༼ཉ༽
༄༅། །རྡོ་རྗེ་ཕུར་པའི་མངོན་པར་རྟོགས་པ་བཞུགས་སོ།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་གཞོན་ནུའི་བསྙེན་པ་བྱེད་པར་འདོད་པས། དང་པོར་སྐད་ཅིག་གིས་རྣམ་པར་མི་རྟོག་པའི་ངང་ལས་རང་གི་སེམས་ཉིད་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་དུ་བསམས་ཏེ། སྥ་ར་ཎ་ཕཊ་ཅེས་པས་སྤྲོས། སཾ་ཧ་ར་ན་ཧཱུྃ་ཞེས་པས་བསྡུས་པ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་གྱུར། དེ་སྤྲོས་འདུས་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འགྱིང་བག་དང་ལྡན་པར་བསམ། དེའི་ལྟེ་བར་ཧཱུྃ་ཅིག་བསམ། དེ་རྩ་དབུ་མ་ནས་བྱུང་སྟེ་ཀླད་པའི་རྒྱས་ལ་བྱོན། སྣ་བུག་གཡས་པ་ནས་འཐོན་ཏེ་མདུན་གྱི་ནམ་མཁར་ཡི་གེ་ཧཱུྃ་སྦྲེལ་མ་ཅིག་ཏུ་གྱུར་ཏོ། །དེ་ནས་བཛྲ་དྷྲྀཀ་ཅེས་པས་ཧཱུྃ་གཅིག་བྱེ་ནས་བདག་ལ་ཐིམ་པས་བདག་ཉིད་རྡོ་རྗེ་སེམས་དཔར་གནས་པ་དེ་ཞེ་སྡང་རྡོ་རྗེར་གྱུར་ཏེ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ། གཡོན་དང་པོས་དྲིལ་བུ། བར་མ་གཉིས་ཀྱིས་འཁོར་ལོ་དང་རིན་པོ་ཆེ། ཐ་མ་གཉིས་པདྨ་དང་རལ་གྲི་བསྣམས་པ། ཞལ་ཁྲོ་ལ་འཛུམ་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་རུ་སྣང་བ་མ་ཡིན་པའི་ཡུམ་དང་བཅས་པར་བསྒོམ་མོ། །དེ་ནས་མ་སཱུརྻ་མཎྜ་ལ་ཞེས་པས་ལག་པ་གཡས་པའི་མཐིལ་དང་སོར་མོ་རྣམས་ལ་ཉི་མའི་དཀྱིལ་འཁོར་རེ་བསམ་མོ། །ཨ་ཙཎྡྲ་མཎྜ་ལ་ཞེས་གཡོན་པའི་མཐིལ་དང་སོར་མོ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་བསམ། དེ་ནས་གཡས་པའི་མཐིལ་དུ་ཧཱུྃ། སོར་མོ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པ་བསམ། གཡོན་པའི་མཐིལ་དུ་ཨ། སོར་མོ་ལ་ཡུམ་ལྔའི་ས་བོན་བསམ། དེ་ལས་ཡབ་ཡུམ་བཅུར་གྱུར་ཏེ། ས་མ་ཡ་སྟྭཾ། ཞེས་པས་ཐལ་མོ་སྦྱར་ཏེ་བརྡས་བསྐུལ། བཛྲ་ཨཉྫ་ལི་ཧཱུྃ། ཞེས་སོར་མོ་བསྣོལ་བས་རྗེས་སུ་ཞུགས། བཛྲ་བནྡྷ་ཞེས་པས་སོར་མོ་བརྡབས་ཏེ་གཅིག་ཏུ་གྱུར། ཨོཾ་བཛྲ་ཨཉྫ་ལི་ཞེས་པ་ལ་སོགས་པས་ཡབ་ཡུམ་དུ་བསྐྱེད་པའི་སྦྱོར་བའི་མཚམས་ནས་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་པ་ཐོགས་པ་མང་པོ་བྱུང་སྟེ། ལག་མཐིལ་དུ་ཧཱུྃ་དང་ཨ་ལ་ཐིམ། དེ་ནས་ཨ་ཞེས་བརྗོད་པས་ཡང་ཁྲོ་ཆུང་ཐམས་ཅད་སྤྲོས་པས་དེ་རྣམས་ཀྱིས་དགྲ་དང་བགེགས་ཐམས་ཅད་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ལ་སོགས་པ་རྔམ་པའི་སྒྲ་དང་བཅས་ཏེ་བསྐྲད་པར་བསམ། དེ་ནས་ཧཱུྃ་ཞེས་བརྗོད་པས་དེ་རྣམས་འདུས་ཏེ་འོད་དུ་ཞུ་ནས་བདག་གི་ཐུགས་ཀར་ཐིམ་པར་བསམ། དེ་ནས་མཚོན་ཆ་སྣ་ཚོགས་པ་བདག་གི་སྣ་བུག་ནས་བྱུང་སྟེ། མདུན་དུ་བསམ། དེ་ནས་ཨོཾ་བྷཱུྃ་ཧཱུྃ་ཞེས་པ་ལ་སོགས་པ་བརྗོད་པས་ཕྱོགས་ནས་མཚོན་ཆ་བབས་པས་མདུན་ན་མར་ལ་ཐིམ་པས་མེའི་ཕུང་པོ་ལྟར་འབར་ཞིང་རིའི་ཕུང་པོ་ཙམ་དུ་བསམས་ལ། དེ་རེ་རེ་ནས་རིམ་པས་བླངས་པར་བསམ་སྟེ་རང་རང་གི་ཕྱག་རྒྱས་བཅིངས་ཏེ་མཚམས་བཅད་དོ། །ཡང་ངག་ཏུ་ཧཱུྃ་ངའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གཞུག བཛྲ་ཡཀྵ་ལ་སོགས་པའི་སྔགས་རེ་རེ་བརྗོད་དེ་གཡས་ནས་བསྐོར་བས་བགེགས་རྣམས་བསྐྲད་དེ་རྭ་བར་གྱུར། གཡོན་ནས་བསྐོར་ཏེ་ཕཊ་བཞག་སྟེ་ཧཱུྃ་ཡན་ཆད་བརྗོད་པས་མཚོན་ཆའི་གུརདུ་གྱུར་ནས་བགེགས་ཀྱིས་མི་ཚུགས་པར་བསམ་མོ། །ཕྱག་རྒྱ་ནི་གུང་མོ་བསྲངས་ཏེ་མཛུབ་མོ་གཞན་ཕྱོགས་བཞི་ནས་བཙུགས་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །མཛུབ་མོ་བཀུག་སྟེ་མཐེ་བོང་གིས་མནན་ནས་གཞན་བརྐྱང་བ་ནི་རལ་གྲི་ཕྱག་རྒྱའོ། །ཐལ་མོ་སྦྱར་ཏེ་སོར་མོའི་རྩེ་མོ་བསྣོལ་བ་ནི་འཁོར་ལོའི་ཕྱག་རྒྱའོ། །སོར་མོ་རྣམས་རྩེ་སྤྲད་དེ་སྲིན་ལག་གཉིས་ནང་དུ་བཀུག་པ་ནི་རྒྱ་གྲམ་གྱི་ཕྱག་རྒྱའོ། །སོར་མོའི་རྩེ་མོ་རྣམས་བཀུག་སྟེ་མགོ་བོ་ལྟར་བྱས་པ་ནི་དབྱུག་ཏོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་རྣམས་བཅིང་ཞིང་སྟེང་ཡང་རྡོ་རྗེའི་ཞེས་པ་དང༌། རྡོ་རྗེའི་མཚམས་ལས་མ་འདའ་ཞིག་ཅེས་པའི་མགོར། སྟེང་ཡང་རལ་གྲི་ཞེས་པ་ལ་སོགས་པ་བཅུག་ལ་རིམ་པ་ལྔར་མཚམས་བཅད་དོ། །དེ་ནས་སྲིད་པའི་རྩེ་མོ་ཞེས་པ་ནས་དེངས་ཤིག་པའི་བར་བརྗོད་པས་ཤིན་ཏུ་བརྟན་ཞིང་གཟི་བརྗིད་དང་ལྡན་པར་བསམ། དེ་ནས་རང་གི་མིག་གཡས་པར་མ་ལས་ཉི་མ་ལ་རྃ་བསམས་ཏེ། གཡས་པའི་སྤྱན་ཟུར་ཅེས་པ་ནས་བསྲེག་པའི་བར་བརྗོད་དོ། །རྃ་ཞེས་བརྗོད་དེ་མིག་བཟློག་པས་རྃ་གྱི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྲེག་པར་བསམ་སྟེ་ཐལ་བར་བུན་སོང་བར་བསམ། གཡོན་པར་ཟླ་བ་ལ་ཨ་བསམས་ཏེ། གཡོན་པའི་སྤྱན་ཟུར་ཞེས་པ་ནས་གསོ་བར་བྱ་བའི་བར་བརྗོད་དེ། ཨ་ཞེས་པ་དང་གཡོན་པ་བཟློག་པས་ཨའི་འོད་ཟེར་བྱང་ཆུབ་ཀྱི་སེམས་ཀྱིས་ཐལ་བ་ལ་སྔར་བཞིན་གསོས་པར་བསམ། དེས་མཚམས་ལྔ་ཡང་སྣང་ལ་རང་བཞིན་མེད་པ་གཞའ་ཚོན་ལྟ་བུར་བསམ་མོ། །དང་པོ་མཚམས་བཅད་པའོ། །དེ་ནས་བཤགས་པ་བྱ་བ་ནི། བཛྲ་ས་མ་ཡ་ཛཿཞེས་བརྗོད་པ་དང༌། སེ་གོལ་ལྕགས་ཀྱུ་དང་བཅས་པ་བརྡབས་པས་སྲུང་བའི་འཁོར་ལོའི་ནང་དུ་བླ་མ་དང་ཐ་མི་དད་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། དེ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་བཛྲ་ཀཱི་ལ་ཡའི་ངོ་བོར་བསྡུས་ལ། མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་མོ། །དཀྱིལ་འཁོར་གྱི་བཀོད་པ་མངོན་པར་བསམ། དེའི་འཁོར་ན་ཡེ་ཤེས་དང་ལས་ལས་གྲུབ་པ་ལ་སོགས་པའི་མཁའ་འགྲོ་དང་དཔའ་བོ་ཐམས་ཅད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་ཀྱང་སྤྲིན་ཕུང་ཙམ་དུ་བསམས་ལ། དེའི་སྤྱན་སྔར་རང་གི་སྡིག་སྒྲིབ་སྦྱང་བར་བྱ་བའི་ཕྱིར་བརྗོད་མེད་དང་དམ་ཚིག་ཉི་ཤུ་པས་བཤགས། ཉམས་ཆགས་བསྐང་བའི་ཕྱིར་མཁའ་འགྲོ་རྣམས་ལའང་བཤགས་པ་བྱས་ལ་གསོལ་བ་གདབ། དེ་ནས་ཨ་ལ་ལ་ཧོ་ཞེས་པའི་ཚོགས་ཀྱིས་བྱིན་ཕབ་ལ། རྔ་དང་དྲིལ་བུ་ལ་སོགས་པ་སྒྲ་དང་བཅས་པ་བརྗོད་དེ། མདུན་གྱི་ཚོགས་ཀྱི་ཞིང་དེ་ཐམས་ཅད་ཛཿཧཱུྃ་གིས་རང་གི་ཐུགས་ཀར་བསྟིམ་མོ། །དེ་ནས་དམ་རྫས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་ཡི་གེ་རྃ་དམར་པོ་ཅིག་འཕྲོས་ཏེ། བདུད་རྩིའི་སྣོད་ལ་རེག་པས་མེའི་དཀྱིལ་འཁོར་དུ་གྱུར་ཏེ། མི་གཙང་བ་དང་ལྷག་མ་ལ་སོགས་པ་བསྲེག་པར་བསམ། ཡྃ་ཅིག་འཕྲོས་པས་རླུང་གིས་གཏོར་བར་བསམ། ཁྃ་ཅིག་འཕྲོས་པས་ཆུས་བཀྲུས་ཏེ་དག་པར་བསམ། དེ་ནས་བྷྲཱུྃ་ཅིག་འཕྲོས་ཏེ་དེ་ལས་བནྡྷ་འབར་བའི་སྣོད་ཤིན་ཏུ་ཆེ་བར་བསམ། དེའི་ནང་དུ་འཁོར་ལོ་རྩིབས་བཞི་པ་ཅིག་གི་ལྟེ་བ་ལ་ཉི་མ་གཉིས་བསམ། དེ་བཞིན་དུ་ཤར་དུ་ཟླ་བ་ལ་ཨོཾ་དཀར་པོ་གཉིས། ལྷོར་རིན་པོ་ཆེ་ལ་སྭཱ་སེར་པོ་གཉིས། ནུབ་དུ་པདྨའི་སྟེང་དུ་ཨཱཿདམར་པོ་གཉིས། བྱང་དུ་ཨ་གྲུ་གསུམ་ལ་ཧཱ་ལྗང་གུ་གཉིས་བསམ། དེ་ནས་བཛྲ་རཏྣ་ཞེས་པ་ལ་སོགས་པ་བརྗོད་པས་དབུས་ཀྱི་ཧཱུྃ་དེ་ལས་རྡོ་རྗེ་དང་དྲིལ་བུར་གྱུར། ཤར་དུ་ཨོཾ་ལས་འཁོར་ལོ་དང་དྲིལ་བུ། ལྷོར་སྭཱ་ལས་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་ཨཱ་ལས་པདྨ་དང་དྲིལ་བུ། བྱང་དུ་ཧཱ་ལས་རལ་གྲི་དང་དྲིལ་བུར་གྱུར་ཏོ། །དེ་ལ་རྐྱེན་གྱི་སྔགས་ཧཱུྃ་བཛྲ་དྷྲྀཀ་ཅེས་པ་ལ་སོགས་པ་བརྗོད་པས་དབུས་ཀྱི་མི་བསྐྱོད་པ་ཡབ་ཡུམ། ཤར་དུ་རྣམ་སྣང༌། ལྷོར་རིན་འབྱུང༌། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་དུ་གྱུར་ཏོ། །དེའི་སྟེང་དུ་ཡི་གེ་བྷྲཱུྃ་གསུམ། དེ་ནས་བདག་གི་ལག་པ་གཡོན་པའི་མཐེབ་སྲིན་གྱི་སྟེང་དུ་རྟ་མགྲིན་ཡབ་ཡུམ་སྐད་ཅིག་གིས་བསམ། དེ་གཉིས་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་དེ་ཡི་གེ་འབྲུ་གསུམ་ལ་ཕོག དེ་གསུམ་ཡང་འོད་དུ་ཞུ་སྟེ་རྒྱལ་བ་ཡབ་ཡུམ་བཅུ་ལ་ཕོག་པས་ཡབ་ཡུམ་བཅུ་སྦྱོར་བའི་བརྡས་བསྐུལ་ཏེ། ས་མ་ཡ་ཧོ་ཞེས་པ་ལ་སོགས་པ་བརྗོད་པས་སྦྱོར་བའི་མེས་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་བཅུད་ལ་ཁྱབ་པ་བསྡུས་ཏེ་བདུད་རྩི་ལ་ཐིམ་པས་འཇིག་རྟེན་གྱི་ཁམས་ཙམ་དུ་དཀར་ལྟེམ་མེ་བསམས་ལ། གསང་སྔགས་བརྒྱ་རྩ་བརྒྱད་བརྗོད་དོ། །དེ་ནས་གཡས་སུ་གཏོར་བས་བགེགས་བསྐྲད། གཡོན་དུ་གཏོར་བས་རྫས་དང་ཡོ་བྱད་བསྲུང་བར་བསམ་མོ། །གཏོར་མའི་དུས་སུ་བདག་གི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་ཅིག་སྤྲོས་པས་རྟོག་སྒྲིབ་དང་བག་ཆགས་བསྲེགས་ཏེ་མི་དམིགས་པར་བསམ། ཡང་ཨོཾ་དམར་པོ་ཅིག་འཕྲོས་པས་དེ་ཞུ། འཕྲོས་པས་སྣོད་བཅུད་ཀྱི་རྩི་བཅུད་བསྡུས་ཏེ་བདུད་རྩིར་གྱུར་པར་བསམ། ཡང་ཨོཾ་ཞེས་བརྗོད་པས་ཨོཾ་གྱི་འཕྲོ་འདུས་བདུད་རྩི་དེ་ཉིད་ཀྱང་ཡེ་ཤེས་ལྔ་དང་ལྡན་པའི་རྒྱལ་བ་ལྔའི་བདག་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་ལྡན་པ་བསམ་གྱིས་མི་ཁྱབ་པར་བསམ། དེ་ལ་ཨོཾ་ཞེས་པས་འོད་ལོངས་སྤྱོད་དུ་བསམ་མོ། །དེ་ནས་བྱིན་གྱིས་བརླབ་པའི་སྔགས་བདུན་བརྗོད་དོ། །དེ་ནས་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པར་བྱ་སྟེ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་དངོས་པོའི་གནས་ལུགས་ཤེས་བྱའི་འདུག་ཚུལ་ཆོས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པ་ལ་དེ་ལྟར་བསྒོམ་པ་ནི་དེ་བཞིན་ཉིད་དོ། །དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་དེའི་ངང་ལས་མ་འདས་པ་ནི་ཀུན་ཏུ་སྣང་བ་ཡིན་ཏེ། དེ་ལྟར་ཆོས་ཅན་ཐམས་ཅད་ལ་ཡོད་པའི་ཆོས་ཉིད་དེ་རང་ཆས་སུ་གནས་ཀྱང་དེ་ལྟར་མ་རྟོགས་པའི་སེམས་ཅན་དག་རེ་སྙིང་རྗེ་ནམ་མཁའི་ངོ་བོར་བསྒོམ་སྟེ། དེ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཁྲོས་པ་ཞེས་པ་ཏིང་ངེ་འཛིན་ཏོ། །དེ་ནས་མཚོན་ཆེན་ཞེས་པ་ནས་བསྒོམ་པར་བྱ་ཞེས་པའི་བར་བརྗོད་དེ། རྒྱུའི་ཏིང་ངེ་འཛིན་ནི་གོང་དུ་དེ་བཞིན་ཉིད་ནི་ཤེས་རབ། ཀུན་སྣང་ནི་ཐབས་ཏེ། དེ་གཉིས་ཀྱིས་རང་གི་ཤེས་པའི་རྒྱུད་དག་པར་བྱས་ནས་ཐབས་ཤེས་རབ་གཉིས་སུ་མེད་པའི་རང་རིག་པ་གསལ་བ་མ་འགགས་པ་ཅི་ཡང་མ་ཡིན་པ་དེ་ཡི་གེ་ཧཱུྃ་མཐིང་ནག་ཅིག་ཏུ་བསྒོམ། དེ་ནི་རྣམ་ཤེས་ཀྱི་ངོ་བོ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་རྒྱུའོ། །དེ་ནས་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། ཧཱུྃ་དེ་ལས་ཡི་གེ་རྃ་དམར་པོ་ཅིག་ཆད་དེ། འོད་འཕྲོས་འདུས་པ་ལས་མེའི་དཀྱིལ་འཁོར་དུ་གྱུར་ཏེ། སེམས་ཅན་གྱི་ལས་དང་ཉོན་མོངས་པ་དང་སྣོད་ཀྱི་ལྗན་ལྗིན་ཐམས་ཅད་བསྲེག་པར་བསམ། ཡྃ་ཞེས་པས་ཡྃ་དུད་ཁ་ཆད་དེ་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་གྱུར་ཏེ་འཁོར་བའི་སྐྱོན་དེ་གཏོར་པར་བསམ། ཁྃ་ཞེས་པས་ཁྃ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་ཏེ་བཀྲུས་ཏེ་དག་པར་བསམ། དེ་ལྟར་མ་དག་པ་འཁོར་བའི་སྐྱོན་ཐམས་ཅད་སྦྱངས་ལ་དག་པའི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། ཧཱུྃ་ལས་འོག་གི་ཕྱོགས་སུ་ཧ་ལྗང་གུ་གཅིག་འཕྲོས་ཏེ། ཧ་ཀརྨ་རཀྵ་ཧཱུྃ་ཞེས་བརྗོད་པས་དབང་ཆེན་རླུང་གི་དཀྱིལ་འཁོར་ཆེན་པོ་རྒྱ་གྲམ་གྱི་དབྱིབས་གྲུ་གསུམ་སྲ་ཞིང་འཐས་པ་རབ་གནོན་གྱི་བུའི་མཐུའམ། ཚན་པོ་ཆེའི་རྡོ་རྗེའི་མཐུ་ཡང་ཐལ་བར་བྱེད་པར་བསྐྱེད་དོ། །དེའི་སྟེང་དུ་ཧཱུྃ་ལས་ཁྃ་དཀར་པོ་འཕྲོས་ཏེ། ཁྃ་ཁ་ས་མེ་ཞེས་བརྗོད་པས་ཆུའི་དཀྱིལ་འཁོར་དུ་གྱུར་ཏོ། །ཡང་རླུང་ལས་སུྃ་སེར་པོ་འཕྲོས་པ་ལས་སུྃ་ནི་རི་ཏི་ཞེས་པས་གསེར་གྱི་ས་གཞི་ཆེན་པོར་གྱུར་ཏེ། མཚོ་ལ་དར་ཆགས་པར་གྱུར་ཏོ། །དེའི་སྟེང་དུ་ཧཱུྃ་ལས་རྃ་དམར་པོ་འཕྲོས་པ་ལས་རྃ་རྃ་མེ་ཞེས་བརྗོད་པས་མེའི་དཀྱིལ་འཁོར་དུ་གྱུར་ཏེ། མེ་ཕྱེད་ཐུར་དུ་ཐིམ་པས་འབྱུང་བ་དྲོད་ཀྱི་ཆ་མཉམ། ཕྱེད་ཡར་བྱུང་བས་འབྱུང་བ་ལྔའི་མཐའ་ལ་འཇའ་ཚོན་སྣ་ལྔས་བསྐོར་བར་བསམ་མོ། །དེའི་སྟེང་དུ་ཧཱུྃ་ལས་ཨེ་མཐིང་སྐྱ་ཅིག་འཕྲོས་ཏེ། ཨྃ་བྷྲཱུྃ་ཞེས་བརྗོད་པས་ནམ་མཁའི་དཀྱིལ་འཁོར་དུ་གྱུར་ཏེ། ཡུམ་ཀུན་ཏུ་བཟང་མོའི་མཁའི་རང་བཞིན་དུ་བསམ་མོ། །དེ་ཡང་སྤྱིར་ཁྱབ་པར་བསྒོམ་སྟེ། རྒྱུད་ལས། ནམ་མཁའ་སྤྱིར་ཁྱབ་ཕོ་བྲང་གཞལ་ཡས་ཁང༌། །ཞེས་འབྱུང་བས་སོ། །འབྱུང་བ་བཞི་པོའང་ཡུམ་བཞིའི་མཁར་བྱིན་གྱིས་བརླབ་པའོ། །དེ་ནས་ཡང་བྷྲཱུྃ་ལས་ར་དམར་ནག་བཞི་འཕྲོས་ཏེ། ར་རཀྟ་ཛྭ་ལ་མཎྜ་ལ་ཞེས་བརྗོད་པས་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པ་ཞིང་གི་གནས་རྒྱུ་བ་དབུས་མཐོ་ན་མཐའ་དམའ་བ། མཐའ་མཐོ་ན་དབུས་དམའ་བ་ལྟ་བུར་གྱུར་ཏོ། །དེའི་སྟེང་དུ་ཀེཾ་སྔོན་པོ་ཆད་པ་ལས་ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཞེས་བརྗོད་པས། ཀེང་རུས་ཀྱི་རི་རབ་དཔག་ཚད་འབུམ་ཕྲག་དྲུག་ཁྲི་ཞེང་དང་དཔངས་སུ་ཡོད་པ་རཀྟའི་ནང་དུ་བརྒྱད་ཁྲི་ནུབ་སྟེ། ཡར་བརྒྱད་ཁྲི་འཕགས་པ་རྐེད་པ་ནས་ཉི་ཟླ་འཁོར་ཞིང་འབར་བ་བརྟན་ཞིང་མི་གཡོ་བའི་ཕྱིར་གྲྭ་བཞི་ནས་གནམ་ལྕགས་ཀྱི་གཟེར་ཆེན་བཏབ་པ། ཆུ་སྲིན་གྱི་རྒྱལ་མཚན་བཞི་མངོན་དུ་བྱུང་སྟེ་མཚན་པར་བསྐྱེད་དོ། །དེའི་སྟེང་དུ་བྷྲཱུྃ་སྨུག་ནག་གཅིག་ཆད་དེ། བྷྲཱུྃ་བི་ཤུདྡྷེ་ཛྭ་ལ་མཎྜ་ལ་ཧཱུྃ་ཞེས་བརྗོད་པས་རིན་པོ་ཆེ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཞི་བའི་ཕོ་བྲང་དུ་བསྐྱེད་དེ། དེ་ཡང་ཤར་ཤེལ་དཀར་པོ་ལས་གྲུབ་པ། ལྷོ་གསེར། ནུབ་བྱི་རུ། བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ། དབུས་བཻ་ཌཱུརྻ་སྔོན་པོ། ཤར་ན་ཤེལ་གྱི་རྡོ་རྗེ་དཀར་པོའི་ཀ་བ་དང༌། གདུང་དང༌། གྲལ་མ་དང༌། ཕྱམ་ཡོད་པ། ལྷོ་གསེར་གྱི་རིན་པོ་ཆེའི་ཀ་བ་དང༌། གདུང་གཉིས། གྲལ་བུ་ལ་སོགས་པ་ཐམས་ཅད་ཀྱང་གསེར་གྱི་རིན་པོ་ཆེ་ལས་བྱས་པ། ནུབ་ཏུ་བྱི་རུ་དམར་པོ་ལས་གྲུབ་པའི་པདྨའི་ཀ་བ་གཉིས་དང༌། གདུང་དང༌། གྲལ་བུ་དང༌། ཕྱམ་དང༌། བྱང་དུ་ཨིནྡྲ་ནཱི་ལས་བྱས་པའི་རལ་གྲིའི་ཀ་བ་གཉིས་དང༌། གདུང་དང༌། ཕྱམ་དང༌། གྲབ་བུ་ཤར་གྱི་གདུང་གིས་ནུབ་ཀྱི་ཀ་བ་སླེབ་ནུས་ཀྱི། གདུང་བྲེ་གཉིས་ཀྱི་ཀྱང་ཤར་གྱི་ཀ་བ་ལ་སླེབ་པའོ། །བྱང་དང་ལྷོར་ཡང་དེ་ལྟར་རོ། །སྟེང་ན་བཻ་ཌཱུརྻ་ལས་གྲུབ་པའི་རྒྱ་ཕུབ་རྩེ་མོ་རྡོ་རྗེ་ནོར་བུ་ཕྱུར་བུར་བྱས་པ། ཤར་ཤེལ་གྱི་སྒོ། ལྷོ་གསེར། ནུབ་བྱི་རུ། བྱང་ཨིནྡྲ་ནཱི་ལའི་སྒོ། སྒོ་བཞི་ན་རྟ་བབས་དང་བཅས་པ། རྩིག་པ་ཡེ་ཤེས་ལྔའི་རང་བཞིན་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་དེའི་ཕྱི་ལྗང་གུ། དེའི་ཕྱི་ན་དམར་པོ། དེའི་ཕྱི་ན་གསེར་པོ། ཐ་མ་ན་དཀར་པོས་བསྐོར་བ། ཁ་ཁྱེར་ལ་རིན་པོ་ཆེའི་དོ་ཤལ་དང་ཟ་ར་ཚགས་འཕྱང་བ་རྨང་ན་གཞི་སྟེགས་དང་བཅས་པའོ། །ཕྱི་ནང་མེད་པར་གསལ་བ། གཞི་སྟེགས་དེའི་ཁ་ན་ཡར་གཟུགས་ཀྱི་རྡོ་རྗེ་དཀར་མོ་མེ་ལོང་ཐོགས་པས་བསྐོར་བ། དེའི་ཕྱི་ན་སྒྲའི་ལྷ་མོ་པི་ཝང་དང་གླིང་བུ་ཐོགས་པ་སྔོན་མོས་བསྐོར་བ། དྲིའི་ལྷ་མོ་སེར་མོ་སྤོས་ཁང་ལ་སོགས་པ་ཐོགས་པ། དེའི་ཕྱི་ན་རོའི་ལྷ་མོ་དམར་མོ་ཞལ་ཟས་བསྣམས་པ། རེག་གི་ལྷ་མོ་ལྗང་གུའམ་ཁྲ་མོ་ན་བཟའ་བསྣམས་པས་བསྐོར་བའོ། །གཞན་ཡང་ཏཱ་ལའི་སྐྱེ་ཤིང་དང་ཁྲུས་ཀྱི་རྫིང་བུ་དང༌། མ་བཏབ་པའི་ལོ་ཏོག་ལ་སོགས་པས་བརྒྱན་པ། དེའི་ཕྱི་རིམ་རྡོ་རྗེའི་རྭ་བ་དང༌། མེའི་འོད་ཀྱིས་བསྐོར་བའོ། །དེའི་དབུས་སུ་ཧཱུྃ་ལས་འོད་མཐིང་ནག་འཕྲོས་པ་ལས་ཨེ་གྲུ་གསུམ་འབར་བ། བང་རིམ་སུམ་བརྩེགས་དང་བཅས་པ་རྡོ་རྗེ་རྭ་བ་མུ་ཁྱུད་དང་བཅས་པ། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ལ་གཉིས་སྟེང་འོག་ཏུ་ཟུག་པའི་རྩིབས་མཆན་ཨེ་གྲུ་གསུམ་རེས་མཚན་པ། དེའི་ཕྱི་རིམ་པར་ཁྱམས་གཉིས་ལ་ཕྱོགས་རེ་རེ་ན་གློ་འབུར་གཉིས་གཉིས་ཏེ་བཅུ་དྲུག་ཡོད་པར་བསྐྱེད་དོ། །གཞལ་ཡས་ཁང་དེའི་ནང་དུ་དབུས་སུ་ཧཱུྃ་ལས་མྃ་འཕྲོས། མ་སཱུརྻ་མཎྜ་ལ་ཞེས་པ་ཉི་མའི་དཀྱིལ་འཁོར། ཨ་ལས་ཨ་ཙནྡྲ་མཎྜ་ལ་ཞེས་པས་ཟླ་བའི་གདན། པྃ་ལས་པྃ་པདྨ་མཎྜ་ལ་ཞེས་པས་པདྨའི་གདན། དེའི་སྟེང་དུ་མ་ཧཱ་དེ་ཝ་ཛཿཞེས་པ་དང༌། ཨུ་མ་དེ་ཝཱི་ཛཿཞེས་པས་དབང་ཕྱུག་ཕོ་མོ་བྱི་བཅིངས་སུ་གདན་དུ་བཏིང་ངོ༌། །ཕྱག་ལེན་དུ་སྐབས་འདིར་ཁྲོ་བོ་ལ་སོགས་པའི་གདན་ཡང་བསྐྱེད་དོ། །ད་ནི་བརྟེན་པ་ལྷ་བསྐྱེད་པར་བྱ་སྟེ། དབུས་ཀྱི་ལྟེ་བ་ལ་དབང་ཕྱུག་ཕོ་མོའི་སྙིང་གར་ཧཱུྃ་དེ་བབས་པས་དྲག་པོའི་ཕྲིན་ལས་ཡིན་པས་རྩ་སྔགས་ཙམ་གྱིས་བསྐྱེད་ཟེར། ཡང་ན་ཧཱུྃ་ལས་སྤྲོས་པ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་འཕྲོས་འདུས་པ་ལས་རྩ་སྔགས་སྒྲའི་ཚུལ་དུ་བྱུང་བ་ལས་སྐུར་བསྐྱེད་དེ། ཞལ་གསུམ་ཕྱག་དྲུག གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག གཡས་དང་པོ་རྡོ་རྗེ་རྩེ་དགུ། བར་མ་རྡོ་རྗེ་རྩེ་ལྔ། གཡོན་དང་པོ་མེ་དཔུང༌། བར་མ་ཁ་ཊྭཱཾ་ག ཐ་མ་གཉིས་ཕུར་བུ་འདྲིལ་བ། སྐུ་ཆེ་ཞིང་ཡན་ལག་རགས་པ། མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། རལ་པ་ཁམ་ནག་གྱེན་དུ་བརྫེས་པ། གླང་ཆེན་གྱི་ཀོ་རློན་དང༌། ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྟག་གི་ཤམ་ཐབས་ཅན། སྦྲུལ་དཀར་ཁྲས་དབུ་རྒྱན་བྱས་པ། དམར་ཁྲས་སེ་རལ་ཁ་བྱས་པ། ལྗང་ཁྲས་རྐེད་ཆིངས་བྱས་པ། ནག་ཁྲས་རྐང་གདུབ་དང་ལག་གདུབ་བྱས་པ། ཐོད་པ་རློན་པའི་དོ་ཤལ་དུ་བྱས་པ། ཐོད་སྐམ་གྱི་ཐོད་ཕྲེང་དུ་བྱས་པ། གཞན་ཡང་རཀྟའི་ཐིག་ལེ་དང༌། ཞག་གི་ཟོ་རིས་དང༌། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པའོ། །ཞི་བའི་ཆ་ལུགས་རྫོགས་པའི་རྟགས་སུ་རིན་པོ་ཆེའི་དཔུང་རྒྱན་དང་གདུབ་བུ་དང་མགུལ་རྒྱན་ལ་སོགས་པས་ཀྱང་བརྒྱན་པའོ། །དེ་ནས་སྙིང་རྗེ་ཞེས་པའི་ཚིགས་བཅད་བརྗོད་དེ། རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད། སྐྲ་ཉི་ཁྲི་ཆིག་སྟོང༌། བ་སྦྲུ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་ཐམས་ཅད་ཀྱང་རྡོ་རྗེ་གཞོན་ནུ་རང་འདྲ་བས་གོ་མཚམས་མེད་པར་གཏམས་པར་བསྒོམ། དེ་ནས་སྙིང་གི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་སོར་བཞི་པ་གཅིག་བསྐྱེད། དེའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་གྱིས་བྱས་པ་ཤར་གྱི་སྒོ་གཅིག་པའོ། །དེའི་སྟེང་དུ་མ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་ཡེ་ཤེས་སེམས་དཔའ་མཚོན་གང་བའོ། །དེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བ་ལ་ཧཱུྃ་ཡུངས་འབྲུ་ཙམ་གྱི་མཐའ་མ་ཀཱི་ལ་ཡ་སྐྲ་ཤད་ཙམ་གྱིས་བསྐོར་བར་བསམ་ཞིང༌། དེ་ནི་འཆི་མེད་སྲོག་གི་ལུང་ཞེས་ཀྱང་བྱ། ཐུགས་ཡེ་ཤེས་བསྒོམ་པ་ཞེས་ཀྱང་བྱའོ། །དེ་ནས་ཡུམ་བསྐྱེད་པ་ནི་ལུས་དང་གྲིབ་མའི་ཚུལ་ཏེ། དཱིཔྟཱ་ཙཀྲ་ཞེས་པའི་སྔགས་བརྗོད་པ་དང༌། ཡབ་ཀྱི་གཡོན་གྱི་ཆ་ལ་བརྟེན་ནས་བཞུགས་པ་སྐུ་མདོག་སྔོན་མོ། གཡས་གྲི་གུག་གམ་དྲིལ་བུ། གཡོན་རཀྟ་འཛིན་པས་ཡབ་ལ་སྟོབས་པ། རྒྱན་ཡབ་དང་འདྲ་བ། འཁྱུད་པའི་ཚུལ་དུ་བསྒོམ་མོ། །དེ་ཡང་སེམས་དཔའ་སུམ་བརྩེགས་སུ་བསྐྱེད་དོ། །དེ་ནས་རྡོ་རྗེ་གཞོན་ནུའི་ཞེས་པའི་ཚིགས་བཅད་གཉིས་བརྗོད་དེ། འཁོར་བདག་ཉིད་ཀྱིས་གསོལ་བ་བཏབ་བོ། །དེ་ནས་ཐབས་ཀྱི་སྤྱོད་པས་ཞེས་པ་ཚིགས་བཅད་གཅིག་བརྗོད་དོ། །བདག་ཀྱང་བྱིན་གྱིས་བརླབས་ཏེ། བདག་གི་གནས་གསུམ་དུ་ཡིག་འབྲུ་གསུམ་བསྐྱེད་པའམ། ཡང་ན་མི་བསྐྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་བདག་ཡིན་པར་ང་རྒྱལ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གསུང་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ། ཞེས་བརྗོད་པས་དཔྲལ་བར་བཛྲ་ཧེ་རུ་ཀ་ཡབ་ཡུམ་བསམ་མོ། །དེ་བཞིན་དུ། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་ཏྲཱྃ། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཧྲཱིཿ ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་ཨཿ བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་ཨོཾ། ཞེས་བརྗོད་པས་རྣ་ལྟག་གི་གཡས་ནས་བརྩམས་ཏེ། སྤྱི་བོའི་བར་དུ་རིགས་ལྔ་ཡབ་ཡུམ་གྱིས་མཚན་ཏེ་དབང་བླང་བའོ། །དེས་ནི་བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་བསྐྱེད་པ་བསྟན་པའོ། །ད་ནི་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས། མ་དམར་མོ་ཉི་ཤུ་ལས་ཉི་མའི་དཀྱིལ་འཁོར་ཉི་ཤུར་གྱུར་ཏེ། དེའང་རིམ་པ་གཉིས་པ་ནས་གྲུ་ཆད་དང་གློ་འབུར་ལ་སྤྲོ། ཡབ་ཡུམ་གྱི་བྱང་སེམས་ལས་ཀྱང་ཕྱོགས་མཚམས་སྟེ་འོག་ཏུ་རྡོ་རྗེ་རྩེ་གསུམ་ཤེལ་བྲག་དཀར་པོར་བལྟམས་པའི་སྟེང་དུ། དེ་ནས་ཡང་བྱང་སེམས་ལས་ཛཿདམར་པོ་ལས་ལྕགས་ཀྱུ་དམར་པོ་གྲངས་མེད་པ་འཕྲོས་ཏེ། ཡང་ཤར་ཕྱོགས་ནས་བརྒྱ་བྱིན་ཕོ་མོའི་སྙིང་ག་ནས་བཟུང་ནས། ཨི་ནྡྲ་ཡ་ཛཿཞེས་པས་ཤར་དུ་བརྒྱ་བྱིན་ཕོ་མོ་བཅིངས་སུ་བསྣོལ་བའི་གདན་བཏིང་ངོ༌། །དེ་ལྟར་ཨགྣ་ཡ་ཛཿཞེས་པས་ཤར་ལྷོར་མེ་ལྷ་ཕོ་མོ། ཡ་མཱ་ཡ་ཛཿཞེས་པས་ལྷོ་རུ་གཤིན་རྗེ་ཕོ་མོ། རུ་དྲཱ་ཡ་ཛཿཞེས་པས་ལྷོ་ནུབ་ཏུ་སྲིན་པོ་ཕོ་མོ། བ་རུ་ཎཱ་ཡ་ཛཿཞེས་པས་ནུབ་ཏུ་ཆུ་ལྷ། བཱ་ཡ་བ་ཛཿཞེས་པས་ནུབ་བྱང་དུ་རླུང་ལྷ། ཀུ་བེ་རཱ་ཡ་ཛཿབྱང་དུ་གནོད་སྤྱིན། བྷཱུ་ཏཱ་ཡ་ཛཿཞེས་བྱང་ཤར་དུ་དབང་ལྡན། སཱུརྻ་ཙནྡྲཱ་ཡ་ཛཿསྟེང་དུ་ཉི་མ་ཟླ་བ། ཨ་དྷི་པ་ཏ་ཡེ་ཛཿའོག་ཏུ་ས་བདག་ཕོ་མོ་བཏིང་ངོ༌། །སྟི་ར་བྃ་ཞེས་པས་གནས་ཡུལ་གྱི་མ་མོ་སྒོ་མ་ལ་ཞིང་རྐྱང་པ་རེ་གདིང་ངོ༌། །དབང་ཕྱུག་མ་ལ་དར་གྱི་གདན་རེ་གདིང་ངོ༌། །ཕྱག་ལེན་དུ་སྐབས་འདིར་ཁྲོ་བོའི་གདན་གྱི་སྐབས་སུ་འདིངས་ན་ཁྲོ་བོ་བཅུ་དང་འདྲ། གནས་ཀྱི་ཡུལ་གྱི་མ་མོ་ལ་ཞིང་རྐྱང་རང་ལས་མི་བཞེད་དོ། །དེ་ནས་ཨོཾ་བཞིས་གསང་བའི་ཡུམ་བཞི་བསྐྱེད། ཕྱག་ལེན་དུ་འོག་ཏུ་བསྐྱེད་དོ། །དེ་ནས་བྱང་སེམས་འཕྲོས་པ་ལས་ཧ་བརྒྱད་ཧེ་བརྒྱད་ཀྱིས་གནས་ཡུལ་གྱི་མ་མོ་བསྐྱེད་ནས། དེ་ནས་ཁྲོ་བོ་བསྐྱེད་དོ། །ཕྱག་ལེན་དུ་བདག་གི་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་ཧཱུྃ་ཀཱ་ར་བཏོན་ཏོ། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་གརྫ་གརྫ་ཧཱུྃ་ཕཊ། ཅེས་བརྗོད་པ་ཙམ་གྱིས་སྟེང་གི་རྩིབས་ལ་ཉི་ཟླ་ཕོ་མོའི་སྟེང་དུ་ཧཱུྃ་ཀཱ་ར་བསྐྱེད་དོ། །ཨོཾ་བཛྲ་ཀྲོ་དྷཱི་ཤ་ཡ་ཧཱུྃ་ཕཊ། ཅེས་པས་ལུས་དང་གྲིབ་མའི་ཚུལ་དུ་ཡུམ་སྒྲ་འབྱིན་མས་འཁྲིལ་བར་བསྒོམ། བཛྲ་མུཏྐ་ར་ཞེས་པས་གཡས་ཀྱི་གཤོག་འདེགས་ལ་ཕག་གི་མགོ་ཅན་དཀར་པོ་གཡས་ན་ཐོ་བ་ཐོགས་པ་བསྐྱེད། བཛྲ་ཤ་མུཏྐ་ཧོཿཞེས་པས་ཡབ་ཀྱི་གཤོག་འདེགས་ཡིན་ལ། རྨིགས་བུའི་མགོ་ཅན་དམར་པོ། གཡས་ན་དྲིལ་བུ་ཐོགས་པ་བསྐྱེད་དོ། །དེ་ཡང་ཧཱུྃ་ཀཱ་ར་ནི་སྐུ་མདོག་སྔོ་སྐྱ། གཡས་དཀར། གཡོན་དམར། གཡས་པར་མདའ། གཡོན་པར་གཞུ། ཡུམ་གཡས་པ་དྲིལ་བུ། གཡོན་པདྨ་རཀྟས་བཀང་བའོ། །དེ་ལྟར་རྩ་བའི་སྔགས་ཀྱིས་རྐྱེན་བྱས་ཏེ་སྟོབས་པོ་ཆེ་བསྐྱེད་དོ། །དེའང་ཤར་དུ་རྣམ་པར་རྒྱལ་བ་དཀར་པོ་གཡས་ན་རྡོ་རྗེ་བསྣམས་པའོ། །སྟག་གི་མགོ་ཅན་གཡས་རྡོ་རྗེ་ཐོགས་པ་དང༌། བྱ་རྒོད་མགོ་ཅན་གཡས་ལྕགས་ཀྱུ་ཐོགས་པའོ། །ལྷོར་གཤིན་རྗེ་གཤེད་སྔོན་པོ་གཡས་བེ་ཅོན་བསྣམས་པའོ། །ཤ་བའི་མགོ་ཅན་གཡས་དགྲ་སྟྭ། འུག་པའི་མགོ་ཅན་གཡས་ཞགས་པ་ཐོགས་པའོ། །ནུབ་ཏུ་རྟ་མགྲིན་དམར་པོ་གཡས་རྡོ་རྗེ་ལུ་གུ་རྒྱུད་བསྣམས་པའོ། །བྱི་ལའི་མགོ་ཅན་གཡས་སྦྲུལ་ཞགས། པུ་ཤུད་མགོ་ཅན་གཡས་རྔ་ཡབ་ཐོགས་པའོ། །བྱང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། སེང་གེའི་མགོ་ཅན་གཡས་རྡོ་རྗེ་རྒྱ་གྲམ། ཕ་ཝང་གི་མགོ་ཅན་གཡས་མེ་སྒྲོན་ཐོགས་པའོ། །ཤར་ལྷོར་དབྱུག་སྔོན་ཅན་གཡས་དབྱུག་ཏོ། །བྱ་རོག་མགོ་ཅན་གཡས་མེ་དབལ་བསྣམས་པའོ། །ལྷོ་ནུབ་ཏུ་མི་གཡོ་བ་སྔོན་པོ་གཡས་རལ་གྲི། གཟིག་གི་མགོ་ཅན་གཡས་རལ་གྲི། ཁྭའི་མགོ་ཅན་གཡས་ལྕགས་ཀྱུ་ཐོགས་པའོ། །ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ་སྔོན་པོ་གཡས་ཁ་ཊྭཱཾ་ག་བསྣམས་པའོ། །སྤྱང་ཀིའི་མགོ་ཅན་གཡས་ན་བ་དན་ཐོགས་པ་དང༌། ཁྲའི་མགོ་ཅན་གཡས་ན་བྱ་ཁྲ་ཐོགས་པའོ། །བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་གཡས་ན་ལྕགས་ཀྱུ་བསྣམས་པའོ། །དྲེད་མོའི་མགོ་ཅན་གཡས་ན་རྡོ་རྗེ་ཐོགས་པའོ། །སྲེ་མོའི་མགོ་ཅན་གཡས་ལྕགས་ཀྱུ་ཐོགས་པའོ། །འོག་ཏུ་སྟོབས་པོ་ཆེ་དུད་ཁ་གཡས་པ་ན་ཁ་ཊྭཱཾ་ག་བསྣམས་པའོ། །དོམ་གྱི་མགོ་ཅན་གཡས་ཏྲི་ཤཱུ་ལ་ཐོགས་པ་དང༌། བྱི་བའི་མགོ་ཅན་གཡས་སོག་ལེ་ཐོགས་པའོ། །ཁྲོ་བོའི་རྣམས་ཀྱི་ཕྱག་དང་པོ་གཉིས་ན་རྡོ་རྗེ་དང་བྷནྡྷ་ཁྲག་གིས་གང་བ་བསྣམས་པའོ། །ཐ་མ་གཉིས་ཕུར་པ་འདྲིལ་ཞིང་ཡུམ་ལ་འཁྱུད་པའོ། །ཡུམ་ཐམས་ཅད་གཡས་དྲིལ་བུ། གཡོན་བྷནྡྷ་དམར་པོ་གཙོ་བོ་ལ་སྟོབས་པའོ། །ཁྲོ་བོའི་གཡོན་བར་པ་དང༌། ཕྲ་མེན་གྱི་གཡོན་ཐམས་ཅད་ཕུར་པ་བསྣམས་པའོ། །ཁྲོ་བོ་ཐམས་ཅད་གཡས་དཀར་པོ། གཡོན་དམར་པོ། ཕྲ་མེན་ཐམས་ཅད་གཙོ་བོ་དང་སྐུ་མདོག་འདྲའོ། །སྟག་ལ་སོགས་པའི་ཕྲ་མེན་གྱི་ཆིབས་ནི་རང་རང་གི་མདོག་དེ་དག་ཐམས་ཅད་ཀྱང་ཕོ་ཉ་མཆེ་བ་ཅན་རྣམས་གཡས་ཀྱི་གཤོག་འདེགས་པའོ། །སྡེར་མོ་ཅན་ཐམས་ཅད་ཡབ་ཀྱི་གཡོན་གྱི་གཤོག་འདེགས་པའོ། །ཡང་སྤྲུལ་གསུམ་གྲངས་མེད་པ་བསྒོམ་མོ། །དེ་ནས་ཧ་བརྒྱད་བརྗོད་པས་གློ་འབུར་རེའི་ནང་དུ་ཞིང་གི་སྟེང་དུ་གཽ་རཱི་ཁྲོ་མོ་བརྒྱད་སྐུ་མདོག་གཞུང་དང་མཐུན་པ་ལས་གཡས་ཞིང་དབྱུག གཡོན་ཕུར་བུ་འཛིན་པར་བསྐྱེད། དེའི་ཕྱི་ཁྱམས་ལ་སིདྷ་བརྒྱད་དེ། བརྒྱད་བརྗོད་པས་གཽ་རཱི་བཞི་མཐུན་པར་བསྐྱེད། ཕཊ་བཞིས་སྒོ་མ་བཞི། ཤར་གྱི་ཁྱི་གདོང་མ་སྔོན་མོ་ལྕགས་ཀྱུ་བསྣམས་པ། ལྷོར་ཕག་གདོང་མ་སེར་མོ་གཡས་ཞགས་པ་ཅན། ནུབ་ཏུ་ལྕགས་སྒྲོག་མ་དམར་མོ་སེང་གེའི་གདོང་ཅན། བྱང་དུ་དྲིལ་བུ་མ་ལྗང་གུའམ་ཁྲ་མོ་སྐེ་ཀའི་གདོང་པ་ཅན་ནོ། །དེ་ཐམས་ཅད་ཀྱི་གཡོན་དུ་ཕུར་བུ་བསྣམས་པ་བསྐྱེད། བྷྱོ་ཉི་ཤུ་རྩ་བརྒྱད་ཀྱིས་མེ་རིའི་ནང་ན་ཚུར་གཞལ་ཡས་ཁང་ལ་ལྟ་བའི་དབང་ཕྱུག་ཉི་ཤུ་རྩ་བརྒྱད་རིགས་དང་མཐུན་པར་བསྐྱེད། དེའི་ཕྱི་རོལ་ཏུ་དུར་ཁྲོད་འབར་བར་ཤ་ཟ་མཁའ་འགྲོ་བསམ། སྲུང་མ་བཅུ་གཉིས་ཀྱང་གཞལ་ཡས་ཁང་གི་ཟུར་བཞི་ན་གསུམ་གསུམ་བསམ་མོ། །དཀྱིལ་འཁོར་གྱི་ལྷ་དྲུག་ཅུ་རྩ་གཉིས་པོ་ཀུན་ཀྱང་སེམས་དཔའ་སུམ་བརྩེགས་སུ་བསྐྱེད་དོ། །དེ་ཐམས་ཅད་ཀྱང་སྤྲིན་དཔུང་ཙམ་སྟེ་རླུང་གིས་ཀྱང་མི་ཐར་བར་བསམ་མོ། །ནང་དུ་གསང་བའི་ཡུམ་བཞི་ནི་དམར་མོ་སྟེ། མདུན་དུ་ཀརྨ་ལུ་ཀ་ཆུ་སྲིན་གྱི་རྒྱལ་མཚན་ཅན། རཱ་ག་ས་མ་སྟེ་མདའ་གཞུ་འཛིན་མ། ཁ་ཊྭཱཾ་ག་དཔྲལ་བ་ལ་ནི་རྩེ་གསུམ་བསྣམས་པ། གྷཎྜ་ཛ་ལ་སྟེ་དྲིལ་བུ་འཛིན་པའོ། །དེ་ལྟར་བསྐྱེད་པ་དེའང་མ་མོ་རྣམས་མ་ཡིན་པ། ཁྲོ་བོ་རྣམས་ནི་དུར་ཁྲོད་ཀྱི་ཆས་ཚང་བའོ། །རིན་པོ་ཆེའི་རྒྱན་ནི་ཐམས་ཅད་ལའོ། །ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་བསྟིམ་ལ། སྐྱེ་མེད་རྣམ་དག་ཅེས་པ་ནས་བཞེངས་ཞེས་པའི་བར་དུ་བརྗོད་དོ། །ཆོས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པར་བསྐུལ་ལོ། །དེ་ནས་དབུས་ཀྱི་མཐིང་ནག་ཅེས་པ་ནས་ཀརྨ་ཀཱི་ལ་ཞེས་པའི་བར་བརྗོད་དེ། ཐམས་ཅད་ཀྱང་རིགས་ལྔར་བཞེངས་ཏེ། དེ་ཐམས་ཅད་ཀྱང་སྲས་མཆོག་ཕུར་པའི་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་སྨད་ཕུར་བུའི་རྣམ་པར་བསྒྲུབ་བོ། །དེ་ནས་དཱི་བ་ཏཱ་ཙཀྲ་ཞེས་པ་ནས་ཧཱུྃ་ཕཊ་ཅེས་པའི་བར་དུ་བརྗོད་དོ། །ཕུར་བུའི་སྐུ་ཅིག་ཏུ་བྱས་ལ་བསྟོད། དེ་ནས་ཀྱང་ཧཱུྃ་མཛད་ཅེས་པ་ནས། བཞེངས་ཤིག་གི་བར་གྱིས་ཆོས་སྐུ་ལས་ལོངས་སྐུ་ཁྲོ་བོར་བཞེངས་སོ། །དེ་ནས་ཏ་ཀྲྀ་ཏ་ཅེས་པ་ནས། དངོས་གྲུབ་སྩོལ་གྱི་བར་བརྗོད་དོ། །ཁྲོ་བོ་དེ་རྣམས་ཀྱང་ཕུར་བུའི་སྐུ་སྲས་མཆོག་ཏུ་བསྒྲུབ་བོ། །དེ་ནས་ཡེ་ཤེས་པ་དེ་ལ་དམ་ཚིག་པས་ཕྱག་བྱས་ཏེ་ཁྲོ་རྒྱལ་འདུས་ཞེས་བརྗོད། དེའི་སྤྱན་སྔར་དམ་བཅས་ཏེ་བདེ་བར་གཤེགས་སོ། །ཁྱེད་ཅེས་པ་ནས་གྲུབ་གྱུར་ཅིག་གི་བར་དུ་བརྗོད་དོ། །བསྟོད་ཅིང་བསྟིམ་མོ། །དེ་ཡང་དང་ལ་གཙོ་བོ་བསྟིམ་པ་ནི་དཔའ་བོ་སྒེག་པོ་ཞེས་པ་ནས། ཀིའ་ལ་ཡ་ཡི་དངོས་གྲུབ་སྩོལ་ཞེས་པའི་བར་བརྗོད་ལ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་སུ་མེད་པར་བསམ། དེ་ནས་ཨོཾ་བཛྲ་ཀ་ར་མུཏྐ་ར་ཤྭ་ར་ཞེས་པ་ལ་སོགས་པ་བརྗོད་དེ། གསང་བའི་ཡུམ་བཞི་སྐད་ཅིག་གིས་བསྐྱེད་ལ། གཙོ་བོ་ལ་བསྟིམ་པས་གཡས་དང་གཡོན་དམར་ཏེ། གཡས་ལྗང་ནག་དང་གཡོན་དམར་ནག་དབུས་མཐིང་ནག་ཏུ་གྱུར་ནས་ཤིན་ཏུ་ཁྲོ་བར་བསམ་མོ། །དེ་ནས་ཧཱུྃ་མཛད་སྒྲ་འབྱིན་ཞེས་པས་ཁྲོ་བོ་བཅུ་དམ་ཚིག་པ་ལ་བསྟིམ། དེ་ནས་གཽ་རཱི་བན་བྱིས་ཞེས་པ་ནས། དྲིལ་བུ་སྣ་ཚོགས་མདོག་ཅེས་པས་གནས་ཡུལ་གྱི་མ་མོ་དང་སྒོ་མ་གསལ་བར་བལྟའོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི། བསྙེན་པའི་སྐབས་སུ་རྫས་དང་ཡོ་བྱད་ལ་དགོད་དོ། །དེ་ནས་དཀྱིལ་འཁོར་རྫོགས་པ་དང༌། ལྷ་མོ་སྤྲོ་བ་དང༌། རང་ལ་རང་ངམ། རིགས་བྱེད་པས་མཆོད་བསྟོད་བྱ་སྟེ། དང་ལ་བདེ་བར་གཤེགས་སོ་ནས་གནས་དེའི་ཨའི་བར་གྱིས་ཀུན་བཟང་གི་མཆོད་པ་དང༌། ཕྱིའི་མཆོད་པས་མཆོད། དེ་ནས་རང་བྱུང་ཞེས་པ་ནས་པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཞེས་པའི་བར་གྱིས་བདུད་རྩིས་མཆོད། དེའང་འཇིག་རྟེན་པ་མན་ཆད་དུ་ན་མཿསརྦ་ཏ་ཐཱ་ག་ཏེ་མི་འཇུག་གོ །དེ་ནས་བླ་མེད་མཆོག་ཅེས་པ་ནས། ཤྲཱི་བྷནྡྷ་ཤྲཱི་ཁཱ་ཧི་ཞེས་པའི་བར་གྱིས་གཏོར་མས་མཆོད་དེ། འདིར་གཏོར་མ་བསྔོས་པས་ཆོག་གསུང་ངོ༌། །བགྲེས་པོ་རྣམས་ནི་གཏོར་ཆུང་རེ་མཛད་སྐད། དེ་ནས་ཐོག་མར་ཞེས་པ་ནས་ཚིག་བཞིས་སྦྱོར་སྒྲོལ་གྱི་མཆོད་པ་དབུལ། འཁྲིལ་བའི་ཞེས་པ་རྣམས་བོ་དྷི་ཙིཏྟའི་ངར་གྱིས་ཐབས་ཤེས་རབ་ཀྱི་མཆོད་པ་སྟེ། ཟག་མེད་བདེ་བའི་པཱུ་ཛ་དབུལ། མཉམ་པའི་ཞེས་པ་ནས་པྲ་བེ་ཤའི་བར་གྱིས་གཉིས་མེད་བདུད་རྩི་བྱང་ཆུབ་སེམས་ཀྱི་མཆོད་པ་དབུལ། དེ་ནས་ཧེ་རུ་ཀ་ཡི་ཞེས་པ་ནི་རཀྟ་ཚར་གསུམ་གྱིས་མཆོད་པ་སྟེ། དང་པོ་རཀྟ་དམར་གྱི་མཆོད་པ། ང་ནི་ཟ་བྱེད་ཅེས་པ་མན་ཆད་ཁམས་གསུམ་ཡོངས་སུ་སྒྲོལ་བའི་མཆོད་པར་བཞེད་དོ། །དེ་ནས་གྲུ་གསུམ་གྱི་ཐིང་ནག་ཅེས་པས་བདག་ཉིད་ལ་བདག་ཉིད་ཀྱིས་ཆེ་བའི་ང་རྒྱལ་གྱིས་བསྟོད་དོ། །ཁ་ཁ་ལན་བག་བྱའོ། །ཞེས་པའི་བར་གྱིས་གཙོ་བོ་ཡབ་ཡུམ་ལ་བསྟོད་དོ། །དེ་མན་ཆད་ཁྲོ་བོ་བཅུ་ནས་དབང་ཕྱུག་མ་ཡན་ཆད་ནི་ཤིན་ཏུ་འདྲེ་གདོན་དྲག་པོ་འདུལ་བ་ལ་སོགས་པ་བྱེད་ན་བསྟོད་བསྐུལ་བྱའོ། །དེ་ལྟར་མི་བྱེད་ན་འཛབ་དབུལ་བར་བྱ་སྟེ། བདག་དམ་ཚིག་པར་གསལ་བའི་ཏིང་ངེ་འཛིན་སེམས་དཔའི་ཧཱུྃ་ལས་ཨེ་བྷྲཱུྃ་མཎྜལ་ལ་ཛཿཞེས་བརྗོད་པས། མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་ལྷ་ཆུ་དང་འོ་མ་ངང་པས་བྱེད་པ་ལྟར་བྱས་ཏེ་མདུན་དུ་གཞག་གོ །དེ་ལ་ཨེའི་གཞལ་ཡས་ཁང་གདན་ཉི་ཟླ་པདྨ་དང་བཅས་པའི་སྟེང་དུ་ཀཱི་ལ་བརྗོད་པས་རང་འདྲ་བའི་ཡེ་ཤེས་པ་གཏོད་ལ་གཞག བདག་ཇི་ལྟ་བར་མདུན་ན་མོའང་སེམས་དཔའ་སུམ་བརྩེགས་སུ་བྱས་ལ། རྡོ་རྗེ་གཞོན་ནུའི་སྐུ་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་མགལ་མེ་ལྟར་འཁོར་བར་བཟླས་པ་བྱ་སྟེ། དེ་ལྟར་བརྒྱ་རྩ་བརྒྱད་ནས་སྟོང་ལ་སོགས་པ་ནུས་ཚད་བཟླས་སོ། །དེ་ནས་མཇུག་ཏུ་ཡེ་ཤེས་པ་འོད་དུ་ཞུ་ནས་བདག་ལ་ཐིམ་པས་བདག་འོད་དང་གཟི་བྱིན་དང་ལྡན་པར་བསམ་མོ། །འཛབ་བསྟོད་དང་ལ་བྱའོ། །དེ་ནས་སྐབས་འདིར་རང་གི་སྲུང་མའི་བསྐུལ་ཡང་བྱའོ།། །།དེ་ནས་ཚོགས་བཤམས་ལ་རྩ་སྔགས་སམ་བདུད་རྩི་འཁྱིལ་པས། དེ་ནས་རྃ་ཡྃ་ཁྃ་ཞེས་པས་སྦྱངས། གཏོར་མ་བྱིན་གྱིས་བརླབས་པ་ལྟར་འདོད་པའི་ཡོན་ཏན་ལྔར་བྱིན་གྱིས་བརླབས། དེ་ནས་དམིགས་མེད་མཁའ་ལྟར་ཞེས་པ་ནས་ཧྲཱིཿའི་བར་དུ་བརྗོད་ལ། ཚོགས་ཀྱི་ཞིང་སྤྱན་དྲངས། དེ་ནས་བཛྲ་དྷཱུ་པེ་ནས་རོལ་དུ་གསོལ་གྱི་བར་གྱིས་མཆོད། བླ་མེད་ཅེས་པའི་ཚིགས་བཅད་གཅིག་གིས་མཆོད་པ་ཕུལ་ལ། དེ་ནས་འདྲེ་གདོན་ལ་སོགས་པ་གནོད་པ་ཆེ་ན་ཕོ་ཉ་བཞི་སྦག་ཏུ་བསྐུལ། དེ་ལྟ་མ་ཡིན་ན་ཁྲོ་བོ་བཅུ་མན་ཆད་ཀྱི་ཕོ་ཉ་བཏང༌། ཡང་ན་སྲུང་མ་བཅུ་གཉིས་ཙམ་བསྐུལ། དེ་ནས་རྒྱུད་ལུང་བསྐུལ་ཡང་དགའ། དེ་ལྟར་དགྲ་བགེགས་བཀུག་ལ་ཚོགས་ལ་བསྟིམ་ལ། དེ་ནས་རྣལ་འབྱོར་པས་ཕུར་བུ་གདབ། དེ་ནས་དུམ་བུ་གསུམ་དུ་བཅད་ལ། དང་པོ་སྒེག་པོ་དཔའ་བོས་བསྟོད་པ་དབུལ། བར་དུ་ལུས་ཀྱི་ཞེས་པས་བཤགས་ལ་དབུལ། ཐ་མ་བཻ་ཌཱུར་ཞེས་པས་བསྟབས་ཏེ། དཀྱིལ་འཁོར་གྱི་ལྷ་ཚང་བའི་མཚན་ནས་བརྗོད་ཅིང་དགྲ་བགེགས་ཆེ་གེ་མོ་ཁཱ་ཧི་ཞེས་དབུལ། དེ་ནས་རང་ལྷའི་ང་རྒྱལ་གྱིས་བཟའ། དེ་ནས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་ལོངས་སྤྱོད་དེ་ཚིམ་པར་བྱའོ། །དེ་ནས་ལྷག་མ་བསྡུས་ལ་ལྷག་ཆོག་བྱ་སྟེ། བདག་ཉིད་ཕཊ་ཀྱིས་ཞེས་པ་ནས་དབུལ་བར་བྱའི་བར་གྱིས་བསྟན་ཏེ། དེའི་དོན་ཡང་མདུན་གྱི་ཡེ་ཤེས་པའི་ཐུགས་ཀ་ནས་ཕཊ་ནག་པོ་ཅིག་འཕྲོས་ཏེ། བདག་གི་སྙིང་གར་ཐིམ་པས་བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་བར་བསམ། དེ་ནས་ཨོཾ་བཛྲ་ཀཱི་ལ་ཡ་ཞེས་པ་ནས་བྷྱོའི་བདག་དམ་ཚིག་གི་འཁོར་ལོ་གསལ་བཏབ་ལ། ཨོཾ་ཁྲོ་ལ་ཁྲོས་ཞེས་པ་ནས་ས་མ་ཡ་ཕཊ་ཀྱི་བར་དུ་བརྗོད་པས་བདག་གི་ཐུགས་ཀར་ཡེ་ཤེས་པ་མདུན་དུ་བཀོད་པ་དང༌། ཚོགས་ཀྱི་ཞིང་སྤྱན་དྲངས་པ་ཐིམ་པར་རོ་གཅིག་ཏུ་གྱུར་པར་བསམ། དེ་ནས་ལྷག་མ་ཟ་བའི་བྱེ་བྲག་གི་དང་པོ་ཕོ་ཉ་དང༌། ཕྲ་མེན་དང༌། འབར་བ་དང༌། དབང་ཕྱུག་མ་དང༌། མ་བདུན་སྲིང་བཞི་ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས་བློས་བཀུག་ལ་མཆོད་དོ། །དེ་ཡང་བཅོམ་ལྡན་ཞེས་པ་ནས་གཙོ་མོ་བརྒྱད་ལ་གཏོར་མ་སྦྱིན་པའི་སྔགས་ཡན་ཆད་བརྗོད་ནས་གྷོ་རུ་དྲས་ཁ་ཆུས་གདབ། དེས་དབང་ཕྱུག་མ་བརྒྱད་པོ་དང༌། དེ་ལ་དང་པོ་ཕུད་ཀྱིས་ཞེས་པ་ནས། ད་ཚུར་སྤྱོན་ཡན་ཆད་ཀྱིས་ལྟ་བ་བསྟན་ཏེ། དེ་ནས་མར་རིམ་པས་ཁྲག་དམར་གྱིས་མཆོད། དེ་ནས་གཏོར་མ་བཏང༌། བརྟེན་མ་བསྐྱང༌། ཡར་བཟློག་ལ་རུ་ལུ་བཟླས། འབྲང་རྒྱས་ཀྱིས་བཀྲ་ཤིས་བྱ། ཡེ་ནས་མཉམ་ཉིད་ཀྱིས་ལྷག་ཆད་བཤགས། བཟོད་པར་གསོལ། སྨོན་ལམ་བཏབ་ལ། དབང་བསྡུས་ལ་ཅིག་བདེར་གནས་སོ། །དེ་ནི་ནུབ་གཅིག་གི་དབང་དུ་བྱས་པའོ། །དེ་ནས་བསྙེན་པ་རང་དུ་བྱེད་ན་ཐུན་དང་པོ་ལ་མཚམས་ནས་ཚོགས་ཡན་ཆད་བྱས་ལ། ཐུན་གཉིས་པ་ལ་དཔའ་བོ་སྒེག་པོ་ཞེས་པ་ན་མར་གྱིས་དཀྱིལ་འཁོར་གསལ་གདབ་བོ། །ཡང་ཚོགས་ཟིན་པ་དང་ཐུན་མཚམས་ཀྱི་བྱ་བ་བྱ། གསུམ་པ་ལ་དཀྱིལ་འཁོར་བསྡུས་ལ་དབུགས་དབྱུང༌། ཡང་ཉིན་མོའི་ཐུན་ལ་ཡང་སྔ་དྲོ་ཚར་བར་བྱ། གཉིས་པ་མན་ཆད་སྔར་དང་འདྲ། གཏོར་མ་ནམ་འདེགས་རེས་ཀྱིས་ལྷག་ཆོག་ཡན་ཆད་བྱ་སྟེ་རྫོགས་པར་བྱ། དེ་ནས་དཀྱིལ་འཁོར་བསྡུས་ཙ་ན་དབྱུག་ཏོ་རྒྱ་གྲམ་ལ་བསྡུས་པ་ནས་ཧཱུྃ་ཐིག་ལེ་ལ་བསྡུ། ཐིག་ལེ་སྟོང་པར་བསྡུ་བའི་དབང་དུ་བྱས་ལ་སྟོང་པའི་ངང་ལ་གནས་པར་བྱའོ། །སྤྱོད་ལམ་གྱི་དུས་སུ་རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས་བྱའོ། །ཤིན་ཏུ་གདོན་དྲག་པོ་བྱུང་བ་ལ་སོགས་པ་ལ་བྱེད་ན་མཆོད་པའི་རྟིང་ལ་ཕོ་ཉ་བཞི་སྦག་བྱ་སྟེ་དཀྱིལ་འཁོར་གྱི་ལྷའི་བསྟོད་བསྐུལ་ཟིན་ནས་འཛབ་བྱ། དེ་ནས་མ་མོ་སྤྱི་བཅོལ་དང་རང་གང་བྱེད་བྱ། དེ་ནས་བདུད་འདུལ་མཆེད་བཞི་ཡན་ཆད་བྱ། ཚེགས་མ་གྲུབ་ན་ཕོ་ཉ་བཞི་སྦག་བཏང༌། ཕུར་པ་ལྔ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ་གདབ་པའི་ལས་བྱ། མཚོན་གྱིས་གཏུབས། གཏུན་དུ་བརྡུང༌། དེ་ནས་བསྟབས་པ་ཡང་ཕུར་བུའི་ལྷ་དང༌། གནས་ཡུལ་དང་དབང་ཕྱུག་མ་ལ་བསྟབས་པ་མན་ངག་ལྟར་བྱའོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྟན་ཏོ། །ཕུར་བུ་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ། ཁྲོ་བོ་བཅུར་བྱིན་གྱིས་བརླབས་པ་གསུམ་པ་ལ་བཞི་ཤར་ཏེ་གནས་སོ། །བར་ཆད་ཀྱི་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་གུ་གུལ་སྦྱར་མས་ཀྱང་བདུག ཐུགས་དམ་གནད་ལ་བབས་པར་བསྐུལ་བའི་ཕྱིར་ཡུངས་ཀར་གྱི་རྒྱལ་པོས་ཀྱང་བརྡེག དེའི་དུས་སུ་དགོངས་པ་ཡང་ནམ་མཁའི་དབྱིངས་སུ་ཨེ་གྲུ་གསུམ་འབར་བ་ཡུམ་གྱི་མཁར་བྱིན་གྱིས་བརླབས་ལ། དེའི་ནང་དུ་ཕུར་བ་བསྒྲེང་བའི་ཟབས་སུམ་ཆ་མན་ཆད་ཙམ་ནུབ་པ་དེ་ཡང་ཕྲ་མོ་རིང་པོ་མ་ཡིན་ཏེ་རི་རབ་ལྟར་བརྟན་ཞིང་མི་འགྱུར་བར་བསམ། དེ་ནི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཞེས་བྱ། ཡང་ན་སྒྲུབ་བའི་རྫས་དང་དབང་དུ་བསྡུ་བའི་རྫས་ལིངྒའི་རྫས་དང་གདབ་ཕུར་དང་བསྙེན་ཕུར་ལ་སོགས་པ་དཀྱིལ་འཁོར་དུ་བཀོད་པ་ལ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་ཕུར་བུའི་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་བྱ་སྟེ། དང་པོ་རྡོ་རྗེ་གཞོན་ནུ་རྩ་བའི་དཀྱིལ་འཁོར་དུ་བསྒོམ་པ་དང༌། དེ་ནས་ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་བསྒོམ་པ་དང༌། ཕུར་བུ་རྫས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་སོགས་པ་དངོས་པོ་དང་མཚན་མར་སྣང་བ་ནི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱའོ། །དེ་ནི་སྐུ་བྱིན་གྱིས་བརླབས་པའོ། །དེ་ནས་ཀུན་གྱི་ཐུགས་ཀར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་རྟ་མགྲིན་ཡབ་ཡུམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ། ཨ་སྐྱེ་བ་མེད་པ་དོན་གྱི་གསུང་ཡིན། ཨ་ཡིག་འབྲུ་སྣང་བ་ཚིག་གི་གསུང་ངོ༌། །དེ་ལྟར་ཚིག་གི་གསུང་དང༌། དོན་གྱི་གསུང་དུ་བྱིན་གྱིས་བརླབས་པའོ། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀ་ནས་རྡོ་རྗེ་དཔལ་བེའུ་ནས་ཙམ། དེའི་ཆང་ཟུང་ལ་ཧཱུྃ་ཡུངས་འབྲུ་ཙམ་གྱིས་བསྐོར་བ་ནི་ཐུགས་ཀྱི་རང་བཞིན་ཡིན་པས་ཐུགས་བྱིན་གྱིས་བརླབས་པའོ། །དེ་ལྟར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་དབང་བསྐུར་བ་ནི། ཡི་གེ་གཞན་གྱི་ལུགས་ཀྱིས་དང་ལ་བསྐུར། དབང་བསྐུར། སྐུས་གསུང་དབང་བསྐུར། གསུང་གིས་ཐུགས་དབང་བསྐུར་བའི་རྒྱུ་ཡིན་པ་ལས་འདིར་དྲག་པོའི་ལས་ཡིན་པས། དང་ལ་ཐུགས་དབང་བསྐུར་ཏེ། ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པ་ལྷག་པའི་བྱང་ཆུབ་ཀྱི་སེམས་དེ་ཡུམ་གྱི་མཁའ་ལ་བབས་ནས་དགེས་པའི་ཉམས་སུ་བཏང༌། སླར་རྡོ་རྗེའི་ལམ་དུ་བྱུང་ནས་རྒལ་ཚིགས་ཀྱི་རྩ་བརྒྱུད། ཡབ་ཀྱི་ཐུགས་ཀར་བྱུང་ནས་ཐུགས་ཀ་ནས་ཕུར་བུ་དཀྱིལ་འཁོར་ལ་འཕྲོས་པས་བྱང་སེམས་དེ་ཧཱུྃ་དུ་གྱུར་པའི་ཐུགས་ཡེ་ཤེས་ཀྱིས། ཕུར་བུ་ཕར་དབང་བསྐུར་ཏེ། ཧཱུྃ་ལ་ཐིམ། དེ་ནས་ཡང་ཧཱུྃ་ཞེས་བརྗོད་པས་ཕུར་བུའི་ཐུགས་ཀ་ནས་ཧཱུྃ་དེ་བྱུང་ནས་གསང་བའི་ཡུམ་བཞི་དང༌། གནས་ཡུལ་མའི་ཐུགས་ཀར་ཐིམ་ནས་དགྱེས་པའི་རོས་ཚིམ་ནས་ཐུགས་ཡེ་ཤེས་སུ་དབང་བསྐུར། དེ་ནས་ཡང་ཧཱུྃ་ཞེས་བརྗོད་པས། དེ་ཀུན་གྱི་ཐུགས་ཀ་ནས་ཕྱོགས་བཅུའི་ཁྲོ་བོ་བཅུའི་ཐུགས་ཀར་ཐིམ། དགྱེས་པའི་རོས་ཚིམ་པས་ཐུགས་དམ་བསྐུལ། དེ་ནས་ཡང་ཧཱུྃ་ཞེས་བརྗོད་པས། ཁྲོ་བོ་བཅུའི་ཐུགས་ཀ་ནས་བྱུང་ནས། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཐུགས་ཀར་འཕྲོས་པས། དགྱེས་པའི་རོས་ཚིམ་ནས་ཐུགས་དབང་བསྐུར། དེ་ཡང་ཧཱུྃ་ཞེས་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་བྱུང༌། ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་བསྲེགས་སྦྱངས་ནས། སེམས་ཅན་གྱི་ཡིད་ཐུགས་སུ་བྱིན་གྱིས་བརླབས། དེ་ནས་ཧཱུྃ་དེ་རྣམས་ཚུལ་བྱུང་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་བདག་སྐུ་མདོག་མཐིང་ག་ལས་དུད་ཁར་གྱུར། དཀྱིལ་འཁོར་གྱི་ལྷ་ཀུན་ཡང་དུད་ཁར་གྱུར། དེ་ནས་ཡང་ཧཱུྃ་དེ་ཐུགས་ཀ་ནས་བྱུང༌། ཡང་སླར་ཐུགས་ཀར་ཐིམ་ནས་རང་གི་ལྗགས་ཀྱི་སྟེང་དུ་བྱུང་ནས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་རྫས་ལ་ཕོག་པས་གསུང་དབང་བསྐུར་ཏེ་གོང་མའི་གོ་རིམ་བཞིན་དུ་གསུངས་པ་ཁོ་ནར་དབང་བསྐུར་རོ། །ཁམས་གསུམ་གྱི་སེམས་ཅན་ལ་གསུང་གིས་དབང་བསྐུར་ནས་སླར་བདག་གི་ལྗགས་ལ་ཐིམ་པས་བདག་དུད་ཁ་ལས་སྨུག་ནག་ཏུ་གྱུར། དཀྱིལ་འཁོར་གྱི་ལྷ་ཀུན་ཀྱང་སྨུག་ནག་ཏུ་གྱུར་ཏོ། །དེ་ནས་ཡང་ཧཱུྃ་དེ་སྒལ་ཚིགས་ཀྱི་ཧ་བརྒྱུད་ནས་སྣ་བུག་ཏུ་བྱུང་ནས་སྣའི་རྩེ་མོར་གནས་པ་དང་སླར་ཡང་དབུགས་དང་འགྲོགས་ནས་སྣ་བུག་གཡོན་ནས་ནང་དུ་ཞུགས། ཀླད་པའི་རྒྱས་སུ་བྱུང༌། སྤྱི་བོ་ནས་འཐོན་ཏེ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་སྤྱི་བོར་ཐིམ་ནས་དབང་བསྐུར། དེ་ནས་ཡང་ཧཱུྃ་ཞེས་བརྗོད་པས་ཕུར་པའི་སྤྱི་བོ་ནས་འཐོན་ནས་སྔར་གྱི་བཞིན་དུ་དབང་བསྐུར། མཐར་བདག་གི་སྤྱི་བོར་སླར་ཐིམ་པས་སྨུག་ནག་ལས་ལེ་བརྒན་དུ་གྱུར། དཀྱིལ་འཁོར་གྱི་ལྷ་ཡང་ལེ་བརྒན་དུ་གྱུར་པས། དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་ཁམས་གསུམ་གྱི་ཡི་དམ་དང༌། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དུས་གཅིག་ཏུ་འདུས་པའི་རྟགས་སུ། བྱི་རུའི་སྡོང་པོ་ཕྱིས་པའམ། མེ་དཔུང་ཆེན་པོ་འབར་བ་ལྟར་དམར་ལམ་མེ་བསྒོམས་ལ། གཟོད་གདབ་པའི་ལས་བྱའོ། །ད་ནི་འདི་ན་མར་གདབ་པའི་ལས་བྱ་སྟེ། དེ་ཡང་དང་ལ་སྲོག་ཚེ་ཡེ་ཤེས་སུ་བསྒྱུར་བ་བསྟན་པ་ལས། བདག་རྡོ་རྗེ་གཞོན་ནུར་བསྒོམས་པའི་ཐུགས་ཀར་རིན་པོ་ཆེའི་གཞལ་ཡས་ཁང་སོར་བཞི་པ་བསྒོམ། དེའི་སྟེང་དུ་མ་ལས་ཉི་མ་ཞུད་ལོ་ཙམ་གྱི་སྟེང་དུ། ཨ་ལས་ཟླ་བ་མེ་ལོང་ཙམ་དེའི་སྟེང་དུ་པདྨ་གྲོ་རྒན་གླེབས་པ་ཙམ་མམ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་མཚོན་གང་པ་དེའི་ཐུགས་ཀར་རྡོ་རྗེ་དཔལ་བེའུ་ནས་ཙམ་གྱི་ལྟེ་བ་ལ་ཧཱུྃ་ཡུངས་འབྲུ་ཙམ་ལ་ཀཱི་ལ་ཡས་བསྐོར་བར་བསྒོམས། དེ་ཡང་སོ་སོར་ལྷག་ཆད་མེད་པར་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་གོང་མའི་ཧཱུྃ་དེ་ལས་ཡེ་ཤེས་ཀྱི་ལྷ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་མཚོན་གང་པ་ཞིག་ཙར་གྱིས་བྱུང་ནས། བསྒྲལ་བར་བྱ་བ་དེའི་ལུས་བཤིག་པར་སླ་བར་བྱ་བའི་ཕྱིར། དང་ལ་ཁོའི་རྣམ་པར་ཤེས་པ་དང་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷ་དང་ལྷ་མོའི་རང་བཞིན་ཡིན་པས་དེ་རྣམས་རྡོ་རྗེ་གཞོན་ནུའི་སྤྲུལ་པས་ཚུར་བསྡུས་ལ། ཕྱི་ནས་ལུས་དགྲ་བགེགས་དང་ལུག་གསོབ་ལྟར་གནས་པ་དེ་ཡང༌། སྤྲུལ་པས་ཚུར་དྲངས་ལ་མདུན་གྱི་ལིངྒ་ལ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤས་བསྟིམ། དེ་ལྟར་གྲངས་མེད་པར་བྱའོ། །རྡོ་རྗེ་གཞོན་ནུ་ཐུགས་ཀར་བསྡུས་པ་དེ་ལ་ཐུགས་ཀྱི་སྒོ་རུ་ཤར་བ་དང་རྣམ་པར་ཤེས་པ་རང་གི་སྙིང་གར་བསྡུས་པའི་སྙིང་གི་སྒོ་རུ་ཤར་བ་ཞེས་བྱའོ། །དེ་ལྟར་བསྒོམས་པ་དེ་ཡང་ཁྲོ་བོའི་སྐུའོ། །རྡོ་རྗེ་ཕུར་པའི་མངོན་པར་རྟོགས་པ་བླ་མ་ས་ཆེན་གྱི་ཕྱག་དཔེ་ལས་བརྒྱུད་པ་ཡིན་ནོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དྲ་མཛོད་འདིའི་ནང་པར་བཤུས་མི་ཐུབ་པའི་དགག་བྱ་དེས་ཡང་སྐྱར་མཛུབ་བྲིས་དགོས་པའི་དཀའ་ངལ་དེ་སེལ་ན་ཅི་མ་རུང་སྙམ།
གློག་འཕྲིན་གྱི་རྒྱུད་ནས་དྲ་བདག་ལ་འབྲེལ་བ་གནང་དགོས་པ་རེད་ལགས།