ག་རིང་རྒྱལ་པོ་ལ་རྩིས་བསྡུར་དུ་བཏང་བའི་ཡི་གེ་དང༌། ཡོན་སྦྱོང་བའི་གཟུངས།

༼ཉ༽

༄༅། །ག་རིང་རྒྱལ་པོ་ལ་རྩིས་བསྡུར་དུ་བཏང་བའི་ཡི་གེ་བཞུགས།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པའི་བརྒྱུད་པ་ནི། མིའི་དབང་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བ་བོད་ཀྱི་རྒྱལ་པོ་དེའི་མཆོད་གནས་སུ་གྱུར་ལ། མཁས་པ་ཆེན་པོ་བོ་དྷི་ས་ཏྭའི་སློབ་མར་གྱུར་ཅིང༌། ས་ཡི་བདག་པོ་ཉིད་ཀྱིས་རྒྱུན་དུ་མཆོད་པའི་སད་མི་མི་བདུན་ལས་གཞོན་པ་གསུམ་དུ་གྲགས་པའི་ནང་ནས། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང་ཚུལ་ཁྲིམས་དྲི་མ་མེད་ལ། མངོན་པར་ཤེས་པ་མངའ་ཞིང་རྫུ་འཕྲུལ་ཐོགས་པ་མེད་པ་དང་ལྡན་པ། འཁོན་ཀླུའི་དབང་པོའི་བསྲུང་བ་ཞེས་བྱའོ། །དེའི་གཅུང་རྡོ་རྗེ་རིན་ཆེན། དེའི་སྲས་ཤེས་རབ་ཡོན་ཏན། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེའི་སྲས་རྡོ་རྗེ་གཙུག་ཏོར། དེའི་གཅུང་དགེ་སྐྱབས། དེའི་སྲས་དག་མཐོང༌། དེའི་གཅུང་བལ་པོ། དེའི་སྲས་ཤཱཀྱ་བློ་གྲོས། དེའི་སྲས་ཤེས་རབ་ཚུལ་ཁྲིམས་སོ། །དེའི་གཅུང་དཀོན་མཆོག་རྒྱལ་པོ་ཤིང་ཕོ་ཁྱི་ལོ་པ། རེ་དགུ་པ་ཆུ་ཕོ་རྟའི་ལོའི་དབྱུ་གུའི་ཟླ་བའི་བཅུ་བཞི་ལ་འདས། དེའི་སྲས་བླ་ཆེན་ཆུ་ཕོ་སྤྲེའུ་རེ་བདུན་པ་ས་ཕོ་སྟག་གི་དབྱུ་གུའི་བཅུ་བཞི་ལ་འདས། དེའི་སྲས་དང་པོ་རྒྱ་གར་དུ་གཤེགས། དེའི་གཅུང་སློབ་དཔོན་རིན་པོ་ཆེ་ཆུ་ཕོ་ཁྱི་ཞེ་གཅིག་པ། ཆུ་ཕོ་སྟག་གི་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་སྐར་མ་དབྱུག་པ་ལ་འདས། དེའི་ཡང་ཕྱི་མོ་ལུག ཕྱི་མོ་གླང་མ་གཅིག་ཕག་རེ་དགུ་མ། མེ་ལུག་གིས་ནམ་མཐོངས་ཀྱི་ཉི་ཤུ་བརྒྱད་ལ་འདས། ཁོ་བོ་མེ་མོ་ཡོས་བུ་ལོ་པ་སྨལ་པོའི་ཚེས་བཅོ་བརྒྱད་ཀྱི་སྐར་མ་རྒྱལ་གྱི་ཉི་མ་དྲོས་པ་ལ་སྐྱེས་སྐད། ད་ལྟ་དྲུག་ཅུ་པ་ཡིན། ཁོ་བོའི་ནུ་བོ་ལྕག་ཕོ་རྟ་སྨིན་དྲུག་གི་ཉི་ཤུ་ལྔ། སྐར་མ་བྱ་མའི་ཉི་མ་དྲོས་པ་ལ་སྐྱེས། ན་ནིང་ལྔ་བཅུ་ང་བཞི་པ། ཆུ་ཕག་ལྡི་སོགས་ཀྱིས་ཉི་ཤུ་གཅིག་ལ་འདས། དེའི་བུད་མེད་ལོ་ཉི་ཤུ་རྩ་དྲུག་མེ་ལུག་གི་ལྡི་སོགས་ཀྱིས་ཚེས་གསུམ་ལ་འདས། ཁོ་བོའི་རྩིས་སྔར་བརྗོད་ཟིན་ཏོ།།  །།ཁོ་བོའི་ཚ་བོ་གཉིས་ཆེ་བ་ནི་ཆུ་ཕོ་སྟག་གི་ལོ་ཁྲ་ཟླ་བའི་ཉི་ཤུ་དྲུག་བྱ་གཞུག་གི་ཉི་མ་ཤར་ཙམ་ན་སྐྱེས། ཆུང་བ་ཤིང་འབྲུག་བྱ་སྤོའི་ཉི་མ་ཤར་ནས་བག་ཙམ་ཅིག་ན་སྐྱེས། འདི་གཉིས་ཀྱི་རྩིས་ཤིན་ཏུ་ཞིབ་པར་བྱ། ཆུང་བ་དེ་ཁྱིམ་བྱེད་ན་སྲིད་ཇི་ཙམ་འཛིན། བུད་མེད་གང་གི་ལོ་མ་བཟང༌། ཕ་མེས་སྟག་ལོ། མ་ཤིང་ཕོ་སྤྲེལ་ལོ་མ་ལ་བུ་མོ་ས་སྤྲེལ་མ། ད་ལྟ་ལོ་བཅུ་དགུ་ལོན་པ་ཅིག་ཡོད། དེ་ཁོ་ན་ཕྱོགས་ཀུན་ཏུ་ལེགས་པས། དེ་བསླང་བའི་དུས་དང་བཅོས་ཐབས་རྣམས་དགོས་སོ། །སྤྱིར་མི་བཞི་ལྔ་ཙམ་ལས་མ་བྱུང༌། ཕལ་ཆེར་རེ་རེ་གཉིས་གཉིས་ཙམ་ལས་མ་བྱུང་བས། སྔར་བཞིན་ཉུང་བ་རང་ལེགས་སམ། མང་བ་ལེགས་ན་ཐབས་ཅི་ལྟ་བུ་ཡོད། ལན་བསྐུར། ད་ལྟ་དེ་གཉིས་ཀྱི་སྲིང་མོ། མ་མི་གཅིག་པའི་བཙུན་མ་གཅིག་ནའི་ཡོད་པས་དེ་ཅི་འདྲ། སྤྱིར་ངེད་དཔོན་གཡོག་རྣམས་ལ་འདྲེ་གང་གནོད། གཞི་ལ་གནས་པའི་ཀླུ་རྣམས་མི་ཁྲོའམ། ལྟག་གི་ཀླུ་དང༌། དཀོན་ཁང་གི་ཀླུ་དང༌། ཕ་བོང་ནག་པོའི་ཀླུ་དང༌། དེ་རྣམས་མི་ཁྲོའམ། ཁྲོས་ན་ཇུག་བཅོས། སྤྱིར་གཙུག་ལག་ཁང་བཀྲ་ཤིས་ཤིང་ཆོས་བྱེད་པས་གང་བར་འོང་ངམ། ན་ནིང་དཀོན་མཆོག་གི་གཡག་ཤི་བ་ཅིས་ཉེས། སྦོད་གཏོང་གི་གནོད་པ་མེད་དམ། གྲྭ་པ་ལ་ཤི་ཆད་བྱུང་བ་དེ་ཅིས་ཉེས། འདྲེ་གང་ཡིན། ཆོས་སྐྱོང་རྙིང་པ་རྣམས་ལ་མཐུ་བག་ཙམ་ཞིག་འགྱང་བར་བྱུང་བ་དེའི་རྒྱུ་ཅི་ཡིན། ཆོས་སྐྱོང་གསར་པ་འདྲ་དེ་ལ་བརྟགས་ན་ཅི་འདྲ། གཡས་རུའི་འཁྲུག་པ་ཇུག་འོང༌། སང་ཕོད་འདིའི་ལོ་གཞུག་ལ་ཁོང་ཕ་སྤུན་གཉིས་གུང་ཐང་དུ་ཕྱིན་ན་ཉེས་པ་མེད་དམ། གལ་ཏེ་ཉེས་པ་ཡོད་ན་བཅོས་ཐབས་དགོས། ལྟག་ཏུ་ཀླུ་ཁང་ཅིག་དང་ང་རང་སྡོད་པའི་ཁང་པ་ཅིག་བྱས་ན་ཉེས་པ་མེད་དམ། ཡང་སྟག་རྡོག་ལྷ་ཁང་ལེགས་པར་བཟུང་ན་གནས་གཞི་ཆེ་ཞིང༌། དགེ་འདུན་མང་པོའི་གསོལ་བ་དང༌། བཀྲ་ཤིས་པར་འོང་ངམ། གནོད་བྱེད་ཡོད་ན་ཅི་འདྲའི་ཐབས་བྱ། བཅོས་ཐབས་ཅི་ཡོད། རུ་མཚམས་ཀྱི་ཆོས་སྐྱོང་གང་ཡིན། ཇི་ལྟར་མཆོད། བཟུང་ན་བཀྲ་ཤིས་པར་འོང་ངམ། མང་ཡུལ་ཚོང་དུས་ཀྱི་ལྷ་ཁང་གཉིས་ཁང་པ་དེར་བརྩིགས་ནས་གཅིག་ཏུ་བྱས་ན་བཟང་ངམ། ཡང་བླ་ཆེན་ཡན་ཆད་ཕ་མེས་དགུ་བརྒྱུད་ཀྱི་མཚན་ཐོས་ཚད་ལོ་གྲངས་དུ་ཐུབ། བསོད་ནམས་ཅི་ཙམ་བྱུང༌། ཁོ་བོའི་བློ་ལ་ཡོད་པ་དང་མཐུན་ན་ངོ་མཚར་ཆེའོ། །རྒྱལ་ཆེན་གྱིས་ཐམས་ཅད་ཤེས་པ་ཅིག་འདུག་ཟེར་བས་འདི་རྣམས་ནི་ཤིན་ཏུ་གལ་ཆེ། གཅིག་ཀྱང་མ་ལུས་པར་གྱིས་ལ་ལན་རྣམས་ཡི་གེ་ཞིབ་མོ་བསྐུར་བར་ཞུ། ཡང་ལྕགས་རི་ཞིག་བྱས་ན་ཇུག་འོང་ལྟོས། ཞེས་བྱ་བ་འདི་བླ་མ་རྗེ་བཙུན་པས། ག་རིང་རྒྱལ་པོ་ལ་རྩིས་བསྡུར་དུ་བཏང་བའི་གསུང་ཡིག་ཡིན། ཡི་གེ་འདིའི་ཁ་བྱང་ལ། རྩིས་ཀྱིས་ཟམ་པ་ལ་ཐོན་ནས་འགྲོ་ཁུ་ལེ་སྲིང་མོའི་འཕྲང་བྱ་བ་ན་སྟོན་པ་ལྷ་རྒོད་བྱ་བ་ཡོད་ཅེས་བྱ་བ་དྲིས་ནས་བསྐུར་སྐད་དོ།།

« ༄༅། །ཡོན་སྦྱོང་བའི་གཟུངས།

»ནམཿས་མནྟ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲི་ཡེ་ཀུ་མ་ར་དྷཱུ་ཏཱི་ཡ། བོ་དྷི་ས་ཏྭཱ་ཡ་མ་ཧཱ་ས་ཏྭཱ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏངྱ་ཐཱ། ཨོཾ་ནི་རཱ་ལམྦྷེ། ནི་རཱ་བྷཱ་སེ། ཛ་ཡེ། ཛ་ཡ་ལབྡྷེ། མ་ཧཱ་མ་ཏེ། དཀྵེ་དཀྵི་ཎི་མེ་པ་རི་ཤོ་དྷ་ཡ་སྭཱ་ཧཱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*