་མའི་ཡན་ལག་བཞིས་སྒྲོལ་མར་བསྐྱེད། མདུན་དུ་ཡང་སྒྲོལ་མ་སྤྱན་དྲངས་ལ། བསྟོད་པ་རྩ་གཅིག་པས་བསྟོད་མཆོད་པ་བྱས་ལ་བདག་འཁོར་དང་བཅས་པའི་ལམ་གྱི་འཇིགས་པ་ཆོམ་རྐུན་ལ་སོགས་པ་འཇིགས་པ་བཅིང་བ་དང༌། སྲུང་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ནས། སྔགས་བཟླ་ཞིང་འགྲོ་བར་བྱ་སྟེ། དེའི་དུས་སུ་ཡང་རྗེ་བཙུན་མ་བདག་ལ་ཞལ་གཟིགས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་བདག་གི་སྤྱི་བོར་རེག་ཅིང་མ་འཇིགས་ཤིག་གསུང་བར་བསམ། འདི་ཆོམ་རྐུན་བཅིང་བ་གཅིག་པུར་མ་ཟད་དེ། བཙོན་ར་ལས་ཐར་བ་དང༌། གཅན་གཟན་ལ་སོགས་པ་གང་ཡང་བསྲུང་བར་ནུས་སོ། །འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་སྒྲུབ་པའི་ལས་ཀྱི་ཡན་ལག་ཆོམ་རྐུན་བཅིང་བ་སྟེ། བཅུ་བདུན་པའོ།།  །།བཅོ་བརྒྱད་པ་ཀླུ་ལ་སོགས་པའི་གནོད་པ་བསྲུང་བ་ནི་བསྙེན་པ་སྔོན་དུ་སོང་བས་བྱ་བ་ཡིན་ཏེ། དེ་ལ་གསུམ། གནོད་པའི་རྒྱུ་དང༌། རྟགས་དང༌། ཆོ་གའོ། །དང་པོ་ནི་ཀླུ་ལ་སོགས་པ་གནས་པའི་སར། བག་མེད་པ་ལ་སོགས་པའི་དབང་གིས། དུད་འགྲོའི་རིགས་གདུག་པའི་ཡིད་ཅན་དེས། ཡིད་ཀྱིས་བསམས་སམ། མིག་གིས་བལྟས་སམ། རེག་པའི་སྟོབས་ཀྱིས་གནོད་པར་འགྱུར་རོ། །གཉིས་པ་རྟགས་ལ་ལྔ། སྤྱིར་གནོད་པ་དང༌། ཤ་མདངས་བར་དུ་ཞུགས་པ་དང༌། ཤ་ལ་བབས་པ་དང༌། རྩ་རྒྱུས་ལ་ཞུགས་པ་དང༌། རུས་པ་ལ་ཞེན་པའི་རྟགས་སོ། །དང་པོ་ནི། རྨི་ལམ་ན་གྲོག་པོ་གཏིང་རིང་དུ་ལྷུང་བ་དང༌། རི་ཕུག་ལ་སོགས་དོག་པའི་སྒོར་འཛུལ་བ་དང༌། ལྷ་ཁང་དུ་ཕྱིན་པ་དང༌། འདམ་གསེབ་དུ་ཕྱིན་པ་དང༌། རི་གཟར་པོ་ལ་འཛེག་འབབ་པ་དང༌། གཡག་དང་སྡིག་སྦྲུལ་ལ་སོགས་པ་དུད་འགྲོས་གཙེས་པ་དང༌། མཚོ་དང་ལྟེང་ཀ་ལ་སོགས་པ་རྨི་བ་དང༌། དངོས་སུ་གླུ་ལེན་པ་ལ་དགའ་བ་དང༌། ནུབ་མོ་ན་བ་དང༌། ཡན་ལག་འཕོ་ཞིང་ན་བ་དང༌། ལུས་པོ་ལྕི་བ་དང༌། ཤུ་བ་དང༌། གཡན་པ་དང༌། བས་ལྡགས་དང༌། འབྲུམ་བུ་ལ་སོགས་པ་འབྱུང་བའོ། །གཉིས་པའི་རྟགས་ནི། ཡིད་མི་བདེ། ཟ་ཕྲུག་འབྱུང༌། ཤ་མདོག་ཉམས། མེ་རིས་འབྱུང༌། རེག་འགའ་ཆུ་གྲང་མོ་བླུགས་པ་བཞིན་གྲང༌། བས་ལྡགས་དང༌། ཤ་བཀྲ་འབྱུང་བའོ། །གསུམ་པའི་རྟགས་ནི། ཤ་འཕྲིག སྦྲིད། བེམ་པོར་འདུག ཤ་རོ་འབྱུང༌། མིག་ཚ་ཞིང་མཆི་མ་འཛག་ལ་ཟུམ། སྨིན་མ་ལ་སོགས་འབྱི། ཡན་ལག་གི་ཤ་རྣམས་ཆུང་བར་འགྱུར་རོ། །བཞི་བའི་རྟགས་ནི། དྲི་མི་ཞིམ། རྨ་གསར་པ་འབྱུང༌། ཆུ་བུར་འབྱུང༌། རྣག་དང་ཆུ་སེར་འབྱུང་བ་དང༌། རོ་སྟོད་གཟེར་བའོ། །ལྔ་པའི་རྟགས་ནི། ཕྱི་ཤ་སྐམ། མདོག་འགྱུར། ཟུག་ཆེ། གོས་ལ་དྲི་མ་མི་འཆགས། མདངས་སྐྱ་སོབ་པར་འགྱུར་བའོ། །གསུམ་པ་གསོ་བའི་ཆོ་ག་ལ་ལྔ་ལས། དང་པོ་གསོ་བའི་ཆོ་ག་ནི། ལྷའི་ང་རྒྱལ་དང་ལྡན་པས་རྫས་བསགས་ཏེ། གུ་གུལ། གླ་རྩི། ཤུ་དག རུ་རྟ། བཙན་དུག ཤིང་ཀུན། བལ་བུ་དཀར་པོའི་ལོ་མ་སྟེ་བདུན་ཞིབ་པར་བྱས་ལ་རི་ལུ་སྲན་མའི་ཚད་ཙམ་བྱས་ནས་ཟ་མ་ཏོག་ལ་སོགས་པའི་ནང་དུ་བཞག་ནས། ཡན་ལག་བཞིས་འདི་ཉིད་ཀྱི་ལྷའི་རྣལ་འབྱོར་དུ་བསྐྱེད་ནས་རྫས་དེ་ལ་དམིགས་ནས་སྔགས་སུམ་འབུམ་བཟླས་ཤིང་སྐབས་སུ་མཆིལ་མ་ཡང་གདབ། སྒྲུབ་པ་ཐོན་པ་དང༌། ལྟོ་སྟོང་ལ་རི་ལུ་རེ་བཟའོ། །ཡང་གླ་རྩི་དང༌། དྲི་ཆུ་གཉིས་རང་གི་ལག་མཐིལ་དུ་སྲིན་ལག་གིས་མཉེས་ལ། སྤྱི་བོ་དང༌། དཔྲལ་བ། སྙིང་ག ལྟེ་བ། རྐང་པ་རྣམས་སུ་སྲིན་ལག་གིས་དགོངས་མོ་བཞིན་རྟག་ཏུ་བསྐུ་བར་བྱའོ། །དེ་ལྟ་བུའི་སྦྱོར་བ་ནི་གནོད་པའི་རྟགས་འབྱུང་བ་མེད་པར་མ་གྱུར་པ་དེ་སྲིད་དུ་བྱའོ། །འདིས་ནི་མི་ལ་རི་དྭགས་འཇིགས་པ་ལྟར། གནོད་པ་བྱེད་པ་རྣམས་འབྲོས་པར་འགྱུར་རོ། །སྦྱོར་བ་འོག་མ་རྣམས་ལ་ཡང་བདག་ཉིད་ལྷར་བསྐྱེད་པ་དང༌། ཟ་མ་ཏོག་ཏུ་རྫས་བཞག་སྟེ་སྒྲུབ་པ་དང༌། ལས་སྦྱོར་གྱི་དུས་སུ་གནོད་པའི་རྟགས་རྣམས་མེད་པར་གྱུར་གྱི་བར་དེ་སྲིད་དུ་བསྐུ་བར་བྱ་བ་ནི་ཐམས་ཅད་དུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ཤ་མདངས་ན་ཡོད་པ་བཟློག་པ་ནི། ལྷའི་རྣལ་འབྱོར་དང་ལྡན་པས་སྔར་གྱི་རྫས་ཀྱི་སྟེང་དུ། ཤུ་དག གླ་རྩི། གུ་གུལ། མུ་ཟི། རོ་རས། ཁྱི་ལུད། མི་ཤི་བའི་ལྟོ་བ་ནས་བཏོན་པའི་དྲི་ཆེན། གང་ཟག་བཟང་པོའི་དྲི་ཆེན། སྒོག་སྐྱ། བཙན་དུག ཐ་མལ་པའི་དྲི་ཆེན་གྱི་མར་ཁུ། རུས་པའི་ཕྱེ་མ། ཚིལ་ཆེན་ལ་སོགས་ཏེ། རྫས་བཅུ་གསུམ་པོ་ལ་སྔགས་འབུམ་ཕྲག་དྲུག་བཟླས་ཏེ། དབང་པོའི་སྒོར་བདུག་གོ།  །།ཆོ་ག་ལྷག་མ་རྣམས་ནི་སྔ་མ་བཞིན་ཏེ། དེ་ལྟར་བྱས་ན་ཉི་མའི་འོད་ཀྱིས་མུན་པའི་ཚོགས་བཅོམ་པ་བཞིན་དུ་ཤ་མདངས་ཀྱི་ནད་ཞི་བར་འགྱུར་རོ། །གསུམ་པ་ཤ་ལ་བབས་པ་བཅོས་པ་ནི་རྫས་གོང་མ་རྣམས་ཀྱི་སྟེང་དུ་གླ་རྩི་དང་དྲི་ཆུ་ལ་འབུམ་ཕྲག་དགུ་བཟླས་ནས་རླུང་རྒྱུ་བ་དང་བསྟུན་ཏེ་ན་བུག་གཡོན་ནས་བཏུང་བར་བྱའོ། །ཆོ་ག་ལྷག་མ་རྣམས་ནི་སྔ་མ་བཞིན་ཏེ། དེ་ལྟར་ན་འབར་བའི་མེས་ནགས་ཚལ་བསྲེགས་པ་བཞིན་ཏེ། ནད་ལས་གྲོལ་བར་འགྱུར་རོ། །བཞི་པ་ནི་རྫས་གོང་མ་རྣམས་ཀྱི་སྟེང་དུ་གླ་རྩི་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་རྣམས་ལ་བསྒྲུབ་པ་སྔ་མ་བཞིན་བྱས་ནས་རྫས་རྣམས་ལ་སྔགས་བྱེ་བ་ཕྲག་གཅིག་བཟླས་ལ། ལུས་ལ་བསྐུ་ཞིང་ཁོང་དུ་བཏང་ན། ཉི་མས་གངས་བཞུ་བ་བཞིན་ནད་འཇོམས་པར་འགྱུར་རོ།།  །།ལྔ་པ་ནི་སྔར་གྱི་རྫས་ཀྱི་སྟེང་དུ། ཨ་རུ་ར། དྲི་ཆུ། གླ་རྩི་རྣམས་སྦྱར་ནས། བསྒྲུབ་པ་སྔ་མ་བཞིན་དུ་བྱས་ཏེ་སྔགས་བྱེ་བ་ཕྲག་གཉིས་བཟླས་ཏེ་ཁོང་དུ་བཏང་བ་དང༌། བདུག་པ་དང༌། བྱུག་པ་བྱས་ན། རྡོ་རྗེ་ཕ་ལམ་གྱི་རིན་པོ་ཆེ་ཕུག་པ་བཞིན་དུ་རུས་པའི་ནད་རྣམས་ཞི་བར་འགྱུར་རོ། །གོང་མའི་རྫས་ཀྱི་སྟེང་དུ་རྫས་ཕྱི་མ་ལྡབས་པ་རྣམས་ནི་སྔར་གྱི་སྟེང་དུ་ཆེ་བར་གཏང་བའི་དོན་ཏོ། །འདི་ནི་འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེ་སྟེ། རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཀླུ་ནད་གསོ་བ་སྟེ་བཅོ་བརྒྱད་པའོ།།  །།བཅུ་དགུ་པ་བཙོན་ར་ལས་ཐར་པ་ལ་བཞི། དགོས་པ་དང༌། རྟེན་བཤམ་པ་དང༌། ཉེ་བསྙེན་དང༌། ལས་སྦྱོར་རོ། །དང་པོ་ནི་མིའི་བདག་པོ་ལ་སོགས་པས་རབ་ཏུ་བསྡམས་པ་ལས་ཐར་བར་བྱ་བའི་ཕྱིར་རོ། །གཉིས་པ་ནི་དཀྱིལ་འཁོར་ཁྲུ་གང་པ་བ་ལང་གི་ལྕི་བས་བྱུགས་པའི་དབུས་སུ་ཨུཏྤ་ལ་ཛས་མཚན་པ་བྲི། དེར་མེ་ཏོག་ཚོམ་བུ་དགོད། མེ་ཏོག་ཚོམ་བུ་ལྔ་ཕྱི་རོལ་དུ་དགོད་པའོ། །ཉེ་བསྙེན་ནི་ཡན་ལག་བཞིས་བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། མདུན་དུ་མཎྜལ་གྱི་སྟེང་དུ་ཡན་ལག་བཞིས་བདག་ལྟ་བུའི་རྗེ་བཙུན་མ་བསྐྱེད་ལ། ཕྱག་འཚལ། མཆོད་པས་མཆོད། བསྟོད་པ་རྩ་གཅིག་པ་དང་ཡན་ལག་བདུན་པ་བྱས་ནས། བཙོན་ར་ལས་ཐར་བར་མཛོད་ཅེས་གསོལ་བ་གདབ། དེ་ནས་རང་སྒྲོལ་མ་དཀར་མོར་བསམས་པའི་ཛ་ལས་འོད་འཕྲོས། བསྒྲུབ་བྱ་ཐམས་ཅད་ཁྲི་མོན་ལ་སོགས་པ་ལས་ཐར་བར་བསམ་ཞིང༌། ཐུན་བཞིའི་ངེས་པས་ཁྲི་ཕྲག་ཡན་ཆད་བཟླས། ཐུན་མཚམས་སུ་མཎྜལ་གྱི་སྒྲོལ་མའི་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག་པ་བདག་ལ་བསྡུའོ། །སྒྲུབ་པའམ་ལས་སྦྱོར་ནི། རྟེན་བཤམ་པ་ནས་མདུན་དུ་བསྐྱེད་པ་ལ་མཆོད་པ་ཡན་ལག་བདུན་པ་སྔར་བཞིན་བྱས་ནས་སྨྲ་བཅད་བྱས་ལ། སྔགས་བརྒྱ་རྩ་བརྒྱད་རེ་ཐོན་པ་དང༌། མཆོད་པ་དང༌། བསྟོད་པ་དང༌། གསོལ་བ་གདབ་པ་བྱ་བ་མཚན་ཐོག་ཐག་གཅིག་གམ། བཙོན་ར་ལས་ཐར་བའི་མཚན་མ་དངོས་སམ། རྨི་ལམ་དུ་བྱུང་བའི་བར་དེ་སྲིད་དུ་བྱའོ། །འཕགས་མ་སྒྲོལ་མ་སྡུག་བསྔལ་ཐམས་ཅད་བསྲེག་པའི་ལས་ཀྱི་ཡན་ལག་ཁྲི་མོན་ལས་ཐར་པ་སྟེ། བཅུ་དགུ་པའོ།།  །།ཉི་ཤུ་པ་མི་སྣང་བ་བསྒྲུབ་པ་ལ་ནི། སྤྱིའི་བསྙེན་པ་སོང་ནས། ཉེ་བར་བསྙེན་པ་སྟེ། བསྒྲུབ་པ་དང་ལས་སྦྱོར་གཉིས་སོ། །དང་པོ་རྫས་བསག་པ་ནི། མ་ཧེའི་མིག འུག་པའི་མིག གཡག་རྒོད་ཀྱི་ལྕེ། མི་རིགས་བཟང་པོའི་མཁྲིས་པ་བཞི་ཆ་མཉམ་ལ་ཞིབ་ཏུ་སྦྱངས་པ་ལས་རི་ལུ་སྲན་མ་ཙམ་ཁ་ཡར་བྱས་པ་གསེར་ལ་སོགས་པ་རཏྣའི་གའུའི་ནང་དུ་བཅུག་སྟེ། མཎྜལ་ཟླུམ་པོ་ལ་མེ་ཏོག་ཚོམ་བུ་ལྔའམ་གསུམ་བཀོད་པའི་དབུས་སུ་གཞག བདུད་རྩི་འཁྱིལ་པའི་སྔགས་ཀྱིས་རི་ལུ་བསྲུངས་ལ། བདག་ཉིད་ཡན་ལག་བཞིས་འདི་ཉིད་ཀྱི་སྒྲོལ་མར་བསྐྱེད་ལ། ལག་པ་གཡས་པས་རི་ལུ་གའུའི་སྟེང་ནས་མནན་ལ། ཐུན་བཞིའི་ངེས་པས་སྒྲའམ་འོད་ལ་སོགས་པའི་རྟགས་བྱུང་བྱུང་དུ་བསྒྲུབ་པར་བྱའོ། །རྟགས་བྱུང་བ་དང༌། ལས་སྦྱོར་ནི་རི་ལུ་ཁར་བཅུག་སྟེ། ལྕེ་ལྐོག་ཏུ་སྦས་ན་མི་སྣང་བར་འགྱུར་རོ། །སླར་བཏོན་ན་མཐོང་བར་འགྱུར་རོ། །ཡང་ན་མིག་ལ་བྱུགས་ན། བདག་གིས་ལོ་ཀ་གསུམ་མཐོང་ཞིང་གཞན་གྱིས་མི་མཐོང་བར་འགྱུར་རོ། །འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་པའི་ལས་ཀྱི་ཡན་ལག་མི་སྣང་བའི་ཆོ་ག་སྟེ། ཉི་ཤུ་པའོ།།  །།ཉི་ཤུ་རྩ་གཅིག་པ་མཐོང་བའི་ཆོས་ལ་འོག་མིན་ལ་སོགས་པར་ཡིད་ཀྱི་ཤུགས་ཀྱིས་འགྲོ་ཞིང་འཕགས་པ་རྣམས་དང་སྤྱོད་ཡུལ་གཅིག་པའི་ཆོ་ག་ལ་གསུམ། བསྙེན་པ་དང༌། ཉེ་བསྙེན་ཏེ། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། སྤྱིའི་སྒྲུབ་ཐབས་སྔོན་དུ་སོང་བས་སོ། །གཉིས་པ་ནི། རལ་གྲིའི་རྒྱུ་ཡུ་བ་ཟངས་གཞུང་གསེར་དང་ལྕགས་བསྲེས་པ། མཐའ་མ་རྣམས་གསེར་ལས་བྱས་པ། ཞེང་སོར་གཉིས་པ་ལ། ཆུར་སོར་བཅུ་གཅིག་པའི་གཡོན་ན་ཨཱ་ལི་གཡས་པར་ཀཱ་ལི། དབུས་སུ་རྗེ་བཙུན་མའི་རྩ་སྔགས་དང་ཡི་གེ་བཅུ་པ་གཟོང་གིས་བྲི། དེའི་མདུན་དུ་སྣོད་གཙང་མའི་མདུན་དུ་བཞག་པ་ཡན་ལག་བཞིས་བདག་ཉིད་འདི་ཉིད་ཀྱི་སྒྲོལ་མར་བསྐྱེད་ལ། རལ་གྲི་ཡང་ཡན་ལག་བཞིས་བདག་ལྟ་བུའི་སྒྲོལ་མར་བསྐྱེད་ལ། རལ་གྲི་ལག་པ་གཡས་པས་བཟུང་ལ་སྔགས་བཟླས་ན། གྲུབ་པའི་རྟགས་སུ་ཡུ་བ་ལ་དམིགས་ཏེ་བཟླས་ན་སྒྲ་བྱུང་ན་རབ། སོ་ལ་དམིགས་ཏེ་བཟླས་ན་མེ་སྟག་འཕྲོ་སྟེ་འབྲིང༌། མེ་རི་ལ་དམིགས་ཏེ་བཟླས་ན་འོད་འཕྲོ་བ་ཐ་མ་སྟེ། གང་བྱུང་ཡང་འགྲུབ་པས། དེ་ནས་ལས་ལ་སྦྱར་བ་བྱ་སྟེ་ལས་ལ་སྦྱར་བ་ནི། འཇིག་རྟེན་གྱི་རྫས་དང༌། ལོངས་སྤྱོད་དང༌། འབྲེལ་བ་ཐམས་ཅད་ལ་རྩྭ་ལྟ་བུར་ཆགས་པ་མེད་པར་བྱ་བ་ནི་ཤིན་ཏུ་གཅེས་ལ། དེ་ནས་རལ་གྲི་ལག་པ་གཡས་པས་བཟུང་སྟེ། རྩེ་མོ་ཁར་བཅུག་ན་འོག་མིན་ལ་སོགས་པ་གང་བསམས་པའི་གནས་སུ་ཕྱིན་ཅིང་ཞིང་ཁམས་ཐམས་ཅད་སྒྲུབ་པ་པོ་དེའི་དབང་དུ་འགྱུར་རོ། །འཕགས་མ་སྒྲོལ་མ་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱི་ཡན་ལག མཆོག་སྒྲུབ་པ་སྟེ་ཉི་ཤུ་རྩ་གཅིག་པ། རྫོགས་སོ།།  །།དེ་ལྟར་ཕྱག་འཚལ་ཉི་ཤུ་རྩ་གཅིག་ལ་སྒྲུབ་ཐབས་ཉི་ཤུ་རྩ་གཅིག ལས་ཀྱི་ཡན་ལག་ཉི་ཤུ་རྩ་གཅིག་བཤད་པ་ཡིན་ནོ། །སྤྱིའི་སྒྲུབ་ཐབས་མ་གཏོགས་པའི་སྒྲུབ་ཐབས་དང༌། ལས་ཀྱི་ཚོགས་ཉི་ཤུ་རྩ་གཅིག་པའི་གཞུང་ནས་བསྙེན་པ་ཞེས་མིང་དུ་བཏགས་པ་རྣམས་ནི། དོན་ཉེ་བར་བསྙེན་པ་ཉིད་ཡིན་ནོ། །བསྙེན་པ་དངོས་ནི་སྤྱིའི་སྒྲུབ་ཐབས་བཞིན་བསྐྱེད། ཡི་གེ་བཅུ་པའི་གཟུངས་རིང་པོ་ལ་འབུམ་ཕྲག་བཅུ་གཉིས་ལ་སོགས་པ་སོང་ནས། སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པོ་ནས་འབྱུང་བའི་ལས་འགྲུབ་ལ། གཞན་དུ་ན་མི་འགྲུབ་པར་འགྱུར་རོ། །ཡང་འདི་དག་གི་བདག་ཉིད་བདག་ཡན་ལག་བཞི་རྫོགས་སུ་བསྐྱེད་ཀྱང་ཐུན་མཚམས་སུ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི། མི་དགོས་ཏེ། ཅི་བདེར་འཕྲོ་བཅད་པ་ཉིད་ཀྱིས་བཏུབ་བོ། །སོ་སོའི་སྔགས་ནི་སོ་སོའི་གཞུང་ཉིད་ན་གསལ་ལོ། །སྤྱིའི་སྒྲུབ་ཐབས་བཞིན་བསྙེན་པ་ཡོངས་སུ་རྫོགས་ནས་གཞུང་སོ་སོ་ནས་འབྱུང་བའི་སྒྲུབ་པ་དང༌། ལས་ལ་སྦྱར་བ་བྱས་ན། ཇི་ལྟར་བཤད་པའི་དངོས་གྲུབ་རྣམས་འགྲུབ་བ་ལ་ཐེ་ཚོམ་མི་བྱ་སྟེ། ངེས་པར་འགྲུབ་པར་འགྱུར་རོ། །སྤྱིའི་སྒྲུབ་ཐབས་ལ་སོགས་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལ་ཐུན་མོང་དུ་དགོས་པའི་ཡན་ལག་ལྔ་སྟེ། བར་ཆད་ཞི་བར་བྱ་བའི་ཕྱིར་གཏོར་མ། དངོས་གྲུབ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་ཆུ་སྦྱིན། ཐུན་མཚམས་སུ་ཚོགས་བསག་པར་བྱ་བའི་ཕྱིར་སཱཙྪ། དུས་གསུམ་གྱི་སྐྱེ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྨི་ལམ་བརྟག་པ། ཁྱད་པར་དུ་རྗེ་བཙུན་མ་མཉེས་པར་བྱ་བའི་ཕྱིར་བུད་མེད་སྐྱེ་གནས་དམན་པ་ལ་ཕན་གདགས་པ་དང་ལྔ་སྟེ། ཐུན་མཚམས་དང་འབྲེལ་བའི་ཡན་ལག་གོ །དེ་ལ་དང་པོ་ནི། གསེར་ལ་སོགས་པ་སྣོད་གས་ཆག་མེད་པ་མཛེས་པའི་ནང་དུ་འོ་མ། མར། སྲན་ཆན། མེ་ཏོག འབྲས་ཡོས། དྲི་ཞིམ་ཞིང་སྲོག་ཆགས་མེད་པའི་ཆུ། ཁུར་བ་ཤ་བཙོས། ཆང་ལ་སོགས་པ་བླུགས་ཏེ། མ་འབྱོར་ན་ནི་ཟན་དང་ཆུ་གཙང་ལ་སོགས་པ་ཅི་ཙམ་འབྱོར་པ་ལ་བྱའོ། །དེ་ནས་བདག་ཉིད་སྒྲོལ་མའི་ང་རྒྱལ་དང་ལྡན་པས་ཨོཾཿཨཱ་ཧཱུྃ་ཞེས་བརྗོད་པས་སྣོད་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བ། བཅུད་བདུད་བརྩིའི་ངོ་བོས་གང་བར་བསམས་ལ། ཨོཾ་ཨ་ཀཱ་རོའི་སྔགས་ལན་གསུམ་བརྗོད་ཅིང་སེ་གོལ་གསུམ་གཏོགས་པས་ཕྱོགས་སྐྱོང་བཅུས་གཙོ་བྱས་པའི་རིགས་དྲུག་ཐམས་ཅད་ཚིམ་པར་བསམས་ལ། དབེན་པའི་གནས་སུ་གཏང་བར་བྱའོ། །གཏོར་མའི་ཆོ་ག་སྟེ་རྩ་གཉིས་པའོ།།  །།གཉིས་པ་ཆུ་སྦྱིན་ནི། མཚོའམ། ཁྲོན་པའམ། འབབ་ཆུ་གཙང་མའི་འགྲམ་དུ་ཕྱིན་ལ། བདག་རྗེ་བཙུན་མའི་ང་རྒྱལ་དང་ལྡན་པའི་སྙིང་གའི་ཏཱཾ་ལས་འོད་ཟེར་འཕྲོས་ཏེ། ཡི་དྭགས་ཀྱི་ཚོགས་ཐམས་ཅད་བཀུག་ནས་མདུན་དུ་ལྷགས་པ་ལ། མཆོག་སྦྱིན་གྱི་ཕྱག་ལས་བདུད་རྩིའི་རྒྱུན་བྱུང་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་དང༌། ཆུ་དང་སེ་གོལ་རེ་བྱ་བ་ལན་རེ་སྤྱིར་ཉི་ཤུ་རྩ་གཅིག་ལ་སོགས་པ་སྦྱིན་པས་ཚིམ་ནས་སྒྲིབ་པ་དང་བྲལ་ཏེ། སྒྲོལ་མའི་སྐུ་ལྟ་བུར་གྱུར་ནས་བདག་ལ་ཤིས་པར་བརྗོད་ཅིང་རང་གི་གནས་སུ་འགྲོ་བར་བསམ་མོ། །ཆུ་སྦྱིན་གྱི་ཆོ་ག་སྟེ་རྩ་གསུམ་པའོ།།  །།གསུམ་པ་སཱཙྪའི་ཆོ་ག་ནི། དཀར་བའི་ས་བླངས་ལ་དྲི་ཞིམ་པོའི་ཆུས་སྦྲུས་པའི་འཇིམ་པའི་ཕུང་པོའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེར་ཏཱཾ་ལ་རིགས་ལྔའི་སྙིང་པོས་བསྐོར་བར་བསམ་སྟེ། བདག་སྒྲོལ་མའི་ང་རྒྱལ་དང་ལྡན་པས་ལག་པ་གཡས་པས་རེག་སྟེ། ཏཱཾ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཞེས་ལན་ལྔ་ལ་སོགས་པ་བཟླས་པས་སྒྲོལ་མ་དེ་རིགས་ལྔའི་རང་བཞིན་དུ་ཞུ་བ་ལས་བྱུང་བའི་འཇིམ་པར་བསམས་ལ། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་མཆོད་རྟེན་བཏབ་ལ། ཇི་ཙམ་ཐེབས་པ་གྲལ་ལ་ཚར་བར་བཞུགས་པ་དང༌། དེ་རྣམས་མི་དམིགས་ཏེ་སྟོང་པ་ལས་བྷྲཱུཾ་ལས་གཞལ་ཡས་ཁང༌། དེ་རྣམས་རེ་རོའི་ནང་དུ་རྗེ་བཙུན་མ་སྒྲོལ་མ་དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། སྐྱེད་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ལ་རིགས་བདག་གི་རྒྱས་གདབ་སྟེ་མཆོད་པ་རྒྱ་ཆེ་བས་མཆོད་དེ། ཡེ་དྷརྨཱ་ཟློས་ཤིང་མེ་ཏོག་དོར་ནས་མཆོད་རྟེན་ཆེ་བ་ལ་སོགས་པའི་ནང་དུ་སྤྱན་དྲངས་ལ་བཞུགས་སུ་གསོལ་པར་བྱའོ། །མཆོད་རྟེན་ཆེན་པོ་བྱེད་ཀྱང་ཆོ་ག་འདི་ཉིད་ཡིན་ནོ། །སཱཙྪ་གདབ་པའི་ཆོ་ག་སྟེ་རྩ་བཞི་པའོ།།  །།བཞི་པ་དུས་གསུམ་གྱི་སྐྱེ་བ་རྨི་ལམ་དུ་བརྟག་པ་ནི། ཡར་གྱི་ངོ་ལ་གསོ་སྦྱོང་ལ་གནས་པས་རུ་རྟའི་ཐལ་བ་ཟ་མ་ཏོག་ལ་སོགས་པའི་ནང་དུ་བླུགས་ལ། བདག་གི་མདུན་དུ་མཎྜལ་ལ་སོགས་པའི་སྟེང་དུ་བཞག་ལ་ཡན་ལག་བཞི་ཡོངས་སུ་རྫོགས་པའི་ལྷའི་ང་རྒྱལ་དང་ལྡན་པས་ཟ་མ་ཏོག་ལ་ལག་པས་རེག་སྟེ། ཐུན་བཞི་སྦྱོར་བས་ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་སྟོང་ཕྲག་བཅུ་གཉིས་བཟླས་ལ། གློ་དེ་ལ་མཆིལ་མ་ཡང་གདབ་བོ། །དེ་ནས་ཡར་ངོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་དུ་དྲི་ཞིམ་པོའི་ཆུས་ལུས་ཁྲུས་བྱ། རུ་རྟའི་ཐལ་བ་ཆུ་གཙང་མ་དང་སྦྱར་ལ་སྣ་བུག་ན་ཡར་འཐུངས་ཏེ། རྗེ་བཙུན་མ་དུས་གསུམ་གྱི་དངོས་པོ་ཤེས་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ནས། རྗེ་བཙུན་མ་ལ་རྩེ་གཅིག་ཏུ་གུས་པའི་བསམ་པ་དང༌། དུས་གསུམ་གང་དུ་སྐྱེས་པ་དང༌། སྐྱེ་བ་སྐྱེ་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པའི་བསམ་པ་དང་ལྡན་པས་གཞོགས་གཡས་པ་འོག་ཏུ་བཅུག་སྟེ། སེང་གེའི་ཉལ་སྟངས་ཀྱིས་ཉལ་ནས་གཉིད་ལོག་ན་རྨི་ལམ་དུ་ཅི་དང་ཅི་འདོད་པ་སྟོན་པར་འགྱུར་རོ། །དུས་གསུམ་བརྟག་པའི་ཆོ་ག་སྟེ་རྩ་ལྔ་པའོ།།  །།རྩ་དྲུག་པ་རྗེ་བཙུན་མ་མཉེས་པར་བྱ་བའི་ཕྱིར། སྐྱེ་བ་དམན་བ་ལ་ཕན་གདགས་པ་ལ་ལྔ། སྦྲུམ་མ་བདེ་བར་བཙའ་བ་དང༌། མགོ་མཇུག་ལྡོག་པ་ལ་སོགས་མྱུར་དུ་ཐོན་པ་དང༌། བུད་མེད་མོ་གཤམ་བུ་མེད་པ་ལས་བུ་སྐྱེ་བ་དང༌། སྲིའུ་གསོ་བ་དང༌། འབྱུང་པོ་དང་དུད་འགྲོ་ལ་སོགས་པའི་གནོད་པ་བཟློག་པའོ། །དང་པོ་ནི་ཡན་ལག་བཞིས་ལྷའི་ང་རྒྱལ་དང་ལྡན་པས། གི་ཝང་དང༌། ཡུང་བ། གླ་རྩི་གསུམ་རི་ལུ་བྱས་པའི་སྣག་ཚས་གཟུངས་སྔགས་རིང་པོ་བྲིས་ལ་བུམ་པའི་ཁ་རྒྱན་ལ་གདགས་ཏེ། དེ་ཡང་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་བདུད་རྩི་ལྔ་དང༌། འབྲུ་ལྔ་དང༌། རཏྣ་ལྔ་དང༌། སྙིང་པོ་ལྔ་དང༌། སྨན་ལྔ་དང༌། ཆུ་གཙང་མས་དགང༌། ཁ་རྒྱན་དང་མགུལ་ཆིངས་བཅིངས། དེ་ལ་གཟུངས་ཐག་བཏགས་པ་དེའི་སྟེང་དུ་བཞག་ལ་བདག་ལྷའི་ང་རྒྱལ་དང་ལྡན་པས་གཟུངས་ཐག་ནས་བཟུང་སྟེ། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་གཟུངས་སྔགས་ཉེར་གཅིག་བཟླས་པས་བུམ་པ་བྱིན་གྱིས་བརླབས་ལ། ནམ་ཕྱེད་ཡོལ་བའི་དུས་སུ་བུད་མེད་དེ་རྩྭ་ཀུ་ཤའི་སྟེང་དུ་བཞག་ལ། རྗེ་བཙུན་མ་ལ་མཆོད་པ་བྱས་ཏེ། གསོལ་བ་བཏབ་ནས་སྔགས་ཀྱི་ཆུས་ཁྲུས་བྱས་ན། ན་ཚ་མེད་པར་བདེ་བར་བཙའ་བར་འགྱུར་རོ། །གཉིས་པ་ནི་ལྷའི་ང་རྒྱལ་དང་ལྡན་པར་བྱས་ལ། མར་ལག་མཐིལ་དུ་བཞག་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ནས་མགོ་ལུས་ཐམས་ཅད་དང༌། བྷ་ག་ལ་བྱུགས་ན་མགོ་གཞུག་ལོག་པ་ཐམས་ཅད་ལས་གྲོལ་ཏེ་བདེ་བར་བཙའ་བར་འགྱུར་རོ། །གསུམ་པ་ནི་བོ་དེ་ཙེ་མིག་མ་ཕུག་པ་རྡོག་པོ་འགའ་ཞིབ་པར་བཏགས་པ་དང༌། བ་དམར་སེར་གྱི་འོ་མ་བསྲེས་པས་བུམ་པ་བཀང་སྟེ། བུམ་པའི་ཆོ་ག་ལྷག་མ་ནི་སྔ་མ་བཞིན་དུ་བྱས་ལ། ལག་པ་གཡས་པས་བུམ་པ་ཁ་བཀབ་ནས་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། ཟླ་མཚན་བྱུང་བ་ཆད་ནས་ཞག་གསུམ་ལོན་པའི་བར་དུ་བུམ་པའི་ཆུ་བླུད་ན། བུད་མེད་དེ་ལ་བུ་སྐྱེ་བར་འགྱུར་རོ། །བཞི་པ་ནི་བྱིས་པ་སྐྱེས་མ་ཐག་པ་ལ་ཁྲུས་ཀྱི་ཆོ་གའི་ལེའུ་བཞིན་ཁྲུས་བྱ་བ་དང༌། སྲུང་བའི་འཁོར་ལོ་ཆོ་ག་ནས་འབྱུང་བ་བཞིན་སྲུང་འཁོར་གདགས་པ་དང༌། འདི་ཉིད་ཀྱི་གཟུངས་སྔགས་བྲིས་ཏེ་བཏགས་ནས་དཀོན་མཆོག་མཆོད་པ་དང༌། རྗེ་བཙུན་མ་ལ་གསོལ་བ་གདབ་པ་དང༌། འབྱུང་པོ་སྤྱི་ལ་གཏོར་མ་བཏང་ན་སྲིའུ་འཚོ་བར་འགྱུར་རོ། །ལྔ་པ་ནི་ལྷའི་ང་རྒྱལ་དང་ལྡན་པས་ཡུངས་ཀར་ལ་གཟུངས་ལན་ཉི་ཤུ་རྩ་གཅིག་བཟླས་པ་དེས་བྲབས་ན་འཕྲལ་དུ་གདོན་རྣམས་འབྲོས་པ་དང༌། འབུ་སྲིན་དང༌། རི་བོང་ལ་སོགས་པས་ཞིང་ཟོས་པ་ལ་ཡང་ཕན་པར་འགྱུར་ཏེ། སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །བུ་ཆུང་བསྐྱེད་ཅིང་སྲུང་བ་ལ་སོགས་པའི་ཆོ་ག་སྟེ་ཉི་ཤུ་རྩ་དྲུག་པ་རྫོགས་སོ།།  །།མཇུག་གི་དོན་ནི་འདི་ཡིན་ཏེ། བདེ་བར་གཤེགས་པ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་སྒྲོལ་མའི་རྣལ་འབྱོར་ལས་བྱང་ཆུབ་སྒྲུབ་པ་དང༌། ལམ་གྱི་ཡན་ལག་ཞི་བ་ལ་སོགས་པའི་ལས་དུ་མ་སྒྲུབ་པ། བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་མདོར་བསྡུས་པ་འདི་ནི། ཐོག་མར་ཀླུ་སྒྲུབ་ཀྱི་ཐུགས་རྗེའི་པདྨ་ལས། ཉི་མ་སྦས་པ་སྦྲང་མ་དང་འདྲ་བས་སྦྲང་རྩི་གཞིབས་ཏེ། འགྲོ་བ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་གཞུང་དུ་བཀོད་པ་སྟེ། དགེ་བ་དེས་འགྲོ་བ་རྣམས་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །གཞུང་གཞན་སྤྱིའི་སྒྲུབ་ཐབས་དང༌། སྒྲུབ་ཐབས་ཉི་ཤུ་རྩ་གཅིག་དང༌། ལས་ཀྱི་ཡན་ལག་སྟེ་ཉི་ཤུ་རྩ་དྲུག་གི་དམ་ཚིག་གི་དོན་རྣམས་ནི་གཞུང་མངས་པས་འཇིགས་པས་འདིར་མ་བྲིས་ཏེ། གཞུང་ཉིད་དུ་རྟོགས་པར་སླའོ། །འདིར་ནི་མངོན་པར་རྟོགས་པ་ལག་ཏུ་བླང་པའི་རིམ་པ་རྣམས། བླ་མའི་གསུང་ལ་བརྟེན་ནས་བྲིས་པའོ། །བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་པའི་ཐབས་ཀྱི་ཡན་ལག་དང་བཅས་པ་ལས་སྣ་ཚོགས་འབྱུང་བའི་རྒྱུད་དང༌། རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་པ་ལ་བརྟེན་ནས། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པའོ། །ཉི་མ་སྦས་པས་མཛད་པའི་གཞུང་འདི་ཡི། །གསལ་བྱེད་འདི་ནི་བསྐུལ་བ་དག་གི་ངོར། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་ནི། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བྱས། །ཉེས་གང་བླ་མའི་ཚོགས་ལ་བཟོད་པར་གསོལ། །འདི་སྦྱར་བ་ལས་དུབ་པར་གྱུར་པ་ཡི། །དགེ་བ་དྲི་མེད་ཁ་བ་ལྟར་དཀར་དེས། །འགྲོ་ཀུན་ཉོན་མོངས་བསལ་ནས་རང་བྱུང་ཤོག །བསྟོད་པ་ཉི་ཤུ་རྩ་གཅིག་པའི་མངོན་པར་རྟོགས་པ་ཡན་ལག་དང་བཅས་པ་ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པའི་གསལ་བྱེད་ཡོངས་སུ་རྫོགས་སོ།།  །།རྡོ་རྗེ་སྒྲོལ་མ་ཐུགས་ཀྱི་རིགས་སོ། །འདོད་པའི་དོན་ཀུན་ནི་ཐུན་མོང་མ་ཡིན་པའོ། །དེ་ནས་ཡང་དག་བཤད་བྱ་ནི། །གོང་དུ་བརྟག་པ་གཞན་བསྟན་ནས། །འདི་ན་མར་ནི་སྒྲོལ་མའི་རྟོག་པ་བཤད་པའོ། །འདིར་གཞལ་ཡས་ཁང་མི་བསྒོམ་པ་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལས་རྡོ་རྗེ་སྒྲོལ་མ་བསྐྱེད་པའོ། །ནང་དང་ཕྱི་རོལ་གྱི་ཕྱོགས་མཚམས་དང༌། སྟེང་འོག་དང་བཅུ་ལ་ལྷ་མོ་བརྒྱད་བསྐྱེད་པའོ། །ནང་གི་ལྷ་མོ་བཞི་ནི་ཕྱག་མཚན་ཟུང་རེ་བསྒོམ་པའོ། །ཕྱིའི་ལྷ་མོ་བཞི་ནི་གཡས་ན་ཕྱག་མཚན་བསྣམས་ཤིང༌། གཡོན་སྡིགས་མཛུབ་བྱས་པའོ། །འདིར་དཀྱིལ་འཁོར་གྱི་འཁོར་ལོ་དང༌། །ནང་གི་འཕར་མ་ཞེས་བྱ་བ་ནི་ལྷ་སྣམ་ལ་ལྟོས་ནས་ཟེར་བ་ཡིན་གྱི་གཞལ་ཡས་ཁང་ནི་འོང་བ་མ་ཡིན་ནོ། །གཞལ་ཡས་ཁང་བསྒོམ་པའི་ལུགས་སུ་བྱས་ན། སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་སུ། པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་ལ་སོགས་པ་བསམ་པར་བྱའོ། །དེའི་སྐད་ཅིག་གིས་ཆོས་འབྱུང་ལ་སྣ་ཚོགས་རྡོ་རྗེ་དང་པདྨས་མཚོན་པ་ལྟར་ལ། དེའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་པདྨ་དང་བྷྲཱུྃ་བསམས་ལ། དེ་ལས་གཞལ་ཡས་ཁང་བསྐྱེད་པའོ། །དེའི་ནང་དུ་ཏཱྃ་ལས་ཞེས་བྱ་བ་ལ་སོགས་པ་གཞུང་ནས་འབྱུང་བ་བཞིན་དུ་ལྷའི་འཁོར་བསྒོམ་པར་བྱའོ། །ནང་གི་ཤར་ལྷོ་མཚམས་སུ་འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་སྟེ་བཞི་པོ་དགོད་པ་ནི། ནང་གི་འཕར་མའི་མཚམས་བཞི་ལའོ། །ཕྱིའི་ཡང་ཤར་ལྷོ་མཚམས་ནས་བཟུང་ནས་གཡས་སུ་རུང༌། རི་རབ་དང༌། མེ་ཐབ་དང༌། རྒྱལ་མཚན་ཏེ་རས་ཡུག་གཅིག་གོ །དེ་བཞིན་ཕྱིའི་འཕར་མའི་མཚམས་ལའོ། །ཞལ་བཞི་ཡང་གཡས་ནས་བཟུང་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་རིམ་པ་བཞིན་ནོ། །དབུས་ཀྱི་དཀྱིལ་ན་མི་བསྐྱོད་པའོ། །ནང་གི་ལྷ་མོ་བཞི་ལ་ཡང་མེ་ཏོག་མ་ནས་བཟུང་ནས། རྣམ་པར་སྣང་མཛད་ལ་སོགས་པ་བཞིའོ། །ཕྱིའི་ལྷ་མོ་བཞི་ལ་ཡང༌། ཤར་ཕྱོགས་ནས་བཟུང་ནས་དེ་འདྲ་བར་གོ་བར་བྱའོ། །སྙིང་པོ་དཀྱིལ་འཁོར་ནི། ནང་གི་འཁོར་ལོ་ལ་མེ་ཏོག་མ་ལ་སོགས་པ་བཞི་ནི་ཕྱག་གཉིས་ཀྱིས་རང་རང་གི་ཕྱག་མཚན་འཛིན་པའོ། །ཕྱིའི་ལྷ་མོ་རྣམས་ནི་འགྱིང་བག་དང་བཅས་ནས་རང་རང་གི་ཕྱག་མཚན་གཡས་ན་བསྣམས་པའོ། །གཡོན་པ་སྙིང་གར་སྡིགས་མཛུབ་བྱས་པའོ། །དེ་ནས་སྔགས་པས་འཁོར་ལོའམ་ནི་དེ་ལྟ་བུའི་ལྷ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་ངོ་བོ་ལྷ་མོ་བཅུའོ། །སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་ནི། ཐམས་ཅད་ལ་སྐད་ཅིག་གིས་ལྷ་མོ་སྐུ་མདོག་ནག་མོ། གཡས་ན་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་གྲུ་མོར་བཙུགས་པ་རེ་རེ་བསམ་པར་བྱའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཕྱག་མཚན་ནི་གོང་མ་དང་འདྲའོ། །སྐུ་མདོག་ནི་སྤྱི་བོར་དཀར་མོ། མགྲིན་པར་དམར་མོ། སྙིང་གར་ནག་མོ་རྣམས་སྐད་གཅིག་གིས་བསམ་པར་བྱའོ། །བསྡུས་པ་ལ་དགའ་བ་ཡིན་ན། པདྨ་དང་ཟླ་བ་ལ་ཡི་གེ་འབྲུ་གསུམ་བསམས་པས་ཆོག་གོ །ཐིག་ལེ་ནི་སྣ་རྩེར་སྐད་ཅིག་གིས། བྱུང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཚད་ཙམ་གྱི་ནང་དུ་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །ཕྲ་མོ་ནི་སྙོམས་འཇུག་གི་རྣམ་པས་ཕྱོག་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་བཅུག་ནས་པད་མའི་རྩེར་ལྷགས་པར་ལྷུང་བ་ལས། བྱང་ཆུབ་སེམས་ཀྱི་རྡོ་རྗེའི་རྣམ་པ་ཡུངས་འབྲུ་ཙམ་གྱི་ནང་དུ་ལྷའི་འཁོར་ལོ་བསམ་པའོ། །བཟླས་པ་ནི་སྙིང་གའི་ས་བོན་ལ་ཡི་གེ་བཅུ་པ་གཡས་སྐོར་དུ་བསྐོར་ནས་དེ་ལ་བཟླས་པ་བྱའོ། །གོས་ཀྱི་ཐུ་བའི་སྟེང་དུ། ཟླ་བའི་སྟེང་དུ་ཏཱཾ་བསམས་ཏེ། དེའི་འོད་ཀྱིས་རང་ལ་གནོད་པར་དོགས་པའི་དགྲ་དང༌། གཅན་གཟན་ལ་སོགས་པ་བཀུག་ནས་དེར་ཞུགས་པར་བསམས་ལ། དབུགས་བསྡམས་མདུད་པ་གསུམ་བྱའོ། །ཁང་པའི་ནང་གི་སྒོ་སྟེང་ངོ༌། །གཏུམ་པོ་ནི་སྐེ་ཚེའོ། །མི་ཕྱེད་ནི་ད་དུ་རའོ། །སྦྱིན་སྲེག་དཀྱིལ་འཁོར་གྱི་སྟེང་དུ་ཟུར་གསུམ་མམ། ཟླ་གམ་ལྟ་བུ། ལས་ཀྱི་བྱེ་བྲག་ལས་ཁ་དོག་བྱེ་བྲག་སྟེ་འདིར་ཡང་སོས་བྱའོ། །ཤིང་ཡང་ཟུར་གསུམ་དུ་བརྩིགས་ནས། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་སྔགས་བརྗོད་ཅིང༌། རྟེན་རྫས་གཞུང་ནས་འབྱུང་བ། བསྲེགས་པ་ནི་མན་ངག་གོ །ཐབ་ཁུང་རྐོ་བ་ལ་སོགས་པ་དང༌། མེ་ལྷ་སྤྱན་དྲང་བ་ལ་སོགས་པ་གཞན་མི་བྱེད་དོ། །གཞུང་ནས་འབྱུང་བ་བཞིན་དུ། ཐང་སྐུ་བྱས་ལ་མེ་ལོང་ལ་བའི་རྣམ་པ་ལྔ་ལ་སོགས་པ་དང་དྲི་ཞིམ་པོས་ཁྲུས་བྱས་ལ། ཐང་སྐུ་དེ་སྐད་ཅིག་གིས་སྟོང་པར་བསམས་ལ། སྟོང་པའི་ངང་ལས་པདྨ་དང༌། ཟླ་བ་ལས་ཏཱྃ་བསམས་ལ། དེའི་འོད་ཟེར་གྱིས་སྒྲོལ་མ་དཔག་ཏུ་མེད་པ་བཀུག་ནས་དེར་བཞུགས་པས། ཐང་སྐུའི་རྣམ་པ་དེ་ཉིད་ལྷ་མོར་གྱུར་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་ནས་གཞུག་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་དང༌། རིགས་ཀྱི་བདག་པོས་དབུར་བརྒྱན་པར་བྱས་ནས། མཆོད་པ་རྒྱ་ཆེན་པོ་ལ་སོགས་པས་མཆོད་པ་དང༌། ན་བཟའ་ལ་སོགས་པ་དབུལ་བར་བྱའོ། །དེ་ནི་རབ་ཏུ་གནས་ཀྱི་མན་ངག་གོ །ལག་པའི་སྲིན་ལག་ལ་མཆིལ་མ་དུམ་པ་ཅིག་བསྐུས། མཉེས་པ་ལ་སྔགས་ལན་གསུམ་བརྗོད་ནས། རང་གི་མིག་ལ་བསྐུས་པའམ། ཡང་ན་ལག་པའི་སོར་མོ་རྣམས་སྦྲེལ་ལ། གཟུངས་ལན་རེ་རེ་གདོན་ཞིང༌། གོང་མ་བཞིན་དུ་རང་གི་མིག་ལ་བསྐུ་བར་བྱ་བ་ནི་མན་ངག་གོ །སྦྲུལ་མགོ་གཉིས་པ་ནི། མགོ་མཇུག་གཉིས་ཀ་ལ་མགོ་ཡོད་པའོ། །དེ་བླངས་ལ་རྫ་ཁ་སྦྱར་གྱི་ནང་དུ། དུད་པ་མི་འཆོར་བར་ལྕི་བས་བསྲེག་པར་བྱའོ། །རྡོ་རྗེ་ཉི་མ་ནི་རང་བྱུང་གི་མེ་ཏོག་གོ །རྡོ་རྗེ་ཆོས་ནི་རང་བྱུང་གི་བྱང་ཆུབ་སེམས་སོ། །རྟ་མཆོག་ནི་ཤ་ཆེན་ནོ། །པདྨ་གར་དབང་འཛག་ནི་རང་བྱུང་གི་བྱང་སེམས་འཛག་པའོ། །ལྕེ་ནི་ལྐོག་མ་ནས་འདོན་པ་མན་ངག་གོ །སྤྱན་རས་གཟིགས་དབང་ཕྱུག་ནི། དེའི་སྙོམས་འཇུག་བྱས་པའི་ས་བོན་ནོ། །སྦྱིན་སྲེག་ནི་གོང་མ་དང་མཐུན་ནོ། །ཕྱི་མ་ཐམས་ཅད་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྡོ་རྗེ་སྒྲོལ་མའི་མན་ངག་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*