སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ།

༼ཉ༽

༄༅། །སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ་ཞེས་བྱ་བ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཤེས་རབ་དངོས། །དཔལ་ལྡན་མ་དེར་ཕྱག་འཚལ་ལོ། །དེ་མཉེས་བྱ་བའི་ཆོ་ག་ནི། །ཤིན་ཏུ་གསལ་བར་བྲི་བར་བྱ། །བདེ་བ་ཅན་གྱི་འཇིག་རྟེན་དུ་མངོན་པར་རྫོགས་པ་སངས་རྒྱས་པ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སངས་རྒྱས་གཞན་གྱི་ཞིང་ཁམས་སུ་མཛད་པ་བསམ་གྱིས་མི་ཁྱབ་པ་ལས། མི་མཇེད་ཀྱི་འཇིག་རྟེན་འདིར་ཡང་སྐྱེས་པས་འདུལ་བ་ལ་སྤྱན་རས་གཟིགས། བུད་མེད་ཀྱིས་འདུལ་བ་ལ་རྗེ་བཙུན་མ་སྒྲོལ་མར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །དེ་ལ་འཛམ་བུའི་གླིང་གི་ལྷོ་ཕྱོགས་རི་བོ་གྲུ་འཛིན་ཞེས་བྱ་བའི་སྟེང་ན། ཨཱརྻ་ལོ་ཀེ་ཤྭ་ར་འཁོར་ལྷ་ལས་ལྷུས་ཆེ་བ་ལ་ཆོས་གསུངས་ལ། འོག་ན་ནི་རྗེ་བཙུན་མ་སྒྲོལ་མ་འཁོར་ཀླུ་དང་ལྷ་མ་ཡིན་ལས་ལྷུས་ཆེ་བ་ལ་ཆོས་གསུངས་ཏེ། སྤྲུལ་པའི་སྐུའི་གཙོ་བོ་གཉིས་དེ་ན་བཞུགས་སོ། །གཞན་ཡང་རི་དེ་ན་སངས་རྒྱས་ཀྱི་སྤྲུལ་པ་བོ་དྷི་སཏྭ་དུ་མས་གང་ནས་བཞུགས་སོ་ཞེས་འབྱུང་ངོ༌། །རི་དེར་སངས་རྒྱས་ཀྱིས་སྒྲོལ་མའི་རྒྱུད་ཀྱང་གསུངས་ཏེ། སྒྲོལ་མ་རྒྱ་མཚོའི་རྒྱུད་ཅེས་བྱ་བ་ཙམ་གྱིས་སེམས་ཅན་གྱི་དོན་བྱས་ནས། མ་འོངས་པའི་སེམས་ཅན་ལ་མཁོ་བར་མི་འགྱུར་བའི་ཕྱིར་རྒྱ་མཚོར་ནུབ་བོ། །དེའི་རྗེས་སུ་རྒྱ་མཚོའི་རྒྱུད་ཆུང་ཞིག་གསུངས་ནས་ཡང་དེ་བཞིན་དུ་ནུབ་བོ། །དེ་ནས་མ་འོངས་པའི་དོན་དུ་སྒྲོལ་མ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་དང༌། སྤྱན་རས་གཟིགས་ཀུ་རུ་ཀུལླེ་ཞེས་བྱ་བའི་རྟོག་པ་གསུངས་སོ། །དེ་ལ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲོལ་མའི་སྒྲུབ་ཐབས་མཛད་དེ། སེམས་ཅན་རྣམས་ལ་རྒྱ་ཆེར་བསྟན་ཏོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་སློབ་མ་བ་ལི་ཏ་པ་ལ། དེས་སངས་རྒྱས་ཡེ་ཤེས་ཞབས་ལ། དེས་མར་མེ་མཛད་བཟང་པོ་ལ། དེས་དཔལ་སྡེ་ལ། དེས་བི་མ་ལ་གུཔྟ་ལ། དེས་རིན་ཆེན་རྡོ་རྗེ་ལ། དེས་རཏྣ་ཀཱིརྟི་ལ། དེས་བནྡ་པ་ཆེན་པོ་ལ། དེས་གཉན་ལོ་ཙཱ་བ་ལ། དེས་གནམ་ཁའུ་པ་ལ། གཉན་དང༌། ཁའུ་པ་གཉིས་ཀ་ལ་ས་སྐྱ་པས་གསན་ནོ།།  ༄༅། །ན་མསྟཱ་རཱ་ཡཻ། རྗེ་བཙུན་མའི་མངོན་པར་རྟོགས་པ་ལ་དོན་དྲུག་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ཐུན་མཚམས་སུ་གཏོར་མ་གཏོང་བ་དང༌། སྲུང་འཁོར་དང༌། ཆོམ་རྐུན་བཅིང་བ་དང༌། མཚན་བརྒྱ་རྩ་བརྒྱད་པ་དང༌། གཟུངས་སྔགས་ཀྱི་ལུང་བླང་ཞིང་འདོན་པའི་ཆོ་གའོ། །དང་པོ་ནི་དབང་ཐོབ་པ་མིན་ན་འཇུག་པའི་སེམས་བསྐྱེད་བྱ་ཞིང༌། སྡོམ་པ་དང་ལྡན་པའི་གང་ཟག་གིས་གདོང་ལ་སོགས་པ་དག་པར་བྱས་ཏེ། བདེ་བའི་སྟན་ལ་འདུག་ལ། བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་དོན་དུ་རྗེ་བཙུན་མ་བསྒྲུབ་པར་བྱའོ་སྙམ་པའི་བསམ་པ་དང་ལྡན་པས་འདི་ལྟར་བསྒོམ་པར་བྱ་སྟེ། རང་གི་སྙིང་གར་པྃ་དང་ཨ་ལས་པདྨ་དང༌། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་བསམས་ལ། དེའི་འོད་ཀྱིས་རྗེ་བཙུན་མ་ལ་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ་ཡིད་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་སྔགས་དང་བཅས་པས་དབུལ། དེའི་སྤྱན་སྔར་གུར་ལས་བྱུང་བའི་ཡན་ལག་བདུན་པ་བྱ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་དོ། །དེ་ཡང་ཡན་ལག་བདུན་པ་ཇི་ལྟར་བྱ་སྙམ་ན། རྐང་པ་དང་པོ་གཉིས་ཀྱིས་རྟེན་གྱི་སྤྱན་སྔར་སྡིག་པ་བཤགས་པ་དང༌། རྐང་པ་གསུམ་པས་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང༌། རྐང་པ་བཞི་པས་དོན་དམ་བྱང་ཆུབ་ཀྱི་སེམས་བདག་མེད་པར་བསྒོམ་པ་དང༌། ལྔ་པ་དང༌། དྲུག་པས་སྐྱབས་སུ་འགྲོ་བ་དང༌། དེ་ནས་ཤློ་ཀ་གཅིག་གིས་སྨོན་པའི་བདག་ཉིད་ཀྱི་སེམས་བསྐྱེད་པ་དང༌། དེ་ནས་རྐང་པ་གཅིག་གིས་འཇུག་པའི་སེམས་བསྐྱེད་པ་དང༌། ཐ་མའི་རྐང་པ་གཅིག་གིས་བསྔོ་བ་སྟེ་བདུན་ནོ། །དེ་ནས་ཚད་མེད་པ་བཞི་བསྒོམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་ཡུན་རིང་དུ་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པར་གྱུར་ཅིག་སྙམ་པའི་བཏང་སྙོམས་བསྒོམ་སྟེ། དེ་དག་བསོད་ནམས་ཀྱི་ཚོགས་སོ། །དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་སྣང་བ་ཐམས་ཅད་མི་དམིགས་པའི་སྟོང་པར་བསྒོམ། དེ་ནས་སྟོང་པའི་ངང་ལས་ལྷའི་སྐུ་སྒྱུ་མ་ལྟ་བུར་ལངས་ལ་སེམས་ཅན་གྱི་དོན་བྱ་སྙམ་པ་དང༌། སྟོང་པའི་ངང་ལས་པྃ་དང་ཨ་ལས་པད་ཟླའི་སྟེང་དུ་ཏཱྃ་ལས་ཨུཏྤ་ལ་ཏཱྃ་གིས་མཚན་པ། དེ་ལས་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་བདག་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་བུ་མོ་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་ལུགས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དར་སྲབ་མོས་ནུ་མ་བཀབ་པ། དབུ་སྐྲ་ལི་བའི་གཡོན་ཕྱོགས་གྱེན་དུ་བརྫེས་པ། གཡས་ཕྱོགས་ན་མར་ཅུང་ཟད་འཕྱང་བ། གཡས་པ་མཆོག་སྦྱིན། གཡོན་ཐུགས་ཀར་ཨུཏྤ་ལའི་རྩ་བ་བཟུང་ནས་མེ་ཏོག་རྣ་བའི་ཐད་ཀར་སླེབ་པ། ཟླ་བའི་རྒྱབ་ཡོལ་ཅན་གྱི་སྐུར་བསྒོམ་པར་བྱའོ། །དེ་ནས་དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཏཱྃ་བསམས་ལ། དེའི་འོད་ཀྱིས་པོ་ཏ་ལ་ནས་རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱོད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་པར་བསམ་ཞིང་བུམ་པ་བདུད་རྩིའི་ཆུས་གང་བས་དབང་བསྐུར་ནས་ཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་དབང་བསྐུར་གྱི་ལྷ་དེ་རྣམས་རྗེ་བཙུན་མ་སྒྲོལ་མར་གྱུར་ནས། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་པས། དེ་རྣམས་བདག་གི་ལུས་ལ་ཐིམ་པར་བསམ་མོ། །དེ་ནས་ཨུཏྤ་ལའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་ཀྱི་སེན་མོ་བཀབ་སྟེ་སྲིན་ལག་གཉིས་ནང་དུ་བཅུག་པ་མཐེ་བོས་མནན་པ་ནི་ཨུཏྤ་ལ་ཁ་བྱེ་བ་སྟེ་འདིས་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག དཔུང་གོང་གཉིས་ཏེ་གནས་ལྔར་གཏུག་ཅིང་ཡི་གེ་བཅུ་པ་ཚར་རེ་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་སྔགས་བཟླས་ཏེ་སྙིང་གར་ཏཱྃ་ལ་ཡི་གེ་བཅུ་པ་ཁ་དོག་དཀར་པོ་མགོ་གྱེན་ལ་བསྟན་པས་བསྐོར་བར་བསམས་ལ། དེ་ལ་ཀློག་པའི་ཚུལ་དུ་དམིགས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་འབུམ་ཕྲག་གསུམ་བཟླའོ་ཞེས་གསུངས་ན། འབུམ་ཕྲག་བརྒྱད་ཅུའི་གྲངས་ཀྱི་བསྙེན་པ་རྫོགས་པ་ཡིན་ནོ། །ཐུན་མཚམས་སུ་གཏོར་མ་ལ་སོགས་པ་བྱ་སྟེ་འོག་ཏུ་བརྗོད་པར་བྱའོ། །གོང་དུ་བསྙེན་པ་སྟེ་དང་པོའོ། །གཉིས་པ་སྒྲུབ་པའི་བསྙེན་པ་རྫོགས་པའི་གང་ཟག་དེས། མཎྜལ་ལ་བརྟེན་ཏེ་དབང་དུ་བྱ་བར་འདོད་ན། གནས་དབེན་པར་ཟངས་ལ་སོགས་པའི་མཎྜལ་དམར་པོ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་ལ། པཱུ་ཛ་ལྔ་དང་གཏོར་མ་ལྔ་ཡང་དམར་པོར་བཤམས་ལ། སྔ་མ་བཞིན་དུ་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་པད་ཟླ་ལ་ཏཱྃ་ཡིག་དམར་པོ་ལས། ཨུཏྤ་ལ་དམར་པོ་ཏཱྃ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་དམར་མོ། གཡས་ལྕགས་ཀྱུ་གཡོན་ཨུཏྤ་ལ་འཛིན་པར་བསྒོམ་སྟེ། དེ་ལ་དབང་བསྐུར་བ་དང༌། ཡེ་ཤེས་པ་གཞུག་པ་དང༌། གནས་ལྔ་བྱིན་གྱིས་བརླབ་པ་སྔར་བཞིན་བྱས་ལ། དེ་ནས་རང་གི་སྙིང་གར་ཏཱྃ་ཡིག་དམར་པོ་ལས་རྗེ་བཙུན་མ་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས་ཏེ། རྒྱལ་པོ་ལ་སོགས་པ་གང་ལ་བྱ་བ་དེའི་སྙིང་གར་ལྕགས་ཀྱུས་ཕུག མགྲིན་པར་ཨུཏྤ་ལའི་ཞགས་པས་བཅིངས་ཏེ་མདུན་གྱི་མཎྜལ་གྱི་སྟེང་དུ་བདག་ལ་གུས་པའི་ཚུལ་གྱིས་འགུགས་པར་བསམ་མོ། །དེ་ནས་ཡང་སྙིང་གའི་ཏཱྃ་གི་འོད་དམར་པོ་དེས་ལུས་ལ་ཕོག་པས་དམར་ལམ་ལམ་སོང་བར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆེ་གེ་མོ་བྷ་སྭཱ་མ་ན་ཡེ་ཞེས་བཟླས་སོ། །ཐུན་འཇོག་ཀར་བསྒྲུབ་བྱ་བདག་ལ་བསྟིམ་ལ། གཏོར་མ་བཏང་ལ་ཇི་ལྟར་བདེ་བར་སྤྱད་དོ། །དེ་ཐུན་བཞིའི་ངེས་པས་ཞག་བཅོ་ལྔ་ན་འགྲུབ་པར་འགྱུར་རོ། །གཉིས་པ་སྒྲུབ་པའོ། །དེ་ནས་གསུམ་པ་ཐུན་མོང་དུ་གྱུར་པ་ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་ན། བདག་ཉིད་ལྷོ་ཕྱོགས་པོ་ཏ་ལར་ཁ་བལྟ་བ་དངོས་སམ། མ་གྲུབ་ན་མོས་པར་བྱས་ལ། རྡོ་རྗེ་སྐྱིལ་ཀྲུང་བྱ་བའམ་མོས་པ་བྱ་ཞིང་ཐལ་མོ་སྦྱར་ལ་གཏོར་མ་བདུད་རྩི་རྒྱ་དང་ཚད་མེད་པར་བྱིན་གྱིས་«་་་་་ཡི་གེ་གསུམ་གྱིས་གསུང་»བརླབ། པོ་ཏ་ལ་ནས་བདག་ལ་རྗེ་བཙུན་མའི་ཐུགས་རྗེས་དགོངས་པའི་ཚུལ་གྱིས་བཞུགས་པར་བསམ་ཞིང༌། དེའི་ལྗགས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང་སྔགས་འདི་སྐད་དུ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ་ཧེ་ཧེ་བྷ་ག་ཝ་ཏཱི་མ་ཧཱ་སཏྭ། སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མ་བྷི་ལཾ་བྷ། མ་བྷི་ལཾ་བྷ། ཨི་དཾ་བ་ལིཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ། སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་དབུལ། དེ་ནས་རྗེ་བཙུན་མས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། གཞན་ཡང་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་མཛད་དུ་གསོལ། ཞེས་པ་དང༌། སྲིད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དུ་གསོལ་ཞེས་པའི་མཐར། རང་འདོད་པའི་དོན་གཞན་ཡང་གསོལ་བ་གདབ་བོ། །གཏོར་མའི་ཆོ་གའོ། །བཞི་པ་སྲུང་བའི་འཁོར་ལོ་ནི། ཟླ་བ་ཡར་ངོའི་ཚེས་གྲངས་ཁ་ཡར་ལ། རས་སམ། གྲོ་གའམ། ཤིང་ཤུན་ལ་སྣག་ཚ། སྐྱེས་པ་བསྲུང་བ་ལ་གུར་གུམ། བུད་མེད་ལ་གི་ཝང་གིས་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་དུ་བཅས་པའི་ལྟེ་བར་ཨོཾ་དང་ཧཱའི་བར་དུ་ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་པ་བྲི། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པ་བརྒྱད་གཡས་སྐོར་དུ་བྲི། མུ་ཁྱུད་ལ་ཀཱ་ལི་གཡས་སྐོར། ཨཱ་ལི་གཡོན་སྐོར་དུ་བྲི། ཡང་ན་ནང་གི་མུ་ཁྱུད་ལ་ཨཱ་ལི་གཡོན་སྐོར་དུ་བྲི། ཕྱིའི་མུ་ཁྱུད་ལ་ཀཱ་ལི་གཡས་སྐོར་དུ་བྲིས་ནས། དེ་ནས་མཎྜལ་དང་པཱུ་ཛ་བཤམ། ཙཀྲ་ཟངས་གཞོང་ལ་སོགས་པར་བཞག་ལ། རང་རྗེ་བཙུན་མར་བསྒོམས་ལ། སྭ་བྷཱ་ཝས་སྟོང་པར་བསྒོམ། དེའི་ངང་ལས་ཏཱྃ་གྱུར་པ་ལས། སྔར་གྱི་ཙཀྲ་བྲིས་པ་བཞིན་བསམས་ལ། དེའི་ཡི་གེ་རྣམས་དང་སྙིང་གའི་ས་བོན་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་དེ་ལ་བསྟིམ་ལ་མཆོད་པ་འབྱོར་ཚད་དབུལ། རྗེ་བཙུན་མའི་གཏོར་མ་ཡང་བཏང་ངོ༌། །དེ་ནས་འཁོར་ལོ་དེ་དྲིལ་ལ་རང་ངམ་གཞན་གང་ཡིན་པའི་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་གང་རུང་གི་མགུལ་དུ་བཏགས་ན་སྲུང་བའི་མཆོག་གོ །ལྔ་པ་ཆོམ་རྐུན་བཅིང་བར་འདོད་ན། བདག་ཉིད་ཁ་པོ་ཏ་ལར་བལྟས་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། ལག་པ་ཐལ་མོ་སྙིང་གར་སྦྱར་ལ། རྗེ་བཙུན་མ་པོ་ཏ་ལའི་བྲག་གསེབ་ནས་བདག་ལ་ཐུགས་རྗེས་རྩེ་གཅིག་ཏུ་དགོངས་པར་བསམས་ལ་གུས་པར་བྱ། དེ་ནས་བདག་གི་དབུགས་ཕྱིར་རྒྱུ་བའི་དུས་སུ་སྣ་གཡོན་ནས་འོད་ཟེར་སོང་ནས། རྗེ་བཙུན་མའི་ཤངས་གཡས་པར་ཞུགས་ནས་གཡོན་ནས་འོད་བྱུང་ནས་བདག་ཇི་སྲིད་འགྲོ་དགོས་པའི་གནས་ནས་བསྐོར་ཏེ། རང་གི་གོས་ལ་སོགས་པ་ལ་འོད་ཀྱི་སྣ་གཏད་ལ་མདུད་པ་བྱ། དབུགས་བསྡམས་ལ་གོམ་པ་ཉེར་གཅིག་འགྲོ། །དེའི་བར་དུ་གཟུངས་སྔགས་འདོན། དེ་ལྟར་བྱས་ན་ཟླ་བ་གཅིག་གི་ལམ་དུ་འགྲོ་བ་ཡང་ཐུབ་ལ། ཉིན་མོར་བྱས་པ་མཚན་མོར་བསྡུ། མཚན་མོར་བྱས་པ་ཐོ་རངས་བསྡུའོ། །མ་བསྡུས་ན་དེ་གང་ན་གནས་པ་རྣམས་ལ་གནོད་པའི་ཕྱིར་རོ། །ཤིན་ཏུ་འཇིགས་པ་ཆེ་བའམ་རྐུན་པོ་ཡོད་དུ་དོགས་ན། བླ་མ་བ་རི་བའི་གདམས་པ་ནི། མུ་སྟེགས་གཅེར་བུ་སྔོ་ཀྲང་ངེ་བ། ཕྲག་པ་གཡས་པ་ལ་བེར་ཀ་བཀལ་བའི་མདུན་ཕྱོགས་སུ་རྔ་བཏགས། རྒྱབ་ཕྱོགས་སུ་རྔ་མ་བཏགས་པའི་གཡས་གཡོན་གཉིས་ན་རེ་རེ་འདུག་པར་བསམ་མོ། །དེ་ནས་གཅན་གཟན་གདུག་པ་ཅན་དང༌། ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཐུབ་པར་འགྱུར། ཆོམ་རྐུན་བཅིང་བ་བསྟན་ཏོ། །དྲུག་པ་མཚན་བརྒྱ་རྩ་བརྒྱད་པ་དང༌། གཟུངས་ཀྱི་ལུང་བླང་ཞིང་འདོན་པའི་ཆོ་ག་ལ་གཉིས། ལུང་དང༌། གདོན་པའོ། །དང་པོ་ལ་གཉིས། རྗེས་སུ་བཟླས་པའི་ལུང་དང༌། དམ་བཅའ་བའི་ལུང་ངོ༌། །དང་པོ་མཚན་བརྒྱ་རྩ་བརྒྱད་པའི་རྗེས་སུ་བཟླས་པའི་ལུང་ལེན་པར་འདོད་ན། གཏོར་མ་བཅས་ནས་སློབ་མས་ཕྱག་བྱས་ཏེ། མེ་ཏོག་ལག་ཏུ་བཟུང་བས་ཐལ་མོ་སྦྱར་ཏེ། སློབ་དཔོན་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པར་མོས་པ་བྱས་ལ། དེའི་གསུང་གིས་བདག་ལ་བྱིན་གྱིས་བརླབ་པར་བསམ་སྟེ། བླ་མའི་རྗེས་སུ་གཟུངས་སྔགས་དང་མཚན་བརྒྱ་རྩ་བརྒྱད་པ་ལན་གསུམ་བཟླས་སོ། །དེ་ནས་གཉིས་པ་དམ་བཅའ་བའི་ལུང་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་མའི་སྙིང་པོ་འདི་སྙེད་ཙམ་མམ། གཟུངས་སྔགས་འདི་སྙེད་ཅིག་ཅེས་སམ། མཚན་བརྒྱ་རྩ་བརྒྱད་པ་འདི་སྙེད་ཅིག་འདོན་པར་དམ་བཅའ་ལགས་སོ། །ཞེས་བླ་མའི་རྗེས་སུ་ལན་གསུམ་བཟླས་སོ། །དེ་ནས་མེ་ཏོག་བླ་མ་ལ་ཕུལ་ལ། བླ་མས་ཀྱང་སླར་སློབ་མའི་སྤྱི་བོར་བཞག་གོ །དེ་ཕྱིན་ཆད་བླ་མ་དང་བྱིན་རླབས་མཉམ་པོར་འབྱུང་གསུངས་སོ། །དེ་ནས་འདོན་པར་འདོད་ན་བདག་གི་དཔྲལ་བར་རྗེ་བཙུན་མའི་ཞབས་གཡས་པའི་མཐེ་བོས་རེག་ཅིང༌། སྤྱི་བོར་མཆོག་སྦྱིན་གྱི་ཕྱག་རྒྱས་རེག་པར་བསམས་ལ་གཟུངས་དང་བསྟོད་པ་འདོན་ནོ། །ཐོན་པ་དང་སྤྱི་བོ་ནས་མར་ཐིམ་པས་བྱིན་རླབས་ཞུགས་པར་བསམ་མོ། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཀྲྀ་ཏེ་སརྦ་དུཥྚ་པྲ་དུཥྚཱན། ཛཾ་བྷ་ཡ། སྟྭཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟྭམྦྷ་ནི་ཏཱ་རེ་སྭཱ་ཧཱ། གཟུངས་སྔགས་སོ། །མཚན་བརྒྱ་རྩ་བརྒྱད་པ་ནི་ལོགས་སུ་བརྗོད་པར་བྱའོ། །གཟུངས་སྔགས་ཀྱི་ལུང་བླངས་ཤིང་གདོན་པའི་ཆོ་ག་བསྟན་ཟིན་ཏོ། །ཀླུ་སྒྲུབ་ཡེ་ཤེས་ཞབས་ལས་འོངས་པ་ཡི། །སྒྲོལ་མའི་སྒྲུབ་ཐབས་དུག་ཆུ་སྦངས་པ་འདི། །ལེགས་པར་བཀོད་ལས་བྱུང་བའི་དགེ་བ་དེས། །འགྲོ་ཀུན་འོད་དཔག་མེད་པར་ཐོབ་པར་ཤོག །རྗེ་བཙུན་འཕགས་མ་སྒྲོལ་མའི་མངོན་པར་རྟོགས་པ་ཡན་ལག་དྲུག་དང་ལྡན་པ། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*