༼ཉ༽
༄༅། །སྒྲུབ་ཐབས་སྤྱིའི་རྣམ་གཞག་བཞུགས།།
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་འཁོར་བ་ལ་ཐོག་མ་མེད། ཉོན་མོངས་པ་ལ་ཐོག་མ་མེད། སེམས་ཅན་ལ་ཐོག་མ་མེད། སངས་རྒྱས་དང་དེས་གསུངས་པའི་ཆོས་ལ་ཐོག་མ་མེད་དེ། སེམས་ཅན་ཐོག་མ་མེད་པའི་དོན་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་ཐོག་མ་མེད་པ་དེ་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་སྐུ་གསུམ་གྱི་རྟེན་ནི་འཛམ་བུའི་གླིང་ན་ཡོད་དེ་ཆོས་སྐུའི་རྟེན་དཔལ་ལྡན་འབྲས་སྤུང་ཡིན་ཏེ། རྒྱལ་པོ་བྲེ་བོ་ཟས་ཀྱིས་བཅོམ་ལྡན་འདས་ཀྱི་ཡོན་བདག་བྱས་ཏེ། ཁྱིམ་པ་འདུལ་བ་ལ་དེར་བསྟན་ནས། དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་ནས་འདོད་པའི་ལྷ་གཉིས་བཏུལ། ཕྱག་ན་རྡོ་རྗེར་དབང་བསྐུར། བུམ་པའི་གཟུགས་ཅིག་ཡོད། དེ་ལ་འཇུས་ན་ཕྱག་རྒྱ་ཆེན་པོ་ཐོབ་བོ། །དེར་ཡང་གསང་སྔགས་གསུངས་སོ། །ལོངས་སྐུའི་རྟེན་ནི་ལྷོ་ནུབ་ན་ལངྐའི་སྒོ་ན་ས་པ་ཏ་ཀང་ཀ་ན་བྱ་བ་ཡོད་དོ། །སྤྲུལ་སྐུའི་རྟེན་ནི་རྡོ་རྗེ་གདན་ན་བྱང་ཆུབ་ཆེན་པོའི་སྐུ་ཡིན་ཏེ། བྱང་ཕྱོགས་སུ་བཅོས་མས་འདུལ་བ་ལ་དེ་ལྟར་བསྟན་ལ། དེའང་དང་པོ་དགའ་ལྡན་ནས་ལྷའི་བུ་དམ་པ་ཏོག་དཀར་པོས་གཟིགས་པས། རྒྱལ་པོ་དཔས་སྦྱིན་གྱི་རིགས་སུའང་མ་བཏུབ། རྒྱལ་པོ་སེར་སྐྱའི་རིགས་ཀྱང་གཏུམ་པ་དང༌། སྲོག་གཅོད་པས་མ་བཏུབ། ལི་ཙྪ་བྱིའི་རིགས་ཀྱང་ང་རྒྱལ་ཆེ་བས་མ་བཏུབ། འཁོར་གྱི་རྒྱལ་ཕྲན་བཅུ་དྲུག་ཏུ་ཡང་རིགས་དམའ་བས་མ་བཏུབ་ནས། རྒྱལ་པོ་ཤཱཀྱའི་རིགས་སུ་བྱས་ན་སེམས་ཅན་འདུལ་བར་གཟིགས་ནས། གླང་པོ་ཆེ་མཆེ་བ་དྲུག་པ་ཅིག་ཏུ་བྱས་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་བལྟམས་ནས་མཛད་པ་བཅུ་གཉིས་བསྟན་ནོ། །དེ་ལ་རྒྱལ་པོ་ཟས་གཙང་ནི་སྤྱན་རས་གཟིགས་ཡིན་ཏེ། ཐབས་སམ་སྙིང་རྗེའོ། །ཡུམ་ནི་འཇམ་དཔལ་ཏེ་ཤེས་རབ་བམ་སྟོང་པའོ། །དེ་གཉིས་ལས་བཅོམ་ལྡན་འདས་བྱུང་བ་ནི། དབྱེར་མེད་སྤྲུལ་པའི་སྐུའོ། །དེས་སེམས་ཅན་ཐོག་མ་མེད་པའི་དོན་དུ་ཆོས་ཐོག་མ་མེད་པ་གསུངས་པ་ཡང་བསྡུ་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས། དེ་ཡང་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང༌། དེ་བཞིན་དུ་ཞེ་སྡང་དང༌། གཏི་མུག་དང༌། དུག་གསུམ་ཆ་མཉམ་པ་ལ་སྤྱོད་པའི་གཉེན་པོར། བསླབ་པ་རིན་པོ་ཆེ་གསུམ་གསུངས་སོ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་བསྡུ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ན་རེ། མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས་པར་འདོད། ཕལ་ཆེན་པ་དང༌། མང་པོས་བཀུར་བ་པ་གསུང་རབ་ཡན་ལག་བཅུ་དྲུག་ཏུ་འདུས་པར་འདོད། གནས་བརྟན་པ་གསུང་རབ་ཡན་ལག་དགུ་རུ་འདུས་པར་འདོད་དོ། །འདོད་ལུགས་དེ་རྣམས་སོ་སོར་ཡོད་ཀྱང་དེ་ཐམས་ཅད་བསླབ་པ་རིན་པོ་ཆེ་གསུམ་དུ་འདུས་ཏེ། ལྷག་པ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །དེ་གསུམ་དང་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འབྲེལ་ཏེ། འདུལ་བ་དང་ཚུལ་ཁྲིམས་དང༌། མདོ་སྡེ་དང་ཏིང་ངེ་འཛིན། མངོན་པ་དང་ཤེས་རབ་ཏུ་འབྲེལ་ཏེ། དོན་ལ་ཆོས་ཐམས་ཅད་སྡེ་སྣོད་གསུམ་དང་བསླབ་པ་གསུམ་དུ་འདུས་སོ། །མདོ་སྡེ་བཅུ་གཉིས་པོ་དེ་སྡེ་སྣོད་གསུམ་དུ་བསྡུ་ལུགས་མི་མཐུན་པ་ཡང་ཤེས་པར་བྱའོ། །དེ་ལ་ཁ་ཅིག་ན་རེ། གསང་སྔགས་ནི་རིག་པ་འཛིན་པའི་སྡེ་སྣོད་སྔར་གྱི་གསུམ་ལས་མ་གཏོགས་པ་ལོགས་པར་འདོད་པ་དང༌། ཁ་ཅིག་མདོ་སྡེར་གཏོགས་པར་འདོད་པ་དང༌། ཁ་ཅིག་འདུལ་བར་གཏོགས་པར་འདོད་པ་དང༌། ཁ་ཅིག་མངོན་པར་གཏོགས་པར་འདོད་པའི་འདོད་པ་མི་མཐུན་པ་དུ་མ་ཡོད་ཀྱང༌། བླ་མ་ཁམས་པའི་ཞལ་ནས་སྔགས་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་མངོན་པར་བྱེད་པས་མངོན་པའི་སྡེ་སྣོད་དུ་གཏོགས་པར་བྱེད་དོ། །གསང་སྔགས་ལ་འདོད་པ་མི་མཐུན་པ་མང་བས། རྒྱུད་སྡེའི་གྲངས་མི་མཐུན་པ་བཞིར་བཞེད་དོ། །དེ་རང་ལ་ཡང་མི་མཐུན་པ་མང་ཡང༌། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་མེད་བཞིར་བཞེད་དོ། །དེ་ལ་རྒྱུད་སྡེའི་གོ་བའམ་དབྱེ་བ། དབང་པོ་རབ་འབྲིང་གི་སྒོ་ནས་དབྱེ་བ། མི་རིགས་ཀྱི་སྒོ་ནས་དང༌། འདོད་ཆགས་ཀྱི་ཚུལ་བཞིའི་སྒོ་ནས་དང༌། ལྷ་ཡེ་ཤེས་སེམས་དཔས་དངོས་གྲུབ་སྩོལ་ལུགས་ཀྱི་སྒོ་ནས་དང༌། ལུས་ངག་གི་སྤྱོད་པའི་སྒོ་ནས་དང༌། ཆོ་ག་ཟབ་མི་ཟབ་ཀྱི་སྒོ་ནས་དབྱེ་བ་དུ་མ་ཡོད་ཀྱང་ཆོ་ག་ཟབ་མི་ཟབ་ཀྱི་སྒོ་ནས་འཇོག་གོ །དེ་ལ་བྱ་བའི་རྒྱུད་ཀྱི་གོ་བ་ནི་ལུས་ངག་ཡིད་གསུམ་གྱི་བྱ་བ་སྟེན་པ་སྟེ། ལུས་ལྷ་སྐུར་བསྒོམ་པ་དང༌། ཕྱག་རྒྱ་འཆིང་བ་དང༌། ངག་བཟླས་པ་དང༌། བསྟོད་པ་དང༌། སེམས་སེམས་ཙམ་དུ་བསྒོམ་པའོ། །སྤྱོད་པའི་རྒྱུད་ནི་དེའི་སྟེང་དུ་ཡིད་ཀྱི་ལས་ཟབ་མོ་རྟོགས་པའི་ཐབས་ཤས་ཆེ་བའོ། །རྣལ་འབྱོར་གྱི་རྒྱུད་ནི་ལུས་ངག་ཡིད་ཀྱི་སྟེང་དུ་ཡིད་ཀྱི་ལས་ཟབ་མོ་རྟོགས་པ་ཤས་ཆེ་བའོ། །རྣལ་འབྱོར་བླ་མེད་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ལུས་ངག་ཡིད་ཀྱི་སྟེང་དུ་ཡིད་ཀྱི་ལས་ཟབ་མོ་རྟོགས་པ་ཤས་ཆེ་བའོ་གསུང་ངོ༌། །དེ་ལ་སྒྲུབ་ཐབས་འདི་རྣམས་གང་གང་གི་ཡིན་ན། བྱ་བའི་རྒྱུད་ཀྱི་སྒྲུབ་ཐབས་ཤས་ཆེ་ལ། དེ་ནས་སྤྱོད་པའི་རྒྱུད་ཀྱི། རྣལ་འབྱོར་གྱི་རྒྱུད་ཀྱི། རྣལ་འབྱོར་བླ་མེད་ཀྱི་ཡང་འདོད་དོ། །དེའང་སྟོད་ན་བྱ་བའི་རྒྱུད་ཀྱི་ཤས་ཆེ་གསུང༌། དེའང་རྒྱ་གར་ན་སྒྲུབ་ཐབས་དུ་མ་ཡོད་པ་ལས་དེ་ཕྱོགས་གཅིག་ཏུ་བསྡེབས་པ་གསུམ་ཡོད་པ་ལས། འདི་འབྲིང་པོ་ཡིན་ཡང་ཟེར། ཡང་ཆུང་ངུ་ཅིག་ཡིན་ཟེར་ཏེ། ཆེན་པོ་འདི་བས་མང་བ་ཅིག་མ་འགྱུར་བར་ཡོད་དེ་བླ་མ་ཁམས་པས་བསྒྱུར་བར་བྱས་པས་བོད་མ་དད་པའི་གཏམ་རྒྱུད་ཀྱང་གསུང་ངོ༌། །སྒྲུབ་ཐབས་འདི་ཐམས་ཅད་ཀྱི་འགྱུར་ཡང་བླ་མ་ཁམས་པ་དང༌། པཎྜི་ཏ་དོན་ཡོད་རྡོ་རྗེས་བསྒྱུར་རོ། །བཤད་པའི་བརྒྱུད་པ་ཡང་བླ་མ་ཁམས་པ་ཉིད་ཡིན་ཏེ། བླ་མ་ལ་བརྒྱུད་པ་གཉིས་ཡོད་དེ། བཻ་རོ་ཙ་ན་རཀྵི་ཏ་དང༌། དྷ་བྱང་ཆུབ་སེམས་དཔས་སོ། །དེ་གཉིས་དང་བཤད་སྲོལ་ཅུང་ཟད་མི་མཐུན་ཏེ། བཻ་རོ་ཙ་ན་ནི་སྒྲུབ་ཐབས་འདི་ཐམས་ཅད་གཞུང་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་ཏེ། ཡེ་ཤེས་པ་གཞུག་པ་མེད་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རིགས་བདག་བདུད་རྩི་མྱང་བ་ལ་སོགས་པ་ཡོད་པ་རྣམས་ཡོད་པ་བཞིན་མེད་པ་རྣམས་མེད་པ་བཞིན་ཉམས་སུ་ལེན་ནོ། །དྷ་ནི་ལུགས་གཉིས་སུ་མཛད་དེ། སྤྲོས་པ་ལ་དགའ་བ་རྒྱས་པར་མོས་པ་རྣམས་ལ་ཉམས་ལེན་རྒྱས་པར་གསུངས་པ་བཞིན་བསྡུས་པ་ལའང་བྱས་ལ། རྒྱས་པ་ལ་མི་མོས་པ་རྣམས་ལ་བསྡུས་པ་བཞིན་བཻ་རོ་ཙ་ན་དང་མཐུན་ནོ། །ཡང་བླ་མ་ཁམས་པ་ལ་སྒྲུབ་ཐབས་རྒྱས་བསྡུས་གཉིས་ཉམས་སུ་ལེན་པ་ལ་ཐབས་ཟབ་མི་ཟབ་བམ་ལམ་ཉེ་རིང་ངམ། འབྲས་བུ་ཐོབ་པ་ལ་ཉེ་རིང་ཡོད་དམ་མེད་ཞུས་པས། ཆོ་ག་རྒྱས་བསྡུས་འདུག་ཀྱང་འབྲས་བུ་འབྱིན་པ་ལ་ཐབས་ཆེ་ཆུང་མེད་དེ། ཆོ་ག་རྒྱས་པ་ཐབས་ཆེ། བསྡུས་པ་ཆུང་ན་རྒྱས་པ་ཁོ་ན་ཉམས་སུ་བླངས་ལ་འབྲས་བུ་མྱུར་དུ་འབྱུང་སྟེ། ཐབས་ཆེ་ཆུང་སོགས་མེད་དོ། །འོན་ཀྱང་རྒྱས་བསྡུས་སུ་འོང་བའི་གནད་ཀ་ནི། གདུལ་བྱ་རྒྱས་པ་ལ་དགའ་བ་དང་བསྡུས་ལ་དགའ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱས་བསྡུས་སུ་གསུངས་ལ། དེའི་རྗེས་སུ་ཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཀྱང༌། རྒྱས་བསྡུས་སུ་གསུངས་པའོ། །འོ་ན་གང་ཟག་བསྡུས་པ་ལ་དགའ་བའི་དོན་དུ་བཅོམ་ལྡན་འདུས་ཀྱིས་བསྡུས་པ་གསུངས་པ་དེ་རྗེས་ཐོབ་ཀྱི་ཤེས་པ་མངའ་འམ་མི་མངའ་བྱས་པ་ལ། བླ་མ་ཁམས་པ་རྗེས་ཐོབ་ཀྱི་ཤེས་པ་མི་བཞེད་དོ། །འོ་ན་བསྡུས་པ་ལ་དགའ་བའི་གང་ཟག་ལ་འདི་བསྡུས་པ་ལ་དགའ་བར་ཤེས་པ་དེ་རང་རྗེས་ཐོབ་ཀྱི་ཤེས་པ་མིན་ནམ་ཞེ་ན། མིན་ཏེ་དེ་ནི་སྟོན་པ་སངས་རྒྱས་པ་དང༌། མ་རྒྱས་པའི་སྔོན་དུ། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་དང༌། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་གྱི་སྟོབས་སམ་ནུས་པ་ཡིན་ཏེ། སངས་རྒྱས་ཀྱི་སྤྲོས་པ་ཉེ་བར་ཞི་བ་དང༌། གདུལ་བྱའི་རྒྱུད་དག་པ་དང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་གསུམ་གྱིས་གདུལ་བྱ་བསྡུས་པ་ལ་དགའ་བ་ལ་དེ་བཞིན་གཤེགས་པས་བསྡུས་པ་བསྟན་པར་སྣང་བ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་རྗེས་ཐོབ་ཀྱི་ཤེས་པ་མེད་པར་འདོད་དོ། །སྔགས་དང་ཕར་ཕྱིར་ནི་ཐབས་ཀྱི་སྒོ་ནས་སྔགས་ཁྱད་པར་དུ་འཕགས་པར་འདོད་དེ། སྔགས་ནི་འབྲས་བུ་ལམ་དུ་བྱེད་པའོ། །འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བ་ནི། རྒྱུ་ཚོགས་གཉིས་ད་ལྟ་ནས་བསགས་པས་མ་འོངས་པ་ན་འབྲས་བུ་སྐུ་གཉིས་ཐོབ་པ་སྟེ། སྔགས་པས་དུས་ད་ལྟ་ཉིད་དུ་རྒྱུ་ཚོགས་གཉིས་བསགས་པའི་རྗེས་ལ་འབྲས་བུ་ལྷ་སྐུ་ཕྱིས་ཐོབ་པ་དེར་བསྒོམས་ནས་དེ་གོམས་པ་ལས་གཟུགས་སྐུ་གཉིས་པོ་གང་བསྒོམས་པ་དེ་ཐོབ་པས་ན། འབྲས་བུ་ལམ་དུ་བྱེད་ཅེས་བྱའོ། །དེས་ན་སྒྲུབ་ཐབས་འདི་ཐམས་ཅད་འབྲས་བུ་ལམ་དུ་བྱེད་པའོ། །སྒྲུབ་ཐབས་འདི་ཐམས་ཅད་ལ་གཉིས་སུ་ཤེས་པར་བྱ་སྟེ། བཀའ་ནས་ཕྱུང་བ་དང༌། བཀའ་ལ་བརྟེན་ནས་གང་ཟག་གིས་བྱས་པའོ། བཀའ་ལ་བརྟེན་པ་ཐམས་ཅད་ལ་དོན་གསུམ་ཏེ། ཀླད་དོན་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དགོས་འབྲེལ་དང་བཅས་པ་དང༌། གཞུང་གི་དོན་དང༌། མཇུག་བརྩམས་པའི་དོན་དགེ་རྩར་བསྔོ་བའོ། །གསུམ་པོ་དེ་གང་ཟག་གིས་བྱས་པར་ཐམས་ཅད་ལ་ཤེས་པར་བྱའོ། །གཞུང་དོན་ལ་གསུམ་སྟེ། སྒྲུབ་པ་པོ་དང༌། གནས་དང༌། ཐབས་སོ། །ཐབས་ལ་གཉིས། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷར་བསྐྱེད་པའོ། །དེ་ལ་གཉིས། རྟེན་དང༌། བརྟེན་པའོ། །རྟེན་བསྐྱེད་པ་ཞེས་བྱ་བ་ནི་ཁ་ཅིག་ཏུ་འབྱུང་བ་རིམ་བརྩེགས་བསྐྱེད་པ་ཡང་ཡོད། ཁ་ཅིག་ཏུ་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་བསྐྱེད་པ་ཡང་ཡོད། ཁ་ཅིག་ཏུ་གདན་ཙམ་བསྐྱེད་པ་ཡང་ཡོད་དེ། རྟེན་བསྐྱེད་ལུགས་མི་མཐུན་པ་ནི་ཤེས་པར་བྱའོ། །བརྟེན་པ་བསྐྱེད་པ་ཡང༌། བྱང་ཆུབ་ལྔས་བསྐྱེད་པ་དང༌། ཆོ་ག་གསུམ་གྱིས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་སྟེ། མི་མཐུན་པར་ཤེས་པར་བྱའོ། །དེ་རང་ལའང་ལྷ་གྲངས་གཅིག་དང་གསུམ་དང་ལྔ་ལ་སོགས་པར་ཤེས་པར་བྱའོ། རྡོ་རྗེ་གདན་ལ་སོགས་པ་སྒྲུབ་ཐབས་ཁ་ཅིག་ལ་རྟེན་བསྐྱེད་པ་ཞེས་བྱ་བ་དངོས་སུ་གཞུང་ན་ངོས་གཟུང་མེད་ཀྱང་གདན་པད་ཟླ་བསྐྱེད་པ་ལ་གསུང་ངོ༌། །བཀའ་ནས་ཕྱུང་བའི་གང་ཟག་གིས་མ་བྱས་པ་ལ་གསུམ་སྟེ། རྟེན་གྱི་གང་ཟག་དང༌། གནས་དང༌། ཐབས་སོ། །དེའི་དབྱེ་བ་སྔར་དང་འདྲ། རྟེན་གྱི་གང་ཟག་ནི་ཐམས་ཅད་དུ་དབང་བསྐུར་ཐོབ་པ་ཅིག་དགོས་ཏེ། དཀྱིལ་འཁོར་གང་དུ་ཐོབ་ཀྱང་འདྲ། གནས་ནི་སྒྲུབ་པོ་རང་ཉམས་དགའ་བའོ། །རྟེན་གྱི་གང་ཟག་དང་གནས་གཉིས་པོ་དེ་བཀའ་ནས་ཕྱུང་བ་ལ་ཡང་ཤེས་པར་བྱའོ། །བཀའ་ནས་ཕྱུང་བ་དང༌། བཀའ་ལ་བརྟེན་པ་གཉིས་ཀྱི་ཁྱད་པར་ནི། ཀླད་དོན་དང༌། མཇུག་དགེ་རྩ་ཡོད་པ་བསྔོ་བ་ནི། བཀའ་ལ་བརྟེན་པ་ཡིན་ལ། མེད་པ་ནི་ཕྱུང་བའོ། །དེ་གཉིས་ཀ་ལ་རྟེན་ཀྱི་གང་ཟག་དང༌། གནས་དང༌། ཐབས་གསུམ་ནི་ཐུན་མོང་ཡིན་ལ། གཞུང་ན་ཐབས་ཐམས་ཅད་ན་ཡོད། རྟེན་གྱི་གང་ཟག་དང༌། གནས་ནི་ལ་ལ་ལ་ཡོད་ལ། ལ་ལ་ལ་མེད་དེ་མེད་པ་རྣམས་སུའང་ཡོད་པར་དོན་གྱིས་ཤེས་པར་བྱའོ། །སྒྲུབ་ཐབས་འདི་རྣམས་ནི་སློབ་དཔོན་འདིས་བྱས་མེད་པ་དེ་རྣམས་བརྒྱུད་པ་མེད་པ་མ་ཡིན་ནམ་ཉམས་སུ་བླང་དུ་བཏུབ་བམ་སྙམ་ན། སྤྱིར་སྔགས་ལ་བརྒྱུད་པ་མེད་པར་ཉམས་སུ་བླངས་ཀྱང་འབྲས་བུ་མི་འབྱུང་བ་ནི་འདིའི་སྒྲུབ་ཐབས་གཉིས་པ་ནས་བཤད་པས་བརྒྱུད་པ་དང་ལྡན་དགོས་སོ། །རྒྱ་གར་ན་བརྒྱུད་པ་ཡོད་པ་རྣམས་ཡོད་ཅེས་བྱ། མེད་པ་རྣམས་ལ་བརྒྱུད་པ་བླང་བའི་ཐབས་ཡོད་དོ། །བླ་མ་ཁམས་པ་ལ་ཡང་བརྒྱུད་པ་བླང་བའི་ཐབས་ཡོད་དེ། སྒྲུབ་ཐབས་འདི་རྣམས་གང་བསྒྲུབ་ཀྱང་སྔོན་དུ་རྨི་ལམ་བརྟག་པའི་ཆོ་ག་བྱས་ལ་བསྒྲུབ་སྟེ། སྔོན་དུ་ཡི་གེ་བརྒྱ་པའམ། དོན་ཞགས་ཀྱི་སྨྱུང་བ་ལ་སོགས་པ་སྡིག་པ་སྦྱང་བའི་ཆོ་ག་བྱ་སྟེ། སྒྲུབ་ཐབས་ཡོད་ཚད་བསགས་ལ་བཅོམ་ལྡན་འདས་ཀྱིས་བདག་ལ་ལས་ཀྱི་འཕྲོ་གང་ལ་ཡོད་རྨི་ལམ་དུ་སྟོན་ཅིག་བྱས་ལ་ཉལ་ལོ། །རྨི་ལམ་མ་བྱུང་ན་སྡིག་པ་སྦྱང་བའི་ཆོ་ག་མང་པོ་བྱས་ཏེ། དོན་ཞགས་དང༌། སཱཙྪ་དང༌། ཚོགས་འཁོར་ལ་སོགས་པ་བྱའོ། །དེས་ཀྱང་མ་བྱུང་ན་བླ་མ་ལ་དབང་རིམ་བྱའོ། །དེས་ཀྱང་མ་བྱུང་ན་བླ་མས་ལུང་བསྟན་པའི་ལྷ་བསྒོམ་མོ། །རྨི་ལམ་གྱི་རྟགས་ནི་བསྒྲུབ་པའི་ལྷ་དེ་དངོས་སུའམ། ཡང་ན་ཁྱེད་འདི་སྒྲུབས་ཞེས་པའམ་འདི་མ་སྒྲུབས་ཞེས་པ་འོང་ངོ༌། །ཡང་ན་དགེ་བའི་ལས་བྱེད་པ་དང༌། ལག་ན་མཚོན་ཐོགས་པ་དང་གྱེན་ལ་འགྲོ་བ་ལ་སོགས་པ་རྨི་ལམ་བཟང་ངོ༌། །དེ་ལས་བཟློག་ན་ངན་ནོ། །རང་གི་མོས་པ་བས་རྨི་ལམ་བརྟན་ཏེ། བདག་འཇམ་དཔལ་ལ་མོས་ཀྱང༌། རྨི་ལམ་དུ་སྤྱན་རས་གཟིགས་བྱུང་ན་དེ་བསྒྲུབ་པའོ། །རྨི་ལམ་མ་བྱུང་ན་སྔར་བཞིན་ནོ། །བླ་མ་ཁམས་པའི་ལུགས་ཀྱི་སྒྲུབ་ཐབས་གང་བསྒྲུབས་ཀྱང་ཆོས་ལྔ་དང་ལྡན་དགོས་ཏེ། བར་ཆད་ཀྱི་གདོན་ཞི་བ་ལ་མི་གཡོ་བ། སྡིག་པ་ཞི་བ་ལ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ཚེ་རིང་བ་ལ་མེ་རུ་སི་ཀ ཉིན་མཚན་བསྲུང་བ་ལ་འོད་ཟེར་ཅན། ནད་ཞི་བ་ལ་སངས་རྒྱས་སྤྱན་ཏེ་ལྔ་དགོས་པར་ཤེས་པར་བྱའོ། །བཀའ་ལ་བརྟེན་པ་རྣམས་ཀྱི་ཀླད་དོན་གཅིག་ཤེས་ན་ཐམས་ཅད་ཤེས་ཏེ། ཀླད་དོན་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དགོས་འབྲེལ་དང་བཅས་པ་ལ་གསུམ་སྟེ། མཆོད་བརྗོད་དང༌། བཤད་པར་དམ་བཅའ་བ་དང༌། ཤུགས་ཀྱི་ས་བསྟན་པ་དགོས་འབྲེལ་ལོ། །དང་པོ་ལ་གསུམ། མཆོད་བརྗོད་ཀྱི་དགོས་དོན་དང༌། བསྡུས་དོན་དང༌། ཚིག་དོན་ནོ། །དང་པོ་ལ་གཉིས། སྤྱིར་མཆོད་བརྗོད་བྱས་པའི་དགོས་དོན་དང༌། གཞུང་དུ་བྲིས་པའི་དགོས་པའོ། །དང་པོ་ལ་གསུམ། བསྟན་བཅོས་རྩོམ་པ་ལ་བར་ཆད་མི་འབྱུང་བ་དང༌། བརྩམས་པའི་འབྲས་བུ་མཐར་ཕྱིན་པ་དང༌། རང་ཉིད་ཡ་རབས་གོང་མ་དང་སྤྱོད་པ་མཐུན་པར་བྱ་བའོ། །མཆོད་བརྗོད་དེ་ནི་བསྟན་བཅོས་བརྩམ་པར་འདོད་པ་གཞུང་དུ་མ་བཀོད་པའི་དོན་དུ་བྱས་པའོ། །གཉིས་པ་བྲིས་པ་ནི་མ་འོངས་པའི་ཉན་བཤད་བྱེད་པ་པོ་འབྱོར་བ་ཆུང་བས་ཕྱག་ཙམ་བྱས་པས་ཆོག་སྟེ། མཆོད་པ་དང་གཏོར་མ་སོགས་མི་དགོས་པར་བསྟན་པས་ཆོག་པ་ནི་དགོས་དོན་ནོ། །བསྡུས་དོན་ལ་གསུམ། ཕྱག་བཙལ་བའི་ཡུལ་དང༌། རྟེན་གྱི་གང་ཟག་དང༌། ཚུལ་ལམ་ཐབས་སོ། །དང་པོ་ལ་གཉིས་ཏེ། བསྡུས་པ་དང་དབྱེ་བའོ། །བསྡུ་ན་ཕྱག་བཙལ་བའི་ཡུལ་ཏེ། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་སངས་རྒྱས་དེའོ། །དེ་ལ་ཆོས་སྐུ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ལོངས་སྐུ་ནི་མཚན་དཔེས་བརྒྱན་པའོ། །སྤྲུལ་སྐུ་ནི་དམ་པ་ཏོག་དཀར་པོར་དགའ་ལྡན་དུ་བྱུང་སྟེ་འཛམ་གླིང་དུ་བྱུང་བའོ། །དེས་གསུངས་པའི་ཆོས་པུསྟི་འདི་ནི་ཞེས་སྤྲུལ་པ་ཡིན་ནོ་ཞེས་གསུང་ངོ༌། །ཡེ་ཤེས་ནི་ལྔ་ཡིན་བྱ་བ་ཙམ་ལས་བཞིར་འདོད་པ་དང་ལྔར་འདོད་པའི་འཐད་པ་སོགས་མི་གསུང་ངོ༌། །ཕྱག་བཙལ་བའི་ཡུལ་ལ་དབྱེ་ན་གསུམ་སྟེ། རང་འདོད་པའི་ལྷ་ལ་ཕྱག་བཙལ་བ་དང༌། བརྗོད་བྱ་ལ་བཙལ་བ་དང༌། བརྗོད་བྱའང་ཡིན་ལ། རང་དད་པའང་ཡིན་ནས་བཙལ་བའོ། །ཡུལ་ལོ། །གང་ཟག་ནི་གཉིས་ཏེ། པཎྜི་ཏ་བསྟན་བཅོས་རྩོམ་པའི་ཚད་དང་ལྡན་པ་དང༌། མི་ལྡན་ཡང་བླ་མའི་གསུང་སྒྲོས་ཟིན་བྲིས་ཐབས་སུ་བྱེད་པའོ། །དང་པོ་ལ་གསུམ་སྟེ། རིག་པའི་གནས་ལྔ་ལ་མཁས་པ་དང༌། མངོན་ཤེས་དང་ལྡན་པ་དང༌། ལྷས་གནང་བ་བྱིན་པའོ། །ཕྱག་བཙལ་བའི་གང་ཟག་དེ་ལ་ལ་ན་གསལ། ལ་ལ་ན་མི་གསལ་ཏེ། གསལ་བ་རྣམས་གང་ཟག་གཉིས་པོ་དེ་གང་རུང་ཡིན་པར་ཤེས་པར་བྱའོ། །གང་ཟག་གོ །ཐབས་ལ་གསུམ། ལུས་ངག་ཡིད་གསུམ་མོ། །ལུས་ལ་གསུམ། རབ་ཡན་ལག་བརྒྱད་ཀྱིས་འཚལ། འབྲིང་ལྔ་ཡིས། ཐ་མ་གསུམ་གྱིས་སོ། །དང་པོ་བརྐྱང་ཕྱག་སྟེ་རྐང་ལག་བཞི། བྲང་དང་ལྔ། ཀོས་ཀོ་དང་དྲུག སྣ་དང་བདུན། དཔྲལ་བ་དང་བརྒྱད་དོ། །གཉིས་པ་ནི། རྐང་ལག་བཞི། མགོ་བོ་དང་ལྔའོ། །གསུམ་པ་ལག་པ་གཉིས། མགོ་དང་གསུམ་གྱིས་འདུད་པར་བྱེད་པའོ། །ངག་ནི་གཅོམ་པུ་ཁ་གསག་གི་མཆོད་པ། ཡོན་ཏན་མེད་པ་ལ་ཡོད་པར་བྱེད་པ་མིན་པར། ཡོན་ཏན་ཇི་ལྟར་ཡོད་པ་བརྗོད་པའོ། །ཡིད་ནི་དང་བའི་དད་པ་ཁྱད་པར་ཅན་སྔོན་དུ་སོང་བས་གུས་པའི་སྒོ་ནས་སོ། །ཐབས་སོ། །ཚིག་དོན་ནི་སྒྲུབ་ཐབས་སོ་སོའི་ཐོག་ཏུ་ཤེས་པར་བྱའོ། །མཆོད་བརྗོད་དོ། །བཤད་པར་དམ་བཅའ་བའི་དགོས་དོན་ནི། རྩོམ་པ་ལ་མྱུར་དུ་འཇུག་པར་འགྱུར་བའི་ཡན་ལག་སྟེ། གྲོགས་པོ་ལ་སོགས་པའི་གམ་ཏུ། ང་བསྟན་བཅོས་རྩོམ་བྱས་ནས་དམ་བཅས་པས་མྱུར་དུ་རྩོམ་པ་ལ་འཇུག་སྟེ། མྱུར་དུ་མ་བརྩམས་ན་ཚིག་མི་བཙུན་པར་འགྱུར་བས་སོ། །བཤད་པར་དམ་བཅའ་བའི་བསྡུས་དོན་ནི་གཤིན་རྗེ་གཤེད་ནས་བསྟན་པ་དང་འདྲ་གསུངས་ནས། དེའི་དཔེར་བརྗོད་ཀྱང་འདིར་མཛད་དོ། །བཤད་པར་དམ་བཅའ་བའོ། །ཤུགས་ལས་ཤེས་པ་དགོས་འབྲེལ་ལ་བཞི་སྟེ། བརྗོད་བྱ་དང༌། དགོས་པ་དང༌། དགོས་པའི་དགོས་པ་དང༌། འབྲེལ་པའོ། །དང་པོ་ལ་དུ་མ་ཡོད་ཀྱང༌། ཕྱོགས་གཅིག་ལ་སྦྱར་ན་རྡོ་རྗེ་གདན་ལྟ་བུའི་དབང་དུ་བྱས་ན། བརྗོད་བྱ་ཤཱཀ་ཐུབ། རྗོད་བྱེད་དེ་སྟོན་པའི་སྒྲུབ་ཐབས། གཞུང་རྗོད་བྱེད། བརྗོད་བྱ་དེ་རྗོད་བྱེད་ལ་རག་ལས་པས་འབྲེལ་པ། སྒྲུབ་ཐབས་ཤེས་པ་དགོས་པ། སྒྲུབ་ཐབས་ཤེས་ནས་ཉམས་སུ་བླངས་པས་འབྲས་བུ་འབྱུང་བ་ཉིང་དགོས་སོ། །དགོས་འབྲེལ་ལོ། །སྤྱིར་སྒྲུབ་ཐབས་ཞེས་བྱ་བ་ལ་གཉིས། འདིས་གྲུབ་པར་བྱེད་པས་ན་སྒྲུབ་ཐབས་ཏེ་ལམ་གྱི་སྟེང་དུ་སྣང༌། འདི་བསྒྲུབ་པར་བྱ་བས་ན་སྒྲུབ་ཐབས་ཏེ་འབྲས་བུའོ། །དེ་བཞིན་གཤེགས་པ་ཞེས་པ་ལ་གཉིས་ཏེ། ཚུར་ལ་གཤེགས་པ་སྟེ་དེ་བཞིན་ཉིད་དུ་འདས་པའི་སངས་རྒྱས་རྣམས་ཇི་ལྟར་སངས་རྒྱས་པ་བཞིན་དུ་སངས་རྒྱས་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཟབ་མོ་སྟོང་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པའོ། །ཕར་ལ་གཤེགས་ཙམ་ན་དེ་བཞིན་ཉིད་ལ་གཤེགས་པ་སྟེ། འགྲོ་བ་གང་ལ་མོས་པའི་ཆོས་སྟོན་པ། །གང་ལ་ཅིས་འདུལ་དེ་ལ་དེ་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོའི་དོན་དང་འདྲ་གསུང་ངོ༌། །སྤྱིའི་རྣམ་གཞག་གི་ཟིན་བྲིས་ཨི་ཐི།། །།རྡོ་རྗེ་གདན་གྱི་སྒྲུབ་ཐབས་འདི་ལ་དོན་གསུམ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་མཆོད་བརྗོད་དང༌། བཤད་པར་དམ་བཅའ་བའོ། །གཞུང་ལ་གཉིས། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷར་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ལ་གསུམ། དངོས་སུ་བསག་པ་དང༌། ཚད་མེད་པ་དང༌། ཡིད་ཀྱིས་བསག་པའོ། །ལྷ་སྐུ་བསྐྱེད་པ་ལ་གཉིས། དམ་ཚིག་པ་དང་ཡེ་ཤེས་པ་གཞུག་པའོ། །དང་པོ་ལ་བཞི། ལྷ་བསྐྱེད་པ་དངོས་དང་ང་རྒྱལ། འཁོར་གྱི་སྐུ་མདོག་དང་ཕྱག་མཚན། སྐྱེ་མཆེད་བྱིན་གྱིས་བརླབ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །ཡེ་ཤེས་པ་གཞུག་པ་ལ་ལྔ། ཡེ་ཤེས་པ་སྤྱན་དྲང་བ་དང༌། བདུད་རྩི་མྱང་བ་དང༌། བསྟོད་པ་དང༌། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒོམ་པ་དང༌། བསྒོམ་ཞིང་བཟླས་པའོ། །དེ་བཞིན་དུ་ས་བཅད་ཀུན་ལ་ཤེས་པར་བྱའོ། །རྡོ་རྗེ་གདན་ལྟ་བུ་ཅིག་ལ། མངོན་རྟོགས་ཤེས་ན་ཀུན་ཤེས་པས། རྡོ་རྗེ་གདན་ལྟ་བུ་དེ་བསྒྲུབ་པར་འདོད་པས་དབང་བསྐུར་ཐོབ་པ་རྡོ་རྗེ་གདན་པའི་ཆོས་ལྔ་ཤེས་པར་བྱས་ནས་ཉམས་དགའ་བར་གནས་ནས་དང་པོ་ཁྲུས་བྱས་ལ། གནས་ཁང་བྱི་དོར་བྱས་ཏེ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་བསྐྱེད་ལ་དངོས་སུ་བསག་པར་བྱ་བ་ནི། མཎྜལ་བྱུག་པར་བྱ་བའི་ས་ཕྱོགས་སུ་ལག་པ་གཡས་པ་ས་གནོན་གྱི་ཚུལ་དུ་བཞག་ལ། ཨོཾ་བཛྲ་བྷཱུ་མི་ཧཱུྃ་ཞེས་པས་ས་དེ་གཟུང་བར་བྱའོ། །དེ་ནས་ཨོཾ་བཛྲ་རེ་ཁེ་ཧཱུྃ། ཞེས་པས་ས་དེ་བྱུག་པར་བྱའོ། །དེ་ནས་ལག་པ་འདེགས་དུས་སུ་ལག་པ་གཡས་ཀྱི་སྲིན་ལག་གི་སྟེང་དུ་གཡོན་པས་མེ་ཏོག་དེ་བཞག་ནས་གཡས་པའི་སྟེང་ནས་མས་རིམ་གྱིས་སོང་སྟེ་མཎྜལ་གྱི་སྟེང་དུ་བོར་བ་དེས་བསྲུང་ངོ༌། །འོ་ན་ལག་པ་གཡོན་པས་མེ་ཏོག་དེ་བཞག་ན་གཡོན་པ་དེ་བཙོག་ལག་ཡིན་ཏེ། རྒྱ་གར་ན་བཤང་གཅི་ལ་སོགས་པ་ལག་པ་གཡོན་པས་ཕྱི་བའོ། །དེ་ནས་ལག་པ་བཏེག་སྟེ་བཀྲུའོ། །ས་གཟུང་བ་དང་བྱུག་པ་གཉིས་ལས་གཞན་སྔགས་མི་གསུང་ངོ༌། །སྤྱིར་མཎྜལ་ཆོ་ག་ན་ནི་ཡོད་དོ། །དེ་ནས་མཎྜལ་དེའི་དབུས་སུ་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་དབུས་སུ་ཧཱུྃ་ཆ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་ངོ་བོར་སེར་པོ་ཅིག་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་འདུས་པ་ལས་དེ་བཞིན་གཤེགས་པ་ལྔ་དང༌། རིགས་ཀྱི་ལྷ་མོ་བཞིར་མོས་པར་བྱས་ཏེ་རིམ་གྱིས་གསལ་བར་བལྟའོ། །དེའང་དབུས་སུ་བཅོམ་ལྡན་འདས་མི་བསྐྱོད་པའི་རང་བཞིན་ཤཱཀ་ཐུབ་སྒྲུབ་ཐབས་བཞིན་ནོ། །སྒྲུབ་པ་པོ་རང་གང་ན་གནས་པ་ཤར་དུ་བྱས་པའི་ཤར་དུ་རྣམ་སྣང་དཀར་པོ་གཡས་འཁོར་ལོ། གཡོན་དྲིལ་བུ་དཀུར་འཛིན་པའོ། །ལྷོར་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ། གཡོན་དྲིལ་བུ་དཀུར་རོ། །ནུབ་ཏུ་འོད་དཔག་མེད་དམར་པོ་གཡས་པདྨ། གཡོན་དྲིལ་བུའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེའམ་རལ་གྲི། གཡོན་དྲིལ་བུའོ། །དེ་བཞིན་གཤེགས་པ་དེ་རྣམས་རྡོ་རྗེ་སྐྱིལ་ཀྲུང་དང་འཁོར་ལོས་སྒྱུར་བའི་ཆ་ལུགས་སོ། །ཤར་ལྷོ་སོགས་མཚམས་བཞིར། ས་སངས་རྒྱས་སྤྱན། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། །རླུང་སྒྲོལ་མ་སྐུ་མདོག་དག་ཕྱག་གཡས་པའི་མཚན་མ་ཡབ་དང་འདྲའོ། །གཡོན་རྣམས་ན་ཨུཏྤ་ལ་རེ། དེ་ནས་དེ་རྣམས་ལ་རང་འདྲ་སྤྱན་དྲངས་ལ། ཡེ་ཤེས་པ་བསྟིམ་མོ། །དེ་ནས་དེ་རྣམས་ལ་མཆོད་པ་དབུལ་བ་ནི་སྒྲུབ་ཐབས་བཞིན་ཏེ་སྔོན་ལ་མེ་ཏོག་འབུལ་ཙ་ན་ལག་ལེན་ལ་མཎྜལ་དབུས་སུ་མེ་ཏོག་ཚོམ་བུ་འགོད་པ་དང་སྔར་བསྐྱེད་པའི་ཤཱཀ་ཐུབ་ཀྱི་དབུ་ལ་མེ་ཏོག་དབུལ་ལོ། །དེ་ནས་གཙོ་འཁོར་ཁྱད་ཡོད་པར་བྱ་བའི་དོན་དུ། གཙོ་བོ་ལ་ཉིས་འགྱུར་དུ་དབུལ་ལོ། །དེ་ནས་ཀུན་ལ་འགྲེ། མཎྜལ་གྱི་སྟེང་ན་མེ་ཏོག་ཚོམ་བུ་དགུ་འདུག་ཀྱང་བསྒོམ་པ་ལ་ལྷ་དགུ་ལ་མེ་ཏོག་དབུལ་ལོ། །དེ་བཞིན་དུ་སྤོས་དང༌། དྲི་དང༌། ཞལ་ཟས་དང༌། མར་མེ་དབུལ་ལོ། །དེའི་རྗེས་ལ་བདག་ཉིད་ཀྱིས་རྟེན་དེ་ཁོ་ནའི་མདུན་དུ། བདུན་རྣམ་དག་གསང་སྔགས་ཀྱི་སྒྲུབ་ཐབས་སོགས་གང་ནས་བྱུང་ཡང་ཆོག་སྟེ་རང་མོས་པ་ལེགས་པ་ཅིག་གིས་བྱའོ། །དེ་ནས་རིངས་ན་ཡི་གེ་བརྒྱ་པ་བཏོན་ལ། ཨོཾ་བཛྲ་མུཿཞེས་པས་མཎྜལ་གྱི་ལྷ་རྣམས་གཤེགས་སུ་གསོལ། མེ་ཏོག་ཚོམ་བུ་བསྡུའོ། །མི་རིངས་ན་གཤེགས་གསོལ་འདིར་མི་བྱེད་དེ་མཎྜལ་གྱི་ལྷ་དེ་ཉིད་ཀྱི་རྩར་འོག་ནས་འབྱུང་བའི་བཟླས་པ་དང་མཇུག་བསོད་ནམས་སུ་བསྔོ་བ་ཡན་ཆད་བྱས་ལ་མཎྜལ་གྱི་ལྷ་དང་ལུས་ཀྱི་ལྷ་གཤེགས་སུ་གསོལ་བ་དུས་གཅིག་ཏུ་བྱའོ། །དེ་ཡན་ཆད་དངོས་སུ་བྱེད་པ་དངོས་པོའི་ཆོས་སོ། །དེའི་རྗེས་ལ་ཚད་མེད་བཞི་གཞུང་བཞིན་བསྒོམ། ཚད་མེད་ཅེས་བྱ་བའི་ངེས་ཚིག་ལ་གསུམ་ལས། དང་པོ་ནི་དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་ལ་བྱེད་ཀྱི། ལ་ལ་ལ་བྱེད་ལ། ལ་ལ་ལ་མི་བྱེད་པ་ལྟ་བུ་ནི་མ་ཡིན་པས་དམིགས་པ་ཚད་མེད་དོ། །གཉིས་པ་གང་ཟག་ཚད་མེད་ནི་ཚད་མེད་བཞི་མི་བསྒོམ་པའི་ཉན་རང་ལ་ལྟོས་ནས་སོ། །གསུམ་པ་འབྲས་བུ་ཚད་མེད་ནི་ཚངས་པའམ། བརྒྱ་བྱིན་སོགས་ཐོབ་པ་ལ་ལྟོས་ནས་སངས་རྒྱས་ཐོབ་པས་སོ། །དེ་ནས་ཡིད་ཀྱིས་ཚོགས་བསགས་ཏེ། བདག་གིས་ཚོགས་རྟེན་སྤྱན་དྲངས་པ་དང་བདུན་རྣམ་དག་བྱ་བ་དང༌། ཐ་མ་གཤེགས་གསོལ་བྱ་བ་ཐམས་ཅད་ལ། ལུས་ངག་གི་བྱ་བ་མེད་དེ། ཡིད་ཀྱི་སྤྱན་འདྲེན། ཡིད་ཀྱིས་ཕྱག ཡིད་ཀྱིས་མཆོད་པ་དང༌། སྡིག་བཤགས་དང༌། རྗེས་སུ་ཡི་རང་བ་ནས་གཤེགས་གསོལ་བར་དུ་མོས་པ་ཙམ་གྱིས་བྱེད་པ་ནི། དངོས་སུ་ལུས་ངག་གི་མཆོད་རྫས་སོགས་ཕུལ་གྱིན་བྱས་པ་བས་བསོད་ནམས་ཆེ་སྟེ། དངོས་སུ་མཆོད་རྫས་ཤིན་ཏུ་མང་བར་བཤམས་ནས་ཕུལ་ཡང་དེ་ལ་ཅང་མེད་དེ། ཡིད་ཀྱིས་མེ་ཏོག་སོགས་འཇིག་རྟེན་གྱི་ཁམས་གང་བ་ནས་མར་མེས་འཇིག་རྟེན་གྱི་ཁམས་ཀྱི་མུན་པ་ཐམས་ཅད་བསལ་བར་བསམ་ཞིང་བྱས་པས་བསོད་ནམས་ཆེ་སྟེ་ཡིད་ཀྱིས་འབྱོར་པ་ཙམ་དངོས་སུ་མི་འབྱོར་རོ། །ཡང་དངོས་སུ་འབྱོར་པ་བས་ཡིད་ཀྱིས་བསོད་ནམས་ཆེ་སྟེ་བག་ཆགས་ཐམས་ཅད་སེམས་ལ་འཇོག་པས་བསོད་ནམས་ཆེ་སྟེ། དངོས་སུ་བྱས་པ་ལུས་ངག་ལ་བག་ཆགས་བཞག་པ་དེ་སྲོག་གི་དབང་པོ་འགགས་ཙམ་ན་ལུས་ངག་དང་འབྲལ་ཡང་སེམས་དང་མ་བྲལ་བས་སོ་གསུངས་ཏེ། འོ་ན་ཡིད་ཁོ་ནས་མི་བྱེད་པར་དངོས་ཀྱིས་བཤད་འདུག་པ་བྱས་པ་ལ། དེ་ནི་འཇིག་རྟེན་ན་དངོས་པོའི་རྫས་ལ་མངོན་ཞེན་ཆེ་བས་དངོས་པོའི་རྫས་བག་རེ་བཏང་བ་ལ་མཆོག་ཏུ་བྱེད་པས་དེ་དང་བསྟུན་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་གོ །བསོད་ནམས་ཀྱི་ཚོགས་ལས་འབྲས་བུ་གཟུགས་སྐུ་གཉིས་འབྱུང་ལ། ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་འབྱུང་བས་སོ། །རྒྱུ་ཚོགས་བསགས་པའོ། །དེ་ནས་དམ་ཚིག་སེམས་དཔའ་བསྐྱེད་དེ་ང་རྒྱལ་བྱས། དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས། བདུད་རྩི་མྱང༌། བསྟོད་པ་བྱ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་དུ་བསྒོམ། དེས་སྐྱོ་ན་བཟླས་པ་ལུགས་གསུམ་པོ་གང་རུང་བྱ། དེ་ནས་བསོད་ནམས་སུ་བསྔོ། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཏེ། སྐབས་འདིར་མཎྜལ་གྱི་ལྷ་གཤེགས་སུ་མ་གསོལ་ན་འདིར་གཤེགས་སོ། །སྔར་གསོལ་ན་ལུས་ལ་བཅུག་པ་རང་ལ་གཤེགས་རྒྱུ་མེད་དོ། །དེ་ནས་རྗེས་སྤྱོད་ལ་དམ་ཚིག་སེམས་དཔའི་ང་རྒྱལ་གྱིས་སྤྱོད་ལམ་རྣམས་བྱེད་དོ། །ཐུན་ཚད་ནི་ཉིན་ལ་བཞི། མཚན་ལ་བཞིའམ། ཡང་ན་གསུམ་གསུམ་དུ་ཤེས་པར་བྱའོ། །ཐུན་མཚམས་སུ་གཏོར་མ་གཏང་བ་ནི། སྤྱིར་སྒྲུབ་ཐབས་འདི་ཐམས་ཅད་ལ། རང་རང་གི་གཞུང་ནས་གཏོར་མ་བསྟན་པ་རྣམས་བསྟན་བཞིན་བྱ། མ་བསྟན་པ་རྣམས་ལ་གཏོར་མ་ཤེས་པར་བྱ་སྟེ། དེའང་ཐུན་མཚམས་སུ་ཤེས་པར་བྱ་བའི་ཕྱིར་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་དང༌། ཚོགས་བསག་པར་བྱ་བའི་ཕྱིར་གཏོར་མ་ཤེས་པར་བྱའོ། །དེའང་བླ་མ་ཁམས་པས་གཏོར་མ་ལྕགས་ཀྱི་སྣོད་དུ་མི་བྱ་སྟེ། རིགས་དྲུག་ཏུ་བསྔོ་ཙམ་ན་རོ་ལངས་ལ་མི་ཤིས་པས་སོ། །སྣོད་གཞན་ནི་འདྲ་སྟེ་གཙང་བ་ཅིག་གཅེས་སོ། །གཏོར་མའི་སྣོད་ཚད་ནི་ཡ་ཐ་ལ་ཚད་མེད། མ་ཐ་ཕུལ་ཕྱེད་ཤོང་བ་དང༌། རྒྱུ་ནི་ཡ་ཐ་ལ་ཚད་མེད། མ་ཐ་འབྲས་སམ་ནས་ཉག་མ་བདུན། རྒྱུ་ཆུང་ཚད་དེ་ལས་མེད་ཀྱང༌། གཏོར་སྣོད་ཡོད་ཚད་ཆུས་དགང་ངོ༌། །སྣོད་དང་ཆུའི་ཚད་དེ་གཞུང་ཅིག་ན་ཡོད་གསུང༌། དེ་ལྟར་བཤམས་ལ་བྱིན་བརླབས་ནི་འབྲུ་གསུམ་བརྗོད་དེ། ཨོཾ་གྱིས་བདུད་རྩིའི་རང་བཞིན་དུ་དཀར་མེར་སོང༌། ཨཱཿས་བདུད་རྩི་དཀར་བ་དེ་ལ་དམར་བའི་མདངས་ཕྱུང་བར་བསམ། ཧཱུྃ་གིས་བདུད་རྩི་དེ་ཁོལ་བར་བསམ། དེ་ནས་ཡི་གེ་གསུམ་མམ་བདུན་བརྗོད། དེ་ནས་མདུན་དུ་མཎྜལ་ཅིག་བསམ། དེའི་སྟེང་དུ་རང་གི་ལྷ་གང་ཡིན་པ་དེ་སྐད་ཅིག་ཙམ་གྱིས་བསྐྱེད། རང་གི་ཐུགས་ཀ་ནས་འོད་འཕྲོས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། དེ་ནས་རང་གང་ཡིན་པའི་སྔགས་གསུམ་མམ་བདུན་བརྗོད་པས། རང་དང་མདུན་ན་མོ་གཉི་ཀའི་ལྕེ་རྡོ་རྗེའི་སྦུ་གུར་བསམས་ལ་དེས་གསོལ་བས་ཚིམ་པར་བསམ། དེ་ནས་ལྷག་མ་ལུས་པ་རྣམས་ཀྱིས་ཨ་ཀཱ་རོས་ཕྱོགས་སྐྱོང་རྣམས་ཚིམ་པར་བསམ་མོ། །གཏོར་མ་མཆོད་པའི་ཐོག་མཐའ་ཅན་ཞེས་གཞུང་འགའ་ལས་བཤད་པས། མགྲོན་སྤྱན་དྲངས་པའི་རྗེས་དང༌། གཤེགས་སུ་གསོལ་བའི་རྗེས་ལ་མཆོད་པ་བྱའོ། །རང་འདོད་པའི་ཕྲིན་ལས་གཞོལ་ལོ། སྤྱིར་གཏོར་མ་ལ་མགྲོན་སྤྱན་དྲངས་ནས་བྱིན་གྱིས་རློབ་པ་ཅིག་དང༌། བྱིན་གྱིས་བརླབས་ནས་མགྲོན་སྤྱན་འདྲེན་པ་ཡང་ཡོད་པས། ཌཱ་ཀི་གཉེན་པ་བདེ་མཆོག་སོགས་བྱིན་བརླབས་བྱས་ནས་སྤྱན་འདྲེན། འདིར་གང་བྱས་ཀྱང་ཉེས་པ་མེད་དེ། ཨཱཿས་དམར་པོར་སོང་བ་ནི། གཏོར་མས་ལྷ་དབང་དུ་བྱེད་ལ་དེ་ལ་དམར་པོ་ཤིས་པས་སོ། །ཨི་ཐི།། །།སྤྱིར་ཐང་སྐུ་བྱ་བའི་དུས་ནི་གཉིས་ཏེ། དུས་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའོ། །དང་པོ་ནི། སྨིན་དྲུག་དང༌། གྲེ་དང༌། ས་ག་དང༌། ཆུ་སྟོད་དོ། །དེ་ཉིད་ཀྱི་ཚེ་རྫོགས་པར་བྱས་ལ་ཁྲུས་བྱས་ཏེ། མེ་ཏོག་ལ་རྟེན་འབྲེལ་བཟླས་ལ་གཏོར་བས་རབ་གནས་སོ། །གཉིས་པ་ཚེས་གཅིག་ནས་ཉའི་བར་དུ་རྫོགས་པར་བྱས་ལ་རབ་གནས་ནི་བུམ་ཆུ་ལ་སོགས་པས་ཁྲུས་བྱས་ཏེ། གདན་སར་པ་ལའང་བཞུགས་སུ་གསོལ་ཏེ། ས་བོན་དང་ཕྱག་མཚན་གྱི་སྒོ་ནས་དམ་ཚིག་སེམས་དཔའ་བསྐྱེད། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བསྐྱེད་ལ་ཡིད་ཀྱིས་དེ་ལ་གཞུག རྟེན་འབྲེལ་བཟླས་ལ་ཁྲུས་བྱས་ལ་མཆོད་པ་ལྔས་མཆོད་ནས་ན་བཟའ་ལ་སོགས་པ་ཕུལ་ཏེ། རབ་གནས་ཀྱི་ཆོ་གའོ། །དེ་ལྟར་རི་མོ་བྱས་ལ། རས་བྲིས་དེ་མདུན་དུ་བཞག་ལ་མཎྜལ་ལེགས་པར་བྱས་ལ་མཆོད་པ་སོགས་བཤམ། རས་བྲིས་རས་སམ་དར་གྱིས་གཡོགས་ལ་དབུའི་གཙུག་ཏོར་བཏོན་ལ་དེ་ལ་དམིགས། དེ་གསལ་བ་དང་ཞལ་བཏོན་ལ་དམིགས། དེ་བཞིན་དུ་སྐུ་རྫོགས་པ་ལ་དམིགས་ཏེ་བྱའོ། །དེ་གསལ་བ་དང་ཕྲིན་ལས་གང་བྱེད་ཀྱང་འགྲུབ་སྟེ། རི་མོའི་དགོས་པ་སེམས་བཟུང་ཐབས་སོ། །རྫོགས་རིམ་ཀྱང་འགྲུབ་བོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །ཞེས་གསུངས་སོ། །འབྲས་བུ་སྐུ་གསུམ་ལས་བསྐྱེད་རིམ་གྱིས་གཟུགས་སྐུ་གཉིས་རྫོགས་རིམ་གྱིས་ཆོས་སྐུའོ། །བསྐྱེད་རིམ་གྱིས་སྒྲུབ་ཐབས་ཕྱི་ནང་ཀུན་ལ་མི་རྟོག་པ་ཡོད་པས། བསྐྱེད་རིམ་ཁོ་ན་ལ་གཉིས་ཀ་ཚང་ངོ༌། །ཐུན་བཞི་དང་གསུམ་དུ་འགོད་ལུགས་ཀྱང་ཤེས་པར་བྱའོ། །དེ་དག་ནི་སྒྲུབ་ཐབས་བསྡུས་པའི་སྒྲུབ་ཐབས་ཐམས་ཅད་ལ་སྤྱིར་འཇུག་པའི་མན་ངག་གོ །སོ་སོ་ནི་གཞུང་སོ་སོར་བལྟ་བར་བྱའོ། །སྒྲུབ་ཐབས་བསྡུས་པའི་མན་ངག་གོ །ས་མཱཔྟ་མི་ཐི།། །།དང་པོ་རྡོ་རྗེ་གདན་ནི་ཨ་ལས་ཟླ་བ་ལ་ཧཱུྃ་ངོ༌། །གཉིས་པ་བརྟན་པའི་འཁོར་ལོ་ནི་ཨ་ཐུང་ངུ་དང་མུཿལས་སོ། །གསུམ་པ་ཡང་བརྟན་པའི་འཁོར་ལོ་ནི་ཨ་ལས་ཟླ་བ་ལ་མུཿལས་སོ། །བཞི་པ་ཚིག་ལྷུག་པའི་བརྟན་འཁོར་ནི་ཨ་ལས་ཟླ་བ་ལ་མུཿལས་སོ། །ལྔ་པའི་ཚིག་ལྷུག་པའི་ཨ་ར་པ་ཙ་ན་ནི་ཟླ་བ་ལ་དྷཱིཿའོ། །དྲུག་པ་ཨ་ར་པ་ཙ་ན་ནི་ཟླ་བ་ལ་དྷཱིཿའོ། །བདུན་པ་འཕགས་པ་འཇམ་དཔལ་ནི་ཟླ་བ་ལ་མུྃ་མོ། །བརྒྱད་པ་འཇམ་པའི་རྡོ་རྗེ་ནི་ཟླ་བ་ལ་དྷཱིཿལས་སོ། །དགུ་པ་ངག་གི་དབང་པོ་ནི་ཟླ་བ་དང་མུྃ་ལས་སོ། །བཅུ་པ་རྒྱལ་པོ་རོལ་པ་ནི་ཟླ་བ་ལ་མྃ་ལས་སོ། །བཅུ་གཅིག་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་འཇམ་དཔལ་ནི་ཟླ་བ་ལ་ཐལྷིཾ་ལས་སོ། །བཅུ་གཉིས་པ་རིག་པ་འཛིན་པ་ནི་ཟླ་བ་ལ་དྷཱིཿལས་སོ། །བཅུ་གསུམ་པ་ཡང་འཕགས་པ་འཇམ་དཔལ་ནི་ཟླ་བ་དང་ཐལྷིཾ་ལས་སོ། །བཅུ་བཞི་པ་ཡན་ལག་མེད་པའི་འཇམ་པའི་རྡོ་རྗེ་ཟླ་བ་ལ་ཧྃ་ལས་སོ། །བཅོ་ལྔ་པ་ཆོས་དབྱིངས་ངག་དབང་ནི་ཟླ་བ་དང་འོད་ཟེར་རོ། །བཅུ་དྲུག་པ་མཚན་བརྗོད་ཀྱི་ནི་ཟླ་བ་དང་མུཿདམར་པོ་ལས་སོ། །བཅུ་བདུན་པ་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པ་ནི་ཟླ་དང་མྃ་ལས་སོ། །བཅོ་བརྒྱད་པ་འཇམ་དཔལ་ཤེས་རབ་འཁོར་ལོ་ནི་ཟླ་བ་དང་ཨ་འམ་དྷཱིཿའོ། །བཅུ་དགུ་པ་འཕྲལ་དུ་ཉམས་སུ་མྱོང་བ་ནི་ཟླ་བ་དང་དྷཱིཿའོ། །ཉི་ཤུ་པ་གཤིན་རྗེ་ནག་པོ་ནི་ཉི་མ་ལ་ཧཱུྃ་ལས་སོ། །ཉེར་གཅིག་པ་གཤིན་རྗེ་ནི་ཉི་མ་ལ་ཧཱུྃ་ལས་སོ། །ཉེར་གཉིས་པ་གཤིན་རྗེ་ནི་ཟླ་བ་ལ་ཧཱུྃ་ལས་སོ། །ཉེར་གསུམ་པ་རྡོ་རྗེ་ཆོས་ནི་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་བཞི་པ་སེང་གེ་སྒྲ་ནི་པདྨ་དང་སེང་གེའི་སྟེང་དུ་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་ལྔ་པ་ཧ་ལ་ཧ་ལ་ནི་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་དྲུག་པ་ཁརྶ་པ་ཎི་ནི་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་བདུན་པ་ཡི་གེ་དྲུག་མ་ནི་ཟླ་བ་དང་ཧྲཱིཿལས་སོ། །ཉེར་བརྒྱད་པ་ཧ་རི་ཧ་རི་ལ་ཞོན་པ་ནི་འབྱུང་པ་རིམ་བརྩེགས་དང༌། རི་རབ་སོགས་ཀྱི་སྟེང་དུ་ཟླ་བ་ལ་སྐད་ཅིག་གིས་སོ། །ཉེར་དགུ་པ་ཧ་ལ་ཧ་ལ་ནི་པད་ཟླ་ལ་ཧྲཱིཿལས་སོ། །སུམ་ཅུ་པ་པདྨ་གར་དབང་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་ཧྲཱིཿལས་སོ། །སོ་གཅིག་པ་སྒྱུ་འཕྲུལ་དྲྭ་བའི་སྤྱན་རས་གཟིགས་ནི་པད་ཟླ་ལ་ཧྲཱིཿལས་སོ། །སོ་གཉིས་པ་སྒྲོལ་མ་ནི་པད་ཟླ་ལ་ཏཱྃ་ལས་སོ། །སོ་གསུམ་པ་སྒྲོལ་མ་དཀར་མོ་ནི་པད་ཟླ་ལ་ཧཱུྃ་ལས་སོ། །སོ་བཞི་པ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ནི་པདྨ་དང་ཟླ་བ་ལ་ཏཱྃ་ལས་སོ། །སོ་ལྔ་པ་སྒྲོལ་མ་དཀར་མོ་ནི་པད་ཟླ་ལ་ཏཱྃ་ལས་སོ། །སོ་དྲུག་པ་ཨཽ་ཌྱན་གྱི་འོད་ཟེར་ཅན་ནི་པད་ཉིའི་སྟེང་དུ་མྃ་ལས་སོ། །སོ་བདུན་པ་རྟོགས་པ་ལས་གསུངས་པའི་འོད་ཟེར་ཅན་ནི་པད་ཉི་ལ་མྃ་ལས་སོ། །སོ་བརྒྱད་པ་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་ནི་ཟླ་བ་ལ་མྃ་ལས་སོ། །སོ་དགུ་པ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་ནི་པད་ཟླ་ལ་མྃ་སེར་པོ་ལས་སོ། །བཞི་བཅུ་པ་ཨཽ་ཌྱན་གྱི་འོད་ཟེར་ཅན་ནི་པད་ཉི་ལ་མྃ་ལས་སོ། །ཞེ་གཅིག་པ་ཨཽ་ཌྱན་གྱི་འོད་ཟེར་ཅན་ནི་པད་ཉི་ལ་ཧཱུྃ་ལས་སོ། །ཞེ་གཉིས་པ་ཙུནྡ་ནི་པད་ཟླ་ལ་ཙྃ་ལ་སོ། །ཞེ་གསུམ་པ་གནོད་གནས་ནི་པད་ཟླ་ལ་ཛཿལས་སོ། །ཞེ་བཞི་པ་ཨུ་ཙུཥྨ་ཛམྦྷ་ལ་ནི་པད་ཟླ་ལ་ཧཱུྃ་ལས་སོ། །ཞེ་ལྔ་པ་ནོར་རྒྱུན་མ་ནི་པད་ཟླ་ལ་ཙྃ་ལས་སོ། །ཞེ་དྲུག་པ་ཁྲོ་གཉེར་ཅན་ནི་པད་ཟླ་ལ་བྷྲྀཾ་ལས་སོ། །ཞེ་བདུན་པ་བྱམས་པ་ནི་པད་ཟླ་ལ་མཻཾ་ལས་སོ །ཞེ་བརྒྱད་པ་ཤེས་རབ་ཕ་རོལ་ཕྱིན་མ་ནི་པད་ཟླ་ལ་ཨྃ་ལས་སོ། །ཞེ་དགུ་པ་ཤེས་རབ་ཕ་རོལ་ཕྱིན་མ་ནི་པད་ཟླ་ལ་པྲྃ་ལས་སོ། །ལྔ་བཅུ་པ་ཤེས་རབ་ཕ་རོལ་ཕྱིན་མ་ནི་པད་ཟླ་ལ་བྷཱིཿལས་སོ། །ང་གཅིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་པད་ཟླ་ལ་དྷཱིཿལས་སོ། །ང་གཉིས་པ་བསྡུས་པའི་ཤེར་ཕྱིན་ནི་པད་ཟླ་ལ་དྷཱིཿསེར་པོ་ལས་སོ། །ང་གསུམ་པ་མི་གཡོ་བ་ནི་པད་ཉི་ལ་ཧཱུྃ་ལས་སོ། །ང་བཞི་པ་གཏུམ་མོ་ཆེན་པོ་ནི་པད་དཀར་ཉི་མ་ལ་ཧཱུྃ་ལས་སོ། །ང་ལྔ་པ་རྡོ་རྗེ་ཧཱུྃ་མཛད་ནི་པད་ཉི་ལ་ཧཱུྃ་ལས་སོ། །ང་དྲུག་པ་རི་ཁྲོད་ལོ་མ་ཅན་པད་ཟླ་ལ་པྃ་སེར་པོ་ལས་སོ། །ང་བདུན་པ་དབྱངས་ཅན་མ་ནི་པད་ཟླ་ལ་དོཿལས་སོ། །ང་བརྒྱད་པ་བགེགས་དགྲ་ནི་པད་ཉི་ལ་ཧཱུྃ་ལས་སོ། །ང་དགུ་པ་རལ་པ་གཅིག་མ་ནི་པད་ཉི་ལ་ཏཱྃ་ལས་སོ། །དྲུག་ཅུ་པ་དུག་སེལ་མ་ནི་པད་ཉི་ལ་ཛྃ་ལས་སོ། །རེ་གཅིག་པ་རིག་བྱེད་མ་ནི་པད་ཉི་ལ་ཧྲཱིཿལས་སོ། །རེ་གཉིས་པ་ཡང་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་ནི་པད་ཟླ་ལ་ཧྲཱིཿལས་སོ། །རེ་གསུམ་པ་ཨཽ་ཌྱན་གྱི་རིག་བྱེད་མ་ནི་པད་ཟླ་ལ་ཧྲཱིཿལས་སོ། །རེ་བཞི་པ་ཨཽ་ཌྱན་ནས་བྱུང་བའི་རིག་བྱེད་མ་ནི་པད་ཉི་ལ་ཧཱུྃ་ལས་སོ། །རེ་ལྔ་པ་ཁམས་གསུམ་དབང་དུ་བྱེད་པ་ནི་པད་ཉི་ལ་ཧྲཱིཿལས་སོ། །རེ་དྲུག་པ་གནོད་གནས་ནི་པད་ཟླ་ལ་བྃ་ལས་སོ། །རེ་བདུན་པ་རྒྱ་ནག་རིམ་པའི་སྒྲོལ་མ་ནི་པད་ཟླ་ལ་ཏཱྃ་ལས་ཐོད་པའི་ནང་དུ་གྲི་གུག་ཧཱུྃ་གིས་མཚན་པ་ལས་སོ། །རེ་བརྒྱད་པ་རྡོ་རྗེ་སྒྲོལ་མ་ནི་པད་ཟླ་ལ་ཏཱྃ་ལས་སོ། །རེ་དགུ་པ་གཤིན་རྗེ་དམར་པོ་ནི་པད་ཉི་ལ་ཧཱུྃ་ལས་སོ། །བདུན་ཅུ་པ་སོ་སོར་འབྲང་མ་ནི་པད་ཟླ་ལ་པྲྃ་ལས་སོ། །དོན་གཅིག་པ་གཙུག་ཏོར་རྣམ་རྒྱལ་ནི་པད་ཟླ་ལ་བྷྲཱུྃ་ལས་སོ། །དོན་གཉིས་པ་རྨ་བྱ་ཆེན་མོ་ནི་པད་ཟླ་ལ་མྃ་ལས་སོ། །དོན་གསུམ་པ་སྟོང་ཆེན་མོ་ནི་པད་ཟླ་ལ་བྷྲཱུྃ་ལས་སོ། །དོན་བཞི་པ་གསང་སྔགས་རྗེས་སུ་འཛིན་མ་ནི་པད་ཉི་ལ་ཧཱུྃ་ལས་སོ། །དོན་ལྔ་པ་བསིལ་བའི་ཚལ་ཆེན་མོ་ནི་པད་ཉི་ལ་ཛཱིཾ་ལས་སོ། །དོན་དྲུག་པ་ཕྱིར་བཟློག་པ་ཆེན་མོ་ནི་པད་ཟླ་ལ་ཧཱུྃ་ལས་སོ། །དོན་བདུན་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནི་པད་ཉི་ལ་ཧཱུྃ་ལས་སོ། །དོན་བརྒྱད་པ་རྣམ་རྒྱལ་ནི་པད་ཟླ་ལ་ཨོཾ་ལས་སོ། །དོན་དགུ་པ་གནྡྷ་རི་ནི་པད་ཟླ་ལ་ཧཱུྃ་ལས་སོ། །བརྒྱད་ཅུ་པ་མགོན་པོ་ནག་པོ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་གཅིག་པ་རྡོ་རྗེ་ལྕགས་སྒྲོག་མ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་གཉིས་པ་སྟོབས་པོ་ཆེ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་གསུམ་པ་གདུགས་དཀར་ནི་པད་ཟླ་ལ་ཨོཾ་ལས་སོ། །གྱ་བཞི་པ་རྟ་མགྲིན་ནི་པད་ཉི་ལ་ཧྃ་ལས་སོ། །གྱ་ལྔ་པ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་དྲུག་པ་བདག་མེད་མ་ནི་པད་ཟླ་ལ་ཨྃ་ལས་སོ། །གྱ་བདུན་པ་ཡང་བདག་མེད་མ་ནི་པད་ཟླ་ལ་ཨྃ་ལས་སོ། །གྱ་བརྒྱད་པ་གསེར་མདོག་ཅན་གྱི་ཤེས་ཕྱིན་ནི་པད་ཟླ་ལ་དྷཱིཿལས་སོ། །གྱ་དགུ་པ་རྡོ་རྗེ་ཕག་མོ་ནི་ཆོས་འབྱུང་དབུས་སུ་པདྨ་ལ་ཧྲཱིཿལས་སོ། །དགུ་བཅུ་པ་རིག་བྱེད་མ་ནི་ཆོས་འབྱུང་དབུས་སུ་པདྨ་ལ་ཧྲཱིཿལས་སོ། །གོ་གཅིག་པ་སྒྲོལ་མ་དཀར་མོ་ནི་པད་ཟླ་ལ་ཧཱུྃ་དཀར་པོ་ལས་སོ། །སྒྲུབ་ཐབས་ཀྱི་གཏད་རྒྱའོ། །ཨི་ཐི།། །།གསུམ་པ་བརྟན་འཁོར་སྐབས་སུ་རྒྱལ་པོ་ཆོས་སྐྱོང་དང་བཙུན་རྒན་གྱི་ལོ་རྒྱུས། སེང་གེ་སྒྲའི་སྐབས་སུ། སྐུ་མདོག་དཀར་པོར་འོང་བའི་ལོ་རྒྱུས། སྒྱུ་འཕྲུལ་དྲྭ་བའི་སྤྱན་རས་གཟིགས་ཀྱི་སྐབས་སུ། དགྲ་ལས་རྒྱལ་བའི་ལོ་རྒྱུས། ཛམྦྷ་ལ་ལ་ཆུ་སྟེར་བའི་གནད་ཀ་བཤད། བལ་པོར་རྡོ་རྗེ་ལྕགས་སྒྲོག་གི་སྐུ་གཅིག་ལ་མཆོད་ཙ་ན་བཙོན་ལས་ཐར་བའི་ལོ་རྒྱུས་དང༌། དཔལ་ལྡན་འབྲས་སྤུང་དུ་བསྒྲུབ་པའི་ལོ་རྒྱུས་གསུང་ངོ༌། །དམ་པ་ཆོས་ཀྱི་མཛོད་དུ་གྱུར་པ་ནི་ལྷ་མོ་མཁར་གྱི་ཀྱེ་ཚང་གི་མི་དགའ་རབ་རྡོ་རྗེའི་སློབ་མ་རྡོ་རྗེ་གདན་པས་མ་བསྒོམས་མི་ཕམ་བཤེས་གཉེན་གྱིས་བསྒྲུབས་པས་གྲུབ་ནས་འདི་བྱས་ཏེ། རྡོ་རྗེ་གདན་པ་ལ་གནང་ངོ༌། །འདི་རྗེ་བཙུན་ཆེན་པོས་མཛད་དོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply