ཉི་མ་སྦས་པས་མཛད་པའི་རྒྱུ་གཞུང་གི་ལས་ཚོགས་ཀྱི་སྡུས་དོན།

༼ཉ༽

༄༅། །ཉི་མ་སྦས་པས་མཛད་བའི་རྒྱ་གཞུང་གི་ལས་ཚོགས་ཀྱི་བསྡུས་དོན་བཞུགས།།

༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཉི་ཤུ་རྩ་གཅིག་ཡན་ལག་དང་བཅས་པ་འདི་ལ་གསུམ། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་གཞུང་བདེ་བར་གཤེགས་པའི་བཀའ་དང༌། དེའི་རྗེས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྤྱིའི་སྒྲུབ་ཐབས་དང༌། དེའི་རྗེས་སུ་སློབ་དཔོན་ཉི་མ་སྦས་པས་མཛད་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པའོ། །གོང་མ་གཉིས་ནི་རྟོགས་པར་སླའོ། །ཉི་མ་སྦས་པས་མཛད་པ་འདི་ལ་གཉིས། སྒྲུབ་པའི་ཐབས་དང༌། དེ་དག་གི་ལས་ཀྱི་ཡན་ལག་གོ །སྒྲུབ་པའི་ཐབས་ལ་ཉི་ཤུ་རྩ་གཅིག་སྟེ། དང་པོ་མྱུར་ཞིང་རབ་ཏུ་དཔའ་བ་དང༌། གཉིས་པ་སྟོན་ཀའི་ཟླ་བ་ལྟར་དཀར་བ་དང༌། གསུམ་པ་གསེར་གྱི་མདོག་ཅན་དང༌། བཞི་པ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་དང༌། ལྔ་པ་ཧཱུྃ་གི་སྒྲ་རབ་ཏུ་སྒྲོགས་མ་དང༌། དྲུག་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་དང༌། བདུན་པ་གཞན་འཇོམས་མ་དང༌། བརྒྱད་པ་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་བ་དང༌། དགུ་པ་མཆོག་སྩོལ་བ་དང༌། བཅུ་པ་མྱ་ངན་སེལ་བར་བྱེད་པ་དང༌། བཅུ་གཅིག་པ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བ་དང༌། བཅུ་གཉིས་པ་བཀྲ་ཤིས་ཐམས་ཅད་སྦྱིན་པ་དང༌། བཅུ་གསུམ་པ་ཡོངས་སུ་སྨིན་པ་དང༌། བཅུ་བཞི་པ་འགུགས་པའི་ཁྲོ་མོ་དང༌། བཅོ་ལྔ་པ་ཞི་བ་ཆེན་མོ་དང༌། བཅུ་དྲུག་པ་ཐམས་ཅད་འཇོམས་པ་དང༌། བཅུ་བདུན་པ་བདེ་བ་ཐམས་ཅད་སྒྲུབ་པ་དང༌། བཅོ་བརྒྱད་པ་རྣམ་པར་རྒྱལ་མ་དང༌། བཅུ་དགུ་པ་སྡུག་བསྔལ་ཐམས་ཅད་བསྲེག་པ་དང༌། ཉི་ཤུ་པ་དངོས་གྲུབ་ཐམས་ཅད་འབྱུང་བ་དང༌། རྩ་གཅིག་པ་ཡོངས་སུ་རྫོགས་པར་བྱེད་པའི་སྒྲུབ་ཐབས་སོ། །སྤྱི་དོན་གཉིས་པ་ལས་ཀྱི་ཡན་ལག་ལ་གསུམ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །གཞུང་ལ་གཉིས། སོ་སོའི་ལས་ཀྱི་ཡན་ལག་དང༌། སྤྱིའི་དོན་ནོ། །སོ་སོའི་ཡན་ལག་ལ་ཉི་ཤུ་རྩ་གཅིག་ཡོད་པ་ལས། དང་པོ་ནས་རིམ་གྱིས་བརྗོད་པར་བྱའོ། །དེ་ལ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བའི་ལས་ཀྱི་ཡན་ལག་ཕྱིར་བཟློག་པའི་ཆོ་ག་ལ་ལྔ། བྱ་བའི་དུས་དང༌། གང་ཟག་དང༌། དགོས་པ་དང༌། ཆོ་ག་དང༌། བཟླས་པའོ། །ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །སྦྱོར་བ་ལ་དྲུག སྟེགས་བུ་དང༌། བྲུབ་ཁུང་བྱ་བ་དང༌། ལིངྒ་བྱ་བ་དང༌། གཟུངས་ཐག་གདགས་པ་དང༌། སྦུ་གུ་བྱ་བ་དང༌། དེ་དག་གི་བར་གྱི་དམིགས་པ་དང༌། མཆོད་རྟེན་ལེགས་པར་མནན་པའོ། །དངོས་གཞི་ལ་གསུམ། འཇུག་པའི་སྔོན་རོལ་དུ་གཏོར་མ་གཏང་བ་དང༌། ལྷའི་རྣལ་འབྱོར་བསྒོམ་པ་དང༌། དམིགས་པ་དང་ལྡན་པར་སྔགས་ཀྱི་ཐུན་བྱ་བའོ། །འཇུག་པའི་ཆོ་ག་ལ་གཉིས། སྦྱིན་སྲེག་དང་མནན་པའོ། །བཟླས་པ་ལ་གཉིས། བུམ་པ་ལ་བྲི་བའི་སྔགས་དང༌། རྒྱུན་དུ་བཟླས་པའི་སྔགས་སོ། །ལས་ཀྱི་ཡན་ལག་དང་པོའི་བསྡུས་དོན་ནོ། །གཉིས་པ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ལས་ཀྱི་ཡན་ལག་ཡམས་ནད་ཞི་བ་ལ་བཞི། དགོས་པ་དང༌། དུས་དང༌། ཆོ་ག་དང༌། ཕན་ཡོན་གསང་སྔགས་དང་བཅས་པའོ། །ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཏུ་བྱ་བའོ། །སྦྱོར་བ་ལ་བཞི། སྟེགས་བུ་བརྩིག་པ་དང༌། དཀྱིལ་འཁོར་བྲི་བ་དང༌། རྒྱན་དགྲམ་པ་དང༌། གདན་བཤམ་པའོ། །དངོས་གཞི་ལ་གཉིས། བསྙེན་པ་དང་སྒྲུབ་པའོ། །དང་པོ་ལ་བཞི། བདག་ཉིད་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་བསྐྱེད་ཅིང་མཆོད་པ་དང༌། ཆོས་སྐྱོང་ལ་གཏོར་མ་སྦྱིན་པ་དང༌། གསོ་སྦྱོང་དང་ལྡན་པས་གསང་སྔགས་བརྒྱ་ཕྲག་རེ་སོང་བ་དང་མཆོད་པ་དང༌། གསོལ་བ་གདབ་པའོ། །མཇུག་ཏུ་བྱ་བའི་ཆོ་ག་ལ་གཉིས། ཡམས་བདག་མོ་བསྐང་བ་དང༌། དཀྱིལ་འཁོར་ཀྱི་རྫས་རྣམས་གཞུག་པའི་མཆོད་རྟེན་བརྩིག་པའོ། །ལས་ཀྱི་ཡན་ལག་གཉིས་པའོ། །གསུམ་པ་གསེར་གྱི་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེ་འཕེལ་བ་ལ་བཞི། དགོས་པ་དང༌། གནས་དང༌། ཆོ་ག་དང༌། ཕན་ཡོན་འབྱུང་བར་བསྟན་པའོ། །ཆོ་ག་ལ་བཞི། སྔོན་དུ་འགྲོ་བའི་བྱ་བ་དང༌། ལྷའི་རྣལ་འབྱོར་སྔགས་དང་བཅས་ཏེ་བསྟན་པ་དང༌། ལྷའི་རྣལ་འབྱོར་གྱི་མཇུག་ཏུ་བྱ་བ་དང༌། རླུང་གི་རྣལ་འབྱོར་བསྟན་པའོ། །ལས་ཀྱི་ཡན་ལག་གསུམ་པའོ། །བཞི་པ་གཙུག་ཏོར་རྣམ་རྒྱལ་གྱི་ལས་ཀྱི་ཡན་ལག་དུག་བསད་པ་ལ་གསུམ། དགོས་པ་དང་ཆོ་ག་དང༌། ཕན་ཡོན་སྔགས་དང་བཅས་པའོ། །ཆོ་ག་ལ་གསུམ། བསྙེན་པ་སྔོན་དུ་སོང་བས་སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །ལས་ཀྱི་ཡན་ལག་བཞི་པའོ། །ལྔ་པ་ཧཱུྃ་གི་སྒྲ་རབ་ཏུ་སྒྲོགས་པའི་ལས་ཀྱི་ཡན་ལག་དབང་དུ་བྱ་བ་ལ་གཉིས། དགོས་པ་དང༌། ཆོ་གའོ། །དེ་ལ་གསུམ། ཉེ་བར་བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ལ་བཞི། འཁོར་ལོ་དང༌། ལིངྒ་བཅའ་བ་དང༌། མེ་ལ་གདུང་བ་དང༌། ཁབ་ཀྱིས་བྲུད་པ་སྟེ་རྫས་ཀྱི་རྟེན་འབྲེལ་དང༌། ཏིང་ངེ་འཛིན་དང་ཚེའི་ཆུ་སྦྱིན་པའོ། །སྒྲུབ་པ་ལ་གསུམ། རྫས་ཀྱི་སྒྲུབ་པ་དང༌། ཏིང་ངེ་འཛིན་གྱི་སྒྲུབ་པ་དང༌། སྔགས་ཀྱི་སྒྲུབ་པའོ། །ལས་ལ་སྦྱར་བ་ལ་དྲུག མེ་ཏོག་སྦྱིན་པ་དང༌། བཟའ་བཏུང་སྦྱིན་པ་དང༌། སྦྱིན་སྲེག་བྱ་བ་དང༌། ཡུངས་ཀར་བསྣུན་པ་དང༌། གསོལ་བ་གདབ་པ་དང༌། མིག་སྨན་གྱི་སྒྲུབ་པ་གཉིས་ཀྱིས་ལས་ལ་སྦྱར་བའོ། །ལས་ཀྱི་ཡན་ལག་ལྔ་པའོ། །དྲུག་པ་འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི་ལས་ཀྱི་ཡན་ལག་སྒྲིབ་པ་སྦྱོང་བ་ལ་དྲུག དགོས་པ་དང༌། དུས་དང༌། སྤང་བྱ་དང༌། གནས་དང༌། ཆོ་ག་དང༌། གསང་སྔགས་བསྟན་པའོ། །ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་གསུམ། དཀྱིལ་འཁོར་བྲི་བ་དང༌། མཆོད་པ་བཤམ་པ་དང༌། གཏོར་མ་བཤམ་པའོ། །དངོས་གཞི་ལ་གསུམ། དཀྱིལ་འཁོར་བསྐྱེད་ལ་མཆོད་པ་དང༌། གསོལ་བ་གདབ་པ་དང༌། ལྷའི་རྣལ་འབྱོར་དང་ལྡན་པས་བཟླས་བརྗོད་བྱ་བའོ། །མཇུག་ལ་བཞི། སྡིག་པ་བཤགས་པ་དང༌། བསྲེག་པ་དང༌། བཀྲུ་བ་དང༌། སྡིག་པ་དག་པའི་ལྟས་ཕན་ཡོན་དང་བཅས་པའོ། །ལས་ཀྱི་ཡན་ལག་དྲུག་པའོ། །བདུན་པ་གཞན་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་འཕོ་བ་ལ་བཞི། འཆི་ལྟས་དང༌། འཆི་བསླུ་དང་འཕོ་བའི་ཆོ་ག་དང༌། དེའི་ཕན་ཡོན་ནོ། །ཆོ་ག་ལ་གཉིས། སྦྱང་བ་དང༌། ལས་ལ་སྦྱར་བའོ། །ལས་ཀྱི་ཡན་ལག་བདུན་པའོ། །བརྒྱད་པ་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རྫོགས་རིམ་བསྒོམ་པ་ལ་གཉིས། ཕན་ཡོན་སྔོན་དུ་འགྲོ་བས་བསྐྱེད་པའི་རིམ་པ་སྦྱང་བ་དང༌། རྫོགས་རིམ་དངོས་སོ། །དེ་ལ་བཞི། ལས་ཀྱི་ཕྱག་རྒྱ་དང༌། དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོའོ། །དང་པོ་ལ་ལྔ། ཕྱག་རྒྱའི་མཚན་ཉིད་དང༌། དེ་སྦྱང་བ་དང༌། བདག་དང་ཕྱག་རྒྱ་བྱིན་གྱིས་བརླབ་པ་དང༌། དགའ་བ་བཞིའི་ཉམས་སུ་མྱོང་བ་བསྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་དབབ་བཟློག་གི་ཐབས་བསྟན་པའོ། །ལས་ཀྱི་ཡན་ལག་བརྒྱད་པའོ། །དགུ་པ་མཆོག་གསོལ་བའི་ལས་ཀྱི་ཡན་ལག་རབ་གནས་ལ་གཉིས། དོན་དམ་པའི་རང་བཞིན་དང༌། ཀུན་རྫོབ་ཏུ་རབ་ཏུ་གནས་པའོ། །དེ་ལ་བཞི། རབ་གནས་བྱས་པའི་ཕན་ཡོན་དང༌། མ་བྱས་པའི་ཉེས་པ་དང༌། ཆོ་ག་དང༌། ཕན་ཡོན་རྒྱས་པར་བསྟན་པའོ། །ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་བཞི། རྟེན་གྱི་མཚན་ཉིད་དང༌། སྟེགས་བུ་བརྩིག་པ་དང༌། དུས་ལ་སོགས་པ་བཀྲ་ཤིས་པ་བཙལ་བ་དང༌། མཆོད་པའི་ཡོ་བྱད་བཤམ་པའོ། །དངོས་གཞི་ལ་བདུན། བདག་གི་རྣལ་འབྱོར་དང༌། བུམ་པ་ལ་བཟླས་པ་བྱ་བ་དང༌། རྟེན་སྦྱང་བ་དང༌། ཡན་ལག་བཞི་རྫོགས་ཀྱིས་བསྐྱེད་པ་དང༌། མཆོད་དེ་སྤྱན་དབྱེ་བ་དང༌། དེ་དག་གི་གསང་སྔགས་བསྟན་པ་དང༌། མངའ་དབུལ་བའོ། །མཇུག་ལ་གསུམ། གཏོར་མ་བྱིན་ཏེ་ཆོས་སྐྱོང་བསྒོ་བ་དང༌། སྦྱིན་སྲེག་བྱ་བ་དང༌། ཡོན་དབུལ་བའོ། །ལས་ཀྱི་ཡན་ལག་དགུ་པའོ། །བཅུ་པ་མྱ་ངན་སེལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དབང་བསྐུར་བའི་ཆོ་ག་ལ་གཉིས། དབང་གི་དགོས་པ་དང༌། ཆོ་གའི་བྱ་བའོ། །དེ་ལ་གསུམ། མཚན་ཉིད་བརྟག་ཅིང་གསོལ་བ་གདབ་པ་དང༌། སྔོན་དུ་བསྙེན་པའི་ཆོ་ག་དང༌། དཀྱིལ་འཁོར་དང་འབྲེལ་པའི་བྱ་བའོ། །བསྙེན་པ་ལ་གསུམ། སློབ་མ་བསྲུང་བ་དང༌། གནས་བླང་བ་དང༌། བསྙེན་པ་དངོས་སོ། །དཀྱིལ་འཁོར་དང་འབྲེལ་པ་ལ་གསུམ། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། དཀྱིལ་འཁོར་ཞག་གི་ཆོ་གའོ། །དང་པོ་ལ་མངོན་རྟོགས་ལས་བསྟན་ཀྱང་ས་སྦྱང་བའི་ཆོ་ག་དང༌། གཟུང་བའི་ཆོ་ག་གཉིས་སུ་བསྡུ་ན། སྟ་གོན་ལ་གསུམ། ལྷ་ལྷག་པར་གནས་པ་དང༌། བུམ་པ་ལྷག་པར་གནས་པ་དང༌། སློབ་མ་ལྷག་པར་གནས་པའོ། །དང་པོ་ལ་བཞི། དྲིའི་ཐིག་ལེ་དང༌། ཚོམ་བུ་བྱ་བ་དང༌། ལྷ་རྣམས་བསྐྱེད་ཅིང་སྔགས་ཀྱི་བྱིན་གྱིས་བརླབ་པ་དང༌། མཆོད་ཅིང་བསྟོད་དེ་སྙན་གསན་དབབ་གསོལ་བ་གདབ་པའོ། །བུམ་པ་ལ་གསུམ། ཚུལ་བཞིན་དུ་བཤམ་པ་དང༌། བྱིན་གྱིས་བརླབ་པ་དང༌། བཟླས་པས་མཉེས་པར་བྱ་བའོ། །སློབ་མ་ལྷག་པར་གནས་པ་ལ་བཅུ་སྟེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ཐ་མལ་པའི་རྒྱུད་སྦྱང་བ་དང༌། དབང་གི་དོན་དུ་གསོལ་བ་གདབ་པ་དང༌། རྡོ་རྗེ་ཐེག་པའི་ལམ་ལ་སྤྲོ་བ་ཁྱད་པར་ཅན་བསྐྱེད་པ་དང༌། མྱུར་བར་འདོད་པའི་སེམས་བསྐྱེད་པ་དང༌། བསྲུང་ཞིང་མཆོད་པ་དང༌། སོ་ཤིང་དང༌། ཆོས་ཟབ་མོ་བཤད་པ་དང༌། རྨི་ལམ་གྱི་བར་ཆད་བསྲུང་བའི་ཕྱིར་སྲུང་སྐུད་གདགས་པ་དང༌། ཀུ་ཤ་སྦྱིན་ཞིང་རྨི་ལམ་བརྟག་པའོ། །དཀྱིལ་འཁོར་ཞག་གི་དུས་སུ་བྱ་བ་ལ་བཞི། བྲི་བ་དང་བྱིན་གྱིས་བརླབ་པ་དང༌། ནུས་པ་དང་ལྡན་པའི་མཆོད་པས་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས། ཐིག་གིས་བྲི་བ་དང༌། རྡུལ་ཚོན་གྱིས་བྲི་བའོ། །ཐིག་ལ་གཉིས། ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབ་པ་དང༌། ལས་ཀྱི་ཐིག་གིས་ཆ་བགོ་བའོ། །ཚོན་ལ་གསུམ་བྱིན་གྱིས་བརླབ་པ་དང༌། ཚོན་དགྱེ་ཞིང་མཚན་མ་དགོད་པ་དང༌། དེར་བུམ་པ་སོགས་དབུལ་ཞིང་མཆོད་པ་བཤམ་པའོ། །བྱིན་གྱིས་བརླབ་པ་ལ་གཉིས། དམ་ཚིག་པ་བསྐྱེད་པས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་གཞུག་པས་བྱིན་གྱིས་བརླབ་པའོ། །མཆོད་པ་ལ་གཉིས། མཆོད་པ་རྒྱས་པས་མཆོད་པ་དང༌། གཏོར་མས་མཆོད་པའོ། །སྤྱི་དོན་ཐ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས། འཇུག་པ་དང་དབང་བསྐུར་བའོ། །འཇུག་པ་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་མ་གཞུག་པའོ། །དེ་ལ་གཉིས། ཡོལ་བའི་ཕྱི་འཇུག་དང༌། ནང་འཇུག་གོ །དེ་ལ་བཞི། མེ་ཏོག་དོར་ཞིང་མགོ་ལ་བཅིང་བ་དང༌། ཡེ་ཤེས་དབབ་པ་དང༌། དམ་ལ་གཞག་པ་དང༌། དཀྱིལ་འཁོར་བསྟན་པའོ། །དབང་ལ་བཞི། རྡོ་རྗེ་སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའོ། །དང་པོ་ལ་གཉིས། ཡོན་དབུལ་ཞིང་གསོལ་བ་གདབ་པ་དང༌། དབང་བསྐུར་བའོ། །དབང་གི་ཆོ་ག་ལ་གཉིས། སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དང་པོ་ལ་གཉིས། རིག་པའི་དབང་དང༌། རྗེས་ལ་བྱ་བའོ། །དང་པོ་ལ་ལྔ། ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། རིགས་དང་རྗེས་སུ་མཐུན་པའི་མིང་ངོ༌། །རྗེས་ལ་བྱ་བ་ལ་བཞི། སྔགས་ཀྱི་དབང་དང༌། བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བའོ། །སློབ་དཔོན་གྱི་དབང་ལ་གཉིས། ཡོན་དབུལ་ཞིང་གསོལ་བ་གདབ་པ་དང༌། དབང་བསྐུར་བའོ། །དེ་ལ་གཉིས། དམ་ཚིག་གསུམ་སྦྱིན་པ་དང༌། དེ་ལ་འབྲེལ་པའི་རྗེས་སུ་གནང་བ་ལ་སོགས་སྦྱིན་པའོ། །གསང་དབང་ལ་གཉིས། ཡོན་དབུལ་ཞིང་གསོལ་བ་གདབ་པ་དང༌། དམ་ཚིག་གི་རྫས་ལྕེ་ལ་བྱིན་ཏེ་དབང་བསྐུར་བའོ། །ཤེས་རབ་ཡེ་ཤེས་ལ་གཉིས། ཡོན་དང་འབྲེལ་བའི་གསོལ་བ་གདབ་པ་དང༌། དབང་སྦྱིན་པའོ། །དེ་ལ་གསུམ། རིག་མ་རྗེས་སུ་གཏད་པའི་ཆོ་ག་དང༌། དགའ་བཞི་ཉམས་མྱོང་བསྐྱེད་པ་དང༌། དེ་ནས་སློབ་མ་ལ་གདམས་པའི་བྱ་བ་བསྟན་པའོ། །ཐམས་ཅད་ཀྱི་རྗེས་ཀྱི་བྱ་བ་ལ་བཞི། འཁོར་ལོ་མཆོད་པ་དང༌། ཆོ་ག་མ་ཚང་བ་དང་ལྷག་པ་བཟོད་པར་གསོལ་བ་དང༌། ཚོགས་བྱ་བ་དང༌། དམ་ཚིག་བསྟན་པའོ། །ལས་ཀྱི་ཡན་ལག་བཅུ་པའོ། །བཅུ་གཅིག་པ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བའི་ལས་ཀྱི་ཡན་ལག་ལོངས་སྤྱོད་སྤེལ་བ་ལ་བཞི། དགོས་པ་དང༌། སྦྱིན་སྲེག་དང༌། གཏེར་གཞུག་པ་དང༌། བཟླས་པའི་སྔགས་སོ། །ལས་ཀྱི་ཡན་ལག་བཅུ་གཅིག་པའོ། །བཅུ་གཉིས་པ་བཀྲ་ཤིས་ཐམས་ཅད་སྦྱིན་པའི་ལས་ཀྱི་ཡན་ལག་ལ་གཉིས། ཕན་ཡོན་དང༌། ཆོ་ག་དངོས་སོ། །དེ་ལ་གཉིས། ཞི་བའི་སྦྱིན་སྲེག་དང༌། ལས་གཞན་དེས་བསྒྲེས་ཏེ་བསྟན་པའོ། །དང་པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང་མཇུག་གོ །སྦྱོར་བ་ལ་བརྒྱད། དུས་དང༌། གནས་དང༌། སའི་ཆོ་ག་དང༌། ཐབ་ཁུང་གི་ཁྱད་པར་དང༌། བསྲེག་རྫས་དང༌། མཆོད་རྫས་བཤམ་ཐབས་དང༌། བུད་ཤིང་གི་ཁྱད་པར་དང༌། དགང་གཟར་བླུགས་གཟར་གྱི་མཚན་ཉིད་བསྟན་པའོ། །དངོས་གཞི་ལ་བཞི། བདག་ཉིད་ཀྱི་བྱ་བ་དང༌། ཐབ་དང་འབྲེལ་བའི་བྱ་བ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པའི་མེ་ལྷ་མཆོད་པའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་དྲུག བསྐྱེད་པ་དང༌། བྱོན་ཟན་དབུལ་བ་དང༌། མེ་པྲ་བརྟག་པ་དང༌། མཆོད་པ་དང་བསྲེག་རྫས་རྒྱས་པར་དབུལ་བ་དང༌། འདོད་པའི་དོན་བླང་བ་དང༌། འབར་བའི་རྣམ་པར་ཐིམ་པའོ། །འདས་པའི་མེ་ལྷ་མཆོད་པ་ལ་ལྔ། བསྐྱེད་ཅིང་དགུག་པ་དང༌། མཆོད་ཅིང་བསྟོད་པ་དང༌། བཟོད་པར་གསོལ་བ་དང༌། འདོད་པའི་དོན་གསོལ་བ་གདབ་པ་དང༌། གཤེགས་སུ་གསོལ་བའོ། །མཇུག་གི་ཆོ་ག་ལ་ལྔ། ལྷ་བསྐྱེད་པ་དང༌། མཆོད་ཅིང་བསྟོད་པ་དང༌། བཟོད་པར་གསོལ་ཞིང་འདོད་པ་བླང་བ་དང༌། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་མི་དམིགས་པར་བྱ་བ་དང༌། ཡི་གེ་བརྒྱ་པས་ཁ་བསྐངས་ཤིང་ཐབ་ཁུང་བསྡུ་བའོ། །ལས་ཀྱི་ཡན་ལག་བཅུ་གཉིས་པའོ། །བཅུ་གསུམ་པ་ཡོངས་སུ་སྨིན་པར་བྱེད་པའི་ལས་ཀྱི་ཡན་ལག་འབྱུང་པོ་བཟློག་པ་ལ་གསུམ། ཕན་ཡོན་དང༌། ཆོ་ག་དང༌། སྔགས་བཟླས་པའི་གྲངས་དང་བཅས་པའོ། །ཆོ་ག་ལ་བཞི། རྫས་སྦྱར་བ་དང༌། ལྷའི་རྣལ་འབྱོར་དང༌། ཞི་བ་དང་བསྲུང་བ་དང་བསྐྲད་པ་དང༌། བགེགས་བསད་པའི་ཆོ་གའོ། །ལས་ཀྱི་ཡན་ལག་བཅུ་གསུམ་པའོ། །བཅུ་བཞི་པ་འགུགས་པའི་ཁྲོ་མོའི་ལས་ཀྱི་ཡན་ལག་སྲུང་འཁོར་ལ་གསུམ། དགོས་པ་དང༌། ཆོ་ག་དང༌། ཕན་ཡོན་ནོ། །ཆོ་ག་ལ་ལྔ། བྲི་བའི་གཞི་དང༌། དབྱིབས་ཀྱི་ཁྱད་པར་དང༌། སྣག་ཚ་དང༌། བྲིས་ནས་སྒྲུབ་པ་དང༌། བཅང་བའོ། །ལས་ཀྱི་ཡན་ལག་བཅུ་བཞི་པའོ། །བཅོ་ལྔ་པ་ཞི་བ་ཆེན་མོ་བཞིའི་ལས་ཀྱི་ཡན་ལག་ཁྲུས་ཀྱི་ཆོ་ག་ལ་གསུམ། དགོས་པ་དང༌། ཆོ་ག་དང་གསང་སྔགས་སོ། །ཆོ་ག་ལ་བརྒྱད། གནས་དང༌། དཀྱིལ་འཁོར་དང༌། བུམ་པ་བཅའ་བ་དང༌། ཡོ་བྱད་དགྲམ་པ་དང༌། ཆོ་ག་ཉམས་སུ་བླང་བ་དང༌། ཁྲུས་བྱ་བ་དང༌། མཇུག་གི་བྱ་བ་དང༌། ཕན་ཡོན་བསྟན་པའོ། །ལས་ཀྱི་ཡན་ལག་བཅོ་ལྔ་པའོ། །བཅུ་དྲུག་པ་ཐམས་ཅད་འཇོམས་པའི་ལས་ཀྱི་ཡན་ལག་བློ་འཕེལ་བར་བྱ་བ་ལ་གསུམ། དགོས་པ་དང༌། ཆོ་ག་དང༌། སྒྲུབ་པ་དང༌། གཟུངས་སྔགས་བསྟན་པའོ། །ཆོ་ག་ལ་གཉིས། བསྒོམ་པ་དང་བཟླས་པས་བསྒྲུབ་པ་དང༌། དེའི་སྟེང་དུ་རྫས་ལ་བརྟེན་ཏེ་སྒྲུབ་པ་ཚུལ་མི་འདྲ་བ་བཞིའོ། །ལས་ཀྱི་ཡན་ལག་བཅུ་དྲུག་པའོ། །བཅུ་བདུན་པ་བདེ་བ་ཐམས་ཅད་སྒྲུབ་པའི་ལས་ཀྱི་ཡན་ལག་ཆོམ་རྐུན་བཅིང་བ་ལ་གསུམ། དགོས་པ་དང༌། ཆོ་ག་དང༌། གཟུངས་སྔགས་སོ། །ཆོ་ག་ལ་བདུན། གནས་དང༌། རྟེན་བཤམ་པ་དང༌། བསམ་པ་དང་ལྡན་པས་སྔོན་དུ་འགྲོ་བའི་གཏོར་མ་དང༌། མཆོད་པ་དབུལ་བ་དང༌། བདག་གི་རྣལ་འབྱོར་དང༌། གཏོར་མ་གཉིས་པ་གཏང་བ་དང༌། ལས་ལ་སྦྱར་བའོ། །ལས་ཀྱི་ཡན་ལག་བཅུ་བདུན་པའོ། །བཅོ་བརྒྱད་པ་རྣམ་པར་རྒྱལ་བའི་ལས་ཀྱི་ཡན་ལག་ཀླུ་ནད་གསོ་བའི་ལས་ཀྱི་ཡན་ལག་ལ་གསུམ། གནོད་པའི་རྒྱུ་དང༌། གནོད་པའི་རྟགས་དང༌། གསོ་བའི་ཆོ་གའོ། །གནོད་པའི་རྟགས་ལ་ལྔ། སྤྱིར་གནོད་པའི་རྟགས་དང༌། ཤ་མདངས་བར་དུ་ཞུགས་པ་དང༌། ཤ་ལ་བབས་པ་དང༌། རྩ་རྒྱུས་ལ་བབས་པ་དང༌། རུས་པ་ལ་ཞུགས་པའོ། །གསོ་བའི་ཐབས་ལ་ཡང་དྲུག སྤྱིར་གསོ་བ་དང༌། ཤ་མདངས་བར་དུ་ཞུགས་པ་གསོ་བ་དང༌། ཤ་ལ་བབས་པ་གསོ་བ་དང༌། རྩ་རྒྱུས་ལ་ཞུགས་པ་གསོ་བ་དང༌། རུས་པ་ལ་ཞུགས་པ་གསོ་བ་དང༌། ཐུན་མོང་གི་སྔགས་བསྟན་པའོ། །ལས་ཀྱི་ཡན་ལག་བཅོ་བརྒྱད་པའོ། །བཅུ་དགུ་པ་སྡུག་བསྔལ་ཐམས་ཅད་སྲེག་པར་བྱེད་པའི་ལས་ཀྱི་ཡན་ལག་ཁྲི་མོན་ལས་ཐར་པ་ལ་ལྔ། དགོས་པ་དང༌། རྟེན་བཤམ་པ་དང༌། ཉེ་བར་བསྙེན་པ་དང༌། སྒྲུབ་པ་དང༌། གསང་སྔགས་བསྟན་པའོ། །ལས་ཀྱི་ཡན་ལག་བཅུ་དགུ་པའོ། །ཉི་ཤུ་པ་དངོས་གྲུབ་ཐམས་ཅད་འབྱུང་བའི་ལས་ཀྱི་ཡན་ལག་མི་སྣང་བ་སྒྲུབ་པ་ལ་ལྔ། དགོས་པ་དང༌། རྫས་བསག་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བ་དང༌། གསང་སྔགས་བསྟན་པའོ། །ལས་ཀྱི་ཡན་ལག་ཉི་ཤུ་པའོ། །ཉི་ཤུ་རྩ་གཅིག་པ་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱི་ཡན་ལག་མཁའ་སྤྱོད་སྒྲུབ་པ་ལ་ལྔ། དགོས་པ་དང༌། རལ་གྲི་བྱ་བ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བ་དང༌། གསང་སྔགས་བསྟན་པའོ། །ལས་ཀྱི་ཡན་ལག་ཉི་ཤུ་རྩ་གཅིག་པ་སྟེ་སོ་སོའི་ལས་ཀྱི་ཡན་ལག་བསྟན་པའོ། །སྤྱིའི་ལས་ཀྱི་ཡན་ལག་ལ་ལྔ། གཏོར་མ་དང༌། ཆུ་སྦྱིན་དང༌། སཱཙྪ་དང༌། དུས་གསུམ་བརྟག་པ་དང༌། བུད་མེད་དང་བུ་ཆུང་ལ་ཕན་གདགས་པའོ། །གཏོར་མ་ལ་བཞི། སྣོད་དང༌། རྫས་དང༌། བྱིན་གྱིས་བརླབ་པ་དང༌། བསྔོ་བའོ། །ཆུ་སྦྱིན་ལ་བཞི། ཡོ་བྱད་དང༌། ཏིང་ངེ་འཛིན་དང༌། སྔགས་ཀྱི་གྲངས་དང༌། སྔགས་བསྟན་པའོ། །སཱཙྪ་ལ་ལྔ། རྒྱུ་དང༌། བྱིན་གྱིས་བརླབས་ཏེ་གདབ་པ་དང༌། རབ་ཏུ་གནས་པ་བྱས་ཏེ་མཆོད་པ་དང༌། བཞུགས་སར་སྤྱན་དྲང་བ་དང༌། གསང་སྔགས་བསྟན་པའོ། །དུས་གསུམ་རྨི་ལམ་བརྟག་པ་ལ་བདུན། གང་ཟག་དང༌། རྫས་དང༌། སྔགས་ཀྱི་ཚད་དང༌། དུས་དང༌། ཉལ་ཚུལ་དང༌། བསམ་པ་དང༌། གསོལ་བ་གདབ་ཅིང་གསང་སྔགས་བསྟན་པའོ། །བུད་མེད་དང་བུ་ཆུང་ལ་ཕན་གདགས་པ་ལ་གསུམ། དགོས་པ་དང༌། ཆོ་ག་དང༌། གསང་སྔགས་བསྟན་པའོ། །ཆོ་ག་ལ་ལྔ། སྦྲུམ་མ་ལ་ཕན་གདགས་པ་ལ་ལྔ། སྦྲུམ་མ་བདེ་བར་བཙའ་བ་དང༌། མགོ་མཇུག་ལྡོག་པ་ལ་བདེ་བར་བཙའ་བ་དང༌། མོ་གཤམ་བུ་བསྐྱེད་པ་དང༌། སྲིའུ་བསྲུང་བ་དང༌། འབྱུང་པོ་བཟློག་པའོ། །སྤྱིའི་ལས་ཀྱི་ཡན་ལག་བསྟན་ཟིན་ཏོ།།  །།ཉི་ཤུ་རྩ་གཅིག་ཡན་ལག་དང་བཅས་པའི། །བསྡུས་དོན་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །སྨ་ཀླུ་ལོ་སྟོན་དགེ་སློང་དཀོན་མཆོག་གྲགས། །དེ་ཡིས་གསོལ་བ་བཏབ་ནས་འབད་དེ་བྲིས། །དེ་ལས་བྱུང་བའི་དགེ་བ་དྲི་མེད་དེས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་དང༌། །སྐུལ་བར་བྱེད་པ་ཅང་སྟོན་དང་བཅས་པ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་ལམ་གྱི་ཡན་ལག་དང་བཅས་པའི་བསྡུས་དོན་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*