༼ཉ༽
༄༅། །སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས་བཞུགས།།
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ས་སྐྱའི་དགོན་པ་ནས། རིགས་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཆིམས་ཇོ་སྲས་ཆོས་ཀྱི་སེང་གེའི་ཕྱག་ཏུ་སྤྲིང་བ། རྗེ་བཙུན་སྒྲོལ་མ་ཞི་མ་འམ་ཁྲོ་མོ་གང་རུང་ཡན་ལག་བཞི་ཡོངས་སུ་རྫོགས་པར་བསྒོམས་པའི་རྗེས་ལ། ཡང་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས། ཡིད་མཆོད་ཅི་འབྱོར་པ་ཙམ་གྱིས་མཆོད། མོས་གུས་དྲག་པོ་བྱས་ཏེ་སྤྱི་བོ་ནས་མར་བསྟིམ། དེས་རྐྱེན་བྱས་ནས་བདག་གི་གནས་ཀྱི་ལྷ་རྣམས་གསལ་གདབ་པར་བྱ་སྟེ། སྤྱི་བོ་པུལླཱི་ར་མཱ་ལ་ཡར་མྱུར་ཞིང་དཔའ་མོ་གསལ་གདབ། དེ་བཞིན་དུ་སྤྱི་གཙུག་ཛཱ་ལནྡྷ་རར་སྟོན་ཀའི་ཟླ་བ་ལྟར་དཀར་བ། རྣ་བ་གཡས་ཨཽ་རྒྱན་དུ་གསེར་གྱི་མདོག་ཅན་མ། ལྟག་པ་ཨརྦུ་ཏར་གཙུག་ཏོར་རྣམ་པར་རྒྱལ་མ། རྣ་བ་གཡོན་གོ་དཱ་ཝ་རཱིར་ཧཱུྃ་གི་སྒྲ་སྒྲོགས་མ། སྨིན་མའི་དབུས་རཱ་མེ་ཤྭ་རཱིར་སྐུའི་སྒྲོལ་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པ། མིག་གཉིས་དེ་ཝཱི་ཀོ་ཊར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ། དཔུང་པ་གཉིས་མཱ་ལ་ཝར་གཞན་འཇོམས་མ། མཆན་ཁུང་ཀཱ་མ་རཱུ་པར་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་མ། ནུ་མ་ཨོ་ཏྲེར་འཁོར་ལོས་སྒྱུར་བ་འདོད་པ་རབ་ཏུ་སྦྱིན་མ། ལྟེ་བ་ཏྲི་ཤ་ཀུ་ནེར་མྱ་ངན་ཐམས་ཅད་སེལ་བར་བྱེད་མ། སྣ་རྩེ་ཀོས་ལར་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་སེལ་མ། ཁ་ཀ་ལིངྒཱར་བཀྲ་ཤིས་ཐམས་ཅད་སྦྱིན་མ། མགྲིན་པ་ལཾ་པཱ་ཀཱར་གསུང་གི་སྒྲོལ་མ་དམར་མོ་པདྨ་དང་དྲིལ་བུ་འཛིན་པ། སྙིང་ཀཱཉྩིར་ཐུགས་ཀྱི་སྒྲོལ་མ་སྐུ་མདོག་ནག་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། འདོམ་པར་ཧི་མཱ་ལ་ཡར་ཡོངས་སུ་སྨིན་བྱེད་མ། རྟགས་ཀྱི་རྩེ་མོ་པྲེ་ཏ་པུ་རིར་འགུགས་པའི་ཁྲོ་མོ། བཤང་ལམ་གྲ་ཧ་དེ་ཝར་ཞི་བ་ཆེན་མོ། བརླ་གཉིས་སཽ་རཱཥྚར་ཆགས་པ་འཇོམས་མ། བྱིན་པ་གཉིས་སུ་ཝརྞ་དྭཱི་པར་བདེ་བ་ཐམས་ཅད་སྒྲུབ་མ། སོར་མོ་བཅུ་དྲུག་ན་ག་རར་རྣམ་པར་རྒྱལ་མ་བཅུ་དྲུག་སྟེ་སྐད་ཅིག་གིས་གསལ་གདབ། གཞན་རྣམས་དྲན་པ་ཙམ་བྱ། བོལ་གཉིས་སིནྡྷུར་སྡུག་བསྔལ་ཐམས་ཅད་སྲེག་མ། རྐང་ལག་གི་མཐེ་བོང་བཞི་མ་རོར་དངོས་གྲུབ་ཐམས་ཅད་འབྱུང་མ། པུས་མོ་ཀུ་ལུནྟར་ཡོངས་སུ་རྫོགས་པར་བྱེད་མ་སྟེ་དེ་རྣམས་གསལ་བཏབ་ནས། དེ་ལྟར་ལྷ་མོ་ཉི་ཤུ་རྩ་གཅིག་གི་སྟེང་དུ་སྐུ་གསུང་ཐུགས་ཀྱི་ལྷ་མོ་རྣམས་ཀྱི་བསྣན་པས་ཉི་ཤུ་རྩ་བཞིའོ། །དེ་རྣམས་ལ་ཡུལ་ཉེར་བཞི། དེ་དག་ལ་ཡུལ་ཉི་ཤུ་རྩ་བཞི། སོར་མོ་སོ་སོར་ཕྱེ་ན་ལྔ་བཅུ་ཐམ་པར་འགྲོ། དེ་རྣམས་སུ་ལྷ་ལྔ་བཅུ་ཐམ་པ་བསྒོམ། དེའང་ཡུལ་མང་བ་རྣམས་ནི་ལྷ་རེ་རེ་གསལ་བཏབ་ལ། གཞན་རྣམས་ནི་དྲན་པ་ཙམ་བྱ། ཡང་ཡིད་ཀྱིས་ཡེ་ཤེས་པ་ཅིག་སྤྱན་དྲངས་ལ་བསྟིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར། རིགས་ཀྱི་བདག་པོའི་རྒྱས་གདབ་པ་དྲན་པ་ཙམ་བྱ། ཡིད་མཆོད་ཅི་འབྱོར་པས་མཆོད་ལ་བསྟོད་པ་འདོན་པ་དང༌། ཁྲོ་མོའམ་ཞི་བའི་སྔགས་བཟླ་བར་བྱའོ། །དེ་ལྟ་བུའི་བསྙེན་པ་རྫོགས་ནས་ལས་ཐམས་ཅད་འདི་ཁོ་ནས་འགྲུབ་བོ། །རྗེ་བཙུན་མ་ཐམས་ཅད་ཀྱི་སྤྱི་སྒྲུབ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་བསྟན་ཟིན་ཏོ། །དཔལ་ས་སྐྱ་ནས་ཐེག་པ་མཆོག་གི་རྣལ་འབྱོར་པ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། མཆིམས་ཇོ་སྲས་རིགས་གཟུགས་ཡོན་ཏན་ཕུན་སུམ་ཚོགས་པ་ཆོས་ཀྱི་སེང་གེ་ལ་སྤྲིང་བའོ། །ཧ་ལ་ས་ཏི་ཧི་ལ་སོགས་པ་དང༌། ཧོ་རི་ཧ་ཤ་ལ་སོགས་པ་དང༌། སོ་ཤད་ཀྱི་སློབ་མ་རྒན་པོ་རྣམས་ཀྱི་བརྗེད་བྱང་ལྟ་བུའི་ཟིན་རིས་མཆན་དུ་བཅུག་པ་ཡིན་པས། དེ་དག་ལ་དགོས་པ་མ་མཆིས། རབ་གནས་ཀྱི་ལྷ་མོའི་ས་བོན་ལགས། སྤྱིར་འདི་རྣམས་ཀྱི་ས་བོན་ལུགས་གསུམ་སྟེ། རང་རང་གི་ཡིག་སྣའམ། མཆན་བཞིན་བྱ་བའམ། ཡི་གེ་བཅུ་པ་ལན་གཉིས་ལྡབས་ནས་ཐ་མ་ཉི་ཤུ་རྩ་གཅིག་གི་ས་བོན་ཨོཾ་གྱིས་བྱེད། མདོར་ན་ཡི་གེ་ཉི་ཤུ་རྩ་གཅིག་གིས་བྱེད་དེ། དེ་ལྟར་ལུགས་གཉིས་ལས་ཕྱི་མ་འདི་གཙོ་བོ་ཡིན་ནོ། །སླད་མར་ད་དུང་དགོས་པ་བདོག་ན་ཡི་གེ་བྲིས་ཤིང་སྐུར་མཛོད། ཐུགས་དགོངས་ལེགས་པར་བསྐང་ལགས། གཞུང་གི་སྔགས་མཆན་མེད་པ་ཀུ་རུ་ཀུལླེ་ཧྲཱིཿ ཞེས་པ་ལ་སོགས་པ་ལྟ་བུ་གཟུངས་ཀྱི་ཚིག་ཅེས་བྱ་བ་ལས། བཤད་ན་མཐའ་ཡས་པར་འགྱུར་མོད། བོད་སྐད་ཐད་སོར་བསྒྱུར་དུ་མི་བཏུབ་ལགས། མཆན་མེད་པ་རྣམས་ཀྱི་ཐད་སོར་དེ་སྐད་གསུང་བར་ཞུ། སརྦཱརྠ་སིདྡྷི་བྷ་ཝནྟུ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply