དབང་བསྐུར་བའི་ས་བཅད།

༼ཉ༽

༄༅། །དབང་བསྐུར་བའི་ས་བཅད་བཞུགས།། 

༄༅། །ལེའུ་བཅུ་པ་དབང་བསྐུར་བའི་ཆོ་ག་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དབང་གི་ཆོ་ག་ལ་གཉིས་ཏེ། སློབ་དཔོན་དང་སློབ་མའི་མཚན་ཉིད་དང༌། བླ་མ་ལ་དད་པ་དང༌། བརྩོན་འགྲུས་སྙིང་རྗེ་དམ་ཚིག་ཏིང་ངེ་འཛིན་ལ་གནས་པ་སྟེ། ལྔ་ལྡན་བླ་མ་གསུམ་དང་ཁྱད་པར་བླ་མ་ལ་གུས་པ་སྟེ། ལྔ་ལྡན་ཆོ་ག་བྱ་བའོ། །དེ་ལ་གཉིས། སྔོན་དུ་བསྙེན་པའི་ཆོ་ག་དང༌། དཀྱིལ་འཁོར་དང་འབྲེལ་པའི་བྱ་བའོ། །དེ་ལ་གཉིས། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་གའོ། །དང་པོ་ལ་ལྔས་བསྟན་ཀྱང་ས་སྦྱང་བའི་ཆོ་ག་དང༌། གཟུང་བའི་ཆོ་ག་གཉིས་སུ་བསྡུ། སྟ་གོན་ལ་གསུམ། ལྷ་ལྷག་པར་གནས་པ་དང༌། བུམ་པ་ལྷག་པར་གནས་པ་དང༌། སློབ་མ་ལྷག་པར་གནས་པའོ། །དང་པོ་ལ་གསུམ། དྲིའི་ཐིག་ལེ་བྱ་བ་དང༌། མེ་ཏོག་ཚོམ་བུ་བྱ་བ་དང༌། ལྷ་རྣམས་བསྐྱེད་ཅིང་སྔགས་ཀྱི་བྱིན་གྱིས་བརླབ་པ་དང༌། མཆོད་ཅིང་བསྟོད་དེ་སྙན་གསན་དབབ་པའོ། །བུམ་པ་ལ་གསུམ་ཚུལ་བཞིན་དུ་བཤམ་པ་དང༌། བྱིན་གྱིས་བརླབ་པ་དང༌། བཟླས་པས་མཉེས་པར་བྱ་བའོ། །སློབ་མ་ལྷག་པར་གནས་པ་ལ་བཅུ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ཐ་མལ་པའི་རྒྱུད་སྦྱང་བ་དང༌། དབང་གི་དོན་དུ་གསོལ་བ་གདབ་པ་དང༌། རྡོ་རྗེ་ཐེག་པའི་ལམ་ལ་སྤྲོ་བ་ཁྱད་པར་ཅན་བསྐྱེད་པ་དང༌། མྱུར་བར་འདོད་པའི་སེམས་བསྐྱེད་པ་དང༌། བསྲུང་ཞིང་མཆོད་པ་དང༌། སོ་ཤིང་དང༌། ཆུ་བླུད་པ་དང༌། ལམ་གྱི་བར་ཆད་བསྲུང་བའི་ཕྱིར་སྲུང་སྐུད་གདགས་པ་དང༌། ཀུ་ཤ་བྱིན་ཞིང་རྨི་ལམ་བརྟག་པ་དང༌། རྡོ་རྗེ་ཐེག་པའི་ལམ་ཟབ་མོ་བཤད་པས་སྤྲོ་བ་བསྐྱེད་པའོ། །དཀྱིལ་འཁོར་གྱི་དུས་སུ་བྱ་བའི་ཆོ་ག་ལ་བཞི། བྲི་བ་དང༌། བྱིན་གྱིས་བརླབ་པ་དང༌། ནུས་པ་དང་ལྡན་པས་མཆོད་པས་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས། ཐིག་གིས་བྲི་བ་དང༌། རྡུལ་ཚོན་གྱིས་བྲི་བའོ། །ཐིག་ལ་གཉིས། ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབ་པ་དང༌། ལས་ཀྱི་ཐིག་གིས་ཆ་བགོ་བའོ། །ཚོན་ལ་བཞི། བྱིན་གྱིས་བརླབ་པ་དང༌། ཚོན་དགྱེ་བ་དང༌། མཚན་མ་དགོད་པ་དང༌། དེར་བུམ་པ་དབུལ་ཞིང་མཆོད་པ་བཤམ་པའོ། །བྱིན་གྱིས་བརླབ་པ་ལ་གཉིས། དམ་ཚིག་པ་བསྐྱེད་པས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་གཞུག་པས་བྱིན་གྱིས་བརླབ་པའོ། །མཆོད་པ་ལ་གཉིས། མཆོད་པ་རྒྱས་པས་མཆོད་པ་དང༌། གཏོར་མས་མཆོད་པའོ། །སྤྱི་དོན་ཐ་མ་ལ་གཉིས། འཇུག་པ་དང༌། དབང་བསྐུར་བའོ། །འཇུག་པ་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་མ་འཇུག་པའོ། །དབང་ལ་བཞི་སྟེ། རྡོ་རྗེ་སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའོ། །དང་པོ་ལ་གཉིས། ཡོན་དབུལ་ཞིང་གསོལ་བ་གདབ་པ་དང༌། དབང་བསྐུར་བའོ། །དབང་གི་ཆོ་ག་ལ་གཉིས། སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དང་པོ་ལ་ལྔ། ཆུའི། ཅོད་པན་གྱི། རྡོ་རྗེའི། དྲིལ་བུའི། རིགས་དང་རྗེས་སུ་མཐུན་པ་དང༌། མི་རིག་དབང་ངོ༌། སློབ་དཔོན་གྱི་དབང་ལ་གཉིས། ཡོན་དབུལ་ཞིང་གསོལ་བ་གདབ་པ་དང༌། དབང་ངོ༌། །དེ་ལ་གཉིས། དམ་ཚིག་སྦྱིན་པ་དང༌། དེ་དང་རྗེས་སུ་འབྲེལ་པའི་གནང་བ་ལ་སོགས་པའོ། །དེ་ལ་བཞི། རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་དང༌། གཟེངས་བསྟོད་པའོ། །གསང་བ་ལ་གཉིས། ཡོན་དབུལ་ཞིང་གསོལ་བ་གདབ་པ་དང༌། དམ་ཚིག་གི་རྫས་ལྕེ་ལ་བྱིན་ཏེ་དབང་བསྐུར་བའོ། །ཤེས་རབ་ཡེ་ཤེས་ལ་གཉིས། ཡོན་དང་འབྲེལ་པའི་གསོལ་བ་གདབ་པ་དང༌། དབང་སྦྱིན་པའོ། །དེ་ལ་གསུམ། རིག་མ་རྗེས་སུ་གཏད་པའི་ཆོ་ག་དང༌། དགའ་བ་བཞིའི་ཉམས་མྱོང་བསྐྱེད་པ་དང༌། དེས་སློབ་མའི་བྱ་བ་བསྟན་ཏེ་གསུམ་མོ། །དབང་བཞི་པ་ལ་གཉིས་གཉིས་ཏེ། ཡོན་དང་གསོལ་བ་གདབ་པ་དང༌། དབང་གི་སྒོ་ནས་སྦྱིན་པའོ། །ཐམས་ཅད་ཀྱི་རྗེས་ཀྱི་བྱ་བ་ནི། འཁོར་ལོ་མཆོད་པ་དང༌། ཆོ་ག་མ་ཚང་བ་དང༌། ལྷག་མ་བཟོད་པར་གསོལ་བ་དང༌། མཐར་གཤེགས་སུ་གསོལ་བའོ། །འདི་དག་ཀྱང་གཞུང་དང་སྦྱར་ཞིང་ཆོ་གའི་ཁྲིགས་ཤེས་པར་བྱའོ། །དབང་བསྐུར་བའི་ས་བཅད་དོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*