དབང་བསྐུར་བའི་ཆོ་ག

༼ཉ༽

༄༅། །དབང་བསྐུར་བའི་ཆོ་ག་བཞུགས།།

༄༅། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་མཚན་ཉིད་ལྔ་དང་ལྡན་པའི་བླ་མ་ལ། སློབ་མ་ཡོན་ཏན་བཞི་དང་ལྡན་པ་ཞིག་གིས། དང་པོ་བླ་མའི་འོས་སུ་བློས་བརྟགས་ནས། དེ་ནས་མཎྜལ་སྔོན་དུ་འགྲོ་བས་ཅི་འབྱོར་པའི་ཡོ་བྱད་ཕུན་སུམ་ཚོགས་པས་བླ་མ་མཉེས་པར་བྱས་ནས། དེ་ནས་བླ་མར་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ་བྱ་བ་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་ནི་སློབ་མའི་བྱ་བ་དང་པོའོ།།  །།དེ་ནས་བླ་མས་སློབ་མ་དེ། ཐེག་པ་ཆེན་པོའི་བློ་དང་ལྡན་པ་དང༌། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་བསྒྲལ་བའི་བློ་གྲོས་ཡོད་དམ་དྲི་བ་ནི། མ་བསྒྲལ་བ་ནི་བསྒྲལ་བ་དང༌། །ཞེས་པ་ལ་སོགས་པའི་ཚིག་རྐང་པ་ལྔས་ལན་ཅིག་གིས་དྲི་བར་བྱ་བའོ། །ཆོ་ག་གཉིས་པ་བླ་མའི་བྱ་བའོ། །དེ་ནས་ཐེག་པ་ཆེན་པོའི་བློ་གྲོས་ཅན་དེ་བླ་མས་རང་གི་སློབ་མར་ཡོངས་སུ་བཟུང་ཞིང་དེའི་བར་ཆད་ཀྱི་བགེགས་བསལ་བར་བྱ་བ་ནི། རྗེ་བཙུན་སྒྲོལ་མ་ལ་སོགས་པའི་དཀོན་མཆོག་གི་རྟེན་ཡོད་པའི་སྤྱན་སྔར་མཎྜལ་དང་ཅི་འབྱོར་པའི་མཆོད་པའི་ཡོ་བྱད་བཤམས་ལ། དེ་ནས་སློབ་མ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ཏེ། བླ་མ་དང་དཀོན་མཆོག་ལ་མཎྜལ་དབུལ། མཆོད་པ་སྔོན་དུ་འགྲོ་བའི་བདུན་རྣམ་དག་བྱ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་བྱས་ལ་དེ་ཡང་དང་པོའི་དོན་དྲན་དུ་གཞུག དེ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བའི་བར་དུ་ལན་གསུམ་བརྗོད་དེ། སློབ་མ་ཡོངས་སུ་གཟུང་བའི་ཆོ་ག་དངོས་སོ། །དེ་ནས་བདག་ཉིད་རྗེ་བཙུན་མ་ཡན་ལག་བཞི་རྫོགས་ཀྱིས་བསྒོམ་པའི་སྙིང་གའི་ས་བོན་དང༌། སྔགས་ཕྲེང་གི་འོད་ཀྱིས་སློབ་མའི་ལུས་ངག་ཡིད་གསུམ་ལ་གནས་པའི་བགེགས་བསྐྲད་པར་བསམ་ཞིང་བདུད་རྩི་འཁྱིལ་བའི་སྔགས་བཟླས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སློབ་མའི་ལུས་ལ་ཡུངས་ཀར་བརྡེག་གོ །དེ་ནས་བགེགས་མཐར་བྱེད་ཀྱི་སྔགས་དེ་ཉིད་ལུང་ཕོག་ལ་སྒྲུབ་པ་མ་ཐོན་བར་ཟློས་སུ་ཡང་གཞུག་གོ།  །།དེ་དག་ནི་བསྙེན་པ་སྔོན་དུ་བྱ་བའི་ཆོ་ག་གསུམ་པའོ།།  །།དེ་ནས་སློབ་དཔོན་གནས་དབེན་པར་སོང་སྟེ། སྤྱིའི་སྒྲུབ་ཐབས་ཇི་ལྟ་བ་བཞིན་བསྒོམ་ཞིང༌། ཡི་གེ་བཅུ་པ་ལ་འབུམ་ཕྲག་གཅིག་ནས་བཞིའི་བར་ཚང་བར་བཟླས་པ་བསྙེན་པ་སྟེ། འདི་ནི་བླ་མའི་ཞལ་ལས་ཤེས་པར་བྱ་བ་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་དུས་སུ་བྱ་བའི་ཆོ་ག་ལས་དང་པོ་སའི་ཆོ་ག་ལ་ས་བསླང་བ། བརྟག་པ། གཟུང་བ། སྦྱང་བ། བྱིན་གྱིས་བརླབ་ཅིང་ཡོངས་སུ་གཟུང་བས་བསྲུང་བ་སྟེ་ལྔ་ཡོད་ཀྱང༌། བསླང་བ་དང་བརྟག་པ་གཉིས་སྦྱང་བར་བསྡུ། བསྲུང་བ་ཡོངས་སུ་གཟུང་བར་བསྡུས་ལ། སའི་ཆོ་ག་གཉིས་སུ་བསྡུ་གསུང༌། དེའི་དང་པོ་ས་བསླང་བ་ལ་གཉིས། སྣང་བ་ལས་བསླང་བ་དང༌། མི་སྣང་བ་ལས་བསླང་བའོ། །དང་པོ་ཡང་གཞུང་ལས། སྣང་དང་མི་སྣང་ས་བདག་ལ། །གསོལ་གདབ་ལ་སོགས་རྒྱས་པར་བྱ། །ཞེས་པས་བསྟན་ཏེ། རྒྱལ་པོ་ལ་སོགས་པ་དཀྱིལ་འཁོར་གྱི་ས་དེའི་བདག་པོ་ལ། བདག་ས་དེའི་ཕྱོགས་དེར་དཀྱིལ་འཁོར་གྱི་ལས་ཅུང་ཟད་ཅིག་བརྩིག་པས། ཁྱེད་ཀྱིས་གནང་བའི་སྐབས་ཕྱེ་ཞིག་ཅེས་པ་ལ་སོགས་པས་གསོལ་བ་གདབ་བོ། །འདིས་ཀྱང་དཀྱིལ་འཁོར་གྱི་ལས་ཀྱི་བར་ཆད་སེལ་བར་བྱེད་པ་ཡིན་ནོ། །གཉིས་པ་མི་སྣང་བ་ལས་བསླང་བ་ནི། ཆོ་གའི་གོ་རིམ་ནི་ཅུང་ཟད་འོག་ཏུ་འབྱུང་སྟེ། སའི་ཕྱོགས་དེ་གྲོང་ཁྱེར་ཆེན་པོ་ལ་སོགས་པའི་ཤར་དང༌། བྱང་དུ་འོང་བའམ། ཁ་དོག་དཀར་ཞིང་སེར་བའམ། སྣུམ་ཞིང་ཡིད་དུ་འོང་བའམ། དབྱིབས་ཀྱང་གྲུ་བཞི་ལ་སོགས་པར་འདུག་པ་དེར་བྱ་བའི་ཆ་བརྟག་པའམ། དེ་ལས་བཟློག་པ་ནི་སྤང་བའི་ཆར་བརྟག་པར་བྱའོ། །དེ་ནས་མི་སྣང་བ་ལས་བསླང་སྟེ། སའི་ཆ་དེར་དཀྱིལ་འཁོར་གྱི་ཚད་ཙམ་ལ་རི་མོ་བྲིས་ཏེ། སའི་ཕྱོགས་དེ་མཎྜལ་བྱ་ཞིང་བྱུག མཆོད་པ་དང་གཏོར་མ་ཅི་འབྱོར་བཤམ། བདག་ཉིད་རྗེ་བཙུན་མ་སྒྲོལ་མའི་ཏིང་ངེ་འཛིན་རྫོགས་པར་བྱས་ལ། དེ་ནས་མཎྜལ་གྱི་སྟེང་དུ་དྲིའི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཞག་ལ། དེར་སའི་ལྷ་མོ་གསེར་གྱི་མདོག་ཅན་སྐད་ཅིག་གིས་དམིགས་ལ། དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། ལྷ་མོ་ལ་མཆོད་པ་རྣམས་ཀྱིས་མཆོད། ཨ་ཀཱ་རོས་གཏོར་མ་དབུལ་ལོ། །དེ་ནས་ས་བསླང་བའི་ཕྱིར་གསོལ་བ་གདབ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ལ་སོགས་པ་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་བྲིས་ཤིག་གསུངས་ནས་གནང་བ་བྱིན་ཏེ་སའི་ལྷ་མོས་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ཡང་ཆོ་གའི་གཞུང་ལས། བླ་མ་ལྷའི་རྣལ་འབྱོར་ལྡན་པས་ཞེས་བྱ་བ་ལ་སོགས་པ་རྐང་པ་གསུམ་གྱིས་བསླང་བ་གཉིས་བསྟན་ཏོ། །དེ་ལྟར་ཆོ་ག་གཉིས་སྔོན་དུ་སོང་ནས། ས་སྦྱང་བ་ནི་གཞུང་ལས། མེ་ལོང་དབྱིབས་ཅན་དཀྱིལ་འཁོར་ནི། །ཞེས་པ་ལས་མ་གསུངས་ཀྱང༌། སའི་ཆ་རྐོ་ཞིང༌། ཅི་རིགས་པའི་སྐྱོན་བསལ། དྲི་ཞིམ་པོའི་ཆུ་དང་བསྲེས་ཏེ་དཀྱིལ་འཁོར་ལ་གཏོར་ཞིང་བཅག་པར་བྱའོ། །འདིས་ས་ཡོངས་སུ་སྦྱང་བའི་ཆོ་གའོ། །དེ་ན་ས་བྱིན་གྱིས་བརླབ་ཅིང་ཡོངས་སུ་གཟུང་བ་ནི། སྔར་བསྙེན་པའི་སྐབས་སུ། བུམ་པ་ཇི་ལྟར་བཤམས་པ་མཎྜལ་གྱི་སྟེང་དུ་བཞག་ནས། བསྙེན་པ་རྫོགས་རྫོགས་ཀྱི་བར་དུ་བུམ་པ་ལ་སྔགས་བཟླས་པའི་ཆུ་དེ་ནས་ཅུང་ཟད་ཙམ་ཞིག་བླངས་ལ། ཀུ་ཤའི་ཆུན་པོས་དཀྱིལ་འཁོར་གྱི་ས་དེར་གཏོར་ཞིང༌། ཡི་གེ་བཅུ་པའི་སྔགས་ཅུང་ཟད་ཙམ་བཟླས་ལ། སའི་ཕྱོགས་དེ་ཐམས་ཅད་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་རྡུལ་ཕྲ་རབ་ཏུ་བསམ་མོ། །དེ་ཙམ་གྱིས་ནི་བྱིན་གྱིས་བརླབ་ཅིང་ས་དེ་བདག་གིར་ཡོངས་སུ་གཟུང་བར་འགྱུར་རོ། །སྐབས་འདིར་གཞུང་ལས། འདབ་མ་བཞི་ལྡན་པདྨའི་སྟེང༌། །ཞེས་བྱ་བས་བཟུང་སྟེ། མཆོད་པ་དང་གཏོར་མ་ཅི་རིགས་བྱ་ཞེས་བྱ་བའི་བར་གྱིས་བུམ་པའི་ཆོ་ག་རྒྱས་པར་གསུངས་པ་འདི་ནི་སྔོན་དུ་བསྙེན་པའི་ཆོ་གའི་སྐབས་སུ་བུམ་པ་བཅའ་བ་གཙོར་བསྟན་ལ། དེ་ཉིད་ཀྱི་ཆུས་ས་བྱིན་གྱིས་བརླབ་པར་བྱ་བ་དང༌། འདི་ཉིད་དུ་བུམ་པ་སྟ་གོན་དུ་གནས་པའི་ཆོ་ག་ཡང་ཤེས་པར་བྱ་སྟེ། ཕྱོགས་གཅིག་ཏུ་བསྟན་པ་ཡང་འདི་ན་རྟོགས་པར་སླ་བའི་ཕྱིར་རོ། །བུམ་པ་ལྷར་བསྐྱེད་པའི་ཆོ་ག་ལ་སོགས་པ་ནི་གཞུང་ན་གསལ་བས་འདིར་མ་བྲིས་སོ། །འདིར་བསྙེན་པའི་སྐབས་ཀྱི་བུམ་པ་ཅིས་ཤེས་ན། འབུམ་ཕྲག་གཅིག་གིས་བསྙེན་པ་བྱ། །གསང་སྔགས་ཡེ་ཤེས་ཆུ་རྒྱུན་གྱིས། །ཞེས་པས་ཤེས་སོ། །དེ་ནས་ས་ཡོངས་སུ་གཟུང་བ་དངོས་ནི། སློབ་དཔོན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དཀྱིལ་འཁོར་གྱི་དབུས་སུ་གནས་ནས། བདག་དོན་ཡོད་གྲུབ་པའི་ང་རྒྱལ་བརྟན་པོ་བསྒོམ། ཕྱོགས་བཞིར་རྣམ་སྣང་ལ་སོགས་པ་རིགས་བཞིའི་ང་རྒྱལ་འཛིན་པའི་སློབ་མ་བཞི་བཞག་ལ། དེ་ནས་བཞི་པོས་ཕྱོགས་བཞི་ནས་ཏིང་ངེ་འཛིན་ལས་བཞེངས་པར་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ། མིག་རྐང་བྱིན་གྱིས་བརླབ་པ། ཨོཾ་བཛྲ་ཨུ་ཏིཥྛ་ཧཱུྃ་ཕཊ། ཅེས་པ་བརྗོད་དོ། །དེ་ནས་འོག་ནས་འབྱུང་བ་དང་སྦྱང་ལ་སྟེགས་བུའི་སྟེང་ན་གནས་པ་ལས། ཕྱོགས་བཞི་ནས་ནི་གསོལ་བ་གདབ། །ཅེས་བྱ་བ་ལ་སོགས་པ་སྔོན་ལ་བླངས་ལ། སྐད་ཅིག་མའི་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ནས། སྔགས་ཀྱི་བར་དང་སྦྱར་ཏེ་ས་ཡོངས་སུ་བཟུང་བ་དངོས་སོ། །ས་བསྲུང་བ་ནི་བགེགས་ཐམས་ཅད་ལ་བཀའ་བསྒོ་བ་དང༌། དཀྱིལ་འཁོར་བསྐོར་ཏེ་རྡོ་རྗེའི་རྭ་བ་ལ་སོགས་ཐམས་ཅད་བརྟན་པར་བསྒོམ་པ་ཡིན་ཏེ། དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་སློབ་དཔོན་གནས་པར་བྱ་བ་གསུངས་པས་སོ། །གཞུང་ལས་ནི། དེ་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཞེས་བྱ་བ་ལ་སོགས་པ་གསལ་བར་གསུངས་ཏེ་སའི་ཆོ་གའོ།།  །།སྟ་གོན་ལ་གསུམ་གྱི་ལྷ་སྟ་གོན་ལ་གཉིས་ཏེ། ཐོག་མར་སའི་ལྷ་མོ་མཁྱེན་པར་གསོལ་བ་དང༌། ལྷ་སྟ་གོན་དངོས་སོ། །དེ་ཡང་ཆོ་གའི་གོ་རིམ་ནི་འདི་ཡིན་ཏེ། ནུབ་དང་པོ་སའི་ཆོ་ག་སྔོན་དུ་སོང་ནས། ནུབ་གཉིས་པ་ལྷ་སྟ་གོན་ལ། ཉེ་བར་མཁོ་བ་ཐམས་ཅད་འཚོག་ཆས་བྱས་ལ། དཀྱིལ་འཁོར་གྱི་ས་དེ་བའི་རྣམ་ལྔ་དང་དྲི་ཞིམ་པོའི་ཆུས་བྱུག མཆོད་པ་ཅི་འབྱོར་པ་རྣམས་ཀྱིས་མཐའ་མ་བསྐོར་ལ་བཤམ། གཏོར་མ་ཕྱོགས་མཚམས་བརྒྱད་དུ་བརྒྱད། སའི་ལྷ་མོའི་དང་དགུ་བཤམ་པའམ། ཡང་ན་ཕྱོགས་བཞིར་བཞི། སའི་ལྷ་མོའི་དང་ལྔ་བཤམ། དྲིའི་ལྡེ་གུ་ཡང་མདུན་དུ་བཤམ། བུམ་པ་དང་སློབ་མ་ལྷག་གནས་ཀྱི་ཡོ་བྱད་ཀྱང་ཉིན་མོ་ནས་བཤམས་ནས། སྲོད་ཐུན་ལ་བླ་མ་ཁྲུས་བྱས་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། སྤྱིའི་སྒྲུབ་ཐབས་ལྟར་རམ། བཅོམ་ལྡན་དོན་གྲུབ་ཀྱི་རྣལ་འབྱོར་རྫོགས་པར་བསྒོམས་ལ་ཅུང་ཞིག་བཟླས་མཆོད་པ་བསངས་ཤིང་བྱིན་གྱིས་བརླབ། དེ་ནས་སའི་ལྷ་མོ་མཁྱེན་པར་གསོལ་བར་བྱ་བ་ནི། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་བཞག་ལ། སའི་ལྷ་མོ་ལ་སྔར་ས་སློང་བའི་སྐབས་སུ་གསུངས་པ་ཅི་འདྲ་བ་ཅིག་བློས་བཟུང་ལ་མཆོད་ཡོན་ནས་བཟུང་སྟེ། གཏོར་མའི་བར་དུ་མཆོད། དེ་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་ལན་གསུམ་གྱིས་སྙན་གསན་ཕབ་ལ་མཁྱེན་པར་གསོལ་ཏེ། དེས་བར་ཆད་མེད་པར་ཞལ་གྱིས་བཞེས་པར་བསམས་ལ་ས་དེ་ཉིད་དུ་ཐིམ་པའམ། ནམ་མཁའ་ལ་དབང་པོའི་ཚུལ་དུ་བཞུགས་པར་བསམ་མོ། །ཚིག་འདིས་ནི་ས་བསླང་བ་དང༌། སའི་ལྷ་མོ་སྟ་གོན་དུ་གནས་པ་གཉིས་ཟིན་པ་ཡིན་ནོ། །སའི་ལྷ་མོའི་སྟ་གོན་ནོ། །ལྷ་སྟ་གོན་དངོས་ནི། སྔར་གྱི་མེ་ཏོག་བསལ་ལ་ཡང་དཀྱིལ་འཁོར་གྱི་ས་དེ་གྲུ་བཞིར་ལེགས་པར་བྱུག དེ་ནས་སློབ་དཔོན་གྱིས། དཀྱིལ་འཁོར་འཕར་མ་གཉིས་པར་བློས་རིག་པར་བྱས་ལ་དྲིའི་ཐིག་ལེ་བཅུ་བདུན་ལ་མེ་ཏོག་བཅུ་བདུན་བྱ། གདན་གྱི་སྟེང་དུ་ལྷ་བཅུ་བདུན་མེ་ཏོག་ཙམ་ལས་བསྐྱེད། གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་སྐད་ཅིག་གིས་བསྐྱེད། བྱིན་གྱིས་བརླབ་ཅེས་པའི་གཞུང་ལ་བརྟེན་ནས་ཡན་ལག་བཞི་རྫོགས་པར་བྱས་ཏེ། དམ་ཚིག་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར་བྱིན་གྱིས་བརླབ། འོག་ནས་དཀྱིལ་འཁོར་བསྒྲུབ་པ་ལྟར་འདིར་ཡང་བྱ་དགོས་གསུང༌། དེ་ནས་མཆོད་པ་ཅི་འབྱོར་པས་མཆོད་དེ། མེ་ཏོག་དང་ན་བཟའ་ལ་སོགས་པ་ཕྱིའི་མཆོད་པ་དང༌། ནང་དང་གསང་བ་བདུད་རྩིས་མཆོད་པ་དང༌། འདོད་ཡོན་ལ་སོགས་པ་ཡིད་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད། ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་ཀྱང་བསྟོད། དེ་ནས་སྤོས་ཁད་ལག་པ་གཡས་པར་ཐོགས་ལ། དྲིལ་བུ་གསིལ་ཞིང་རྗེ་བཙུན་མའི་དཀྱིལ་འཁོར་དངོས་སུ་བསྐྱེད་པ་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པ་ལ་སྙན་གསན་དབབ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལན་གསུམ་དུ་བརྗོད་དོ། །དེ་ཙམ་གྱིས་ནི་ལྷ་སྟ་གོན་དུ་གནས་པའོ། །གཉིས་པ་བུམ་པ་སྟ་གོན་དུ་གནས་པ་ནི། རྒྱས་པར་བྱེད་ན་བུམ་པ་བཅུ་གཅིག ལས་ཐམས་ཅད་པ་དང་བཅུ་གཉིས། ཡང་ན་རིགས་ལྔའི་བུམ་པ་ལྔ། ལས་ཐམས་ཅད་པ་དང་དྲུག ཡང་ན་བུམ་པ་གཉིས་སུ་བསྡུ་སྟེ། སྔར་བསྙེན་པའི་སྐབས་སུ་བུམ་པ་བཅས་པ་དེ་ཉིད་ལྷ་ཐམས་ཅད་པའི་བུམ་པ་ཡིན་ནོ། །དེ་དང་ལས་ཐམས་ཅད་པའི་བུམ་པ་སྣ་ཚོགས་རྡོ་རྗེས་མཚན་པ་གཅིག་དང་གཉིས་སུ་བསྡུའོ། །རྒྱས་པར་བྱེད་ན་བུམ་པ་ཐམས་ཅད་ལ་ལྷ་སོ་སོའི་མཚན་མ་དགོད། མགུལ་ཆིངས་དབུལ། གུ་གུལ་གྱི་དུད་པ་དང༌། བིགྷྣཱནྟ་ཀྲྀ་ཏས་བགེགས་བསལ། བཅུད་རྣམས་གཞུག ཁ་རྒྱན་དབུལ། དེ་ནས་དྲི་ཞིམ་པོའི་ཆུས་གང་བར་བྱས་ཏེ། ལྷའི་གནས་ཀྱི་དྲིའི་ཐིག་ལེ་རྣམས་ཀྱི་གནས་སུ་བཞུགས་པར་བྱའོ། །ལས་ཐམས་ཅད་པ་ནི་བདག་ཉིད་ཀྱི་གཡས་དང་ཉེ་བར་རོ། །དུང་ཆོས་སམ་ཉ་ཕྱིས་ལ་སོགས་པར་དྲི་ཞིམ་པོའི་ཆུ་བླུགས་ལ། རྡོ་རྗེ་ལ་ཚོན་སྐུད་བཏགས་ཏེ་རྣམ་རྒྱལ་བུམ་པའི་སྟེང་དུ་གཞག བུམ་པ་རྣམས་ཀྱི་ནང་དུ་བསྙེན་པའི་སྐབས་ལྟར་བསྐྱེད། ལས་ཐམས་ཅད་པའི་བུམ་པར་བགེགས་མཐར་བྱེད་དམ་དོན་གྲུབ་བསྐྱེད། མཆོད་པས་མཆོད། དེ་ནས་ཡི་གེ་བཅུ་པ་ཉིད་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་སོ། །དེ་ལྟར་ལྷ་དེ་རྣམས་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་རྒྱུན་གྱི་ངོ་བོ་ཉིད་དུ་བསམས་ཏེ། བུམ་པའི་སྟེང་གི་ཆུ་དེ་ཡང་བུམ་པ་ཐམས་ཅད་དུ་བགོས་ལ་དབུལ་ལོ། །དེ་ཡང་གཞུང་ལས། བུམ་པའི་ལྷ་རྣམས་རྫོགས་པར་བྱ། །ཞེས་བྱ་བ་རྐང་པ་གསུམ་གྱིས་བསྟན་ཏོ། །དེ་ནས་སློབ་མ་སྟ་གོན་དུ་གནས་པ་ནི། གཞུང་ལས། ཡོལ་བས་བཅད་དེ་བདག་ཉིད་ནང༌། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ཡང་སློབ་མ་རྣམས་ཁྲུས་བྱེད་དུ་བཅུག་ལ། གོས་དང་རྒྱན་བཟང་པོས་བརྒྱན་པ། རིམ་པས་བཀོད་ལ། དེ་ནས་སློབ་དཔོན་ཡོལ་བའི་ནང་ནས་ཕྱིར་བྱུང་བ་ལ་མཎྜལ་དབུལ། མེ་ཏོག་གི་ཕྲེང་བ་ལ་སོགས་པ་དབུལ། དེ་ནས་དགའ་ཆེན་ཁྱོད་བདག་ཅེས་བྱ་བ་ལ་སོགས་པ་ཆོ་ག་བཅུ་ཐམ་པས་མ་ཚང་བ་མེད་པར་སློབ་མ་བྱིན་གྱིས་བརླབ་སྟེ། ཆོ་ག་རྣམ་པར་གཞག་པ་དང༌། སྔ་ཕྱིའི་གོ་རིམ་གཞན་དང་མི་མཐུན། དཀྱིལ་འཁོར་གྱི་ཆོ་ག་གནང་བ་རྣམས་ནི་ཐེ་ཚོམ་མི་ཟ་བར་བྱ་སྟེ། འདི་ནི་གཞུང་གི་ཆོ་ག་ཡིན་པས་སོ། །འདི་ནི་གཞུང་ནས་གསལ་བས་འདིར་མ་བཀོད་དོ། །དེ་ནས་སློབ་མའི་ཚོགས་རྣམས་ལ་ཉལ་སྟངས་དང་རྨི་ལམ་བསྒོ་བར་བྱ་སྟེ་གནས་དབེན་པར་གཏང་ངོ༌། །དེ་ཡང་དེ་ནས་བླ་མས་སྟ་གོན་གྱི་ལྷ་དང་བུམ་པ་རྣམས་ལ་ཅི་འབྱོར་པས་མཆོད། རང་གི་ཆོ་ག་མ་ཚང་བ་དང་ལྷག་པ་རྣམས་བཟོད་པར་གསོལ་ལ། སྟ་གོན་གྱི་ལྷ་རྣམས་ནམ་མཁའ་ལ་གདེག་གོ །དེ་ནས་བདག་དང་སློབ་མ་བསྲུང་བའི་ཕྱིར་ཡི་གེ་བཅུ་པ་ཅུང་ཞིག་བཟླས་པ་བྱ། དེ་ཙམ་གྱིས་ནི་སྟ་གོན་གྱི་ཆོ་གའོ། །ཉིན་ཞག་གསུམ་པ་དཀྱིལ་འཁོར་ཞག་ལ་རྡོ་རྗེ་སློབ་དཔོན་བདག་ཉིད་ཐོ་རངས་ལངས་ལ། ལྷའི་ང་རྒྱལ་གསལ་བཏབ་སྟེ། མིག་གཉིས་བྱིན་གྱིས་བརླབས་ལ་མིག་གིས་སྟེང་དུ་བལྟ་ཞིང་ངག་ཏུ་བཛྲོ་ཏིཥྛ་ཞེས་ཀྱང་བརྗོད་ལ། སྟ་གོན་གྱི་ལྷ་ནམ་མཁའ་ལ་གདེག་གོ །སྲོད་ཀྱི་དུས་སུ་བཏེག་ན་ཐོ་རངས་གདེག་མི་དགོས་སོ། །དེ་ནས་མེ་ཏོག་དང་མཆོད་པ་རྙིང་པ་ལ་སོགས་པ་ཐམས་ཅད་བསལ། དཀྱིལ་འཁོར་གྱི་སར་སྐྱང་ནུལ་ལེགས་པར་བྱས་ལ། དེ་ནས་ཡང་མཆོད་པ་གསར་པ་ཅི་འབྱོར་པ་ཅིག་བཤམས་ལ་ཚོན་སྣ་ལྔའི་སྐུད་པ་དབུས་སུ་སྔོན་པོ་བཞག་ལ། གཞན་རྣམས་ཕྱོགས་རིམ་གྱིས་དྲི་ཞིམ་པོས་བྱུགས་པའི་སྣོད་དུ་བཞག་སྟེ། ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བའི་ཡིག་འབྲུ་རྣམས་ཚོན་སྐུད་ཀྱི་སྟེང་དུ་རིམ་པ་བཞིན་བསམས་ལ། དེ་དག་ལ་དེ་བཞིན་གཤེགས་པ་རྣམས་བསྐྱེད་ལ། མཆོད་པས་མཆོད་པ་ཙམ་གྱིས་རིགས་ལྔ་འོད་དུ་ཞུ་སྟེ་སྐུད་པ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་བདག་ཉིད་དོན་ཡོད་གྲུབ་པའམ། སྒྲོལ་མའི་ང་རྒྱལ་དང་ལྡན་པས། སློབ་མ་བགེགས་མཐར་བྱེད་ཀྱི་ང་རྒྱལ་དང་ལྡན་པའི་ལག་ཏུ་ཚོན་སྐུད་སྔོན་པོ་ནས་བཟུང་སྟེ་ལྗང་གུའི་བར་དུ་ཛཿགསུམ་བརྗོད་ཅིང་གཏད། སློབ་མས་ཡིག་འབྲུ་ལྔ་བརྗོད་ཅིང་བླང༌། དེ་ནས་གཉི་གས་ཡིག་འབྲུ་ལྔ་བརྗོད་ཅིང་བསྒྲིལ་ལོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐིག་སྐུད་བསྒྲིལ་བའི་སྒྲས་བསྐུལ་ནས། སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བྱོན་པར་བསམས་ལ། ཡེ་ཤེས་ཀྱི་ཐིག་ཆེན་པོ་བརྒྱད་ནམ་མཁའ་ལ་གདབ་བོ། །དེས་སའི་ཆ་དེ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ལས་ཐིག་གིས་སའི་ཆ་རྣམ་པར་བགོ་བར་བྱ་སྟེ། སྐབས་འདིར་ནི་གཞུང་ལས་གསལ་པོར་མ་གསུངས་ཀྱང༌། གྲུ་བཞི་སྒོ་བཞི་ལ་སོགས་གདབ་བོ། །ནང་གི་དཀྱིལ་འཁོར་དུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་སྟེ་དགུ། དེའི་ཕྱི་རོལ་དུ་ལྷ་སྣམ་སྟེ་འཕར་མ་གཉིས་སུ་གདབ། ཕོ་བྲང་གི་ཕྱི་རོལ་དུ་འདོད་ཡོན་དང༌། ཕ་གུ་དང༌། དྲྭ་ཕྱེད་དང༌། མདའ་ཡབ་དང༌། རྟ་བབས་རྣམས་ཀྱི་ཆར་ཐིག་གདབ་སྟེ། འདི་ནི་ཚོན་དགྱེ་བའི་སྐབས་ཉིད་ལས་ཁོང་དུ་ཆུད་པར་ནུས་སོ། །ཚོན་བྱིན་གྱིས་བརླབ་པ་ནི་ཡེ་ཤེས་ཀྱི་སྐུད་པ་བཞིན་དུ་བྱིན་གྱིས་བརླབ་བོ། །དེ་ནས་ཚོན་ཇི་ལྟར་དགྱེ་བ་ནི། མཚན་མ་དགོད་པ། དེར་བུམ་པ་དབུལ་ཞིང་དཀྱིལ་འཁོར་གྱི་རྒྱན་དང༌། མཆོད་པ་དང་གཏོར་མ་བཤམ་པ་རྣམས་ནི་གཞུང་ཉིད་དུ་གསལ་བས་འདིར་མ་བཀོད་དོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་སྒྲུབ་པ་ནི། དང་པོར་བདག་ཉིད་འབྱུང་བ་རིམ་བརྩེགས། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང༌། དབུས་སུ་སྣ་ཚོགས་པདྨ། ཕྱིའི་སྲུང་བའི་འཁོར་ལོ་དང་བཅས་པ། བདག་དང་མདུན་གྱི་ཅིག་ཅར་དུ་བསྐྱེད་པས་ཆོག དེ་ནས་བདག་ཉིད་དོན་ཡོད་གྲུབ་པའམ། སྒྲོལ་མའི་ང་རྒྱལ་དུ་གསལ་བཏབ་ལ། ཕྱོགས་བཞིའི་སྒོ་ཕྱེ་བར་བསམས་ལ་སྔགས་ཀྱང་བརྗོད་དོ། །དེ་ནས་དེར་མདུན་གྱི་ལྷ་རྣམས་བསྐྱེད་དེ། དེའི་ཆོ་ག་ནི་ལྷ་སྟ་གོན་གྱི་སྐབས་བཞིན། དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག་གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་ཞིང་རྒྱས་གདབ་སྟེ། ཡན་ལག་བཞི་རྫོགས་པར་བྱ་སྟེ། དེའང་སྒྲུབ་ཐབས་ལས་གསུངས་པ། བསྐྱེད་པའི་རིམ་པ་རྫོགས་བྱས་ནས། །ཞེས་གསུངས་པས་ཤེས་སོ། །མཆོད་པ་བྱིན་གྱིས་བརླབ་པ་ནི་སྐབས་འདིར་བྱ་བའམ། བདག་བསྐྱེད་ཀྱི་སྐབས་སུ་བྱའོ། །དེ་ཡང་མཆོད་པ་ཅི་འབྱོར་པས་མཆོད་དེ། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང༌། ན་བཟའི་མཆོད་པ་དང༌། བདུད་རྩི་བྱིན་གྱིས་བརླབས་པའི་མཆོད་པ་དང༌། འདོད་ཡོན་ལྔའི་མཆོད་པ་རྣམས་ཀྱིས་མཆོད་ལ། དེ་ནས་བསྟོད་པ་ཉི་ཤུ་རྩ་གཅིག་གིས་བསྟོད་དོ། །དེ་ནས་གཏོར་མ་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་རྡོ་རྗེ་སློབ་དཔོན་དང༌། སློབ་མ་བསྲུང་བ་དང༌། དཀྱིལ་འཁོར་གྱི་ལས་ཀྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་ཆོ་གའི་བྱ་བ་ལ་བར་ཆད་མེད་པར་སྲུངས་ཤིག་ཅེས་བསྒོ་ལ་གཏོར་མ་གཤེགས་སུ་གསོལ་ལོ། །དེ་ནས་ནང་དུ་ཞུགས་ཏེ་དངོས་སམ་ཡིད་ཀྱིས་བསྐོར་བ་ལན་གསུམ་བྱ། དེ་ནས་བར་འདིར་སློབ་དཔོན་བདག་ཉིད་སློབ་མ་ཇི་ལྟར་འཇུག་པའི་ཆོ་གས་འཇུག་པར་བྱ་སྟེ། བུམ་པའི་དབང་ཙམ་མམ། དབང་བཞི་ཀ་རྫོགས་ཀྱི་བར་དུ་སློབ་མ་ལ་ཇི་ཙམ་བསྐུར་བ་བླང་བར་བྱའོ། །དེ་ནས་ཆོས་རྣམས་གཟུགས་བརྙན་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཚིག་ལན་གསུམ་གྱིས་བདེན་པའི་སྟོབས་བརྗོད་པར་བྱའོ། །དེ་ཙམ་གྱིས་ནི་སློབ་དཔོན་བདག་ཉིད་འཇུག་པའོ། །དེ་ནས་སྤྱོད་མཛེས་ཁྲུས་བྱས་ལ། །ཞེས་བྱ་བ་ལ་སོགས་པས་སློབ་མ་འཇུག་པ་བསྟན་ཏེ། དེ་ནས་འོག་ནས་འབྱུང་བའི་ཆོ་གའི་དོན་ཡང་དྲངས་ལ། དང་ལ་བླ་མ་ལ་མཎྜལ་དང་འཇུག་པའི་ཡོན་དབུལ། དེ་ནས་ཨོཾ་ཨ་ཁཾ་བཱི་ར་ཧཱུྃ་ཞེས་བརྗོད་ཅིང་གདོང་གཡོགས་བཅིང༌། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད། ལས་ཐམས་ཅད་པའི་བུམ་པ་ལག་ཏུ་བླངས་ལ། བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བགེགས་བསལ་ལོ། །དེ་ནས་སློབ་མ་དེ་དག་ཀྱང་བགེགས་མཐར་བྱེད་དམ། སྒྲོལ་མའི་ང་རྒྱལ་བྱེད་དུ་གཞུག དེ་ནས་གསང་བར་གཉེར་གཏད་པའི་ཚིག་བསྒྲགས་ཏེ། དམ་ལ་གཞག བདུད་རྩི་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ་བླུད་ཅིང་མནའ་བསྒགས་ཏེ་དམ་ལ་བཞག དེ་ནས་བླ་མས། སློབ་མའི་དྲུང་དུ་རྡོ་རྗེ་དྲིལ་བུ་ཁྱེར་ཏེ་ཕྱིན་ལ། ལག་པས་འཛིན་དུ་གཞུག་ལ། སློབ་མས་ཧ་ཧ་ཧེ་ཧེ་ཞེས་བརྗོད་དུ་བཅུག་ལ་ཡོལ་བའི་ནང་དུ་དྲངས་ལ། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ་སྒོ་ཁང་དེ་ཉིད་དུ་འདུག་པར་བསམ་དུ་གཞུག དེ་ཙམ་གྱིས་ནི་ཕྱིའི་འཇུག་པའི་ཆོ་གའོ། །དེ་ནས་ནང་འཇུག་ཡེ་ཤེས་དབབ་པར་བྱ་སྟེ། རྫས་དང་སྔགས་དང་ཏིང་ངེ་འཛིན་གྱིས་སོ། །དེ་ལ་རྫས་ནི་གུ་གུལ་གྱི་དུད་པས་སོ། །སྔགས་ནི་གཞུང་ཉིད་ན་གསལ་ལོ། །ཏིང་ངེ་འཛིན་ནི་སློབ་དཔོན་གྱི་ཐུགས་ཀ་ནས་ཨ་དམར་པོ་དཔག་ཏུ་མེད་པ་སྤྲོས་ཏེ། སློབ་མའི་སྙིང་གར་ཐིམ་པར་བསམས་པ་དང༌། སློབ་མའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་བསྒོམས་ལ། དེ་ནས་ཡང་ཕྱོགས་བཅུ་ནས་རྗེ་བཙུན་མ་སྒྲོལ་མའི་སྐུ་དཔག་ཏུ་མེད་པ་བྱོན་ཏེ་སྣ་ཚོགས་རྡོ་རྗེ་ལ་ཐིམ། དེ་ཉིད་འོད་དུ་ཞུ་སྟེ། སློབ་མའི་ཚངས་པའི་བུ་ག་ནས་ཞུགས་ཏེ་སྙིང་གར་ཐིམ་པར་བསམ་པ་དེ་སློབ་དཔོན་དང་སློབ་མ་གཉིས་ཀས་བྱའོ། །དྲིལ་བུའི་སྒྲ་ཅུང་ཟད་ཙམ་བྱ་འཕྲལ་དུ་ཡེ་ཤེས་དབབ་བོ། །འདི་ལ་བརྟན་པར་བྱ་མི་དགོས་གསུང༌། དེ་ནས་ཡེ་ཤེས་ཕབ་པ་དང་དམ་ཚིག་དབོག་སྟེ། བདག་གིས་ཡེ་ཤེས་ཕབ་པའི་ཆོ་ག་གཞན་ལ་མི་སྨྲ་བའི་ཆོ་ག་དང༌། བླ་མ་ལ་མི་བརྙས་པའི་དམ་ཚིག་གཉིས་དབོག་གོ །དེ་ནས་སྔར་གཏད་པའི་མེ་ཏོག་གི་ཕྲེང་བ་སྐབས་འདིར་འདོར་དུ་གཞུག སླར་བླ་མས་བླངས་ཏེ་མགོ་ལ་བཅིང༌། གདོང་གཡོགས་བཀྲོལ་ཏེ་མེ་ཏོག་ཕོག་པའི་ལྷ་དེ་ཉིད་དང༌། དཀྱིལ་འཁོར་གྱི་ལྷ་གཞན་དག་ཀྱང་མིང་བརྗོད་པ་སྔོན་དུ་འགྲོ་བས་བསྟན། དེ་ནས་དེ་ལྟ་བུའི་དཀྱིལ་འཁོར་ཐམས་ཅད། རང་གི་ཕུང་པོ་ལ་སོགས་པ་ལ་གནས་པ་ཡིན་ནོ། །ཞེས་ལུས་ལ་ལྷ་རྣམས་གནས་པར་ཡང་བསྟན་ཏེ། དེ་ཙམ་གྱིས་ནི་འཇུག་པའི་ཆོ་གའི་གོ་རིམ་བསྟན་ནོ། །དེ་ལྟར་སློབ་མ་འཇུག་པ་སྔོན་དུ་སོང་ནས་དབང་བསྐུར་བ་ལས། དེ་ཡང་བུམ་པའི་དབང་ངོ༌། །དེ་ལ་ཡང་སློབ་མའི་དབང་དང༌། སློབ་དཔོན་གྱི་ཁྱད་པར་གྱི་དབང་གཉིས་ལས། དང་པོ་བླ་མ་ལ་ཅི་འབྱོར་པའི་ཡོན་དང་མཎྜལ་ཕུལ་ལ། བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པས་གསོལ་བ་གདབ། དེ་ནས་སློབ་མ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན། ཇི་ལྟར་དུས་གསུམ་མགོན་པོ་རྣམས་བྱ་བ་ནས་བཟུང་སྟེ། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་ལན་གསུམ་གྱིས་སེམས་བསྐྱེད་ཅིང་སྡོམ་པ་འཛིན་དུ་གཞུག དེ་ནས་སློབ་མ་དབང་སྟེགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞག་ལ། དེ་ནས་ཆུ་ལ་སོགས་པ་རིག་པའི་དབང་ལྔ་སྦྱིན། དེ་ཡང་བླ་མ་དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས་ཆུ་བསྡུས་པའི་རྣམ་རྒྱལ་བུམ་པ། ཅོད་པན་སར་པ། རྡོ་རྗེ། དྲིལ་བུ། རྡོ་རྗེ་དྲིལ་བུ་གཉིས་ཀ་སྟེ། དབང་རྫས་ལྔ་མི་དམིགས་ཏེ་སྟོང་པ་ལས། ཧཱུྃ། ཨཱཾ། ཛྲཱིཾ། ཁཾ། ཨོཾ་རྣམས་ལས། རྡོ་རྗེ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ། འཁོར་ལོ་ལྔར་བསྐྱེད་ལ། དེ་ལ་ཡང་ས་བོན་སོ་སོས་མཚན་པ། དེ་དག་ལས་རིགས་ལྔ་སོ་སོར་བསྐྱེད་དེ། ས་བོན་དང་ཕྱག་མཚན་དང་སྐུ་རྫོགས་པ་ཆོ་ག་གསུམ་གྱིས་བསྐྱེད་པ་ཡིན་ནོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ལ་སོགས་པ་སོ་སོའི་དབང་རྫས་སུ་གྱུར་པར་བསམས་ཏེ་རྫས་བྱིན་གྱིས་བརླབ་བོ། །དེ་ནས་རང་སྔགས་བརྗོད་ཅིང་བུམ་པའི་ཆུས་བཀྲུ་བ་ནས་བཟུང་སྟེ། རྡོ་རྗེ་དྲིལ་བུ་མགོར་བཞག་པ་ནས། ལྷ་གང་ལ་ཕོག་པའི་མིང་ལ་དྲས་ཏེ་སྔགས་བརྗོད་པའི་མཐར་མིང་གདགས་སོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་ལྷའི་ང་རྒྱལ་འཛིན་དུ་གཞུག་གོ །དེ་ནས་མཆོད་པ་ལྔ་ལྔའི་མཆོད་པས་མཆོད་ནས། ཕུང་པོ་དང་ཉོན་མོངས་པའི་དྲི་མ་གང་དག་པ་དང༌། ཡེ་ཤེས་དང༌། དེ་བཞིན་གཤེགས་པ་གང་གི་ངོ་བོར་བྱིན་གྱིས་བརླབ་པ་ཡང་བསྟན་ཏེ། དེ་དག་ནི་རིག་པའི་དབང་ལྔ་བསྐུར་བའོ། །ཆོ་ག་འདིའི་གཞུང་གི་སྐབས་འདིར་བརྟུལ་ཞུགས་སྦྱིན་པར་མི་བཞེད། རིག་པའི་དབང་གི་མཐའ་རྟེན་གསུམ་དུ་བཞེད་དེ། གསང་སྔགས་ཡི་གེ་བཅུ་པའི་ལུང་སྦྱིན་ཞིང༌། རིག་སྔགས་གཏད་པ་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་སྦྱིན་པའོ། །དེ་ལ་དང་པོ་ནི། ཆོ་གའི་གོ་རིམ་ནི་འདི་ཡིན་ཏེ། སློབ་མས་མེ་ཏོག་གི་ཕྲེང་བ་ལག་ཏུ་བཟུང་སྟེ། ཡི་གེ་བཅུ་པ་ལན་གསུམ་དུ་བླ་མའི་རྗེས་སུ་བཟླས་པ་བྱས་ལ། དེ་ནས་བླ་མ་ལ་མེ་ཏོག་ཕུལ་ཏེ། བླ་མས་ཚིགས་སུ་བཅད་པ་དང་བཅས་པས། སློབ་མའི་མགོར་མེ་ཏོག་བཞག་ལ་བྱིན་རླབས་བསྒོ་བའོ། །སློབ་མས་ཀྱང་ཚུལ་བཞིན་དུ་བསྒྲུབ་པར་ཁས་བླང་ངོ༌། །དེ་ནས་རིག་སྔགས་གཏད་པའི་ཆོ་ག་དངོས་ནི། བླ་མས་དབུ་རྒྱན་དང༌། སྟོད་གཡོགས་ལ་སོགས་པ་རྒྱན་ཐམས་ཅད་ཀྱང་སྦྱིན་ནོ། །ཨོཾ་བཛྲ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་ཨོཾ་རཀྵ་ཞེས་བྱ་བ་ལ་སོགས་པས་སློབ་མ་དེ་བསྲུངས་ལ། བུ་ཁྱོད་ལ་རིག་སྔགས་འདི་རྗེས་སུ་གཏད་ཀྱི་ཁྱོད་ཀྱིས་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རིག་སྔགས་འདིའི་གཟི་བརྗིད་དང་བྱིན་རླབས་ཉམས་པར་མ་བྱེད་ཅིག་ཅེས་བསྒོ་ལ། དེ་ནས་གསང་མཚན་གྱིས་ལུང་བསྟན་ཅིང༌། བདུད་བཞི་ལས་རྒྱལ་བར་དབུགས་དབྱུང༌། དེ་དག་ནི་སློབ་མའི་དབང་ངོ༌། །དབང་དེ་དག་ཐོབ་པའི་སྟེང་དུ། ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་འདོད་ན། བླ་མ་ལ་མཎྜལ་དང་ཡོན་དབུལ། ཚིགས་སུ་བཅད་པ་གཅིག་གིས་གསོལ་བ་གདབ། དབང་སྟེགས་ཀྱི་སྟེང་དུ་རིན་པོ་ཆེའི་ཁྲི་བརྩིགས། དེར་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞག་ལ། ལས་ཐམས་ཅད་པའི་བུམ་པས་ཅུང་ཟད་བསང༌། སྔར་སློབ་མའི་དབང་དུས་བར་ཆོད་པ་ཡིན་ན། རིག་པའི་དབང་ལྔ་སྔ་མ་བཞིན་དུ་བསྐུར། འབྲེལ་པ་ཅན་དུ་ཡིན་ན་མི་དགོས། དེ་ནས་རྒྱུད་སྡེ་གཞན་དང་འདྲ་བར་དམ་ཚིག་གསུམ་སྦྱིན། དོན་ཡོད་གྲུབ་པའམ་སྒྲོལ་མའི་ང་རྒྱལ་འཛིན་དུ་གཞུག ཡང་ཆུ་རང་གི་དབང་བསྐུར། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐའ་རྟེན་དུ། གླེགས་བམ་བྱིན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་རྗེས་སུ་གནང་བ་སྦྱིན། དེ་ནས་ལྷ་མཆོད་པ་རྗེས་སུ་གནང་བའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་མ་དོན་གྲུབ་ཀྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་སྤྱི་གཙུག་ནས་བསྟིམ། དེ་ནས་བུམ་ཆུས་དབང་བསྐུར་ལ། རིགས་ལྔའི་དབུ་རྒྱན་བསམ། དེ་ནས་འདོད་ཡོན་ལྔས་བདག་ཉིད་ལ་མཆོད་པར་གནང་བ་སྦྱིན་ནོ། །དེ་ནས་ཞེན་པ་མེད་པའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པའི་རྗེས་སུ་གནང་བ་སྦྱིན་ཏེ། དེ་ཙམ་གྱིས་ནི་སློབ་དཔོན་གྱི་དབང་ངོ༌། །འདིས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ཤིང་དེར་བུམ་པའི་དབང་ཚུལ་བཞིན་ཐོབ་ནས་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་བསྲབས་ཏེ། ས་དང་པོ་ནས་བརྒྱད་པའི་བར་ཐོབ་པར་བྱས་ཤིང་ལས་དང་པོ་པའི་དུས་སུ་ནི་ངན་སོང་དུ་མི་ལྡོག་ལ། ས་དང་པོ་ནས་བརྒྱད་པའི་བར་ཡང་དབང་འདི་ཐོབ་ན་ཐེག་པ་འོག་མར་ཡང་མི་ལྡོག་ཅེས་ཕན་ཡོན་བཤད་དོ། །དབང་དང་པོའོ།།  །།དེ་ནས་གསང་བའི་དབང་ནི། བླ་མ་ལ་མཎྜལ་དང་ཡོན་དབུལ་ཞིང༌། དུས་སྔ་མ་ནས་ཡང་ནས་ཡང་དུ་གསང་དབང་ནོད་པར་ཞུ་བ་འབུལ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་རྗེས་ཉིད་ལ་ཡང་མཎྜལ་དང་ཡོན་དབུལ་ཏེ། ཚོགས་ཀྱི་ལོངས་སྤྱོད་དང་བཅས་པར་ལེགས་པར་བརྟགས་པའི་རིག་མ་ཡང་བླ་མ་ལ་དབུལ། དེ་ནས་གསོལ་བ་གདབ་པ་ནི། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ལན་གསུམ་དུ་གསོལ་བ་གདབ་པ་སྟེ། ཆོ་ག་དང་པོའོ།།  །།དེ་ནས་གསང་སྤྱོད་ཐབས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་རྟོག་པ་མེད་པར་གསང་བའི་དབང་ནོད་ནུས་སམ་ཞེས་ལན་གཅིག་གམ་གསུམ་གྱིས་དེ་སྟེ། ཆོ་ག་གཉིས་པའོ།།  །།དེ་ནས་ཡང་སློབ་དཔོན་ཁྱོད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་གསང་བའི་དབང་མྱུར་དུ་སྩོལ་ཅིག་ཅེས་སློབ་མས་གསོལ་བ་གདབ་པ་སྟེ། ཆོ་ག་གསུམ་པའོ།།  །།དེ་ནས་གསང་བའི་དབང་གི་རྫས་བསྒྲུབ་པར་བྱ་སྟེ། བླ་མ་དང༌། ཕྱག་རྒྱ་འདུ་ཤེས་སུམ་ལྡན་གྱི་བྱིན་གྱིས་བརླབས་ལ་སྙོམས་པར་ཞུགས་པ་ལས། ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྐད་ཅིག་ལ་བྱོན། སྤྱི་གཙུག་ཚངས་སྒོ་ནས་ཞུགས་ནས་འོད་དུ་ཞུ་བའི་བྱང་སེམས་ཡུམ་གྱི་མཁར་དབབ་བོ། །དེ་ནས་གཞན་ཡང་དབུས་སུ་ཞེས་བྱ་བ་ནས། ཕབ་ནས་མཚན་ལྡན་བླུགས་པར་བྱ། །ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཆོ་ག་བཞི་པའོ།།  །།དེ་ནས་སློབ་མའི་གདོང་གཡོགས་བཅིང་ཞིང་འོད་དཔག་ཏུ་མེད་པར་སྐད་ཅིག་གིས་བསམ། ཡུམ་གྱི་མཁའི་བྱང་ཆུབ་ཀྱི་སེམས་ལྕེ་ལ་བྱིན་ཏེ། དཔའ་བོ་རྣལ་འབྱོར་མ་ཀུན་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་བརྗོད་ཅིང༌། བྱང་ཆུབ་ཀྱི་སེམས་དེ་ཉ་ཕྱིས་ལ་སོགས་པར་བཞག་ལ་མཐེབ་སྲིན་གྱིས་སྦྱིན་པའམ། ཡང་ན་ལྕེ་ཉིད་ཀྱིས་བླང་བར་བྱའོ། །རྫས་སྦྱིན་པ་སྟེ་ཆོ་ག་ལྔ་པའོ།།  །།དེ་ནས་གསང་དབང་མཆོག་ནོད་ཅིང་ཐོབ་པར་བསྟན་པ་ནི། སློབ་མས་ཨ་ཧོ་སུ་ཁ་ཞེས་བརྗོད་དོ། །ཡང་བླ་མ་ལ་གསོལ་བ་བཏབ་ལ། གཟུང་འཛིན་གྱི་རྣམ་པར་རྟོག་པ་རགས་རིམ་ཐམས་ཅད་དག རླུང་བཅུ་ལ་ཡང་དབང་ཐོབ་ལ། ས་བཅུ་པ་དང་བཅུ་གཅིག་པ་ཐོབ་པའི་བག་ཆགས་ཡང་བཞག་གོ་ཞེས་ཕན་ཡོན་བསྟན་ཏེ། ཆོ་ག་དྲུག་པའོ།།  །།དེ་ནས་སློབ་མས་བླ་མ་ལ་ཕྱག་བྱ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་ཡང་ཤེས་པར་བྱའོ། །གསང་བའི་དབང་ངོ༌།།  །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཡང་བླ་མ་ལ་མཎྜལ་སྔོན་དུ་འགྲོ་བའི་རྐྱེན་གྱིས་ཡོན་ཕུལ་ལ། སྔར་གསང་དབང་སྐབས་སུ་བརྗོད་པའི་ཚིགས་སུ་བཅད་པ་གཅིག་གིས་ལན་གསུམ་དུ་གསོལ་བ་གདབ་བོ། །སློབ་མའི་ཆོ་ག་བྱ་བ་དང་པོའོ།།  །།དེ་ནས་བླ་མས་སྔར་གསང་དབང་གི་རིག་མ་དེ་ཉིད་དྲི་ཞིམ་པོའི་ཆུས་ལེགས་པར་ཁྲུས་བྱས་ལ་བདུད་རྩི་ལྔས་བྱུགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། ལྷ་མོ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་རིག་མའི་ལག་པ་གཡོན་པ་སློབ་མའི་ལག་པ་གཡས་པར་གཏད་དེ། བླ་མའི་བྱ་བ་ཤེས་རབ་མ་གཏད་པའི་དབང་སྟེ། ཆོ་ག་གཉིས་པའོ།།  །།དེ་ནས་རིག་མ་དེས་སློབ་མ་ལ་དམ་ཚིག་དང་སྡོམ་པ་བསྲུང་ནུས་སམ་ཞེས་དྲི་ཞིང༌། སློབ་མས་ཀྱང་ལན་བྱ་བ་ཐབས་དང་ཤེས་རབ་སྟེ། ཆོ་ག་གསུམ་པའོ།།  །།དེ་ནས་བླ་མས་གཉིས་ཀ་ལ་འདུ་ཤེས་གསུམ་གསུམ་གྱི་བྱིན་གྱིས་བརླབ་པ་སོ་སོར་ཡང་བྱེད་དུ་གཞུག དེ་ནས་རླུང་སྦྱང་བ་སྔོན་དུ་སོང་བས། སྐད་ཅིག་གིས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཚངས་སྒོ་ནས་ཞུགས་ཏེ། དེ་ཉིད་འོད་དུ་ཞུ་ནས་རིམ་གྱིས་ཕབ་ཅིང་ཐབས་ཤེས་རབ་མ་ལ་འཁྱུད་པ་ལ་སོགས་པ་ལ་ཡུན་རིང་དུ་བདེ་བ་མྱོང་བར་བྱའོ། །དེ་ནས་ཡུམ་གྱི་རྩ་བཙལ་ཞིང་སྙོམས་འཇུག་གི་རྩ་དྲུད་པས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་ཅིང་ཐིག་ལེ་གནས་དམའ་མོར་ཕབ་ལ་སྥ་ར་ཎ་ཕཊ་ཅེས་ངག་ཏུ་བརྗོད་པས་ཡུམ་གྱི་མཁར་ཐིག་ལེ་འཕང་ངོ༌། །དེ་ནས་རྡོ་རྗེའི་ལྟེ་བར་སིད་ཅེས་བྱ་བའི་སྒྲ་གྲག་པར་བསམ་ཞིང་ཐིག་ལེ་ཐམས་ཅད་དྲང་ངོ༌། །དེ་དག་ནི་ཡུན་རིང་པོར་གོམས་པར་བྱ་ཞིང་ཐིག་ལེ་དང་བདེ་བ་ལ་དབང་ཐོབ་པར་བྱ་བ་གཅེས་ཏེ་ཡེ་ཤེས་བདེ་བ་ཆེན་པོའི་དབང་ངོ༌། །དེ་ཡང་གཞུང་ལས། ཐབས་དང་ཤེས་རབ་གཡས་དང་གཡོན། །ཞེས་བྱ་བ་ནས། གཉིས་མེད་ཡེ་ཤེས་གསལ་བར་འགྱུར། །ཞེས་བྱ་བའི་བར་གྱིས་བསྟན་ཏེ་ཉམས་མྱོང་སྐྱེད་པའི་ཆོ་ག་སྟེ་བཞི་པའོ།།  །།དེ་ནས་དབང་རྫས་དེ་དང་རྗེས་སུ་མཐུན་པའི་གནང་བ་བྱིན་ཏེ། ཤེས་རབ་མ་ཡི་རྐང་པ་གཡོན། །ཞེས་བྱ་བ་ནས། རྟག་ཏུ་རྨི་ལམ་བཞིན་དུ་བྱོས། །ཞེས་བྱ་བའི་བར་གྱིས་བསྟན་ཏེ་ཆོ་ག་ལྔ་པའོ།།  །།དེ་ནས་བླ་མ་དེས་འདི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། དེས་ཤེས་བྱའི་སྒྲིབ་པ་སྤང་ནུས་པ་དང༌། ས་བཅུ་གསུམ་པའི་སྐུ་གསུམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །ཞེས་ཕན་ཡོན་ཡང་བསྟན་ནོ། །ཆོ་གའི་ལུགས་གཅིག་གིས་སྐབས་འདིར་ལུང་བསྟན་པ་དང༌། ཁྱད་པར་གྱི་རྗེས་གནང་བྱ་བ་དང་ཚུལ་གཅིག་ཡིན་ནོ། །འདི་ནི་ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་ཆོ་ག་དྲུག་པའོ། །ཤེས་རབ་ཡེ་ཤེས་སོ།།  །།དེ་ནས་བཞི་པ་ནི། མཎྜལ་དང༌། ཡོན་དང༌། གསོལ་བ་གདབ་པ་ནི། གསུམ་པ་ལ་ལྟོས་པས་མི་དགོས་གསུང༌། བཞི་པ་དངོས་ནི་དབང་བདེ་བའི་རྒྱུན་བསྒོམ་པ་རླུང་དང་ཐིག་ལེ་གཟུང་བའི་མན་ངག་ཀྱང་བསྟན་ཅིང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང༌། གསུམ་པ་ཉམས་སུ་མྱོང་བ་དེ་ཉིད་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དེ་དང་ཡང་དབྱེར་མེད་པ་ཡིན་པས་ཁྱོད་ཀྱིས་རྟག་ཏུ་སྐྱོངས་ཤིག ཅེས་བྱ་བ་ནི་དབང་བཞི་པའོ།།  །།དེ་ཡང་བཞི་པ་དེ་ཉིད་ཀྱི་དབང་བླ་མའི་ཞལ་ལས་ཤེས་པར་འགྱུར་ཞེས་བྱ་བས་བསྟན་ཏེ། ཆོ་ག་དང་པོའོ།།  །།དེ་ནས་རྗེས་ཀྱི་བྱ་བ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པ་དང༌། ལས་ཀྱི་ལྷག་ཆད་ཁ་བསྐང་ཕྱིར་ཡི་གེ་བརྒྱ་པ་བརྗོད་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཚོགས་ཀྱིས་མཉེས་པར་བྱ་བ་དང༌། ཕྱོགས་སྐྱོང་རྣམས་གཏོར་མས་ཚིམ་པར་བྱས་ལ། བླ་མའི་ཞབས་ལ་ཕྱག་འཚལ་བ་ལ་སོགས་བསྟན་ཏེ། ཆོ་ག་གཉིས་པའོ།།  །།འདི་ཡང་གཞུང་ལས། རྗེས་ཀྱི་བྱ་བའི་ཆོ་ག་ནི། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ནས་བླ་མས་དབང་བཞི་པ་འདིས་དྲི་མ་གང་དག་པ་དང༌། འབྲས་བུ་གང་ཐོབ་པ་དབང་གསུམ་པ་དང་འདྲའོ། །ཞེས་བསྟན་ཅིང༌། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱལ་བས་དགོངས་ཏེ་གསུངས་པའི་དམ་ཚིག་བཞི་ཡང་ཐུན་མོང་དུ་བསྟན་ཏེ་ཆོ་ག་གསུམ་པའོ།།  །།དེ་ནས་གཞན་དུ་གསུངས་པའི་དམ་ཚིག་རྣམས་ལ་བསླབ་པར་བྱ་ཞེས་པས་བསྟན་ཏོ། །དེ་ནས་སྔར་གྱི་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། རྡུལ་ཚོན་སྔ་མ་རྣམས་བསྡུས་ལ་མཆོད་པ་བྱས་ལ། ལས་ཀྱི་ཐིག་རྗེས་མི་མངོན་པར་བྱའོ། །དེ་ནས་དམན་པ་ཆུ་བོར་གཤེགས་སུ་གསོལ་ཏེ། ཆོ་ག་བཞི་པའོ།།  །།འདི་ནི་བླ་མའི་ཞལ་ལས་ཤེས་པར་བྱ་བ་ཡིན་པས། གཞུང་ལས་ནི་གྲུབ་པ་མེད་དོ། །དབང་གི་ཆོ་ག་ཐོ་ཙམ་ཕྱོགས་གཅིག་ཏུ་བསྡེབས་ཏེ་བསྟན་པ། དབང་གི་མངོན་རྟོགས་འདི་ས་སྐྱ་པ་ཆེན་པོས་མཛད་དོ། །དགུ་པ་དབང་བསྐུར་བའི་མན་ངག་གོ །སྒྲུབ་ཐབས་རྣམས་ཀྱི་ཡིག་སྣ། ལས་ཚོགས་རྣམས་ཀྱི་ཡིག་སྣ། ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་ཆོ་ག དབང་གི་མངོན་རྟོགས་དང༌། སྤྱིར་ཆོས་ཚན་པ་ལྔ་མཆིས། རྗེ་བཙུན་ས་སྐྱ་པའི་ཞལ་གདམས། བཤེས་གཉེན་གྱིས་ཡི་གེར་བཀོད་པ། ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*