༈ ས་སྐྱ་བཀའ་འབུམ་ལས་པོད་༼ཏ་༽པ།
རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་པོད་བཞི་པ།
༄༅། །སརྦཏཐཱགཏཱནཱཾཝཱགོགུཧྱདྷརཀོབྷཊྚཱརཀོརཏྣཿཀཱིརྟིདྷྭཛསྱཔྲཝཙནཾཔུཀཤྩཏུརྠེབྷྱསྶརྦ་བིདོབིདྷྱནྱདྡྷིཏཾརསྨིནཱམབིཛཧཱར།།
༄༅། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་བཞི་པ་ལས་ཀུན་རིག་གི་ཆོ་ག་གཞན་ཕན་འོད་ཟེར་ཞེས་བྱ་བ་བཞུགས།། ༄༅། །ཨོཾ་སྭ་སྟི་སིདྡྷཾ། རྒྱུད་དོན་གསལ་བར་སྟོན་མཛད་བླ་མ་དང༌། །ཁྱབ་བདག་རྣམ་པར་སྣང་མཛད་ཤཱཀྱའི་མགོན། །དཔལ་ལྡན་གསང་བདག་རྡོ་རྗེ་འཛིན་རྣམས་ལ། །སྤྱི་བོར་ཐལ་སྦྱར་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་ངན་སོང་ཀུན་སྦྱོང་རྒྱུད་ཀྱི་དོན། །མཚན་མོའི་པདྨ་བཞིན་དུ་ཟུམ་གྱུར་པ། །བླ་མའི་མན་ངག་ཉི་མའི་འོད་ཟེར་གྱིས། །ཕྱེ་ལས་ཆོ་གའི་ཕྲེང་མཛེས་བཏུ་བར་བྱ། །དེ་ལ་འདིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་ལག་ཏུ་བླང་བའི་མངོན་པར་རྟོགས་པའི་རིམ་པ་སྟོན་པར་འདོད་པས། འདི་ལ་སྤྱི་དོན་གཉིས་ཏེ། སྔོན་དུ་བསྙེན་པ་བྱ་བ་དང༌། དེ་ནས་དེས་ལས་སུ་བྱ་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། དཔའ་བོ་གཅིག་པའི་བསྙེན་པ་དང༌། དཀྱིལ་འཁོར་རྫོགས་པའི་བསྙེན་པ་དང༌། རས་བྲིས་ལ་བརྟེན་ཏེ་བསྙེན་པའོ། །དང་པོ་དཔའ་བོ་གཅིག་པ་ནི། དཀྱིལ་འཁོར་སྒོམ་པ་ལ་སོགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས། དེ་བརྗོད་པར་བྱའོ། །དེ་ཡང་དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་བསྙེན་པ་དང༌། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་རྡོ་རྗེ་སེམས་དཔའི་བསྙེན་པའོ། །དེ་གཉིས་ཀའི་སྐྱེད་པའི་ཆོ་ག་ནི། དངོས་གཞི་རང་རང་གི་གཙོ་བོའི་ས་བོན་དང༌། མཚན་མ་ལས་རང་རང་གི་གཙོ་བོའི་སྐུར་སྒོམ་པའམ། ཧཱུྃ་ལས་རྡོ་རྗེ། དེ་ལས་རྡོ་རྗེ་སེམས་དཔར་བསྐྱེད་པའི་བག་ཙམ་དེ་མ་ཡིན་པ་གཞན་ཐམས་ཅད་ནི་འདྲའོ། །དེ་ལ་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཏེ་ཀུན་བྱས་ཀྱང༌། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེར་ལྡན་པ་སྨོས་ཅི་དགོས། །ཞེས་འབྱུང་བ་དང༌། དཀྱིལ་འཁོར་ཀུན་ཏུ་འཇུག་པ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་བརྗོད་པར་བྱའོ། །དེ་བརྗོད་པ། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི། །བདག་བསྲུངས་ལ་སོགས་བྱས་ནས་ཀྱང༌། །བདག་གི་དེ་ཉིད་དྲན་བྱེད་ཅིང༌། །ཞེས་འབྱུང་བས། ཐོག་མར་བསྲུང་བ་བྱ་སྟེ། ཐོག་མར་ཆོས་བདག་མེད་པ་དང༌། དེ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དང༌། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་དེའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་བསམ། དེ་ལས་འོད་འཕྲོས་འདུས་པ་ལས། རང་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པར་བསམས་ལ། དེའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་བསམས་ལ། དེ་ལས་འོད་འཕྲོས་འདུས་པ་ལས། བདག་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། དབུ་མཐའ་ཡས་པ། ཕྱག་མཐའ་ཡས་པ། སྦྲུལ་དང༌། མི་སྡུག་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། མཚོན་ཆ་སྣ་ཚོགས་དང༌། རྒྱུ་མ་དང༌། མགོ་ཐོད་ཤས་གང་བ་ཕྱག་ན་བསྣམས་པར་བསམས་ལ། ལག་པ་རྡོ་རྗེ་ཁུ་ཚུར་བྱས་ལ། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ནས། མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བྱས་ལ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ། མཧཱ་བཛྲ་ཀྲོདྷ། དྲ་བ་དྲ་བ། བི་དྲ་བ། བི་དྲ་བ། སརྦ་ཨ་པཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ཎཱ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་བདག་བསྲུང༌། ལན་གསུམ་གྱིས་གནས་བསྲུང༌། ལན་གསུམ་གྱིས་རྣལ་འབྱོར་བསྲུངས་ལ། རྒྱས་པར་བྱེད་ན། ཁྲོ་བོའི་བསྟོད་པ་ཡང་བྱའོ། །དེ་ནས་འཁོར་ལོས་སྒྱུར་བ་ནས་འབྱུང་བ་བཞིན། ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། ཧཱུྃ་ཞེས་བྱ་བ་དང༌། ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་དེ་གཉིས་བྱིན་གྱིས་བརླབས་ལ། ལག་པ་གཉིས་ཀའི་ཐལ་མོ་གཉིས་ལ། ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་གང་ཞིང༌། འོད་ཟེར་འཕྲོ་བར་བྱ་སྟེ། མཐེ་བོ་གཉིས་ལ་ཨོཾ་ཞེས་བྱ་བ་དང༌། མཛུབ་མོ་གཉིས་ལ་ཧཱུྃ། གུང་མོ་གཉིས་ལ་ཏྲཱྃ། སྲིན་ལག་གཉིས་ལ་ཧྲཱིཿ མཐེའུ་ཆུང་གཉིས་ལ་ཨཿབཞག་ལ། དེ་ལྟར་ཡི་གེ་རྣམས་བཞག་པར་བྱས་ནས། དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་དེ། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་དང༌། བདག་དང་རྗེས་སུ་མཐུན་པར་དྲན་པར་བྱ་སྟེ། ཞེས་གསུངས་པས་ས་བོན་ལས། གཡས་པའི་མཐེ་བོ་ལ་རྣམ་པར་སྣང་མཛད། མཛུབ་མོ་ལ་མི་བསྐྱོད་པ། གུང་མོ་ལ་རིན་ཆེན་འབྱུང་ལྡན། སྲིན་ལག་ལ་འོད་དཔག་མེད། མཐེའུ་ཆུང་ལ་དོན་ཡོད་གྲུབ་པ། གཡོན་གྱི་མཐེ་བོ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མཛུབ་མོ་ལ་རྡོ་རྗེ་ཐུགས་མ། གུང་མ་ལ་རྡོ་རྗེ་དབང་བསྐུར་མ། སྲིན་ལག་ལ་རྡོ་རྗེ་མཚོན་ཆ་མ། མཐེའུ་ཆུང་ལ་རྡོ་རྗེ་ཀུན་མ་རྣམས་ཕན་ཚུན་ལྷ་དང་ལྷ་མོའི་ཁྱད་པར་མ་ཡིན་པ། སྐུ་མདོག་དང༌། ཕྱག་མཚན་ལ་སོགས་པ་རིགས་ལྔ་བཞིན་བསམས་ལ། མཉམ་པའི་ཐལ་མོ་དང༌། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨྨཱཿ ཞེས་པས། ལྷ་དང་ལྷ་མོའི་ཕན་ཚུན་རེག་པར་སྒོམ། རྡོ་རྗེ་ཐལ་མོ་དང༌། སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་ཞེས་པས་རྗེས་སུ་ཞུགས་པར་བསམ། རྡོ་རྗེ་བསྡམས་པ་དང༌། ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་བཛྲ་ཨཛྫ་ལི། ཞེས་པས་གཉིས་སུ་མེད་པར་རོ་གཅིག་ཏུ་འདྲེས་པར་བསམ། སེམས་འོད་གསལ་བར་བསྒོམས་ལ། བཛྲ་བནྡྷ་ཏྲ་ཊ། ཞེས་བརྗོད་ཅིང༌། རྡོ་རྗེ་བསྡམས་པ་ལན་གསུམ་དྲིས་བས་སྡིག་པ་ཐམས་ཅད་དྲལ་བར་བསམ། བཛྲ་ཨཱ་བེ་ཤ། ཞེས་པ་དང༌། རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་པ་བཅིངས་ལ། ཨཿཨཿཨཿཞེས་ལན་མང་དུ་ཟློས་ཤིང་རང་གི་སྙིང་གར་དང་པོའི་རྡོ་རྗེའི་རྣམ་པ་ཆར་བབ་པ་བཞིན་དུ། ཡེ་ཤེས་པ་དབབ་པ་དང༌། དེ་བརྟན་པར་བྱ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་ཝ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྚ་སརྦྦ་སིདྡྷི་མི། པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་ཞེས་བརྗོད་ལ་སྔར་གྱི་ཕྱག་རྒྱ་དགྲོལ། ཡང་བཛྲ་མུཥྚིཿ ཞེས་པས་རྡོ་རྗེ་བསྡམས་པ་མཐེ་བོ་ནང་དུ་བཅུག་པ། མཐེ་བོའི་རྒྱབ་ཏུ་མཛུབ་མོས་བཀབ་པ་ནང་དུ་བཅུག་ལ། ཨོཾ་བཛྲ་མུཥྚི་བཾ། ཞེས་པས། ཕྱག་རྒྱ་བཀྲོལ་ཏེ། སེ་གོལ་གཏོགས་ལ་བརྟན་པར་བྱའོ། །དེ་ནས་ཚེ་དཔག་ཏུ་མེད་པ་ནས་འབྱུང་བའི་ཆོས་རྣམས་ཐམས་ཅད་དངོས་མེད་པར། སེམས་ཀྱིས་བསྒོམ་པར་བྱས་ནས་ཀྱང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་དག །བསམ་ཞིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོས་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །དེ་ནས་རང་གི་ས་བོན་དང༌། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །ལྟ་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་བྱ་བའི་དོན་བསྒོམ་པར་བསྟན་པ་ནི། ཡེ་ཤེས་ཕབ་ཅིང་བརྟན་པར་བྱས་པའི་རྗེས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿདྷརྨྨཱཿསྭ་བྷཱ་ཝ་ཤུ་དྡྷོ྅་ཧཾ། ཞེས་བརྗོད་པས་སྟོང་པར་བསམས་ལ། དེའི་ངང་ལས་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོའི་ས་བོན་ལས་རང་རང་གི་གཙོ་བོ་བསྐྱེད་པ་ཡིན་ཡང༌། འགལ་བ་མེད་མོད་ཀྱི། འདིར་ཀུན་ཏུ་འཇུག་པ་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་སྟེ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམས་ལ། དེ་ལས་འོད་འཕྲོས་བསྡུས་གཅིག་ཏུ་གྱུར་པ་ལས་རང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀའ་པོ་རབ་ཏུ་དགྱེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་སྟོད་དེ་འཛིན་པ། གཡོན་པས་དྲིལ་བུའི་ཁ་དཀུར་བརྟན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །ཅེས་པས་བྱིན་གྱིས་བརླབ་སྟེ། ཤཱཀ་ཐུབ་ཀྱི་སྐབས་ནས་འབྱུང་བ་བཞིན། །མཉམ་པར་གཞག་པས་དཔྲལ་བར་ནི། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །སངས་རྒྱས་བདེ་གཤེགས་བསྐྱེད་རྣམས་ཀྱིས། །ཕྱག་འཚལ་བ་ཡི་ཕྱག་རྒྱར་བཤད། །རྣལ་འབྱོར་རིག་པས་མགྲིན་ཕྱོགས་སུ། །ཐལ་མོ་སྙིམ་པར་སྦྱར་བ་ནི། །རྟག་ཏུ་པདྨའི་རིགས་ཉིད་ཀྱིས། །པདྨའི་ཕྱག་རྒྱ་ཡིན་པར་བཤད། །རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང༌། །སྙིང་གར་གུང་མོ་མཐའ་སྦྱར་བ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ཕྱག་རྒྱ་དང་པོ་དཔྲལ་བར་བཞག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཕྱག་རྒྱ་གཉིས་པ་མགྲིན་པར་བཞག་ལ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཕྱག་རྒྱ་གསུམ་པ་སྙིང་གར་བཞག་ལ། ཨོཾ་ཚིནྡྷ་ཚིནྡྷ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཅེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ལྟ་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་པས། སངས་རྒྱས་ལྔའི་དབང་བསྐུར་བར་བྱ་སྟེ། ཕྱག་ན་རྡོ་རྗེ་ལས་འབྱུང་བ། ཨོཾ་བཛྲ་ཨ་བྷི་ཥི་ཉྩ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་ཨ་བྷི་ཥིཉྩ་ཨཿཞེས་པ་དང༌། དེ་དག་གི་ཕྱག་རྒྱ་ཤཱཀྱ་ཐུབ་ནས་འབྱུང་བ། རྡོ་རྗེ་བསྡམས་པ་ལས། གུང་མོ་རྡོ་རྗེ་འདྲ་བར་གཤིབས་ལ། མཐེ་བོ་དང༌། མཐེའུ་ཆུང་བརྐྱང་པ་ནི། ཕྱག་ན་རྡོ་རྗེ་ཡིའོ། །དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་དེ་བཞིན་དུ་བྱས་ལ། མཛུབ་མོ་དང༌། སྲིན་ལག་པདྨ་འདྲ་བར་བྱ་བ་ནི་སྦྱོང་བའི་རྒྱལ་པོ་ཡིའོ། །དེ་ཉིད་ལས། མཛུབ་མོ་གཉིས་རིན་པོ་ཆེ་འདྲ་བར་བྱས་པ་ནི། དབང་བསྐུར་བའི་ཕྱག་རྒྱའོ། །མཐེ་བོ་དང༌། མཐེའུ་ཆུང་སོ་སོར་མཉམ་ལ། ལྷག་མ་ཐམས་ཅད་བརྐྱང་བ་ནི། སྡིག་པ་ཐམས་ཅད་སྲེག་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་དེ་བཞིན་དུ་བསྒྱུར་བ་ནི། ལས་ཐམས་ཅད་པའི་ཕྱག་རྒྱའོ་ཞེས་འབྱུང་བས། སྔགས་དང་ཕྱག་རྒྱ་དང་པོ་སྤྱི་བོར་བཞག་ལ། སྤྱི་བོར་མི་བསྐྱོད་པ་བསམ་པར་བྱའོ། །སྔགས་དང་ཕྱག་རྒྱ་གཉིས་པ་གཉིས་ཀྱིས་དཔྲལ་བར་རེག་པས། དཔྲལ་བར་རྣམ་པར་སྣང་མཛད་བསམ། སྔགས་དང་ཕྱག་རྒྱ་གསུམ་པ་གཉིས་ཀྱིས་རྣ་བ་གཡས་པའི་སྟེང་དུ་རིན་འབྱུང༌། སྔགས་དང་ཕྱག་རྒྱ་བཞི་པ་གཉིས་ཀྱིས་ལྷག་པར་འོད་དཔག་མེད། སྔགས་དང་ཕྱག་རྒྱ་ལྔ་པ་གཉིས་ཀྱིས་རྣ་བ་གཡོན་པའི་སྟེང་དུ་དོན་གྲུབ་བསམ་མོ། །རང་གི་རིགས་དེ་བཞིན་གཤེགས་པ་ཡིན་ན། སྤྱི་བོར་རྣམ་སྣང་བསྐྱེད་དོ། །དེ་ལྟར་བདག་རྡོ་རྗེ་སེམས་དཔའ་འམ། རང་རང་གི་གཙོ་བོར་བསྐྱེད་ནས། གླེང་གཞི་ནས་འབྱུང་བ་བཞིན་བསམས་ཏེ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ནས། དེ་ནས་ངན་སོང་གི་རྒྱུད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་འོད་ཟེར་འཕྲོ་བ་དང་སྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེ་སྟོང་གསུམ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས། ཡང་དགའ་བའི་ཚལ་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མཆོད་དེ། ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ཏེ། མགོ་བོས་ལན་བརྒྱ་སྟོང་དུ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ། འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་པར་བསམ་མོ། །འགྲོ་བ་དེ་རྣམས་ཀྱིས་བདག་ལ་མཆོད་པ་དང༌། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་བྱ་བ་ལ་སོགས་པས་བསྟོད་པར་བསམ་མོ། །དེ་ནས་ཆེད་དུ་གཏད་པའི་བཟླས་པ་ནི། བདག་གི་ཐུགས་ཀར་ཟླ་བའི་སྟེང་དུ་རྩ་རིག་བཀོད་ལ། དེ་ལས་འོད་འཕྲོས་པས་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཁམས་གསུམ་ཐམས་ཅད་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས། ཡང་རང་གི་སྙིང་གའི་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་བསམ་ཞིང༌། ཡང་སྔར་བཞིན་བསམས་ལ། རྩ་བའི་རིག་པ་བཟླས་པར་བྱའོ། །ཐུན་མཚམས་སུ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། བདག་ཉིད་ལ་མཆོད་པ་དང༌། བསྟོད་པ་བྱ་སྟེ། སྨོན་ལམ་བཏབ་ལ། གཏོར་མ་དང༌། བསྐོར་བ་དང༌། སཱཙྪ་ལ་སོགས་པ་ཐུན་མཚམས་ཀྱི་བྱ་བ་བྱའོ། །དཔའ་བོ་གཅིག་པའི་བསྙེན་པའོ། །བསྡུས་པ་བསྟན་ཟིན་ཏོ། །ཡང་དཀྱིལ་འཁོར་གྱི་བསྙེན་པ་བྱེད་པར་འདོད་ན། ཀུན་རིག་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་རྟོགས་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །དེར་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་པའི་རྗེས་ལ། ཕྱིའི་དཀྱིལ་འཁོར་གསུངས་པ་ཞེས་པས་ནང་གི་དཀྱིལ་འཁོར་བསྒོམ་པ་བསྟན་ལ། ཡང་རས་བྲིས་ཀྱི་སྐབས་ནས་ཀྱང༌། དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། ཞེས་གསུངས་པས་དཀྱིལ་འཁོར་སྒོམ་པ་ཟིན་ནོ། །དེ་ལ་རྒྱུད་འདི་ནས། དཀྱིལ་འཁོར་བཅུ་གཉིས་འབྱུང་བ་ལས། འདིར་ཀུན་རིག་ལ་སྦྱར་ཏེ་བརྗོད་པར་བྱའོ། །དེ་ཡང་ཡ་ཐ་བདག་བསྲུང་གནས་བསྲུང་ནས་བཟུང་སྟེ། ངན་སོང་གི་རྒྱུད་བཀྲོལ་ཏེ་ཆེད་དུ་བརྗོད་པ་ཡན་ཆད་ནི། སྔར་དང་འདྲ་སྟེ། རྡོ་རྗེ་སེམས་དཔའ་འམ། ཀུན་རིག་རྣམ་པར་སྣང་མཛད་ནི་གང་དུ་བསྐྱེད་ཀྱང་འདྲའོ། །དེ་ལྟར་ཆེད་དུ་བརྗོད་པའི་རྗེས་ལ། ཨོཾ་ཤ་ཞེས་པ་དང༌། ཤའི་སྒྲས་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། མི་དམིགས་པར་སྟོང་པར་བསམ། དེའི་ངང་ལས་ཨོཾ་བྷ་ཞེས་བརྗོད་པས། འབྱུང་བ་རིམ་བརྩེག་གཞལ་ཡས་ཁང་དང་ཁོར་ཡུག་དང་བཅས་གདན་དང་བཅས་པ་རབ་ཏུ་མཛེས་ཤིང་རྫོགས་པ་གསལ་བར་བསམས་ལ། དེའི་དབུས་སུ་གདན་དབུས་མའི་སེང་གེའི་ཁྲིའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ་རྩ་བའི་རིག་པའི་ནང་དུ། ཀུན་རིག་གི་བསྐྱེད་སྔགས། ཨོཾ་སརྦྦ་བིད་སརྦྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་ཡིད་ཀྱིས་བཀོད་ལ། དེ་རྣམས་ལས་འོད་ཟེར་ཕར་འཕྲོས་པས། སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་པ་ནི། ཕྱག་ན་རྡོ་རྗེའི་སྐབས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང༌། སངས་རྒྱས་ཀྱི་མཛད་པ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་གྱུར་ཏོ། །ཞེས་གསུངས་སོ། །དེ་ནས་ཚུར་འདུས་ཏེ་དབུས་ཀྱི་སྙིང་པོ་ལ་ཐིམ་པས་གཙོ་བོའི་སྐུར་གྱུར་ནས། སྐུ་མདོག་དཀར་པོ་ཞལ་བཞི་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པ་སེང་གེའི་གདན་གྱི་སྟེང་ན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཀུན་རིག་གི་ང་རྒྱལ་དུ་བྱས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་དབུས་སུ་འཁོར་གང་བསྐྱེད་ཀྱི་སྙིང་པོ་བསམ། མཐའ་སྐོར་དུ་རྩ་རིག་བསམས་ལ། དེ་གཉིས་ལས་འོད་ཟེར་ཕར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱས་ནས། ཚུར་འདུས་ཏེ། ལྷ་གང་བསྐྱེད་ཀྱི་སྙིང་པོ་ལ་ཐིམ་པས། རང་རང་གི་སྐུར་གྱུར་ནས། གཙོ་བོའི་ཐུགས་ཀ་ནས་བཏོན་ཏེ། རང་རང་གི་གནས་སུ་དགོད་དོ། །དེ་ལྟར་རེ་མོས་ཀྱིས་དགོད་པར་བྱའོ། །དེ་དག་གི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་འབྱིན་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དགོད་པ་དང༌། གཉིས་ཀའི་སྔགས་ལ་ནང་གི་ལྔ་ནི་ཀུན་རིག་ལས་འབྱུང་བ་ནི། ཨོཾ་སརྦྦ་བིད་ཧཱུྃ། མདུན་དུ་ངན་སོང་སྦྱོང་བའི་རྒྱལ་པོ་དཀར་ལ་ཅུང་ཟད་དམར་བ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་སརྦྦ་བིད་ཕཊ། གཡས་སུ་རྒྱལ་མཆོག་དཀར་པོ་ཏིང་ངེ་འཛིན་གྱིས་བཞུགས་པའམ། ཡང་ན་སྔོན་པོ་གཡོན་ཏིང་ངེ་འཛིན། གཡས་མཆོག་སྦྱིན་པའོ། །ཨོཾ་སརྦྦ་བིད་ཨཿ རྒྱབ་ཏུ་ཤཱཀྱ་ཐུབ་པ་སེར་པོ་ཆོས་འཆད་ཀྱིས་བཞུགས་པའོ། །ཨོཾ་སརྦྦ་བིད་ཏྲ་ཐ། བྱང་དུ་རིན་ཆེན་མེ་ཏོག་སྐུ་མདོག་ལྗང་གུ་གཡས་སྐྱབས་སྦྱིན། གཡོན་ཏིང་ངེ་འཛིན་གྱིས་བཞུགས་པའོ། །ལྷ་མོ་བཞི་བསྐྱེད་པ་ནི། སྔར་འཁོར་ལོས་སྒྱུར་བའི་སྐབས་ནས་འབྱུང་བ་བཞིན་ཏེ། ཨོཾ་བུདྡྷ་ལོ་ཙ་ནེ་ཧཱུྃ། མེར་སྤྱན་མ་དཀར་མོ་སྤྱན་འཛིན་པའོ། །ཨོཾ་བཛྲ་མཱ་མ་ཀཱི་ཏྲཱྃ། སྲིན་པོར་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པའོ། །ཨོཾ་བཛྲ་པཎྜ་རཱི་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀོཏྟ་རིཾ་བ་སྭཱ་ཧཱ། རླུང་དུ་གོས་དཀར་མོ་དམར་མོ་པདྨ་འཛིན་པའོ། །ཨོཾ་བཛྲ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭཱ་ཧཱ། བྱང་ཤར་དུ་སྒྲོལ་མ་ལྗང་གུ་ཨུཏྤ་ལ་འཛིན་པའོ། །ཀུན་ཀྱང་ཕྱག་གཡོན་པ་ནི་གདན་ལ་བརྟེན་པའོ། །དེའི་ཕྱི་རོལ་རྩིབས་བཅུ་དྲུག་ལ་སེམས་དཔའ་བཅུ་དྲུག་སྟེ། ཧཱུྃ་ཛཿཧོཿདྷུ། རྡོ་རྗེ་སེམས་དཔའ། རྒྱལ་པོ། ཆགས་པ་དང༌། ལེགས་པ་བཞི་ཤར་དུ། ཏྲཱྃ་རྻ་བྷྲི་ཧ། རིན་ཆེན་གཟི་བརྗིད། རྒྱལ་མཚན། བཞད་པ་བཞི་ལྷོ་རུ། ཧྲཱི་དྷཱིཿཀྲུཾ་བྷ། རྡོ་རྗེ་ཆོས། རྣོན་པོ། རྒྱུ། སྨྲ་བ་བཞི་ནུབ་ཏུ། ཀྃ་རྃ་ཀྵྃ་སྃ། ལས། སྲུང་བ། གནོད་སྦྱིན། ཁུ་ཚུར་བཞི་བྱང་གི་རྩིབས་ལའོ། །ཧཱུྃ་ཏྲཱྃ་ཧྲཱིཿཨཿལས་མེའི་མཚམས་ནས་བཟུང་སྟེ། སྒེག་མོ་ལ་སོགས་པ་བཞི། ཡང་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿའམ། ཡང་ན་ཤཱཀ་ཐུབ་ནས་བཤད་པའི་སྔགས་ཀྱིས། བདུག་པ་མ་ལ་སོགས་པ་བཞི་སྔར་གྱི་ཕྱི་རོལ་དུ་བསམ། ཤཱཀ་ཐུབ་ནས་བཤད་པའི་སྔགས་སམ། འདི་ཉིད་ནས་བཤད་པའི་ཛཿཧཱུྃ་བྃ་ཧོཿཡིས་སྒོ་བཞིར་སྒོ་བ་བཞི་བསྐྱེད། དེ་ལྟར་རྩ་བའི་ལྷ་སོ་བདུན་ནི་ཅི་ནས་ཀྱང་སྒོམ་མོ། །སྐུ་མདོག་དང་ཕྱག་མཚན་ནི། རྒྱས་པར་འོག་ཏུ་བཤད་པར་བྱའོ། །དེ་ནས་ཕྱི་རོལ་གྱི་ལྷ་རྣམས་སྒོམ་པའི་དཀྱིལ་འཁོར་ལ། མ་བསྒོམས་ཀྱང་བཏུབ་གསུང༌། ཏིང་ངེ་འཛིན་ལ་སྒོམ་སྙིང་འདོད་རུང༌། རྡུལ་ཚོན་ལ་བཀོད་ཀྱང་རུང་སྟེ། བསྐྱེད་པའི་སྔགས་ནི་རྩ་བའི་རིག་པས་བསྐྱེད་དོ། །དེ་ཡང་རྒྱས་པར་བྱེད་ན། བྱང་ཆུབ་སེམས་དཔའ་རྣམས་ནས་བཟུང་སྟེ། ལྷ་རེ་ལ་སྔགས་རེ་བྱ། འབྲིང་དུ་བྱེད་ན། ཕྱོགས་ཀྱི་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཞི། ཉན་ཐོས་རྣམས་ལ་བཞི། དེ་བཞིན་དུ་རང་རྒྱལ་བ་ལ་སོགས་པ་ལ་བཞི་བཞིས་བསྐྱེད་པར་བྱའོ། །བསྡུ་པར་བྱེད་ན། བྱང་ཆུབ་སེམས་དཔའ་རྣམས་ལ་གཅིག རང་རྒྱལ་རྣམས་ལ་གཅིག་གིས། ཉན་ཐོས་རྣམས་ལ་གཅིག་གིས། ཕྱིའི་སྒོ་བ་ཁྲོ་བོ་ལ་སོགས་པ་ལ་གཅིག་གིས། ཕྱིའི་ཁོར་ཡུག་གི་འཇིག་རྟེན་པ་རྣམས་སྔགས་ཚར་བཞིའམ། བརྒྱད་ཀྱིས་བསྐྱེད་དོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲང་བ་ནི། བྲི་བའི་སྐབས་ནས་འབྱུང་བ་དེ་འདིར་ཡང་སྦྱར་ཏེ། ཀུན་རིག་ལས། གཙོ་བོ་རྒྱལ་བ་སྲས་ཀྱི་འཁོར། །མང་པོ་རྣམས་ནི་སྤྱན་དྲངས་ཏེ། །ཞེས་པས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཤཱཀ་ཐུབ་ནས་འབྱུང་བའི། ཛཿཧཱུྃ་བྃ་ཧོཿ བྷ་ག་ཝཱན། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ་ཞེས་པས། ནམ་མཁའི་ཕྱོགས་སུ་སྤྱན་དྲངས་ལ། དངོས་སུ་འབྱོར་བའམ། ཡིད་ལས་བྱུང་བའི་མཆོད་པ་ཅི་འབྱོར་གྱིས་མཆོད་ལ། ཡང་ཀུན་རིག་ལས། ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །ཛཿཧཱུྃ་བྃ་ཧོཿཐུགས་རྗེའི་བདག །ཚུར་གཤེགས་ཞེས་ནི་བརྗོད་ནས་ཀྱང༌། །གསང་བའི་བཅིང་བས་བཅིངས་ནས་ནི། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང༌། །དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ། །མཐེབ་གཉིས་ནང་དུ་གཅུགས་ནས་ཀྱང༌། །བསྐྱོད་པར་གྱུར་ན་དབང་དུ་འགྱུར། །ཞེས་འབྱུང་བ་བཞིན། ཡེ་ཤེས་པ་བདག་ལ་བསྟིམ་ལ། དེ་ནས་གོང་དུ་བཤད་པ་བཞིན། ལག་པ་བྱིན་གྱིས་བརླབས་ལ། གོང་དུ་བསྟན་པ་བཞིན་རིགས་གསུམ་སྤྱིའི་ཕྱག་རྒྱ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྤྱིར་བསྟན་ནོ། །དེ་ནས་ལྷ་སོ་སོའི་སྔགས་ཟློས་ཤིང༌། རང་རང་གི་ཕྱག་རྒྱ་འོག་ཏུ་བྲི་བའི་སྐབས་སུ་འཆད་པ་བཞིན་དུ་བསྟན་པར་བྱའོ། །དེ་ནས་དངོས་སུ་འབྱོར་པའི་མཆོད་པ་རྣམས་བསང་ཞིང་བྱིན་གྱིས་བརླབ། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་རྒྱས་བསྡུས་གང་རུང་གིས་བདག་ལ་མཆོད། བསྟོད་པ་གང་ཡང་རུང་བས་བདག་ཉིད་ལ་བསྟོད་ལ། སྐབས་འདིར་གཏོར་མ་གཏང་བར་བྱ། ཞེས་གསུང་ན། གཏོར་མ་ནི་བཟླས་པ་རྫོགས་ནས་བཏང་ན་རྗེས་སུ་མཐུན་ནོ། །དེ་ནས་ཆེད་དུ་གཏད་པའི་བཟླས་པ་ནི། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་སྔགས་བཀོད་ནས། བཟླས་པ་ནི་ལུགས་གཉིས་ཏེ། རྩ་རིག་དང་ལྷ་ཐམས་ཅད་ཀྱི་སྔགས་དྲིལ་ནས། ཕྲེང་སྔགས་སུ་བཟླས་པ་དང༌། ཡང་ན་རེ་མོས་ཀྱིས་བཟླས་པ་གཉིས་སོ། །དྲིལ་ནས་ཟློས་ན། གཙོ་བོ་དང་ལྷ་ཀུན་གྱི་ཐུགས་ཀར་ཟླ་བ་ལ་རྩ་རིག་དང༌། སྔགས་ཚར་བ་བཀོད་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་ཚར་བར་བཟླས་སོ། །དེའི་དུས་སུ་རང་གཙོ་བོའི་ང་རྒྱལ་གྱིས། རྩ་བའི་རིག་པ་དང༌། ལྷ་ཀུན་གྱི་སྔགས་བཟླས་པ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང༌། སྔགས་ཀྱི་སྒྲ་བྱུང་བར་བསམ་ཞིང་བཟླས་པས། ཐུགས་ཀའི་རྩ་རིག་དང་སྔགས་རྣམས་ལས་འོད་ཟེར་འཕྲོས་ཏེ། དེ་ཡང་ཕྱག་ན་རྡོ་རྗེ་ལས། ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང༌། ཡི་དྭགས་དང་བྱོལ་སོང་རྣམས་སུ་སྐྱེས་པའི་སེམས་ཅན་རྣམས་བཀྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་པར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང༌། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས། ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་སོ། །ཞེས་འབྱུང་བ་བཞིན་དུ་བསམ་མོ། །རེ་མོས་ཀྱིས་ཟློས་ན། ཐུགས་ཀའི་ཟླ་བའི་རྩ་རིག་དང༌། གཙོ་བོ་རང་གི་སྔགས་བཀོད་ལ། བསམ་པ་སྔར་བཞིན་བསམ་ཞིང་བཟླས་སོ། །དེ་ལྟར་གཙོ་བོ་ལ་ཅི་ནུས་པ་བཟླས་ནས། འཁོར་གྱི་བཟླས་པ་བྱེད་ཙམ་ན། ལྷ་དེ་དག་རང་གི་སྙིང་གའི་ཟླ་བ་ལ། རང་རང་གི་སྔགས་དང༌། རྩ་རིག་སྔར་བཞིན་བསམས་ལ། དེ་དག་ལ་དམིགས་ལ། སྔར་གྱི་ཏིང་ངེ་འཛིན་བཞིན་བསམ་ཞིང་བཟླས་སོ། །དེ་ལྟར་ཐུན་དང་པོ་བསྒོམས་ལ། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ། མཆོད་པ་ལྔ་དང་ལྷ་མོ་བརྒྱད་ཀྱིས་མཆོད་ལ། ཐུན་གཉིས་པ་དང༌། གསུམ་པ་ལ་བསྒོམས་པའི་ལྷ་ནང་དུ་བཞག་སྟེ། བདག་མར་མེ་གཅིག་ལས་གཉིས་སུ་ཆད་པ་ལྟར། གཙོ་བོ་ལས་བྱེ་ལ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་མདོ་ཀློག་པ་དང༌། སཱཙྪ་ལ་སོགས་པ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ནས་ནང་དུ་ཞུགས་ལ། དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པར་བསྒོམས་ལ། མཆོད་པ་ནས་བཟླས་པའི་བར་དུ་བྱའོ། །ཐུན་ཐ་མ་ལ་ཡང་ཡི་གེ་བརྒྱ་པ་བརྗོད་དེ་བརྟན་པར་བྱ། མཆོད་པ་ལྔ་དང༌། ལྷ་མོ་བརྒྱད་ཀྱིས་མཆོད་ལ་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་རྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་པས། ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་རྣམས་བདག་ལ་བསྡུས་ཏེ། མི་དམིགས་པའི་ངང་ལ་ཉལ་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ལྷའི་ང་རྒྱལ་གྱིས་སྤྱོད་ལམ་གཞན་མདོ་ཀློག་པ་དང༌། ཆོས་ཉན་བཤད་དང༌། སཱཙྪ་ལ་སོགས་པ་རྣམས་བྱའོ། །དཀྱིལ་འཁོར་རྫོགས་པར་བསྒོམ་པའི་བསྙེན་པ་བསྟན་ཟིན་ཏོ། །བསྙེན་པ་རྒྱས་པ་རྫོགས་སོ།། །།གསུམ་པ་རས་བྲིས་ལ་བརྟེན་པའི་བསྙེན་པ་ནི། ཀུན་རིག་ལས། རས་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་བཞིན་དུ་བྲིས་ལ། ཞེས་བྱ་བ་ནས། དེའི་འོག་ཏུ་སྒྲུབ་པ་པོ་ཉིད་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ཞིང་འདུག་པ་ཉིད་བྲིའོ་ཞེས་བྱའི་བར་གྱིས་བྲི་བ་བསྟན་ལ། དེ་ནས་རི་མོའི་གཟུགས་དེ་མངོན་པར་མཆོད་དེ། ཞེས་བྱ་བ་ནས། དེ་ནས་གཟུགས་དེ་བྱིན་གྱིས་བརླབས་ཏེ། ཞེས་བྱ་བའི་བར་གྱིས་དེའི་རབ་གནས་བསྟན་ལ། སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ། །ཅི་བདོག་པས་ནི་མཆོད་པར་བྱ། །ཞེས་པས་དེ་ལ་མཆོད་ལ། དེའི་དྲུང་དུ་བདག་དཔའ་བོ་གཅིག་པའམ། དཀྱིལ་འཁོར་རྫོགས་པའི་རྣལ་འབྱོར་གང་མོས་པ་གཅིག་བསྒོམས་ལ། བཟླས་པ་བྱས་ན་འགྲུབ་པར་བསྟན་ཏེ། དེ་ཡང་དེ་ལས། རྟག་ཏུ་མངོན་སུམ་འདུག་ནས་ཀྱང༌། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང༌། །བདག་གི་དེ་ཉིད་དྲན་བྱེད་ཅིང༌། །འབུམ་ཕྲག་གསུམ་མམ་ཡང་ན་དྲུག །དངོས་གྲུབ་མཚན་མ་བྱུང་བར་དུ། །བསྙེན་པ་དག་ནི་བྱ་བ་དང༌། །ཞེས་བསྙེན་པ་དང༌། དེ་ནས་དབེན་པའི་གནས་སུ་ནི། །བརྒྱད་བརྒྱ་ཉིད་དུ་ཚང་བར་བྱ། །སྔགས་ནི་འགལ་འཁྲུལ་མེད་པར་བཟླས། །ཞེས་ཉེ་བའི་བསྙེན་པ་དང༌། དེ་ནས་བཟླས་པའི་མཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེན་བྱས་ནས་ཀྱང༌། །མཚན་གཅིག་ཐོག་ཐག་བཟླས་པར་བྱ། །ཇི་སྟེ་གཙོ་བོའམ་དེ་ཡིས་སྲས། །ཡང་ན་ལྷ་རྣམས་མཐོང་གྱུར་ན། །བསོད་ནམས་སྣོད་ལས་ཅི་དགའ་བར། །དངོས་གྲུབ་མཆོག་ནི་གསོལ་བར་བྱ། །ལྷ་ཡི་དངོས་གྲུབ་འབྲས་བུ་ནི། །དེ་ལ་རྟག་ཏུ་དགྱེས་ནས་སྩོལ། །ཞེས་སྒྲུབ་པ་གསུངས་པ་བཞིན་དུ་སྒྲུབ་བོ།། །།དཀྱིལ་འཁོར་བྲི་བ་གྲུབ་ན། གོང་དུ་བསྟན་པའི་རས་བྲིས་དེའི་དྲུང་དུ་ཚེ་ལྡན་དང༌། ཚེ་འདས་པའི་དོན་ལ་སོགས་པ་ཐམས་ཅད་བྱ་བར་ནུས་སོ་ཞེས་གསུང་ངོ༌། །རས་བྲིས་ལ་བརྟེན་པའི་བསྙེན་པ་བསྟན་ཟིན་ཏོ།། །།དེ་ལྟར་བསྙེན་པ་གསུམ་པོ་གང་ཡང་རུང་བ་གཅིག་སྔོན་དུ་སོང་བས། དེ་ནས་རང་དང་གཞན་གྱི་དོན་རྣམས་བྱེད་པར་ནུས་སོ་ཞེས་གསུང་ངོ༌། །བསྙེན་པ་ཐམས་ཅད་བསྟན་ཟིན་ཏོ།། །།སྤྱི་དོན་གཉིས་པ་དེ་ནས་ལས་སུ་བྱ་བ་ནི་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ནོ། །དང་པོ་ནི་བསྙེན་པ་དང་མཐུན་པར་བཟླས་སྒོམ་རྒྱུན་དུ་བྱེད་པས་སྒྲུབ་པ་དང༌། རྒྱུད་ནས་འབྱུང་བའི་རས་བྲིས་ལ་སོགས་པ་བཞིན། དངོས་གྲུབ་ཀྱི་ཡེ་ཤེས་ལ་བརྟེན་ཏེ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་སྟེ། དེ་ནི་རྒྱུད་ཀྱི་སྟེང་དུ་ཞིབ་པར་རྟོགས་པར་བྱ་སྟེ། འདིར་རེ་ཞིག་བརྗོད་པར་མི་བྱའོ། །གཞན་གྱི་དོན་ལ་གཉིས། ཚེ་དང་ལྡན་པའི་དོན་བྱ་བ་དང༌། ཚེ་འདས་པའི་དོན་བྱ་བའོ། །དང་པོ་ཚེ་ལྡན་གྱི་ཁྱད་པར་གྱི་ཆོས་ནི། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པ་ཡིན་གྱི། གཉིས་པ་ཚེ་འདས་ཀྱི་ཁྱད་པར་གྱི་ཆོས་ནི། རོ་ལ་བྱ་བ་བསྲེག་པ་དང༌། མཆོད་རྟེན་དུ་གཞུག་པ་དང༌། ཁང་པར་གཞུག་པ་གསུམ་དང༌། རུས་བུའི་སཱཙྪ་དང༌། ཕྱིར་ཟློག་གིས་སྡིག་པ་སྦྱང་བ་རྣམས་ཡིན་ཞིང༌། ལྷག་མ་དབང་བསྐུར་བ་ལ་སོགས་པ་རྣམས་ལ་ནི། གཉིས་ཀའི་ཕྱོགས་ལ་ཁྱད་པར་ཅི་ཡང་མེད་དེ། དེ་ཡང་ཀུན་རིག་གི་གསོན་པོའི་དབང་གི་རྗེས་ལ། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །སྔ་མ་བཞིན་དུ་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བར་ནི་རབ་ཏུ་བརྟག །ཅེས་བྱ་བ་ལ་སོགས་པ་གསུངས་པས། གང་གི་དོན་དུ་སྦྱར་ནས་བཤད་ཀྱང་བཏུབ་མོད་ཀྱིས་ཀྱང༌། རེ་ཞིག་ཚེ་འདས་ཀྱི་དོན་ལ་སྦྱར་ཏེ་བཤད་པརབྱའོ། །དེ་ལ་བསྙེན་པ་སྔོན་དུ་སོང་བས་ལས་སུ་བྱ་བ་ནི་བདུན་ཏེ། དབང་བསྐུར་ཏེ་སྡིག་པ་སྦྱང་བ་དང༌། བཟླས་པས་སྡིག་པ་སྦྱང་བ་དང༌། ཕྱིར་ཟློག་གིས་སྡིག་པ་སྦྱང་བ་དང༌། སྦྱིན་སྲེག་གིས་སྡིག་པ་སྦྱང་བ་དང༌། རོ་བསྲེགས་ཏེ་སྡིག་པ་སྦྱང་བ་དང༌། མཆོད་རྟེན་བཏབ་པས་སྡིག་པ་སྦྱང་བ་དང༌། ཐམས་ཅད་ལ་ཐུན་མོང་དུ་རོ་ལ་སོགས་པའི་རྟེན་མེད་ན་ཇི་ལྟར་བྱ་བའི་ཆོ་གའོ། །དང་པོ་ལ་གསུམ་སྟེ། དབང་བསྐུར་བས་སྦྱང༌། དབང་བསྐུར་ཏེ་མཆོད་རྟེན་དུ་བཞག་ནས་སྦྱང༌། དབང་བསྐུར་ཏེ་དྲིའི་གཙང་ཁང་དུ་བཞག་སྟེ་སྡིག་པ་སྦྱང་བའོ། །དེ་དག་ལ་གཙོ་བོ་ནི་དབང་བསྐུར་བ་ཡིན་ལ། གཞན་རྣམས་སོ་སོར་ཉམས་སུ་བླང་དུ་བཏུབ་ཀྱང༌། དབང་དང་ཀུན་འབྲེལ་ནས། བྱར་འདོད་པས་དེ་བརྗོད་པར་བྱའོ། །དེ་ལ་གཉིས། སློབ་དཔོན་གྱིས་ཁྱད་པར་དུ་ལས་སུ་བྱ་བ་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བསྡུས་ཏེ་བྱ་བ་དང༌། རྒྱས་པར་བྱ་བའོ། །དང་པོ་ནི། དཀྱིལ་འཁོར་བྲི་བར་མ་ནུས་ན། ཚེ་དཔག་མེད་ཀྱི་སྦྱིན་སྲེག་གི་སྐབས་ནས། གཙོ་བོ་རི་མོ་ལུགས་མ་རུ། །རྡོ་རྗེ་ཅན་དང་ལྷན་ཅིག་བཞག །ཅེས་འབྱུང་བས། བྲིས་སྐུའམ། ལུགས་མའི་དྲུང་དུ། མཆོད་པ་དང༌། གཏོར་མ་རྒྱས་པར་བཤམས་ལ། དེའི་དྲུང་དུ་སྡིག་པ་སྦྱང་བའི་རྟེན་རོ་ལ་སོགས་པ་འཇོག་པའི་སྟེགས་བུ་ཁྲུ་གང་པ་ལ། པདྨ་འདབ་བརྒྱད་དཀར་པོའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་སྔོན་པོ་ལ་གོང་རས་ལ་སོགས་པ་གཞན་ཅི་མཛེས་སུ་བྲིས་པའམ། དེ་མ་གྲུབ་ན་མཎྜལ་ཙམ་ཡང་རུང་སྟེ། དེའི་སྟེང་དུ་རྟེན་བཞག་ལ། བདག་བསྙེན་པ་བཞིན། དཔའ་བོ་གཅིག་པའི་རྣལ་འབྱོར་རྫོགས་ནས། རས་བྲིས་ལ་སོགས་པ་ལ་ཡེ་ཤེས་སེམས་དཔའ་རྒྱས་བསྡུས་གང་རུང་གིས་སྤྱན་དྲངས་པ་དེ་ལ། རྒྱས་བསྡུས་ཅི་འབྱོར་པས་མཆོད་ལ། གཏོར་མ་བཏང་སྟེ། འོག་ནས་འཆད་པར་འགྱུར་བའི་བདག་འཇུག་ནི། རིགས་ལྔའི་སྡོམ་པ་བླངས་པ་ལ་བསྡུས་ལ། སློབ་མ་ལ་བྱ་བ་དབང་བསྐུར་བས་སྡིག་པ་སྦྱང་བ་ནས་བཟུང་སྟེ། སཱཙྪའི་བར་ཐམས་ཅད་འདིར་བྱ་བར་ནུས་སོ། །སློབ་དཔོན་གྱི་ཁྱད་པར་དུ་བྱ་བ་བསྡུས་པ་བསྟན་ཟིན་ཏོ། །ད་ནི་སློབ་དཔོན་གྱི་ཁྱད་པར་བྱ་བ་རྒྱས་པ་བཤད་པར་བྱ་བ་ལ་ཆོས་བཅུ་སྟེ། བསྙེན་པ་སྔོན་དུ་བྱ་བ་དང༌། སའི་ཆོ་ག་དང༌། ཤུགས་ལས་འབྱུང་བ་སྟ་གོན་བྱས་ཀྱང་འགལ་བ་མེད་པ་དང༌། བྲི་ཞིང་ལྷ་དགོད་པ་དང༌། སྡིག་པ་སྦྱང་བའི་རྟེན་དགོད་པ་དང༌། རྒྱན་དགྲམ་པ་དང༌། བདག་གི་རྣལ་འབྱོར་དང༌། ལྷ་སྒྲུབ་པ་དང༌། མཆོད་ཅིང་གཏོར་མ་བྱ་བ་དང༌། སློབ་དཔོན་བདག་ཉིད་འཇུག་པའོ། །དེ་ལ་བསྙེན་པ་ནི་བརྗོད་ཟིན་ཏོ། །གཉིས་པ་སའི་ཆོ་ག་ནི་ཀུན་རིག་ནས། གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་ནི་བྱིན་གྱིས་བརླབ་པ་ཙམ། །བྱིན་གྱིས་བརླབས་པའི་གནས་དེར་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་འབྱུང་བས། ས་ཆོག་བྱ་དགོས་པའི་ས་ཕྱོགས་སུ་རྒྱས་པར་བྱེད་ན། རྡོ་རྗེ་རྩེ་མོའམ། གསང་བ་སྤྱི་རྒྱུད་ནས་བཤད་པ་བཞིན་ནམ། དེ་དག་གི་དོན་བསྡུས་པ། དཀྱིལ་འཁོར་ཆོ་ག་རྣམས་ནས་འབྱུང་བ་བཞིན་བྱའོ། །དེ་ཙམ་བྱ་བ་མ་གྲུབ་ན། ས་ཕྱོགས་དེར་གཏོར་མ་རྒྱས་པར་བཏང་ལ། ས་ཕྱོགས་དེ་ན་གནས་པའི་མི་མ་ཡིན་པ་ལ་ཞི་བས་བསླང༌། ཁྲོ་བོའི་སྔགས་བཟླས་ཤིང་གུ་གུལ་གྱི་དུད་པ་དང༌། ཡུངས་ཀར་གྱིས་བྲབ་ཅིང༌། དྲག་པོས་བསླང་ངོ༌། །ལག་པས་མནན་ལ་ས་གཞི་ནམ་མཁར་བསྒོམས་ཏེ། ཨོཾ་བྷུ་ཁཾ། ཞེས་པ་དང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་མང་དུ་བཟླས་ཏེ། དཀྱིལ་འཁོར་ཇི་ཙམ་བྱེད་པའི་ས་གཞི་མཛེས་པར་ག་དར་ལེགས་པ་བྱའོ། །ས་ཆོག་བསྡུས་པ་འདི་ནི་བླ་མའི་གསུང་ངོ༌། །གསུམ་པ་སྟ་གོན་ནི་གཞུང་འདི་ན་མེད་པས་མ་བྱས་ཀྱང་བཏུབ། ས་ཆོག་གི་རྗེས་ལ་བྲི་བ་རྒྱས་པ་མ་གྲུབ་ན་བྱས་ཀྱང་འགལ་བ་མེད་པ་དེ། བྱིན་གྱིས་བརླབས་པའི་གནས་དེར་ནི། །ཕྱིའི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་དང༌། སློབ་མ་ལ་ཆོས་ཟབ་མོ་བཤད་པ་དང༌། སྡོམ་པ་འབོགས་པར་བཤད་པའི་སྐབས་དེ། བཀའ་དང༌། བསྟན་བཅོས་ཕལ་ནས་སྟ་གོན་དུ་བཤད་པའི་ཕྱིར་རོ། །དེ་ལ་བྱེད་པར་འདོད་ན། དཀྱིལ་འཁོར་བྱི་དོར་ལེགས་པར་བྱས་པའི་སྟེང་དུ་ལྷའི་གནས་ངོ་ཤེས་པར་བྱ་བའི་ཕྱིར། ཅི་གྲུབ་པའི་ཐིག་བཏབ་ལ། ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བྱས་ལ། མཆོད་གཏོར་རྒྱས་པར་བཤམས་ཏེ། བདག་གི་རྣལ་འབྱོར་རྫོགས་ནས། མདུན་དུ་འོག་ནས་འབྱུང་བ་བཞིན་ལྷ་བསྒྲུབས་ལ། ཇི་ལྟར་འབྱོར་པས་མཆོད་ཅིང༌། གཏོར་མ་བཏང་ནས་འོག་ནས་འཆད་པར་འགྱུར་བའི་སློབ་མ་འཇུག་པ་ཡན་ཆད་བྱས་ནས། ཅི་བདེར་གནས་ཏེ། ནང་པར་སྤྱན་དྲང་བའི་དཀྱིལ་འཁོར་གཤེགས་སུ་གསོལ་ནས། དཀྱིལ་འཁོར་བྲི་བ་ལ་འཇུག་པར་བྱའོ། །བཞི་པ་དྲི་ཞིང་ལྷ་དགོད་པ་ནི་གསུམ་སྟེ། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། ལྷ་དགོད་པའོ། །དང་པོ་ནི་ཀུན་རིག་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ནས་བརྩམས་ཏེ། རྩིས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་བྱ་བའི་བར་ཚིགས་སུ་བཅད་པ་ཕྱེད་དང་ལྔས་བསྟན་ཏེ། དེ་ཡང་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །སྒོ་གཉིས་བརྩེག་པ་དང་རྐྱང་པ་གཉིས་ལས། གཙོ་བོར་ཉིས་བརྩེག་པར་བྱེད་ཀྱང༌། རྐྱང་པར་བྱ་བར་མངོན་ཏེ། ལྷ་དགོད་པའི་སྐབས་ནས། གཙོ་བོ་ནས་སྒོའི་བར་རྩ་བའི་ལྷ་སུམ་ཅུ་སོ་བདུན་བཀོད་པའི་རྗེས་ལ། བྱང་ཆུབ་སེམས་དཔའ་བཅུ་དྲུག་ལ་སོགས་པ་མང་པོ་བཀོད་པ་བསྟན་ཞིང༌། དེའི་རྗེས་ལ་སྒོ་བ་མ་བཤད་པའི་ཕྱིར་རོ། །ཚོན་གྱིས་བྲི་བ་ནི་སྤྱིར་རྒྱུད་འདི་ནས་ཐིག་ཚོན་གཉིས་ཀ་ལ་བྱིན་གྱིས་བརླབ་པ་ནི་མ་བཤད། བྱས་ཀྱང་འགལ་བ་མེད་པས་བྱེད་ན། རིགས་ལྔའི་ས་བོན་ལས་བྱུང་བའི་རིགས་ལྔར་བསྐྱེད་ལ། ཅི་འབྱོར་བས་མཆོད་དེ། དེ་དག་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་བསམ་མོ། །ཇི་ལྟར་བྲི་བའི་ཁ་དོག་ནི། རྒྱུད་ནས་བཤད་པ་མེད་ཀྱང༌། མཐོང་བ་བརྒྱུད་པས་ཤེས་སོ། །དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་བོ། །ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །རིམ་པ་གསུམ་དང་ལྡན་པ་ལ། །རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་བྱ་བ་ཚོན་ནི་འཁོར་ལོའི་ལྟེ་བར་ལེ་ཙེ་དགུར་བྱས་པའི་དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། མཚམས་རྣམས་ཟུར་ཐིག་གིས་བཅད་པའི་ཤར་ལ་སོགས་པ་རྣམས་ཕྱོགས་མདོག རྡོ་རྗེའི་གདུང་ཅི་མཛེས། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་དྲུག་སྔོན་པོ། ནང་དང་ཕྱིའི་མུ་ཁྱུད་དང༌། གོང་རས་དང་རེའུ་མིག་རྣམས་ཅི་མཛེས། སྒོ་གཉིས་ཀའི་ནང་ཕྱོགས་ཚོན་རྩིག་པ་ལྔ་ནི་ནང་དཀར། དེ་ནས་ལྗང༌། དེ་ནས་དམར། དེ་ནས་སེར། སྔོན་པོ་ཕྱི་རོལ་ལོ། །འདོད་ཡོན་དམར། ཕ་གུ་སེར། དྲྭ་ཕྱེད་སྔོ། མདའ་ཡབ་དང༌། རྟ་བབས་ཅི་མཛེས། ནང་མ་ལ་མེད། ཕྱིའི་སྣ་ཚོགས་རྡོ་རྗེ་ཕྱོགས་མདོག རྟ་བབས་ཀྱི་ཕྱི་རོལ་ཁོར་ཡུག་ནི། སྒོ་ཕྱེད་ཙམ་གྱིས་བསྐོར་ཏེ། སེར་པོའམ། དཀར་པོའམ། སྔོན་པོས་ཀྱང་འགལ་བ་མེད་དོ། །དེར་ལྷ་དགོད་པ་ནི་ཐམས་ཅད་ཀྱི་གདན་པདྨ་དང་ཟླ་བ་སྟེ། རྒྱུད་ལས། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་སོ། །ཞེས་གསུངས་པས་སོ། །ལྷ་ཇི་ལྟར་དགོད་ན་རྒྱུད་ལས། དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། །ཞེས་པ་ནས་བརྩམས་ཏེ། སྒོ་བ་བཞི་པོ་བྲི་བར་བྱ། །ཞེས་པའི་བར་ཚིགས་སུ་བཅད་པ་བདུན་གྱིས། རྩ་བའི་ལྷ་སོ་བདུན་དགོད་པ་བསྟན་ཏེ། སྐུ་རྫོགས་པའམ་གདན་རྫོགས་པ་དགོད་པར་བྱའོ། །བརྟན་པར་གྱིས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་བྲི་བར་བྱ། །ཉན་ཐོས་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་རང་རྒྱལ་གཙོ་བོ་རྣམས། །ཁྲོ་བོ་མངག་པ་ཕོ་ཉ་སོགས། །བྲི་བྱ་ཡང་ན་མིང་ཡང་རུང༌། །ཞེས་པས་བྱང་ཆུབ་སེམས་དཔའ་བཅུ་དྲུག ཉན་ཐོས་བཅུ་དྲུག རང་རྒྱལ་བཅུ་གཉིས། ཁྲོ་བོ་བརྒྱད། ཕོ་ཉ་བཞི། བྲན་བཞི་སྟེ། བཅུ་དྲུག་རྣམས་སྐུ་དངོས་སམ། མིང་ངམ། བརྡའམ། ཐིག་ལེ་རུ་བྲིའོ། །ཕྱི་རོལ་གྱི་ཁོར་ཡུག་ལ་ནི། ཕྱིའི་དཀྱིལ་འཁོར་ཕྱི་རོལ་དུ་ཞེས་པ་ནས། དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །ཞེས་བྱ་བའི་བར་ཚིགས་བཅད་དྲུག་གིས་འཇིག་རྟེན་པ་དགོད་པ་བསྟན་ཏོ། །དེ་དག་ཇི་ལྟར་དགོད་ན། མིང་དང་བརྡའམ་ཡང་ན་ནི། །ཐིག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་པས་བྲིའོ། །ལྷ་དེ་དག་ཀྱང་གཙོ་བོ་ལྔ་ལ་སོགས་པ་དགོད། སྔགས་ཡོད་པ་རྣམས་རང་གི་སྔགས་ཀྱིས་འགོད་ལ། གཞན་རྣམས་ནི་རྩ་བའི་རིག་པ་གདོན་ཞིང་དགོད་པར་བྱའོ། །ཞིབ་ཏུ་འོག་ཏུ་རྟོག་པར་འགྱུར་རོ། །ལྔ་པ་སྦྱང་བའི་རྟེན་དགོད་པ་ནི། དཀྱིལ་འཁོར་གྱི་ལྷོར་ཁྲུ་གང་པ་ལ་པདྨ་དཀར་པོའི་སྟེང་དུ་འཁོར་ལོ་སྔོན་པོ་བྱ། གོང་རས་ལ་སོགས་པ་གཞན་མཛེས་ཚོན་གྱིས་བྲིས་པའི་སྟེང་དུ་རོའམ། རུས་པའམ། གོས་སམ། གཟུགས་སམ། རུས་པ་ལས་བྱས་པའི་སཱཙྪའམ། མིང་བཞག་པར་བྱའོ། །དྲུག་པ་རྒྱན་དགྲམ་པ་ལ་གསུམ། མཆོད་པ་བཤམ་པ་དང༌། བུམ་པ་བཤམ་པ་དང༌། གཏོར་མ་བཤམ་པའོ། །དང་པོ་ནི་དེ་ནས་མཁས་པས་དཀྱིལ་འཁོར་ལ། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང༌། །གདུགས་དང་རྔ་མ་ལྡ་ལྡི་དང༌། །འཕན་དང་སྣ་ཚོགས་ན་བཟས་མཆོད། །ཅེས་པས་ཅི་འབྱོར་པའི་མཆོད་པ་རྣམས་བཤམ་པར་བྱའོ། །བུམ་པ་ནི། རྒྱས་པར་བྱེད་ན་ཉི་ཤུ་རྩ་གཉིས་དགོས་ཏེ། མཆོད་པའི་བུམ་པ་བཅུ་དྲུག དབང་བསྐུར་བའི་བུམ་པ་ལྔ། རྣམ་རྒྱལ་དང་ཉི་ཤུ་རྩ་གཉིས་ཏེ། གསེར་ལས་བྱས་པའི་བྱ་རྣམས་ནི། །བརྒྱད་དམ་བཅུ་དྲུག་ལྷག་ཀྱང་རུང༌། །ཞེས་པས་མཆོད་པའི་བུམ་པ། དབང་བསྐུར་རིན་ཆེན་ཆུས་བཀང་བའི། །བུམ་པ་ལྔ་ནི་བཞག་པར་བྱ། །ཞེས་པས་དབང་གི་ལྔ། རྣམ་རྒྱལ་བུམ་པ་དྲི་ཡི་ཆུས། །རབ་ཏུ་བཀང་སྟེ་བཞག་པར་བྱ། །ཞེས་པས་རྣམ་རྒྱལ་ལོ། །དེ་ཀུན་ལ་བུམ་པ་མཛེས་པ་དྲི་མ་མེད་པ་མགུལ་ཆིངས་དང་ཁ་རྒྱན་དང༌། ནང་དུ་སྨན་ལྔ་འབྲུ་ལྔ་རིན་པོ་ཆེ་ལྔ་གཞུག་པ་ལ་ནི་ཁྱད་པར་མེད། མཆོད་པའི་བུམ་པ་ལ་ནི་མཚན་མ་མེད། རྣམ་རྒྱལ་ལ་རིགས་ལྔའི་མཚན་མ་དགོད། དབང་གི་བུམ་པ་རེ་རེ་ལ་འཁོར་ལོ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེས་མཚན་པའོ། རྣམ་རྒྱལ་ནི་དབུས་སུ་དགོད་དོ། །དབང་གི་བུམ་པ་ནི་ཕྱོགས་བཞི་དབུས་དང་ལྔ། མཆོད་པའི་བུམ་པ་ནི། རས་ཡུག་གི་མཐའ་མ་ན་ཕར་སྙོམས་པར་དགོད་དོ། །དེ་ཙམ་མ་འབྱོར་ན་ནི། མཆོད་པའི་བུམ་པ་ནི། འཁར་ཕོར་ལ་སོགས་པ་མཆོད་ཡོན་གྱི་སྣོད་ཀྱིས་གཏུབ་པས་བུམ་པ་དྲུག་དང༌། དེའང་མེད་ན་རྣམ་རྒྱལ་དང༌། དབང་གི་བསྲེས་པ་ལྔ། དེའང་མ་འབྱོར་ན་རྣམ་རྒྱལ་གཅིག་པུར་བསྡུའོ། །གཏོར་མ་ཇི་ཙམ་འབྱོར་ཚད་ཡིན་ལ། བཞི་ཙམ་ནི་ཅིས་ཀྱང་འབྱོར་དགོས་སོ། །བདུན་པ་བདག་གི་རྣལ་འབྱོར་བུམ་པའི་བཟླས་པ་དང་བཅས་པ་ནི། དེ་ལྟར་ཐམས་ཅད་རྫོགས་པར་བཤམས་ལ། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཅི་དགོས་པ་ལེགས་པར་བཤམས་ཤིང༌། འཚོགས་པར་བྱས་ལ། བདག་ཉིད་ཁྲུས་བྱས་རྒྱན་གྱིས་བརྒྱན་ལ། བདག་གི་རྣལ་འབྱོར་ལ་འཇུག་པ་ནི། དཀྱིལ་འཁོར་གྱི་དྲུང་དུ་སྟན་བདེ་བ་ལ་བསྡད་ལ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། ཆོས་ཐམས་ཅད་བདག་མེད་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང༌། སེམས་ཅན་ཐམས་ཅད་དང༌། ཁྱད་པར་དུ་ཚེ་འདས་པ་ལ་རྗེས་སུ་བརྩེ་བའི་བདག་ཉིད་སྔོན་དུ་སོང་བའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་ཅི་རིགས་པ་ཅིག་བསྒོམ་པར་བྱ་སྟེ། དེའང་ཀུན་རིག་ལས། དེ་ནས་ཁྲུས་ལ་སོགས་བྱས་ལ། །དྲི་དང་ཕྲེང་སོགས་ཕྲེང་བ་ཅན། །དྲི་ཞིམ་ཁ་བཀང་མཆོག་མཛེས་པ། །རྡོ་རྗེ་འཛིན་པས་ཞུགས་ནས་ཀྱང༌། །མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །ཅེས་པ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པ་ཡང་དེའི་གོང་ནས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོག་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་འབྱུང་བས་བསྟན་ཏོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དྲན་པ་དང་བཅས་པས་ཆོ་ག་ལ་འཇུག་པར་བྱ་བ་ནི། རྒྱུད་ལས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ནི། །ཞེས་བྱ་བས་བསྲུང་བ་བསྡུས་པའམ། ཡང་ན་རྒྱས་པར་བྱེད་ན། གཞུང་དེ་ལ་བརྟེན་ནས་བླ་མ་བརྒྱུད་པ་རྣམས། འདིར་རྡོ་རྗེ་འབྱུང་བ་ལ་སོགས་པ་ནས་འབྱུང་བའི་བསྲུང་བ་དང༌། གཞན་ནས་འབྱུང་བའི་ཁྲོ་བོའི་བསྟོད་པ་ལ་སོགས་པ་མཛད་ལ། དེ་ལ་ལས་ཁ་ཚར་བ་ཞེས་བྱ་བར་འདོགས་སོ། །དེ་ལ་དྲུག སྲུང་འཁོར་སྒོམ། ཁྲོ་བོར་བསྟོད། བགེགས་ལ་བཀའ་བསྒོ། ཧཱུྃ་བཞིས་བསྲུང༌། ལས་ཀྱི་སེམས་དཔའ་བཞིས་བསྲུང༌། བརྟན་པར་བྱ་བའོ། །དེ་ལ་དང་པོ་ནི། འདི་ལྟར་བྱ་སྟེ། རྡོ་རྗེ་དྲིལ་བུ་འཛིན་པའི་སྔགས་པས། ཆོས་བདག་མེད་པས། ནང་གི་ཁྲུས་བྱས་ལ། ལྐོག་མར་ཧྲཱིཿལས་པདྨ་འདབ་བརྒྱད། ལྕེའི་པདྨར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ཉལ་ཐབས་སུ་བསྐྱེད་ལ། ཨོཾ་བཛྲ་ཛི་ཧྭ་ཞེས་པས་བྱིན་གྱིས་བརླབ། ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ཟླ་བ་གཉིས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་གཉིས་ཞུ་བ་ལས་རྡོ་རྗེའི་སོར་མོར་བསམ་མོ། །དེ་ནས་ཡི་གེ་ཧཱུྃ་ལས་བདག་ཉིད་རྡོ་རྗེ་མེ་ལྟར་འབར་བར་བསམས་ལ། ཨོཾ་གྲིཧྣ་བཛྲ་ས་མ་ཡ་ཧཱུྃ་བྃ། ཞེས་བྱ་བ་བརྗོད་ནས། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བས་སྤྱི་བོ་ལ་སོགས་པའི་གནས་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་བསམས་ལ། དབང་བླང་ངོ༌། །ཨོཾ་ཊུཾ་ཞེས་བྱ་བ་བརྗོད་ཅིང་གོ་བགོ་བ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་མདུད་པ་འཆིང་བ་བཞིན་བྱེད་པས། སྙིང་ག་དང༌། མགྲིན་པ་དང༌། ལྟག་པ་དང༌། ཡང་སྙིང་ག་དང༌། ནུ་མའི་བར་དང༌། ཡང་སྙིང་ག་དང༌། མགྲིན་པ་དང༌། རྒྱབ་དང༌། དཔྲལ་བ་རྣམས་སུ་མདུད་ལ་རྣ་བའི་སྟེང་དུ་བཤོག་པ་བཞིན། ལག་པས་ལྕུག་ཕྱེ་ལ། བཛྲ་ཏུཥྚྱ་ཧོ་ཞེས་ཐལ་མོའི་རྩེ་སྤྲད་ནས་གཤམ་བརྡབས་ལ། ཡིད་ཀྱིས་དར་དཀར་པོ་ཞིང་དུ་ཁྲུ་གང་བ། དཀྱུས་སུ་ཁྲུ་ཉི་ཤུ་རྩ་གཅིག་པ་གཅིག་གིས་གནས་རྣམས་སུ་མདུད་ནས། རྣ་བའི་སྟེང་ན་ཡར་ལྕུགས་བྱས་ནས། ལྷག་མ་མར་བརྐྱང་པས་ལུས་དང་མཉམ་པར་བསམ་མོ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ། ཞེས་བརྗོད་ཅིང༌། གཡོན་པའི་ཁུ་ཚུར་སྙིང་གར་བཞག་ལ། གཡས་པས་བགེགས་ལ་བསྣུན་པར་བྱའོ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུྃ་ཕཊ་ཅེས་བརྗོད་ཅིང༌། རྡོ་རྗེ་མེའི་ཕྱག་རྒྱས་བགེགས་བསྲེག་པར་བྱའོ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་བཅིངས་ལ། བཛྲ་ནེ་ཏྲི་བནྡྷ་སརྦྦ་བིགྷྣཱན། ཞེས་བྱ་བས་བགེགས་བཅིང་ངོ༌། །རྡོ་རྗེ་བསྡམས་པ་ས་ལ་བརྐྱང་སྟེ། ཨོཾ་བཛྲ་དྲྀ་ཌྷོ་མི་བྷཱ་བ་རཀྵ་སརྦྦཾ་སྭཱ་ཧཱ། ཞེས་པས་འོག་བཅིང༌། རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་དང༌། ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བྱ་བས་སྟེང་བཅིང༌། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བྱ་བས་དེའི་འོག་གི་སྟེང་བཅིང༌། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང༌། ཨོཾ་དྲཱུཾ་བནྡྷ་ཧྃ། ཞེས་བྱ་བས་ཤར་ཕྱོགས་བཅིང༌། རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང༌། ཨོཾ་ཧཱུྃ་བཛྲ་པཱ་ཤ་ཧྲཱིཿཞེས་བྱ་བས། ཡང་ཤར་བཅིང༌། རྡོ་རྗེ་བ་དན་གྱི་ཕྱག་རྒྱ་དང༌། ཨོཾ་པཱ་ཏཾ་ཀེ་པཱ་ཏཾ་ཀི་ནི་ར་ཊཿ ཞེས་བྱ་བས་ནུབ་བཅིང༌། རྡོ་རྗེ་ནག་མོའི་ཕྱག་རྒྱ་དང༌། ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ། ཞེས་བྱ་བས་བྱང་བཅིང༌། རྡོ་རྗེ་རྩེ་མོའི་ཕྱག་རྒྱ་དང༌། ཧཱུྃ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། ཞེས་པས་ལྷོ་བཅིང༌། རྡོ་རྗེ་ལས་དང༌། ཧཱུྃ་བཛྲ་ཀརྨྨ་ཞེས་བྱ་བས་དཀྱིལ་འཁོར་བཅིང༌། རྡོ་རྗེ་ཧཱུྃ་མཛད་དང༌། ཧཱུྃ་ཞེས་བྱ་བས་ནང་རྡོ་རྗེའི་རྭ་བ་བཅིང༌། བཅིང་ཞེས་བྱ་བ་ཐམས་ཅད་ནི། སྟེང་ལ་སོགས་པ་རྡོ་རྗེའི་རྣམ་པར་བསམ་མོ། །རྡོ་རྗེ་བསྡམས་པ་དང༌། བཛྲ་བནྡྷ་བྃ་ཞེས་བྱ་བས་ཐམས་ཅད་ཀྱི་ཕྱི་རོལ་རྡོ་རྗེའི་རྭ་བར་བསམ་མོ། །གཉིས་པ་ཁྲོ་བོས་ཁྲོ་བོ་སྤྱན་དྲངས་ཞིང་བསྟོད་པ་ནི། བདག་མེ་ལྟར་འབར་བའི་ང་རྒྱལ་བརྟན་པོ་དང་ལྡན་པས། དབྱངས་དང་བཅས་པས་སྤྱན་དྲངས་ཏེ། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོ་མཐའ་གནོད་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་བྱ་བས་ཁྲོ་བོ་མང་པོ་སྤྱན་དྲངས་ལ། སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་པ་ལྔ་དབུལ་ལོ། །དེ་ནས་བསྟོད་པ་བྱ་སྟེ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་གཏན་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །གསུམ་པ་བགེགས་ལ་བཀའ་བསྒོ་བར་བྱ་སྟེ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་བརྗོད་དོ། །བཞི་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། སྙིང་གར་རེག་ཅིང་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། དཔྲལ་བར་ཨོཾ་གྲིཧྣ་གྲིཧྣ་ཧཱུྃ། ལྐོག་མར། ཨོཾ་གྲིཧྣཱ་པ་ཡ། གྲིཧྣཱ་པ་ཡ་ཧཱུྃ། སྤྱི་བོར་ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན། བིདྱ་རཱ་ཛཱ་ཧཱུྃ་ཕཊ། ཅེས་པས་བདག་བསྲུང༌། ཡང༌། ཕྱག་རྒྱ་དང༌། སྔགས་དེ་ཉིད་ཀྱིས་ཤར་ནས་བཟུང་སྟེ། ཕྱོགས་བཞི་དང༌། མེ་ནས་བཟུང་སྟེ་མཚམས་བཞིར། གཡས་སྐོར་དུ་བྱས་པས། གནས་དང༌། རྣལ་འབྱོར་བསྲུངས་ཏེ། བགེགས་མེད་པར་བྱའོ། །ལྔ་པ་ལས་ཀྱི་སེམས་དཔའ་བཞིས་བསྲུང་བ་ནི། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་མཐེ་བོ་དང༌། མཐེའུ་ཆུང་རྩེ་མོ་སྤྲད་དེ་བཀྱེད་ལ། ཨོཾ་བཛྲ་ཀརྨཱ་ཀྃ ཞེས་ལན་གསུམ་དང༌། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས། མཐེ་བོ་དང༌། མཐེའུ་ཆུང་དང༌། མཛུབ་མོ་རྣམས་རྩེ་སྤྲད་དེ། བཀྱེད་ལ་སྙིང་གར་བཞག་ལ། ཨོཾ་བཛྲ་རཀྵ་ཧཾ། ཞེས་ལན་གསུམ་དང༌། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་དང༌། མཐེའུ་ཆུང་བརྐྱང་པ་བཅིངས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་ལན་གསུམ་དང༌། རྡོ་རྗེ་བསྡམས་པའི་ནང་དུ་མཐེ་བོ་གཉིས་བཅུག་པའི་རྒྱབ་མཛུབ་མོས་མནན་པ་བཅིངས་ལ། ཨོཾ་བཛྲ་སནྡྷི་བྃ། ཞེས་རྡོ་རྗེ་ཁུ་ཚུར་ལན་གསུམ་བརྗོད་དེ། དེ་རྣམས་ཀྱིས་བརྟན་པར་བསྲུངས་ལ། དྲུག་པ་ནི། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་བརྟན་པར་བྱའོ། །དེ་དག་ནི་རྒྱས་པར་བྱ་བ་སྟེ། བླ་མ་བརྒྱུད་པའི་ལས་ཁ་ཚར་བ་ཞེས་བྱ་བ་ཡིན་ལ། དེ་ཙམ་མ་གྲུབ་ན། རྒྱུད་འདི་ཉིད་ཀྱི་བདག་བསྲུང་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་ལ་གནས་པས། ཁྲོ་བོའི་བསྟོད་པ་བྱ་བའམ། ཤིན་ཏུ་བསྡུས་ནས་བྱེད་ན། བསྟོད་པ་མ་བྱས་པར་ཡང་འཇུག་པ་ཡིན་ནོ། །རྒྱུད་འདིའི་དགོངས་པ་ནི། ཤིན་ཏུ་བསྡུས་པ་ཉིད་ཡིན་ནོ།། །།དེ་ནས་བདག་གི་རྣལ་འབྱོར་དངོས་ནི། མདུན་དུ་རས་བྲིས་སམ། བྲིས་པའི་དཀྱིལ་འཁོར་གང་ཡོད་ཀྱང་རུང་སྟེ། བདག་གི་རྣལ་འབྱོར་དཔའ་བོ་གཅིག་པ་ལས། དཀྱིལ་འཁོར་མི་བསྒོམ་ཞེས་གསུང་ངོ༌། །ཤིན་ཏུ་སྤྲོས་པ་ལ་དགའ་ན། དཀྱིལ་འཁོར་བསྒོམས་ཀྱང་འགལ་བ་མེད་ལ་ཆེས་བཟང་ངོ་ཞེས་ཀྱང་གསུང་ལ། མངོན་རྟོགས་ནི། སྔར་བསྙེན་པའི་སྐབས་ཉིད་དུ་བརྗོད་ཟིན་ཏོ། །དེ་ལ་དང་པོ་དཔའ་བོ་གཅིག་པའི་རྣལ་འབྱོར་བྱེད་ན་ཡང༌། ཡ་ཐ་བདག་བསྲུང་གནས་བསྲུང་ནས་བཟུང་སྟེ། མ་ཐ་ངན་སོང་གི་རྒྱུད་ལས་གྲོལ་བར་བྱས་ནས། ཆེད་དུ་བརྗོད་པ་ཡན་ཆད་ནི། བསྙེན་པའི་སྐབས་ཉིད་དུ་བསྟན་ཟིན་ལ། མཆོད་བསྟོད་དང༌། བཟླས་པའང་དེར་བསྟན་ཟིན་མོད་ཀྱི། ཅུང་ཟད་རྒྱས་པར་བྱེད་ན། ངན་སོང་གི་རྒྱུད་སྦྱངས་ནས། ཆེད་དུ་བརྗོད་པའི་རྗེས་ལ། དངོས་སུ་འབྱོར་པའི་མཆོད་པ་རྣམས། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་པས་བསང༌། རྡོ་རྗེ་མེའི་ཕྱག་རྒྱ་དང༌། སྔགས་ཀྱིས་གཟི་བརྗིད་བསྐྱེད། མཆོད་ཡོན་ལ་སོགས་པ་རང་རང་གི་སྔགས་བརྗོད་ཅིང༌། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་བསམས་ལ། འབུལ་བའི་ཚེ། ངག་ཏུ་བརྗོད་པ་རྣམས། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། བདག་གིས་བརྗོད། ཡིད་ཀྱིས་རིགས་དྲུག་ངན་སོང་ལས་ཐར་བ་རྣམས་ཀྱིས། བདག་རྡོ་རྗེ་སེམས་དཔའི་ངོ་བོར་གནས་པ་ལ། མཆོད་བསྟོད་བྱེད་པར་བསམ་ཞིང་དབུལ་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་པ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་གྱི་གནས་སུ་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་དང༌། རོལ་མོ་རྣམས་བཅུག་ལ་ཨོཾ་སརྦྦ་ཏ་ཐཱ་ག་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བྱ་བ་དང༌། མེ་ཏོག་གི་ཕྱག་རྒྱས་དབུལ། དེ་བཞིན་དུ། པུཥྤེའི་གནས་སུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཞེས་བྱ་བ་བཅུག་ལ་རང་རང་གི་སྔགས་དང་ཕྱག་རྒྱས་དབུལ་བར་བྱའོ། །རོལ་མོ་ཡང་དབུལ་ལོ། །དེ་བཞིན་དུ་རྒྱས་པར་བྱེད་པར་སྤྲོ་ན། མཆོད་པ་སྣ་ཚོགས་ཀྱིས་བདག་ལ་མཆོད་པར་བྱ་སྟེ། འོག་ནས་འཆད་པར་འགྱུར་བ་རྣམས་ཀྱིས་མཆོད་དོ། །སྤྲོས་པ་འབྲིང་ལ་དགའ་བ་རྣམས་ཀྱིས་དེ་ཙམ་གྱིས་སོ། །བསྡུས་པ་ལ་དགའ་ན། སྔར་བསྙེན་པའི་སྐབས་བཞིན། སྔགས་ཙམ་གྱིས་མཆོད་དོ། །དེ་ནས་བསྟོད་པ་ནི། ངན་སོང་ལས་གྲོལ་བ་རྣམས་དང༌། ལྷ་ཆེན་པོ་རྣམས་ཀྱིས་མཆོད་པ་དང༌། བདག་ལ་བསྟོད་པར་བསམ་སྟེ། རྒྱུད་ལས། བརྒྱ་བྱིན་ཚངས་པ་ལ་སོགས་ལྷས། །ཕྱག་འཚལ་ཡང་དང་ཡང་དུ་ནི། །རིན་ཆེན་གདུགས་ལ་སོགས་མཆོག་གིས། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང༌། །ཕྱག་ན་རྡོ་རྗེ་རྒྱལ་སྤྱན་ལ། །དགའ་བའི་བསམ་པས་སྟོང་བྱེད་པ། །ཞེས་གསུངས་པས་སོ། །དངོས་སུ་བདག་ཉིད་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད། །རྡོ་རྗེའི་ཡན་ལག་རྡོ་རྗེའི་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱུང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་བསྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུས་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །བསྒྲུབ་དཀའི་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། འོད་སྟུག་པས་ན་སྟུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པའོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །སྒྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མ་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོན། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ་སྟེ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རབ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ། །ཞེས་བྱ་བས་བསྟོད་ལ། དེ་ནས་ཆེད་དུ་གཏད་པའི་བཟླས་པ་ནི། བདག་གི་ཐུགས་ཀར་ཟླ་བའི་སྟེང་དུ། རྩ་རིག་ལ་སོགས་པ་གང་ཟློས་པ་རྣམས་བཀོད་ལ། དེ་ལས་འོད་འཕྲོས་པས། རྒྱུ་དང་འབྲས་བུས་བསྡུས་པའི་ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཁམས་གསུམ་ཐམས་ཅད་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས། ཡང་རང་གི་སྙིང་གའི་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་བསམ་ཞིང༌། ཡང་སྔར་བཞིན་བསམ་ཞིང༌། སྔགས་ཇི་ཙམ་སྤྲོ་བ་བཞིན་བཟླས་པར་བྱའོ། །དེ་ནས་སྐབས་འདིར་བུམ་པ་ལ་བཟླས་ཏེ། མཆོད་པའི་བུམ་པ་ལ་ལྷ་ནི་མི་དགོས། རྩ་རིག་བཟླ་བར་བྱའོ། །དབང་གི་བུམ་པ་རྣམས་ལ་རིགས་ལྔ་བསྐྱེད་པའམ། མ་བསྐྱེད་ཀྱང་རུང་སྟེ། རྩ་རིག་དང་རིགས་ལྔའི་སྔགས་བཟླས་སོ། །རྣམ་རྒྱལ་ལ་ནི། ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད་པའམ། མ་བསྐྱེད་ཀྱང་རུང་སྟེ། ལྷ་ཐམས་ཅད་ཀྱི་སྔགས་བཟླས་སོ། །གྲངས་ནི་ཀུན་རིག་ལས། སྔ་མ་བཞིན་དུ་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །ཞེས་གསུངས་སོ། །ལྷ་བསྐྱེད་ན་ནི་ལྷ་ལ་མཆོད་ལ། དེ་ལས་བྱང་སེམས་ཀྱི་ཆུ་རྒྱུན་སྐུ་ཐམས་ཅད་ལས་འཛག་ཅིང༌། དེའི་རྗེས་ལ་ཞུ་བ་ལས་བྱུང་བའི་ཆུར་བསམ་ཞིང་བཟླས་སོ། །ལྷ་མ་བསྐྱེད་ན་མ་མཆོད་པས་བཏུབ་བོ། །ཆུ་ནུས་པ་དང་ལྡན་པར་བསམ་པ་ལས་མེད་དོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ཏེ། ལྷ་སྒྲུབ་པ་ལ་འཇུག་པར་བྱའོ། །བརྒྱད་པ་ལྷ་བསྒྲུབ་པར་བྱ་བ་ནི། འདི་ལ་དགེ་བཤེས་གཉལ་པ་ན་རེ། རྡོ་རྗེ་འཛིན་མ་བཞུགས་ནས་ནི། །ཞེས་བྱ་བ་ལ་བརྟེན་ནས། མདུན་དུ་ལྷ་མ་བསྒྲུབས་པར། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་ལ། དེ་ནས་ལྷ་སྒྲུབ་པ་ཡིན་ཟེར་བ་ནི་མ་ཡིན་ཏེ། ལྷ་མ་བསྒྲུབས་པར་རྡུལ་ཚོན་དུ་ཞུགས་པ་ལ་དོན་མེད་པ་དང༌། ཤཱཀ་ཐུབ་ཀྱི་སྐབས་ནས། ལྷ་རྣམས་སྤྱན་དྲང་ངོ༌། །དེ་བཞིན་གཤེགས་པར་མོས་པ་བསྐྱེད་དེ། མཆོད་པ་བྱས་ནས། དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ནས་ཞེས་པ་དང༌། ཚེ་དཔག་མེད་ཀྱི་སྐབས་ནས་ཀྱང༌། དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ། བདེ་བར་གཤེགས་པ་དམ་པ་སྲས་དང་འབངས་སུ་བཅས་ཤིང་འཁོར་གྱིས་བསྐོར་ཏེ། རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ༌། །དེ་ནས་བདག་ཉིད་དབང་བསྐུར་ཏེ། ཞེས་བཤད་པའི་རྗེས་ལ། སློབ་མའི་དབང་རྣམས་བཤད་པའི་ཕྱིར་རོ། །འོ་ན་རྡོ་རྗེ་འཛིན་མས་ཞུགས་ཞེས་པ་དང༌། གཞན་ཡང་ཞུགས། ཞེས་བྱ་བ་རྣམས་ཅི་ཡིན་སྙམ་ན། ཞུགས་ཞེས་བྱ་བ་ཐམས་ཅད་ནི། དཀྱིལ་འཁོར་གྱི་ཁང་པར། ཕྱག་རྒྱ་དང་བཅས་པས་ཞུགས་པ་ཡིན་ནོ། །ཞེས་རིན་ཆེན་བཟང་པོ་འཁོར་དང་བཅས་པའི་གསུང་ངོ༌། །དེ་ནི་རིགས་སོ། །དེ་བས་ན་ལྷ་སྒྲུབ་པ་སྔོན་ལ་བྱའོ། །དེས་བསྡུས་པ་དང༌། རྒྱས་པ་གཉིས་སོ། །བསྡུས་ཏེ་བྱེད་ན། བྲིས་པའི་དཀྱིལ་འཁོར་གྱི་སྟེང་དུ། འོག་ནས་འཆད་པའི་ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས་བཞིན་སྤྱན་དྲངས་ལ། དེ་བཞུགས་སུ་གསོལ་ལ། ཕྱག་རྒྱ་བསྟན་ཏེ། མཆོད་པ་རྒྱས་བསྡུས་གང་ཡང་རུང་བས་མཆོད་དེ། འཇུག་པ་ལ་སོགས་པ་བྱའོ། །དེ་བས་ན་ཡེ་ཤེས་པ་སྤྱན་དྲང་བ་མན་ཆད་ནི་འདྲའོ། །རྒྱུད་ནས་ནི་དེ་ཉིད་གསལ་བར་བཞུགས། རྒྱས་པར་བྱེད་ན། གོང་གི་དཀྱིལ་འཁོར་གྱི་བསྙེན་པ་བཞིན་མདུན་དུ་ཡང་བྱེད་དོ། །དེ་ནི་འདི་ཡིན་ཏེ། ཨོཾ་ཤ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་པས་དཀྱིལ་འཁོར་སྟོང་པར་བསམ། ཨོཾ་བྷ་ཞེས་བརྗོད་པས། སྐད་ཅིག་གིས་འབྱུང་བ་རིམ་བརྩེགས་དང་བཅས་པའི་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་བྲིས་པ་བཞིན་ཆེས་རྫོགས་པར་མཛེས་པར་བསམ། དེ་ནས་སྙིང་པོ་ཚིག་ཙམ་གྱིས་ལྷ་ཐམས་ཅད་བསྐྱེད་པའམ། སྤྲོ་བསྡུ་ལས་བསྐྱེད་པ་གང་ཡང་རུང་བར་བྱའོ། །དང་པོ་ནི། ཨོཾ་སརྦྦ་བིཏ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པས། དབུས་སུ་ཀུན་རིག་ཞལ་བཞི་པ། སེང་གེའི་གདན་ཅན་སྐུ་མདོག་དཀར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པར་བསམ། སྤྲོ་བསྡུ་ལས་བསྐྱེད་ན་གདན་གྱི་སྟེང་དུ་སྙིང་པོ་བློས་བསྐྱེད། མཐའ་སྐོར་དུ་རྩ་རིག་བསམས་ལ། དེ་ལས་འོད་འཕྲོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་དུ་བྱས་ནས། འོད་བསྡུས་ཏེ་ཡི་གེ་ལ་ཞུགས་པ་ལས་ཀུན་རིག་དུ་བསྐྱེད་དོ། །འོག་མ་རྣམས་ལའང་ཆོ་ག་དེ་ཉིད་ཀྱིས་བསྒྲེས་ལ་ཤེས་པར་བྱ་སྟེ་རྒྱས་བསྡུས་གང་རུང་བྱའོ། །ཨོཾ་སརྦ་བིད་ཧཱུྃ། མདུན་དུ་ངན་སོང་སྦྱོང་བའི་རྒྱལ་པོ་དཀར་ལ་ཅུང་ཟད་དམར་བ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་སརྦ་བིཏ་ཕཊ། གཡས་སུ་རྒྱལ་མཆོག་དཀར་པོའམ། སྔོན་པོ་ཏིང་ངེ་འཛིན་ནམ། གཡོན་ཏིང་ངེ་འཛིན་ལ་གཡས་མཆོག་སྦྱིན་པས་བཞུགས་པའོ། །ཨོཾ་སརྦྦ་བིད་ཨཿ རྒྱབ་ཏུ་ཤཱཀ་ཐུབ་སེར་པོ་ཆོས་འཆད་པས་བཞུགས་པའོ། །ཨོཾ་སརྦྦ་བིད་ཏྲ་ཐ། གཡོན་དུ་རིན་ཆེན་མེ་ཏོག་དཀར་པོའམ། ལྗང་གུ་ཏིང་ངེ་འཛིན་ནམ། སྐྱབས་སྦྱིན་གྱིས་བཞུགས་པའོ། །མཚམས་སུ་ལྷ་མོ་བཞི་བསྐྱེད་པ་ནི། འཁོར་ལོས་སྒྱུར་བའི་སྐབས་ནས་བཤད་པ་བཞིན་ཏེ། ཨོཾ་བུདྡྷ་ལོ་ཙ་ནེ་ཧཱུྃ། མེར་སྤྱན་མ་དཀར་མོ་སྤྱན་འཛིན་པའོ། །ཨོཾ་བཛྲ་མཱ་མ་ཀཱི་ཏྲཱྃ། སྲིན་པོར་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པའོ། །ཨོཾ་བཛྲ་པཎྜ་རཱི་དེ་ཧི་དེ་ཧི་སིདྡྷི་བོདྷི་ལོ་ཀོཏྟ་རིམྦ་སྭཱ་ཧཱ། རླུང་དུ་གོས་དཀར་མོ་དམར་མོ་པདྨ་འཛིན་པའོ། །ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭཱ་ཧཱ། དབང་ལྡན་དུ་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པའོ། །དེ་རྣམས་ཀུན་ཀྱང་ཕྱག་གཡོན་པ་རྣམས་ནི་གདན་ལ་བརྟེན་པའོ། །དེའི་ཕྱི་རོལ་ཏུ་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་ལ་སེམས་དཔའ་བཅུ་དྲུག་བསྐྱེད་པར་བྱ་སྟེ། ཤར་གྱི་རྩིབས་བཞི་ལ་རིམ་པ་བཞིན་དུ་བསྐྱེད་དེ། ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། ཧོཿལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། དྷུ་ལས་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་བའོ། །ལྷོའི་རྩིབས་བཞི་ལ། ཏྲཱྃ་ལས་རྡོ་རྗེ་རིན་ཆེན་སེར་པོ། གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང༌། གཡོན་དྲིལ་བུ་དཀུར་འཛིན་པ། རྻ་ལས་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མ་འཛིན་པ། བྷྲི་ལས་རྡོ་རྗེ་རྒྱལ་མཚན་ནམ་མཁའི་མདོག་ཅན་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པའོ། །ནུབ་ཀྱི་རྩིབས་བཞི་པ། ཧྲཱིཿལས་རྡོ་རྗེ་ཆོས་དཀར་དམར། གཡོན་པས་པདྨ་འཛིན་ཞིང༌། གཡས་པས་དེ་ཁ་འབྱེད་པའོ། །དྷཱིཿལས་རྡོ་རྗེ་རྣོན་པོ་སྔོན་པོ། གཡས་པས་རལ་གྲི། གཡོན་པས་པུ་སྟིའོ། །ཀྲུྃ་ལས་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པའོ། །བྷ་ལས་རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེའི་ལྗགས་འཛིན་པའོ། །བྱང་གི་རྩིབས་བཞི་ལ། ཀྃ་ལས་རྡོ་རྗེ་ལས་སྣ་ཚོགས་མདོག གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའོ། །རྃ་ལས་རྡོ་རྗེ་སྲུང་བ་སེར་པོ་གོ་ཆ་འཛིན་པའོ། །ཀྵྃ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གཡས་གཡོན་གྱི་ཐད་ཀ་གཉིས་སུ་འཛིན་པའོ། །སྃ་ལས་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུར་ཚུར་གྱིས་འཛིན་པའོ། །ཡང་ནང་གི་མཚམས་བཞིར། ཧཱུྃ་ལས་མེར་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱིས་རྡོ་རྗེ་གཉིས་འཛིན་པའོ། །ཏྲཱྃ་ལས་སྲིན་པོར་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་ཕྲེང་བ་འཛིན་པའོ། །ཧྲཱིཿལས་རླུང་དུ་གླུ་མ་དཀར་དམར་པི་ཝང་འཛིན་པའོ། །ཨཿལས་དབང་ལྡན་དུ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཛིན་པས་གར་བྱེད་པའོ། །ཡང་དེའི་ཕྱི་རོལ་གྱི་གྲྭ་བཞིར། ཧཱུྃ་ལས་མེར་བདུག་པ་མ་དཀར་མོ་བདུག་སྤོས་འཛིན་པའོ། །ཏྲཱྃ་ལས་སྲིན་པོར་མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པའོ། །ཧྲཱིཿལས་རླུང་དུ་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པའོ། །ཨཿལས་དབང་ལྡན་དུ་དྲི་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་པའོ། །ཕྱིའི་ལྷ་མོ་རྣམས་ནི། ཤཱཀ་ཐུབ་ནས་འབྱུང་བའི་སྔགས་ཀྱིས་བསྐྱེད་ཀྱང་བཏུབ་བོ། །ཛཿལས་ཤར་གྱི་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པའོ། །ཧཱུྃ་ལས་ལྷོར་རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པའོ། །བྃ་ལས་ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པའོ། །ཧོཿལས་བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པའོ། །ལྷ་དེ་དག་ཐམས་ཅད་ནི་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང༌། ཤམ་ཐབས་ཅན། ཞི་བའི་ཉམས་ཅན། པདྨ་དང་ཟླ་བའི་སྟེང་ན། དེ་བཞིན་གཤེགས་པ་ལྔ་ནི། རྡོ་རྗེ་སྐྱིལ་ཀྲུང་ཅན་ལ། གཞན་ཐམས་ཅད་ནི། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རྡོ་རྗེ་གནོད་སྦྱིན་གཅིག་པུ་ནི་ཁྲོ་བོ་ཡིན་ནོ། །ཁ་ཅིག་ན་རེ། སྒོ་བ་བཞི་ནི་བཞེངས་པའི་ཁྲོ་བོར་བཞུགས་སོ། །ཞེས་ཟེར་ཏེ། རྣལ་འབྱོར་གྱི་རྒྱུད་རྣམས་ནས་མ་བཤད་པའི་ཕྱིར་མ་ཡིན་ནོ། །དེའི་ཕྱི་རོལ་ཏུ་མགྲོན་ཐབས་ཀྱི་ལྷ་རྣམས་བསྐྱེད་པར་བྱ་སྟེ། སྔགས་ནི་རྩ་རིག་གོ །དེ་ལ་རྒྱས་པར་བྱེད་ན། ལྷ་རེ་རེ་ལ་སྔགས་རེ་བྱ། འབྲིང་དུ་བྱེད་ན། ཕྱོགས་ཀྱི་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཞི། རང་རྒྱལ་རྣམས་ལ་བཞི། ཉན་ཐོས་རྣམས་ལ་བཞི། ཕྱི་རོལ་རྣམས་ལ་བཞི་བྱེད་དོ། །བསྡུས་ནས་བྱེད་ན། བྱང་ཆུབ་སེམས་དཔའ་རྣམས་ལ་གཅིག རང་རྒྱལ་རྣམས་ལ་གཅིག ཉན་ཐོས་རྣམས་ལ་གཅིག ཕྱིའི་སྒོ་ན་གནས་པའི་ཁྲོ་བོ་ལ་སོགས་པ་རྣམས་ལ་གཅིག ཁོར་ཡུག་གི་འཇིག་རྟེན་པ་རྣམས་ལ་གཅིག་གིས་བསྐྱེད་པར་བྱའོ། །དེ་ལ། བརྟན་པར་ཁྱམས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་བྲི་བར་བྱ། །ཞེས་འབྱུང་བའི་བྱང་ཆུབ་སེམས་དཔའ་ནི་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་བཞི་ཤར་དུ། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་རྟོག་བཞི་ལྷོ་རུ། འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲ་བ་ཅན་གྱི་འོད་བཞི་ནུབ་ཏུ། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་བྱང་དུ། ཐམས་ཅད་ཀྱང་ཕྱོགས་ཀྱི་སྐུ་མདོག་ཅན། རྡོ་རྗེ་དྲིལ་བུ་འཛིན་པ་སྟེ། ཀུན་དགའ་སྙིང་པོས་རྡོ་རྗེ་འབྱུང་བ་ལས། ཇི་ལྟར་དགའ་བའི་སྐུ་མདོག་དང༌། རྒྱན་ཅན་ནོ་ཞེས་བཤད་དོ། །དེའི་ཕྱི་རོལ་དུ། ཉན་ཐོས་རྒྱལ་བ་ཐམས་ཅད་དང༌། ཞེས་པའི་དོན་ཉན་ཐོས་བཅུ་དྲུག་ནི། ཤར་ནས་རིམ་པ་བཞིན། ཕྱོགས་རེ་རེ་བཞི་བཞི་སྟེ། འཕགས་པ་དགའ་བོ་དང༌། སྒྲ་གཅན་འཛིན་དང༌། ཤཱ་རིའི་བུ་དང༌། མཽའུ་གལ་དང༌། རབ་འབྱོར་དང༌། འཆར་ཀ་དང༌། མ་འགགས་པ་དང༌། ཀཽཎྜི་ནྱ་དང༌། ཉེ་བ་འཁོར་དང༌། རྟ་ཐུལ་དང༌། བ་ལང་བདག་དང༌། ཀུན་དགའ་བོ་དང༌། མིང་ཆེན་དང༌། ནོར་སྦྱིན་འཛིན་དང༌། གང་པོ་དང༌། འོད་སྲུངས་སོ། །དེ་དག་ལ་ཁ་ཅིག་ན་རེ་རང་རྒྱལ་བཞིན་བཅུ་གཉིས་ལས་མི་འདོད་དོ། །དེ་བཞིན་རང་རྒྱལ་གཙོ་བོ་རྣམས། །ཞེས་པ་ནི། དེའི་ཕྱི་རོལ་དུ། །རང་རྒྱལ་ནི་བཅུ་གཉིས་ཏེ་རྟེན་འབྲེལ་བཅུ་གཉིས་ཡིན་པའི་ཕྱིར་རོ། །དེའང་ཕྱོགས་རེར་གཉིས་གཉིས། མཚམས་སུ་རེ་རེ་སྟེ། རིམ་པ་བཞིན་དུ། གདུང་བ་སེལ་བ་དང༌། སྣང་བ་བརྩེགས་པ་དང༌། འཇིགས་པ་མེད་པ་དང༌། དཔའ་བོ་འདུལ་བ་དང༌། ཤེས་རབ་མགྱོགས་ཆེན་དང༌། རི་བོ་རྒྱལ་དང༌། སྨྲ་བའི་སྒྲ་ཆེན་དང༌། བསེ་རུ་ལྟ་བུ་དང༌། དུག་སེལ་འཇོམས་དང༌། རྫུ་འཕྲུལ་ཆེར་སྟོན་དང༌། སེང་གེ་སྒྲ་དང༌། ཡིད་མྱུར་རྣམས་སོ། །དེ་ལྟར་དགྲ་བཅོམ་དང༌། རང་རྒྱལ་བ་རྣམས་ཀྱི་སྐུ་མདོག་ལ་ནི་ངེས་པ་མེད་ལ། ཕྱག་ན་པུ་སྟི་དང༌། ལྷུང་བཟེད་དང༌། འཁར་གསིལ་འཛིན་པ། ཆོས་གོས་ངུར་སྨྲིག་གྱོན་པའོ། །ཁྲོ་བོ་མངག་པ་ཕོ་ཉ་སོགས། །ཞེས་པའི་དོན་མེ་ལྟར་འབར་བ་ནས་འབྱུང་བ་བཞིན་དུ་བྱ་སྟེ། ཕྱིའི་སྒོའི་ཕྱོགས་སུ་ཁྲོ་བོ་བཞི། ཕོ་ཉ་བཞི། མངག་པ་བཞི། བྲན་བཞི་བསྐྱེད་དེ། ཤར་གྱི་སྒོར་འཇིག་རྟེན་གསུམ་སྣང༌། དེའི་གཡས་སུ་བདུད་རྩི་འཁྱིལ་པ། གཡོན་དུ་དུས་ཀྱི་སྲིན་མོ། རྒྱབ་ཀྱི་ཕྱོགས་སུ་དུས་ཀྱི་ལྕགས་ཀྱུ་མ། ལྷོར་འཇིག་རྟེན་གསུམ་འདུལ། དེའི་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་མ། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་ཏུ་འཇིག་རྟེན་གསུམ་འཆིང༌། དེའི་གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོག་མ། བྱང་དུ་འཇིག་རྟེན་གསུམ་འཇིག དེའི་གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། །རྒྱབ་ཏུ་དུས་ཀྱི་དྲིལ་བུ་མའོ། །དེ་དག་ཐམས་ཅད་ནི། སྐུ་མདོག་མ་ངེས་པ། དབུ་དང་ཕྱག་མཐའ་ཡས་པ། མཚོན་ཆ་སྣ་ཚོགས་འཛིན་ཅིང༌། སྦྲུལ་དང་མི་སྡུག་པའི་རྒྱན་ཅན་ནོ། །བྱང་ཆུབ་སེམས་དཔའ་བཅུ་དྲུག་ནས་གཟུང་སྟེ། བྲན་གྱི་བར་རྣམས་སྒོ་ཉིས་བརྩེགས་སུ་བྱེད་ན་སྒོ་ཕྱི་མའི་ནང་གི་ཁྱམས་སུ་དགོད་ལ། སྒོ་རྐྱང་ལས་མི་བྱེད་ན་ནི། རྟ་བབས་ཀྱི་ཕྱི་རོལ་གྱི་ཁྱམས་སུ་དགོད་པར་བྱ་སྟེ། ཀུན་དགའ་སྙིང་པོས་མཛད་པར་བྱེད་པའི་ཀུན་རིག་གི་གཞུང་ཡང་དེ་བཞིན་བྱེད་དེ། དེ་ཉིད་ལས། ཏོ་ར་ན་ཡི་ཁྱམས་པར་ན། །དཔེ་བྲལ་སེམས་དཔའ་བཅུ་དྲུག་ནི། །ཞེས་བྱ་བ་ལ་སོགས་པ་བཤད་དོ། །ཕྱི་རོལ་གྱི་ཁོར་ཡུག་ལ། ཕྱོགས་སྐྱོང་བ་བཅུ་ལ་སོགས་པ། འཇིག་རྟེན་པ་བསམ་གྱིས་མི་ཁྱབ་པ་གཞུང་ནས་འབྱུང་བ་རྣམས་སྐད་ཅིག་གིས་བསམ་པར་བྱའོ། །མགྲོན་ཐབས་ཀྱི་ལྷ་དེ་དག་ཐམས་ཅད་ཀྱི་སྐུ་མདོག་དང༌། ཕྱག་མཚན་ལ་སོགས་པ་མོས་པ་ཙམ་ལས་གསལ་བར་མ་བསྐྱེད་ཀྱང༌། འགལ་བ་ནི་མེད་དོ་ཞེས་གསུང་ངོ༌། །དེ་ལྟར་མདུན་དུ་དམ་ཚིག་པ་བསྐྱེད་པ་ནི། རྒྱས་པའི་ཆོ་ག་ཡིན་པས། དེ་ལ་ཡེ་ཤེས་པ་སྤྱན་འདྲེན་ནོ།། །།བསྡུས་པ་ལ་དགའ་བས་ནི། རྡུལ་ཚོན་ལ་ཡེ་ཤེས་པ་སྤྱན་དྲང་ཞིང༌། ཤིན་ཏུ་བསྡུས་པ་ལ་དགའ་བས་ནི། རས་བྲིས་དང༌། ལུགས་མ་ལ་ཡེ་ཤེས་པ་སྤྱན་དྲངས་ནས། འོག་ནས་འབྱུང་བས་མཆོད་པ་ཡིན་པས་འདི་མན་ཆད་ཐམས་ཅད་ཀྱི་ཆོ་ག་ཐུན་མོང་བ་ཡིན་ནོ། །དེ་ལ་ཡེ་ཤེས་པ་སྤྱན་དྲང་བའི་ཆོ་ག་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ལ་དགའ་བས་འདི་ལྟར་བྱ་སྟེ། རྡོ་རྗེ་དྲིལ་བུ་དང༌། སྤོས་འཛིན་པའི་སྔགས་པས་དབྱངས་དང་བཅས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་པ་ཙམ་མམ། ཡང་བྱེད་པར་འདོད་ན་དེའི་སྟེང་དུ་བརྗོད་པ། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ནས་གཤེགས་སུ་གསོལ། །ཞེས་པ་ཙམ་མམ། ཡང་བྱེད་པར་འདོད་ན་དེའི་སྟེང་དུ་བརྗོད་པ། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་དུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདི་རུ་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་བྱ་བ་དང༌། ཤཱཀ་ཐུབ་ནས་འབྱུང་བ་བཞིན། ཛཿཧཱུྃ་བྃ་ཧོཿ བྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཞེས་བྱ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་པའི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་ལ་ཐོག་མར་མཆོད་ཡོན་དབུལ་ཏེ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་སྭཱ་ཧཱ། དེ་ནས་ཁྲུས་གསོལ་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་ནས་གདན་དབུལ་ཏེ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པས་གདན་ཕུལ་ལ་མཆོད་དེ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཕྱོགས་དུས་ཀུན་ན་བདུག་སྤོས་ནི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡོད་དེ། །ཐུབ་དབང་ལ་ནི་དབུལ་བར་བྱ། །འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་དེ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །དེ་ནས་དེའི་ཞབས་ལ་ཕྱག་བྱས་ལ། ཀུན་རིག་ལས་འབྱུང་བ་བཞིན། ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །གསང་བའི་བཅིང་བས་བཅིངས་ནས་ནི། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང༌། །དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ། །མཐེབ་གཉིས་ནང་དུ་བཅུག་ནས་ཀྱང༌། །བསྐྱོད་པར་གྱུར་ན་དབང་དུ་འགྱུར། །ཞེས་པ་དང༌། ཛཿཧཱུྃ་བྃ་ཧོཿཞེས་བྱ་བ་དང་སྦྱར་ལ། ཡིད་ཀྱིས་ཡེ་ཤེས་པ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ། དེ་ནས་ཕྱག་རྒྱ་བསྟན་པར་བྱ་བ་ནི། འདི་དང་ཏིང་ངེ་འཛིན་གྱི་བསྙེན་པའི་སྐབས་སུ་ཡང་དགོས་ཏེ། དེ་ལ་ཕྱག་རྒྱ་ལ་བཀའ་དང་བསྟན་བཅོས་གཞན་བཞིན། ཕྱག་རྒྱ་བཞི་ཡི་རྒྱས་གདབ་པ་ནི། རྒྱུད་འདིར་མི་གསུང་སྟེ། ལེགས་པར་བརྟགས་ན། ཕྱག་རྒྱ་བཞིར་མངོན་པར་ནི་ཁོ་བོས་མཐོང་སྟེ། དམ་ཚིག་གི་ཕྱག་རྒྱ་ནི་དངོས་སུ་བཤད་ལ། ལས་ཀྱི་ཕྱག་རྒྱ་ནི། འཁོར་ལོས་སྒྱུར་བའི་སྐབས་ནས། དམ་ཚིག་གི་ཕྱག་རྒྱའི་རྗེས་ལ། དེ་ཉིད་གཉིས་སུ་བྱས་ནས། གར་བྱས་ན་ལས་ཀྱིའོ། །ཞེས་པ་དང༌། ཆོས་ཀྱི་ཕྱག་རྒྱའང༌། དེ་ཉིད་ལས། སེམས་དཔའ་བཅུ་དྲུག་གི་ས་བོན་ལྟ་བུ་བཤད་ལ། ཕྱག་རྒྱ་ཆེན་པོ་ནི། ཤུགས་ལ་གྲུབ་པ་ཡིན་ནོ། །དེ་ནི་ཁོ་བོའི་རྟོགས་པའོ། །འདིར་བླ་མ་རྣམས་ཀྱི་གསུང་ནི། གོང་དུ་བརྗོད་པ་བཞིན། ལག་པ་བྱིན་གྱིས་བརླབས་ལ། རིགས་གསུམ་སྤྱིའི་སྔགས་དང༌། ཕྱག་རྒྱ་བསྟན། དེ་ནས་རང་རང་གི་ཕྱག་རྒྱ་བསྟན་ཏེ། རྩ་རིག་དང༌། རང་རིགས་ཀྱི་སྔགས་བརྗོད་ཀྱང་རུང་མ་བརྗོད་ཀྱང་རུང་སྟེ། རང་རང་གི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ངན་སོང་ལས་གདོན་པའི་ལས་གཞོལ་ཞིང༌། རང་རང་གི་སྐུ་དེ་ལ་ཡིད་ཀྱིས་ལེགས་པར་བརྟག་པ་ཡིན་ནོ། །དེའང་ཕྱོགས་གཅིག་ལ་མཚོན་ན། ཀུན་རིག་གི་མཉམ་གཞག་གི་ཕྱག་རྒྱ་བཅིངས་ལ། ཀུན་རིག་གི་སྐུ་ལ་རྟོག་ཅིང༌། ངག་ཏུ། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། སེམས་ཅན་རྣམས་ངན་སོང་ལས་གདོན་པའི་འཕྲིན་ལས་མཛོད་ཅིག ཅེས་བརྗོད་པར་བྱའོ། །དེ་བཞིན་དུ། ནང་གི་རྡོ་རྗེ་འབེབས་པའི་བར་རམ། སྒོ་ཕྱི་མའི་དུས་ཀྱི་འབེབས་པའི་བར་གྱི་ཕྱག་རྒྱ་བཅིངས་ལ། དུས་ཀྱི་འབེབས་པའི་སྐུ་ཡིད་ལ་བྱེད་པས། དུས་ཀྱི་འབེབས་པས་སེམས་ཅན་ཐམས་ཅད་ངན་སོང་ལས་གདོན་པའི་ལས་མཛོད་ཅིག ཅེས་བརྗོད་པར་བྱའོ། །འཇིག་རྟེན་པ་རྣམས་ལ་ཕྱག་རྒྱ་སྟོན་ན་ནི། ཕྱག་རྒྱ་བསྟན་ལ། དེ་དག་གི་སྐུ་ཡིད་ལ་བྱེད་པས་འཇིག་རྟེན་འདིར་རང་གི་ཡིད་ལ་ཅི་དང་ཅི་འདོད་པ་ཐམས་ཅད་འགྲུབ་པའི་ལས་དང༌། བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་ཞི་བའི་ལས་གཞོལ་བར་བྱའོ། །དེ་ལ་ཕྱག་རྒྱ་ཉིད་ནི་རྒྱུད་ནས་ཤཱཀ་ཐུབ་དང༌། འཁོར་ལོས་སྒྱུར་པ་གཉིས་ནས། གོང་འོག་འཁྲུགས་པ་རྣམས་བསྡེབས་ནས་བརྗོད་པར་བྱའོ། །ལག་པ་གཡོན་པ་གན་རྐྱལ་དུ་པང་དུ་བཞག་ལ། དེའི་སྟེང་དུ་གཡས་པ་བཞག་སྟེ། མཐེ་བོ་གཉིས་ངོས་གཉིས་སུ་སྤྲད་ལ། ཞི་བའི་ལྟ་བས་བལྟ་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ་དམ་ཚིག་ཡིན་པར་བཤད་དོ། །རྡོ་རྗེ་བསྡམས་པ་ལས། གུང་མོ་དང་མཐའ་མ་བཞི་བསྒྲེང༌། མཛུབ་མོ་དང༌། སྲིན་ལག་གཉིས་པདྨ་འདྲ་བར་བྱས་པ་ནི་ངན་སོང་སྦྱོང་བའི་འོ། །དེ་ཉིད་ལས། མཛུབ་མོ་དང༌། སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་ནི། དབང་བསྐུར་བའི་ཕྱག་རྒྱ་སྟེ་རིན་ཆེན་མེ་ཏོག་གིའོ། །མཐེའུ་ཆུང་དང༌། མཐེ་བོ་མཉམ་ལ། ལྷག་མ་འབར་བར་བྱ་བ་ནི། སྡིག་པ་སྲེག་པ་སྟེ་ཤཱཀ་ཐུབ་ཀྱིའོ། །དེ་ཉིད་གཡོན་དུ་བསྒྱུར་བ་ནི་ལས་ཐམས་ཅད་པ་སྟེ་རྒྱལ་མཆོག་གིའོ། །རྡོ་རྗེ་བསྡམས་པ་ལས། གུང་མོ་རྩེ་སྤྲད། མཛུབ་མོ་གཉིས་གུང་མོའི་ཚིགས་དང་པོར་བཙུགས་ཏེ་མིག་འདྲ་བར་བྱས། སྲིན་ལག་མཐེའུ་ཆུང་ནང་དུ་བཅུག་པའི་སྟེང་མཐེ་བོས་མནན་པ་ནི་སྤྱན་གྱི་མིག་དང་འདྲ་བར་བཤད་དོ། །ཐལ་མོ་སྦྱར་བ་ལས་སྲིན་ལག་དང༌། མཐེབ་ཆེན་ནང་དུ་བཅུག་པའམ། མ་བཅུག་ཀྱང་རུང་སྟེ། མཛུབ་མོ་གཉིས་རྡོ་རྗེའི་རྭ་ལྟར་གུང་མོ་ལ་བལྟ་བ་ནི་མཱ་མ་ཀཱིའི་རྡོ་རྗེར་བཤད་དོ། །ཐལ་མོ་སྦྱར་བ་ལས། གུང་མོ་གཉིས་པདྨ་ལྟར་བྱས་ལ། མཐེའུ་ཆུང་སོ་སོར་ཕྲལ་བ་ནི། གོས་དཀར་མོའི་པདྨར་བཤད་དོ། །ཐལ་མོ་སྦྱར་བ་ལས། མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་དཀྲིས་ཏེ། མཐེ་བོ་གུང་མོ་ལ་སྦྱར་ལ་ལྷག་མ་བསྣོལ་བ་ནི་ཨུཏྤལ་ནི་སྒྲོལ་མར་དགོངས་ཞེས་པའོ། །སེམས་དཔའ་བཅུ་དྲུག་གི་ལ། འཁོར་ལོས་སྒྱུར་བའི་སྐབས་ནས་མ་ཚང་བའི་འཁྲུགས་ནས་གསུངས་པ་རྣམས་ནི། ལས་སྒྲུབ་པའི་སྐབས་ཡིན་ཡང༌། མི་འདྲ་བ་ནི་གཉིས་ཙམ་ལས་མེད་དེ། འདིར་བསྟན་པའི་ཕྱག་རྒྱ་ནི། ཤཱཀ་ཐུབ་ཀྱི་སྐབས་ནས་བཤད་པར་བྱའོ། །རྡོ་རྗེ་བསྡམས་པ་ལས། མཛུབ་མོ་གཉིས་བརྐྱང་བ་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའོ། །དེ་ཉིད་ལས་མེ་ཏོག་གི་མདའ་འདྲ་བར་བྱས་པ་ནི་མདའི་ཕྱག་རྒྱའོ། །དེ་ཉིད་ལས་སླར་བཀུག་སྟེ། མཐེ་བོ་གཉིས་རྩེ་སྤྲད་པ་ནི་བློ་གྲོས་ལེགས་པའི་འོ། །དེ་ཉིད་ལས་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའི་འོ། །དེ་ཉིད་ལས་སོར་མོ་ལྷག་མ་འོད་ཟེར་འབར་བ་ལྟར་བྱ་བ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ལས་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱིའོ། །དེ་ཉིད་ཁའི་ཐད་ཀར་བསྐོར་ཏེ་བཞག་པ་ནི་བཞད་པའི་འོ། །རྡོ་རྗེ་བསྡམས་པ་ལས། མཛུབ་མོ་པདྨ་འདྲ་བར་བྱས་པ་ནི་པདྨའི་འོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀུག་པ་ནི་རྣོན་པོའི་འོ། །དེ་ཉིད་ལས་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའི་འོ། །དེ་ཉིད་ལས་རྩེ་མོ་པདྨའི་འདབ་མ་འདྲ་བར་བྱས་ནས་ཅུང་ཟད་ཁ་ཕྱེ་བ་ནི་ལྕེའི་འོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀྱེད་པ་ནི་རྒྱ་གྲམ་གྱིའོ། །དེ་ཉིད་ལས་ཤིན་ཏུ་བཀྱེད་པ་ནི་བསྲུང་བའི་འོ། །དེ་ཉིད་ལས་རྩེ་མོ་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །མདུན་དུ་བཀུག་པ་ནི་བསྡམས་པའོ། །དེ་ནས་ནང་གི་ལྷ་མོ་བཞི་ནི། རྒྱུད་འདི་ནས་མ་བཤད་པ། དེ་ཉིད་བསྡུས་པ་ནས་འབྱུང་བ། རྡོ་རྗེ་ཐལ་མོ་སྙིང་གར་བཞག དེ་ཉིད་བརྐྱང་བ་ཕྲེང་བའོ། །རྡོ་རྗེ་ཐལ་མོ་ཁ་ནས་དབྱུང༌། །གར་ལས་ཐལ་སྦྱར་སྤྱི་བོར་བཞག །ཅེས་པའོ། །ཕྱིའི་བཞི་ནི། འདི་ཉིད་ཤཱཀ་ཐུབ་ལས། བསྡམས་པ་ཉིད་མདུན་དུ་བཞག་པ་ནི་བདུག་པའི་འོ། །དེ་ཉིད་ལས་གྱེན་དུ་འཐོར་བ་ནི་མེ་ཏོག་གིའོ། །མདུན་དུ་མཐེ་བོ་གཉིས་མཉམ་ཏེ་བསྐོར་བ་ནི་མར་མེའི་འོ། །དེ་ཉིད་བྱུག་པ་ལྟར་བྱས་པ་ནི་དྲིའི་འོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀའི་རྩེ་མོ་བཀུག་པ་ནི་ལྕགས་ཀྱུའི་འོ། །དེ་ཉིད་ལས་རྩེ་མོ་གཉིས་སྤྲད་པ་ནི་ཞགས་པའི་འོ། །དེ་ཉིད་གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་ལས་བསྐྱོད་པ་ནི་མཉེས་པའོ། །དེ་ནས་ཕྱིའི་ཁྱམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་དང༌། རང་རྒྱལ་བ་རྣམས་ལ་ནི། རྒྱུད་ནས་ཕྱག་རྒྱ་མ་བཤད་པས། རིགས་གསུམ་སྤྱིའི་ཕྱག་རྒྱ་ཚན་གསུམ་ལ་ལན་གསུམ་བསྟན་པར་བྱའོ། །ཞེས་གསུང་ངོ༌། །ཀུན་དགའ་སྙིང་པོས་མཛད་དོ། །ཞེས་ཟེར་བའི་ཀུན་རིག་གི་ཆོ་ག་དེ་ནས་ཕྱག་རྒྱ་གསུམ་བཤད་དེ། ལག་པ་ཐལ་མོ་སྦྱར་བ་ལས། །གུང་མོ་སྲིན་ལག་རྩེ་མཉམ་བསྒྲེང༌། །མཐེའུ་ཆུང་གཉིས་ནི་ནང་དུ་གཞུག །མཛུབ་མོ་གཉིས་ནི་བཀུག་བྱས་ལ། །བཅར་བ་བྱང་སེམས་སྤྱི་ཡིའོ། །ཐལ་མོ་མཉམ་དུ་སྦྱར་བ་ལས། །སྙིང་གར་བཞག་པ་ཉན་ཐོས་ཀྱིའོ། །གཡོན་གྱི་ཁུ་ཚུར་ནང་བསྟན་ཏེ། །མཛུབ་མོ་མཐེ་བོ་རྩ་སྦྱར་བསྒྲེང༌། །གཡས་པའི་མཐེབ་སྲིན་སྦྱར་བསྒྲེང་སྤྲད། །རང་རྒྱལ་རྣམས་ཀྱི་ཕྱག་རྒྱའོ། །ཞེས་བཤད་པས་གང་འགྲུབ་བྱའོ། །དེ་ནས་ཁྲོ་བོ་དང༌། ཕོ་ཉ་ལ་སོགས་པ་རྣམས་ལ། རྒྱུད་ལས། ཕྱག་རྒྱ་སོ་སོ་བ་དང༌། སྤྱི་གཉིས་བཤད་པའི་སོ་སོ་བ་ནི། རང་གི་དཀྱིལ་འཁོར་མེ་ལྟར་འབར་བ་ལ་དགོངས་ལ། འདིར་སྤྱིའི་བསྟན་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་གུང་མོ་རྩེ་སྤྲད་དེ་བརྐྱང༌། མཐའ་མ་བཞི་སོ་སོར་བསྒྲེང་བ་སྟེ། འཁོར་ལོས་སྒྱུར་བ་ནས། དེ་ཉིད་ལས་ནང་དུ་བཀུག་པ་ནི། ཁྲོ་བོ་སྣ་ཚོགས་པའི་ཕྱག་རྒྱའོ། །ཞེས་གསུངས་སོ། །འཇིག་རྟེན་པ་རྣམས་ལ་ཕྱག་རྒྱ་སོ་སོར་བཤད་པ་རྣམས་ལ་ནི། རང་རང་གི་དཀྱིལ་འཁོར་ལ་དགོངས་པ་ཡིན་ལ། སྤྱིའི་ཕྱག་རྒྱ་བཅུ་བཤད་པ་རྣམས་ནི། དཀྱིལ་འཁོར་འདིར་དགོངས་པ་ཡིན་པས། དེ་བཤད་པ། ཐལ་མོ་སྦྱར་བ་ལས། དབུས་མ་གསུམ་བཀུག་སྟེ་རྩེ་སྤྲད་ཐ་མ་བཞི་བཀྱེད་པ་ནི། ལྷ་རྣམས་ཀུན་དང་ཐུན་མོང་དུ། །པདྨའི་ཕྱག་རྒྱ་བཀྲ་ཤིས་ཏེ། །གུང་མོ་གཤིབས་པའི་རྒྱབ་ཏུ་མཛུབ་མོ་མ་རེག་པར་བཀུག མཐེ་བོ་གཉིས་གཤིབས་ལ་བསྒྲེང༌། ལྷག་མ་བསྣོལ་བ་ནི། ཀླུ་རྣམས་ཞེས་བྱ་ཨུཏྤལ། ལག་པ་གཉིས་གཤིབས་པའི་སེན་མོ་རྣམས་སོ་ལྟར་གཤིབས་ལ། མཛུབ་མོ་མཆེ་བ་ལྟར་བྱ་བ་ནི། དེ་ལྟར་སོ་ནི་གནོད་སྦྱིན་རྣམས། །འཇིགས་བྱེད་འཁོར་དང་བཅས་པ་དང༌། །སྲིན་པོའི་ནི་གཡས་པའི་སྙིམ་པ་མགོ་ཚལ་དུ་སྟོན་པ་སྟེ། སྲིན་པོ་རྣམས་ཀྱི་མགོ་ཚལ་ལོ། །སོར་མོ་ཀུན་བསྣོལ་བ་ནི། བུད་མེད་རྣམས་ཀྱི་སོར་བཅུ་བསྣོལ། །གཡོན་སྙིང་གར་བསྡུས་ཏེ་གཡས་དབྱུག་པ་འཛིན་པ་ལྟ་བུ་ནི། གཟའ་རྣམས་ཀྱི་ནི་དབྱུག་པ་སྟེ། །ཐལ་མོ་གཉིས་མདུན་དུ་བཀན་པའི་སྲིན་ལག་བཀུག་པ་ནི། ཨརྒྷ་དབུལ་བ་རྒྱུ་སྐར་རྣམས། །ལག་པ་གཉིས་ཀྱི་སོར་མོ་བཅུའི་རྩེ་བཀུག་པ་སྤྲད་པའི་སྙིམ་པ་ནི། མགོ་བོའི་ཐོད་པ་ཁར་བཞག་པ། །ཕྱག་རྒྱ་འདི་ནི་ཕྲ་མེན་མ། །དེ་ཉིད་ལས། མཐེ་བོང་གཉིས་ནང་དུ་ལྕེ་ལྟ་བུར་བྱ་བ་ནི། མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་རྣལ་འབྱོར་མ་ཡིར་བཤད། ཕྱག་རྒྱ་གོང་མ་དགུ་པོ་བསྟན་པའི་རྗེས་སམ། གོང་མ་དགུ་པོ་བསྟན་པ་གྲུབ་ཀྱང་རུང་སྟེ། འཇིག་རྟེན་པ་སྤྱིའི་ཕྱག་རྒྱ་ནི། ཐལ་མོ་སྦྱར་བ་བརྐྱང་ལ་པད་ཀོར་བྱ་སྟེ། ཐལ་མོ་སྦྱར་བ་ཁ་ཕྱེ་བའོ། །དེ་དག་ཀུན་གྱི་ཐུན་མོང་དུ། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བར་བཤད་པ་སྟེ། །ཡང་ན་ཐལ་མོ་པདྨོར་བྱ། །ཞེས་པའོ། །རང་རང་གི་སྔགས་སམ། རྩ་རིག་བརྗོད་པའི་རྗེས་ལ། ཕྲིན་ལས་གཞོལ་བར་བྱའོ། །འཇིག་རྟེན་པའི་ཕྱག་རྒྱ་དེ་དག་བསྟན་པའི་དགོས་པ་ནི། དེ་དག་གིས་སེམས་དགའ་བས། བདག་གི་དབང་དུ་གྱུར་ནས། བསྒོ་བ་རྣམས་ཉན་པར་འགྱུར་བ་སྟེ། རྒྱུད་ལས། དེ་དག་ཀུན་གྱི་སེམས་སྒྲུབ་པའོ། །ཞེས་འབྱུང་བས་སོ། །ཤིན་ཏུ་བསྡུས་པ་ལ་དགའ་བ་ལ་ནི། ཕྱག་རྒྱ་བསྟན་མི་དགོས་སོ། །ལྷ་སྒྲུབ་པ་བརྗོད་ཟིན་ཏོ།། །།དགུ་པ་མཆོད་པ་དང༌། གཏོར་མ་བྱ་བ་ལ་གཉིས། འདས་པའི་ལྷ་མཆོད་པ་དང༌། འཇིག་རྟེན་པ་ལ་གཏོར་མ་སྦྱིན་པའོ། །དེ་ལ་མཆོད་པ་ནི། རྒྱུད་ལས། ཨརྒྷ་མཆོག་བརྟགས་གསང་ལ་སོགས་པ་ཡི། །དབྱངས་སྙན་པ་ཡིས་བསྟོད་དང་ལྷ་རྫས་ཀྱི། །མཆོག་གི་དམ་པ་རྣམས་ཀྱིས་ལེགས་པར་མཆོད། །ཅེས་པས་དངོས་སུ་འབྱོར་བའི་མཆོད་པ་དང༌། གསང་བ་སྟེ་ལྷ་མོ་བརྒྱད་དང༌། སོགས་པ་སྟེ་མཆོད་པ་ཉི་ཤུ་རྩ་ལྔ་ལ་སོགས་པ་དང༌། ལྷ་རྫས་ཏེ་ཡིས་ལས་བྱུང་བར་རིན་ཆེན་སྣ་བདུན་ལ་སོགས་པའོ། །དེ་ལས་དང་པོར་དངོས་སུ་འབྱོར་པ་བཤམས་པ་རྣམས་ལ། མེ་ཏོག་ཟ་བ་ལ་སོགས་པའི་བགེགས་བསལ་བར་བྱ་སྟེ། ཨོཾ་བཛྲ་ཡ་ཀྵ་ཧཱུྃ། ཞེས་པས་བསངས། རྡོ་རྗེ་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཛྭ་ལ་ཨཱ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུྃ་ཕཊ། ཅེས་བྱ་བས་གཟི་བརྗིད་བསྐྱེད། མཆོད་ཡོན་ལ་སོགས་པ་རང་རང་གི་སྔགས་བརྗོད་ཅིང༌། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ་དཀྱིལ་འཁོར་ལ་དབུལ། ངག་ཏུ་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་དབུལ་བར་བྱ་སྟེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་ནོ། །དེ་བཞིན་དུ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་ཞལ་ཟས་སོ། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་སངས་རྒྱས་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏི་པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷ་བེ་བཛྲ་དྷརྨཱ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ། རོལ་མོའི་མཆོད་པ་བྱའོ། །དེ་དག་ནི་ཨརྒྷཾ་ལ་སོགས་པ་དངོས་སུ་འབྱོར་བའི་མཆོད་པ་ཇི་ལྟར་འབྱོར་པས། མཆོད་པར་བྱའོ། །དེ་ནས་སོགས་པའི་མཆོད་པ་བྱ་བའམ། གསང་བའི་མཆོད་པ་ནི། སྔོན་ལ་གང་བྱས་ཀྱང་འདྲ་སྟེ། དེ་ལ་སོགས་པ་ནི་ཅི་འབྱོར་ཞིང་གྲུབ་པ་སྟེ། རྡོ་རྗེ་རྩེ་མོ་བཞིན། ངོ་མཚར་བའི་མཆོད་པ་བཅོ་བརྒྱད་དང༌། འདི་ཉིད་ནས་འབྱུང་བའི་མཆོད་པ་ཉིད་ཤུ་རྩ་ལྔའོ། །དང་པོ་ནི། རྡོ་རྗེ་རྩེ་མོ་ཉིད་བཞིན་ནམ། དེའི་དོན་རྡོ་རྗེ་འབྱུང་བར་བཤད་པ་བཞིན་བྱ་སྟེ། ཡ་ཐ་ཕྱག་བྱ་བ་ནས་བརྩམས་ཏེ། མ་ཐ་གསང་བའི་མཆོད་པའི་བར་མཆོད་པ་ཉི་ཤུ་དང༌། ལུས་འབུལ་བ་དང༌། དངོས་གྲུབ་བླང་བ་དང༌། དགེ་བའི་རྩ་བ་བསྔོ་བའི་བར་བྱ་སྟེ། རྡོ་རྗེ་འབྱུང་བའམ། རྡོ་རྗེ་རྩེ་མོར་བལྟ་བར་བྱའོ། །དེ་ནས་འདི་ཉིད་ནས་འབྱུང་བའི་ཉི་ཤུ་རྩ་ལྔ་ནི། ཀུན་རིག་ནས་འབྱུང་བ་དང༌། སྔོན་བྱུང་ནོར་བུ་དྲི་མ་མེད་པས་བྱས་པ་ཡིན་ལ། རྗེས་འཇུག་གི་བྱ་བ་ནི། རྒྱུ་རིན་པོ་ཆེ་ལས་བྱས་པར་བསམ་ཞིང༌། ངག་ཏུ་ཨོཾ་གླུར་བླང་བ་ནི་ཐུན་མོང་པའོ། །དེ་ལ་རྒྱན་གྱི་ཁྱད་པར་བརྒྱད་དང༌། ཡོ་བྱད་ཀྱི་ཁྱད་པར་དྲུག་དང༌། གནས་ཀྱི་ཁྱད་པར་དྲུག་དང༌། མཆོད་པའི་ཁྱད་པར་ལྔའོ། །དེ་ལ་རྒྱན་གྱི་ཁྱད་པར་ནི་རིམ་པ་བཞིན་བརྗོད་པར་བྱའོ། །ལུས་ཀྱིས་རྡོ་རྗེ་ཁུ་ཚུར་གཉིས་ལས་འབྱུང་བའི་གར་སྔོན་ལ་སོང་བས། ཁུ་ཚུར་གཉིས་རང་གི་མགོ་བོའི་སྟེང་དུ་དབང་བསྐུར་བའི་ཚུལ་དུ་འཇོག་ཅིང་དཀྱིལ་འཁོར་གྱི་ལྷ་ལ། རིན་པོ་ཆེའི་ཅོད་པཎ་བཅིངས་པར་བསམས་ཏེ། དེ་བཞིན་དུ་ཀུན་ལ་བསྒྲེའོ། །རང་གི་རྣ་བ་ལ་རྣ་རྒྱན། མགུལ་བ་ལ་མགུལ་རྒྱན། བྲང་ལ་དོ་ཤལ། ལག་པ་གཡོན་པས། གཡས་ཀྱི་དཔུང་པར་དཔུང་རྒྱན། མཁྲིག་མ་གཡས་པ་གདུ་བུ། གཡས་པའི་གུང་མོ་ལ་སོར་གདུབ། ལག་པ་གཡས་པས། རྐང་པ་གཡས་པའི་བོལ་ལ་རྐང་རྒྱན་འདོགས་པའི་ཚུལ་དུ་བྱེད་པ་སྟེ། རྒྱན་གྱི་ཁྱད་པར་རྣམ་པ་བརྒྱད་དོ། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཐེ་བོའི་སྟེང་དུ། ལག་པའི་ཐལ་མོ་མཐུར་དུ་གདུགས་ཕུབ་པའི་ཚུལ་དུ་བྱས་ལ། གདུགས་དབུལ། རྡོ་རྗེ་ཁུ་ཚུར་གཉིས་བརྩེགས་ནས། གཡོན་ཕྱོགས་སུ་རྒྱལ་མཚན་ཕྲག་པ་ལ་ཁུར་བའི་ཚུལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་ཕན་འདོགས་པ། ལག་པ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་སྟེ། གཡས་པ་ཁུ་ཚུར་བཅིངས་ནས། མཛུབ་མོ་དང༌། གུང་མོ་གཉིས་བརྐྱང་ནས། ནམ་མཁའ་ལ་ལྡ་ལྡི་འགེལ་བའི་ཚུལ། ལག་པ་གཉིས་ཀྱི་ཐལ་མོ་རྔ་ཡབ་གཡོབ་པའི་ཚུལ། ལག་པ་གཡོན་པས་བསམ་གཏན་བྱ་བ་ལྟར་བྱས་ལ། གཡས་པ་ཁ་ཐུར་དུ་བསྟན་ལ། བླ་རེ་འབུལ་བར་བསམས་ཏེ། ཡོ་བྱད་ཀྱི་ཁྱད་པར་རྣམ་པ་དྲུག་གོ །རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ། སེང་གེའི་གདན་འབུལ་བའི་ཚུལ་དུ་འཇོག་པ། རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་དུ་དྲང་ཞིང༌། གཟིམས་ཆ་གཡོགས་པའི་ཚུལ་དུ། ལག་པ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་སྟེ། གཡས་པའི་གུང་མོ་དང༌། མཛུབ་མོ་གཉིས་ཀྱིས་ཕོ་བྲང་ཟླུམ་པོ་འབུལ་བའི་ཚུལ། ཕྱག་རྒྱ་དེ་ཉིད་གཞལ་མེད་ཁང་གྲུ་བཞི་འབུལ་བའི་ཚུལ། ཕྱག་རྒྱ་དེ་ཉིད་ཀྱིས། ཁང་བུ་གྲུ་བཞི་ཉིས་བརྩེགས་འབུལ་བའི་ཚུལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཟླ་བའི་གདན་འབུལ་བའི་ཚུལ་ཏེ། གནས་ཀྱི་ཁྱད་པར་རྣམ་པ་དྲུག་གོ །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འཐོར་བའི་ཚུལ། དེ་ཉིད་ཀྱིས་སྒྲ་པི་ཝང་དང༌། ཏིང་ཏིང་ཤག་བརྡུང་བའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་སྟེ། གཡས་པའི་ཁུ་ཚུར་གྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཤོས་འབུལ་བའི་ཚུལ། དེ་ཉིད་ཀྱིས་གོས་འབུལ་བའི་ཚུལ་ཏེ། མཆོད་པའི་ཁྱད་པར་རྣམ་པ་ལྔའོ། །དེ་ལྟ་མཆོད་པ་ཉི་ཤུའམ། ཉི་ཤུ་རྩ་ལྔའམ། གཉིས་ཀའམ། གང་རུང་ངམ། ཇི་ལྟར་འབྱོར་བའི་མཆོད་པ་བྱ། སོགས་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་དེ་དག་གི་སྔོན་ནམ། ཕྱི་གང་དུ་བྱས་ཀྱང་བཏུབ་པའི་གསང་བའི་མཆོད་པ་སྟེ་ལྷ་མོ་བརྒྱད་ཀྱིས་མཆོད་དེ། དབྱངས་དང་བཅས་པས། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པ། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཞེས་བྱའོ། །སྐད་སོར་གཞག་པར་བྱ་སྟེ། གཙོ་བོར་ནི་སོར་བཞག་སྟེ། དེ་ཉིད་ནི། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨྨཱ་ག་ཡ་ནེ། བཛྲ་ཀ་རྨྨཿཀོ་རོདྦྷ་བ། ཞེས་བྱ་བ་དང༌། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཞེས་བྱ་བ་བརྗོད་དེ། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གླུ་རེ་དང༌། ལྷ་མོ་རེ་སྤེལ་ཡང་བཏུབ། གླུ་དང༌། ལྷ་མོ་མ་སྤེལ་ཡང་བཏུབ་སྟེ། རང་སྒེག་མོར་བསམས་པས། དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་བཞིན་དུ། ལཱ་སྱེའི་གནས་སུ། བཛྲ་མཱ་ལེ་ཏྲཱཾ། བཛྲ་གཱི་ཏེ་ཧྲཱིཿ བཛྲ་ནྲྀ་ཏྱེ་ཨཿཞེས་ནང་གི་བཞི་དང༌། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཿཞེས་པས། ཕྱིའི་ལྷ་མོ་བཞི་བརྗོད་ཅིང༌། ལུས་ཀྱིས་གར་སྔོན་དུ་འགྲོ་བས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང༌། །གར་ལས་ཐལ་སྦྱར་སྤྱི་བོར་བཞག །འོག་ཏུ་བླུགས་དང་གྱེན་དུ་འཐོར། །མཐེ་བོང་གཤིབས་ཏེ་བསྒྲེང་བ་ཉིད། །དྲིས་བྱུག་པ་ཡི་ཚུལ་དུ་ནི། །མཆོད་པའི་ཕྱག་རྒྱར་རབ་ཏུ་བརྟག །ཅེས་དེ་ཉིད་བསྡུས་པ་ལས་གསུངས་པ་ཡིན་ནོ། །དེ་ནི་གསང་བའི་མཆོད་པའོ། །དེ་ནས་སོགས་པ་ཞེས་གསུངས་པས། ཇི་ལྟར་འབྱོར་ཞིང༌། གྲུབ་པས་མཆོད་པར་བྱ་སྟེ། སེམས་དཔའ་འབྱུང་བ་ལས་གསུངས་པ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང༌། དཔག་བསམ་གྱི་ཤིང་དང༌། ཁ་ཟས་རོ་བརྒྱ་པའི་བཀོད་པ་སྤྲུལ་ལ། ཨོཾ་སརྦྦ་བིཏ། པུ་ར་པུ་ར། སུ་ར་སུ་ར། ཨ་བརྟཱ་ཡ། ཨ་བརྟཱ་ཡ་ཧོཿཞེས་བརྗོད་ཅིང༌། དེ་དག་གིས་ཡང་དག་པར་མཆོད་པར་བྱའོ། །དེ་དག་ལས་སྤྲོས་པ་ལ་དགའ་ན། རྒྱས་པར་བྱ་སྟེ། རིན་པོ་ཆེ་སྣ་བདུན་ནི། མཆོག་གི་གོང་རྒྱལ་བས་མཛད་པ་ཆེན་པོ་ལ་འོས་པར་ན་དེ་བརྗོད་པ། ལག་པ་གཉིས་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་ལ། སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་ནས། མཐེ་བོ་གཉིས་ལག་མཐིལ་དུ་བཀུག་ལ། འཁོར་ལོ་ལྟར་བྱས་ནས། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་པས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། ལག་པ་གཉིས་ཁུ་ཚུར་བཅངས་ལ་སྦྱར། མཛུབ་མོ་གཉིས་བཀུག་ལ། མཐེ་བོ་གཉིས་རྩེ་སྤྲད་དེ་ཚིགས་བཅགས་ལ། རྒྱས་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་བ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཧཱུྃ། རྡོ་རྗེ་བསྡམས་པ་ལས། གུང་མོ་བསྒྲེང་བའི་ལོགས་ལ་མཛུབ་མོ་གཉིས་གཅིག་ལ་གཅིག་སྦྱར་བ་བཅེར་ཏེ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝ་ཏི་ན་རཏྣ་པཱུ་ཛི་ཏེ་ཧཱུྃ། རྡོ་རྗེ་བསྡམས་པ་ལས། གོང་མོ་དང་ཐ་མ་བཞི་གཤིབས་ཏེ་བསྒྲེང་ལ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་བ་ཐེག་གསུམ་བསྟན། །བསམ་ཡས་བསྟན་པ་རབ་འཛིན་ཞིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཧཱུྃ། ལག་པ་གཡས་པ་གླང་པོ་ཆེའི་སྣ་ལྟ་བུར་བརྐྱང་སྟེ། གཡོན་པའི་གྲུ་མོ་ནས་བཟུང་ལ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་འགྲོ་བར་ཤོག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཛི་ཏེ་ཧཱུྃ། རྫུ་འཕྲུལ་གྱི་ཤུགས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་བསམས་ལ། ཁུ་ཚུར་གཉིས་བཅངས་པ་བཅེར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱང་མཐེ་བོ་གཉིས་རྣ་བ་ལྟར་བྱས་ལ། རིན་ཆེན་རྟ་མཆོག་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་ཤུགས་ཀྱི་མཆོག་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཧཱུྃ། ལག་པ་གཡོན་པ་གོ་ཆ་འཛིན་པ་ལྟར་བྱས། གཡས་པ་མཆོག་སྦྱིན་པ་ལྟར་བྱས་ནས། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པ་ཤོག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཁཌྒ་རཏྣ་པཱུ་ཛི་ཏེ་ཧཱུྃ། ཞེས་བྱ་བས། རིན་ཆེན་སྣ་བདུན་དབུལ་ལོ། །ཡང་འདོད་པའི་ཡོན་ཏན་ལྔ་ཡང་སྤྲུལ་ལ་དབུལ་ཏེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཡིད་འོང་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་འདི། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཐམས་ཅད་ཀྱང༌། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་འཇམ་ཞིང་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཞེས་བྱ་བས་འདོད་ཡོན་ལྔས་མཆོད་དོ། །གཞན་ཡང་ཇི་ལྟར་སྤྲོས་པ་གཞུང་གཞན་ནས་བཤད་པ་བྱས་ཀྱང༌། འགལ་བ་མེད་པར་མཆོད་པ་ཅི་འགྲུབ་པས་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། དབྱངས་སྙན་པས་བསྟོད་པར་བྱ་སྟེ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱི། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱའི་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པ་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང༌། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགེས་རྡོ་རྗེ་རྒྱལ་པོ་མཆོག །ཕྱག་འཚལ་རྡོ་རྗེ་དགེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨོ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལ། །རྡོ་རྗེ་གསུང་བ་རབ་རིག་མཆོག །རྡོ་རྗེ་ཟློས་པ་རབ་གྲུབ་ཕྱིར། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་འདུད་ཉིད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ཏིང་འཛིན་གནས། །རྡོ་རྗེ་སྒེག་མོ་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འགྱིང་མ་ལ། །རྣམ་དག་ཡོན་ཏན་རྡོ་རྗེ་སྟེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང༌། རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་ཕྲེང་བ་ལ། །རྣམ་དག་རྡོ་རྗེ་གསུང་མཆོག་མ། །རྡོ་རྗེ་པི་ཝང་འཛིན་པའི་ཚུལ། །རྡོ་རྗེ་གསུང་མཆོག་སྒྲོག་པའི་དོན། །ཕྱག་འཚལ་རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་རྡོ་རྗེ་ལས་རབ་སྟེ། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །ཚིམ་བྱེད་རྡོ་རྗེ་དང་ལྡན་པས། །རྡོ་རྗེ་ཕྲེང་བའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། །རྡོ་རྗེ་མཛེས་པའི་གཟུགས་འཛིན་ཞིང༌། །རྡོ་རྗེ་མེ་ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེ་སྤྱན་གྱི་མ་རིག་སེལ། །གསལ་བྱེད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྣང་བྱེད་ལ། །རྡོ་རྗེ་ཙནྡན་བདུད་རྩིའི་ཆུ། །རྡོ་རྗེ་དྲི་ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་མཆོག་ལ། །རྣམ་དག་སྐུལ་བྱེད་རྡོ་རྗེའི་དོན། །རྡོ་རྗེ་སྡུད་མཛད་རྡོ་རྗེའི་དོན། །རྡོ་རྗེ་འགུགས་མཛད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། །མི་གཏང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་པ་མི་འགྱུར་དོན། །འཆིང་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལ། །རྡོ་རྗེ་མི་འགྱུར་བརྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་གློག་བཞིན་མྱུར། །སྒྲོག་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལ། །རྡོ་རྗེ་དབབ་པ་བརྟན་པའི་བདག །སྐྱོད་མཛད་རྡོ་རྗེ་ཀུན་གྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་འབེབས་པ་ལ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་མཁར་གསིལ་པུ་སྟིའི་ཕྱག །བསླབ་སྦྱང་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་རྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པ། །རང་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་སྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང༌། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང༌། །འཇིག་རྟེན་པ་ཀུན་མཆོད་པར་བགྱི། །ཞེས་བྱ་བའམ། རྒྱས་པ་ལ་དགའ་ན་ཡང་བསྟོད་པ་རྒྱས་པར་བྱ་སྟེ། ལོགས་ཤིག་ཏུ་བརྗོད་པར་བྱའོ། །གཞན་ཡང་ལྷ་རྫས་མཆོག་གི་དམ་པ་རྣམས་ཀྱིས་མཆོད་པར་བྱ་བ་ནི། ཡིད་ལས་བྱུང་བ་དང༌། དེ་ཉིད་བསྡུས་པ་ལས་བྱུང་བའི་རིག་མ་བཅུ་དྲུག་ལ་སོགས་པ་དང༌། མཚན་བརྒྱ་རྩ་བརྒྱད་པ་གཞན་དང༌། དེ་ལ་སོགས་པ་ཇི་ལྟར་གྲུབ་པས་མཆོད་པར་བྱའོ། །འཇིག་རྟེན་པ་ལ་གཏོར་མ་སྦྱིན་པ་ནི་བཞི་བྱ་བར་བཤད་དོ། །དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། ཞེས་པས། འབྱུང་པོ་སྤྱིའི་གཏོར་མ་དང༌། །ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག །ཅེས་པས། ཕྱོགས་སྐྱོང་གི་གཙང་གཏོར་དང༌། གནོད་སྦྱིན་སྲིན་པའི་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་བཞག །ཅེས་པས། བགེགས་གཏོར་ཏེ་གཏོར་མ་ཆ་གསུམ་དང༌། སེམས་ཅན་བཀྲེས་ཤིང་སྐོམ་ལ་བཏུང་བ་དང༌། ཞེས་པས་དེའི་རྗེས་ལ་རིགས་དྲུག་དང༌། ཡི་དྭགས་ལ་གཏོར་མ་སྦྱིན་པར་བྱའོ། །ཆོ་ག་ནི། དེའི་གཏོར་མ་ཇི་ལྟར་མཐུན་པར་བྱ། ཞེས་པས། རྒྱས་བསྡུས་གང་རུང་གིས་ཀྱང་བཏུབ་སྟེ། འདིར་གནས་སྐབས་ཀྱི་ཡི་གེ་མངས་ཀྱིས་དོགས་པས་ལོགས་ཤིག་ཏུ་བརྗོད་པར་བྱ་བས་ན། དེར་བལྟ་བར་བྱའོ། །མཆོད་གཏོར་བསྟན་ཟིན་ཏོ། །བཅུ་པ་སློབ་དཔོན་བདག་ཉིད་འཇུག་པ་ནི། དགེ་བཤེས་གཉལ་པ་ན་རེ། གདོང་གཡོགས་ཡིད་ཀྱིས་བཅིང་བ་དང༌། ཕྱག་རྒྱ་བཅིང་བ་དང༌། ཡེ་ཤེས་དབབ་པ་དང༌། དམ་ལ་བཞག་པ་དང༌། གཙོ་བོ་ལ་མེ་ཏོག་དོར་བ་དང༌། མགོ་ལ་བཅིང་བ་དང༌། གདོང་གཡོགས་ཡིད་ཀྱིས་དབྱེ་བ་དང༌། དཀྱིལ་འཁོར་བསྟན་པ་དང་བརྒྱད་པོས་སློབ་དཔོན་བདག་འཇུག་ལ་བཏུབ་བོ་ཞེས་ཟེར་རོ། །འདི་ལ་ཇོ་བོ་རིན་ཆེན་བཟང་པོ་ལ་སོགས་པ་གཞན་དག་ན་རེ། དེ་ནི་མ་ཡིན་ཏེ། དེ་དག་གི་སྔོན་དུ་ཀུན་རིག་ནས་བཤད་པའི་སེམས་བསྐྱེད་དང༌། བྱིན་གྱིས་བརླབ་ཅིང་སྨོན་ལམ་གདབ་པ་དང༌། ཟབ་མོའི་ཆོས་བཤད་པ་དང༌། བསྲུང་བ་དང་བཞི་སྔོན་དུ་སོང་ནས། གདོད་བརྒྱད་པོ་ལ་འཇུག་ལ། དེ་ནས་དམ་ཚིག་བསྐྱེད་པ་དང༌། བརྟན་པར་བྱ་བ་དང༌། མནའ་ཆུ་བླུད་ཅིང་དམ་བསྒྲག་པ་དང༌། སྡོམ་པ་སྦྱིན་པ་དང་བཞི་སྟེ་བཅུ་དྲུག་པོ་ནི། ཁྲིག་ཆགས་སུ་ཀུན་རིག་ནས་བཤད་པས་འཇུག་པ་སྟེ། དེ་ཙམ་ནི་སློབ་དཔོན་བདག་འཇུག་ལ་ཅིས་ཀྱང་དགོས་ལ། དེ་ནས་གྲུབ་ན་ནི་དབང་རྣམས་ཀྱང་བླང་དགོས་ཏེ། མདོར་ན་སློབ་མ་ལ་ཇི་ཙམ་བྱེད་པ་ཙམ་རང་གིས་ཀྱང་བླང་དགོས་ཏེ། ཚེ་དཔག་མེད་ཀྱི་སྐབས་ནས། དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ་བདེ་བར་གཤེགས་པ་དམ་པ་སྲས་དང་འབངས་སུ་བཅས་ཤིང༌། འཁོར་གྱིས་བསྐོར་བ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ༌། །དེ་ནས་བདག་ཉིད་དབང་བསྐུར་ཏེ། ཞེས་བྱ་བ་ནས་བརྩམས་ཏེ། ཞེས་ང་རྒྱལ་བསྐྱེད་ལ། སློབ་མ་རྣམས་གཞུག་པར་བྱའོ། །ཞེས་བཤད་པའི་ཕྱིར་རོ། །འཁོར་ལོས་སྒྱུར་བའི་སྐབས་ནས་ཀྱང༌། །དེ་ནས་སྔགས་མཁན་བདག་ཉིད་ཀྱིས། །སྤྱན་དྲངས་བདག་ཉིད་འཇུག་པར་བྱ། །བདག་ཉིད་ཀྱིས་ནི་དབང་བསྐུར་ལ། །ཞེས་པའི་རྗེས་ལ། སློབ་མའི་མཚན་ཉིད་རྣམས་བཤད་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལ། །སློབ་མ་དམ་པ་སྔགས་འདི་ཡིས། །སྔགས་མཁན་གྱིས་ནི་གཟུད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཕྱོགས་གཉིས་པོ་དེ་ལས། ཁོ་བོ་འདིའི་རྗེས་སུ་འབྲང་ངོ༌། །དེ་ལ་སློབ་དཔོན་བདག་འཇུག་གི་རིམ་པ་ནི་འདི་ཡིན་ཏེ། དེ་ལྟར་མཆོད་གཏོར་ཟིན་ནས། སློབ་མ་འཇུག་ཅིང་དབང་བསྐུར་བ་བཞིན་བྱེད་དེ། བདག་ཉིད་འཇུག་པའི་ཆོས་བཅུ་དྲུག་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས་རྒྱུན་བཤགས་དང༌། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་ཅིང་སྨོན་ལམ་གདབ་པ་དང༌། ཟབ་མོའི་ཆོས་བཤད་པ་དང༌། བསྲུང་བ་བྱ་བ་དང༌། འདིར་གདོང་གཡོགས་ནི་ཡིད་ཀྱིས་བཅིང་བ་དང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིང་བ་དང༌། ཡེ་ཤེས་དབབ་པ་དང༌། དམ་ལ་བཞག་པ་དང༌། འདིར་མེ་ཏོག་གཙོ་བོ་ལ་དོར་བ་དང༌། མགོ་ལ་བཅིང་བ་དང༌། གདོང་གཡོགས་ཡིད་ཀྱིས་དབྱེ་བ་དང༌། དཀྱིལ་འཁོར་བསྟན་པ་དང༌། དམ་ཚིག་བསྐྱེད་པ་དང༌། དམ་ཚིག་བསྟན་པར་བྱ་བ་དང༌། དམ་ཚིག་བསྒྲག་པ་དང༌། སྡོམ་པ་སྦྱིན་པའོ། །དེ་ཙམ་བྱ་བའམ། ཡང་སྤྲོ་ན་དབང་རྣམས་རྒྱས་པར་བླངས་ཏེ། ཆོ་ག་ཐམས་ཅད་ནི་སློབ་མའི་སྐབས་ནས་འབྱུང་བ་བཞིན་བྱའོ། །དེ་ནས་ཚེ་དཔག་མེད་ནས་བཤད་པས། དཀྱིལ་འཁོར་ལ་དམིགས་ལ། བཟླས་པ་བག་ཙམ་ཞིག་བྱ། དེ་ནས་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ལ་རང་ཉིད་རིགས་ལྔ་སོ་སོའམ། གཙོ་བོའམ། རྡོ་རྗེ་སེམས་དཔའི་ང་རྒྱལ་དྲན་པས། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ། མཱ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ། དྷ་ར་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་དྲན་པར་བྱས་ལ། གདོང་སློབ་མའི་བྱ་བ་ལ་འཇུག་པར་བྱའོ། །སློབ་དཔོན་བདག་འཇུག་བསྟན་ཟིན་ཏོ། །སློབ་དཔོན་གྱི་ཁྱད་པར་གྱི་ལས་སུ་བྱ་བ་ཐམས་ཅད་ཀྱང་བསྟན་ཟིན་ཏོ། །ད་ནི་ཆོ་ག་རྒྱས་བསྡུས་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་སློབ་མ་འཇུག་ཅིང༌། དབང་བསྐུར་བ་བརྗོད་པར་བྱའོ། །དེ་ལ་གཉིས། འཇུག་པ་དང༌། དབང་བསྐུར་བའོ། །དང་པོ་ནི། གསོན་པོ་ཡིན་ན། དཀྱིལ་འཁོར་གྱི་དྲུང་དུ་བོས་ནས། སེམས་བསྐྱེད་པ་ནས་བརྩམས་ཏེ་བྱས་པས་བཏུབ་ཀྱང༌། འདིར་ཚེ་འདས་ལ་སྦྱོར་བས། འདི་ལ་ཁ་ཅིག་ན་རེ། རྟེན་བསྐྱེད་ལ་མི་དགོས་ཏེ། གསོན་པོ་བཞིན་བྱས་པས་བཏུབ་བོ། །ཞེས་ཟེར་ལ། ཇོ་བོ་རིན་ཆེན་བཟང་པོའི་མན་ངག་གིས། རྟེན་བསྐྱེད་པ་དང༌། འཇུག་པ་དངོས་སོ། །དང་པོ་ནི། རྒྱུད་འདི་ཉིད་ནས་ཀྱང་འབྱུང་ལ། གཙུག་དགུའི་དང་པོའི་སྦྱོར་བའི་སྐབས་ནས་གསུངས་པ། དེ་ནས་འོད་ཀྱི་སྣང་བ་ཡིས། །སེམས་ཅན་ཐམས་ཅད་ངན་སོང་ལས། །སྔགས་ཀྱི་འོད་ཀྱིས་བཀུག་ནས་ནི། །སྔགས་དང་ཕྱག་རྒྱས་དྲལ་བར་བྱ། །ཞེས་བྱ་བ་ལ་སོགས་པ་བཤད་པ་དང༌། དེ་ཉིད་བསྡུས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་སྐབས་ནས། རྣམ་ཤེས་དགུག་པ་བཤད་པས། དེས་དཔང་པོ་བྱས་ནས་རྟེན་བསྐྱེད་པ་ལ་རྣམ་ཤེས་དགུག་པ་འདིར། ཅིས་ཀྱང་ལྷག་པོར་སྦྱོར་བས་དེ་བཤད་པར་བྱའོ། །དེ་ལ་བཞི། བགེགས་སྦྱང༌། རྟེན་བསྐྱེད། རྟེན་དགུག སྡིག་པ་དྲལ་བའོ། །དེ་ལ་རྟེན་བསྐྱེད་པ་དང༌། དགུག་པའི་རྗེས་ལ་བགེགས་སྦྱངས་ན་ཡང་ལེགས་ལ། སྔོན་ལ་སྦྱངས་ཀྱང་ཉེས་པ་མེད་དེ། དེ་ལྟར་ན་རྟེན་སྐད་ཅིག་གིས་བསམས་ལ་བགེགས་སྦྱང་ངོ༌། །དང་པོ་ནི་འདི་ལ་ཁ་ཅིག་བགེགས་འབྲེལ་ཟེར་ནས། ཚེ་འདས་ཀྱི་རྣམ་ཤེས་བགེགས་ཀྱིས་ཚགས་བྱས་པ་དེ་འབྲེལ་བར་བྱེད་པ་ཡིན། ཞེས་ཟེར་བ་ནི་མ་ཡིན་ཏེ། བགེགས་ཀྱིས་རྣམ་ཤེས་གང་ན་གནས་མི་ཤེས་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་བྱེད་ཅེ་ན། སྤྱིར་བགེགས་ནི་གསུམ་སྟེ། དྲི་ཟ་འཆི་ཀ་མའི་ཡིད་ལ་ཉེ་བར་རྒྱུག་པ། ཞེས་བྱ་བ་འཆི་ཀར་དེའི་དྲུང་དུ་བསྙེན་ཏེ་ཚེ་འདས་པའི་གཟུགས་གཟུང་ནས། གསོན་པོ་རྣམས་ལ་གནོད་པ་བྱེད་པ་ཡོད་པས། གསོན་པོ་ལ་ཕན་གདགས་པའི་ཕྱིར་ཚར་བཅད་པ་དང༌། གཉིས་པ་ནི། ལྷན་ཅིག་སྐྱེས་པའི་འདྲེ་ཞེས་བྱ་བ་སྟོབས་སྐྱེས་ཏེ། ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ་སྟོབས་ཆུང་སྟེ། དེ་ཚེ་འདས་དེའི་གཟུགས་བཟུང་ནས་གནས་པ་དེ་འདྲེ་དེས་ཤིན་ཏུ་འཚེ་སྟེ། གསོན་པོ་དག་ལའང་གནོད་པས། གསོན་པོ་དང་ལྷན་ཅིག་སྐྱེས་པའི་ལྷ་ལ་ཕན་གདགས་པའི་ཕྱིར་འདྲེ་དེ་ཚར་གཅད་དེ། དེ་གཉིས་ནི་འཆི་བར་འགྱུར་བ། ལུང་བསྟན་པའི་མདོ་ནས་བཤད་དོ། །གསུམ་པ་ནི། ཚེ་འདས་པ་ཉིད་ལའང་བར་མདོའམ། སྐྱེ་བ་བླངས་ནས་ཀྱང་རུང་སྟེ། ལས་ཀྱི་དབང་གིས་བགེགས་གནོད་པའང་སྲིད་པས། དེ་ལའང་ཕན་གདགས་པའི་ཕྱིར། དྲག་པོའི་སྦྱིན་སྲེག་གི་བར་གྱིས་བྱ་སྟེ། སྦྱོང་རྒྱུད་འདི་ཉིད་ཀྱི་ཚེ་དཔག་མེད་ཀྱི་སྐབས་ནས་བཤད་པ། དེ་ནས་དེ་ཡི་སྡིག་འཇོམས་ལུས། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང༌། །ཁམས་གསུམ་པར་ནི་ཅི་བདེར་སྤྱོད། །ཅེས་བཤད་པས་སོ། །དེས་ན་དགོས་པ་གསུམ་ཡོད་པས་ན། བགེགས་ཚར་བཅད་དོ། །དེའི་ཆོ་ག་ནི་སྔོན་དུ་བྱས་ཀྱང་བཏུབ། སྡིག་པ་དྲལ་ནས་བྱས་ཀྱང་བཏུབ་སྟེ། དང་པོ་ལ་ཞི་བས་སྦྱང་བ་གཏོར་མ་ལན་གསུམ་སྦྱིན་པས་སྦྱང༌། དེ་ནས་ཞི་དྲག་ཕྱེད་མས་སྦྱང་བ། ཆང་བུ་དང༌། ཏིང་ལོའི་མར་མེ་རེ་སྦྱིན་ཞིང༌། ཁྲོ་བོའི་སྔགས་བཟླས་པས་སྦྱང༌། དེ་ནས་གུ་གུལ་གྱི་དུད་པ་དང༌། ཡུངས་ཀར་གྱིས་བྲབ་ཅིང༌། སྔར་བཤད་པའི་ཁྲོ་བོའི་བསྟོད་པ་དབྱངས་དང་བཅས་པ་དང༌། ཁྲོ་བོའི་སྔགས་མང་པོ་ཟློས་ཤིང༌། དྲག་པོས་སྦྱང་བ་ཡུན་ཅི་རིགས་པ་བྱའོ། །བགེགས་སྦྱང་བའོ། །དེ་ནས་གཉིས་པ་རྟེན་བསྐྱེད་པ་ནི་རྟེན་མིང་བྱང་ལ་སོགས་པ་སྟེ། ཨོཾ་ཤ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཤུདྡྷོ྅་ཧཾ་གིས་སྟོང་པར་སྦྱང༌། ཚེ་འདས་ཀྱི་མིང་གི་ཡི་གེ་དང་པོའམ། ནྲྀ་ལས་ཚེ་འདས་དེར་བསྐྱེད། དེ་ལ་ཡིད་དམ་གྱི་ལྷ་ཡོད་ན་ལྷར་བསྐྱེད་ཀྱང་བཏུབ་བོ། །དེ་ནས་གསུམ་པ་དགུག་པ་ནི། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅིངས་ལ། བདག་གི་སྙིང་གའི་ཧཱུྃ་གི་འོད་དང༌། ཚེ་འདས་ཀྱི་སྙིང་གའི་ནྲྀའམ། ཧཱུྃ་ལས་ཀྱང་འོད་འཕྲོས་ཏེ། ཁམས་གསུམ་ནས་རྣམ་ཤེས་དགུག་པར་བསམ་ཞིང༌། བདེན་པ་བརྗོད་པར་བྱ་སྟེ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ཁྲོ་བོ་རྣམས་ཀྱི་བདེན་པ་དང༌། གཟུངས་སྔགས་ཀྱི་ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ། གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་བརླབས་ཀྱིས། ཚེ་འདས་པ་ཆེ་གེ་མོ་ཞེས་བྱ་བ། ཁམས་གསུམ་མམ། སྐྱེ་གནས་བཞི་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུྃ་ཛཿཞེས་ལན་གསུམ་བརྗོད་ལ། ཡང༌། ཨོཾ་ཤོདྷ་ནེ་ཤོདྷ་ནེ་སརྦྦ་པཱ་པཾ་ཨ་པ་ཎ་ཡ་ཧཱུྃ་ཕཊ། ཅེས་བྱ་བ་སྲིད་པ་བར་མའམ། འགྲོ་བ་རིགས་དྲུག་ཏུ་སྐྱེས་ཀྱང་གང་ན་གནས་པ་ནས་བཀུག་ལ། རྟེན་ལ་བསྟིམ་པར་བྱའོ། །དེ་ནས་བཞི་པ་སྡིག་པ་དྲལ་བ་ནི། རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་མཉམ་ལ། ཐ་མ་བཞི་རྩེ་སྤྲད་པ་མཉེ་ཞིང༌། ཨོཾ་སརྦྦ་བིཏ་སརྦྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦྦ་བི་ཏ་ཏྲ་ཐ། ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦྦ་ཨ་པཱ་ཡ་བནྡྷ་ནི་པྲ་མོ་ཀྵ་ཡ། སརྦྦ་ཨ་པཱ་ཡ་ག་ཏེ་བྷྱཿ སརྦྦ་ས་ཏྭཱ་ན་སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཐ། ཞེས་བྱ་བས་སྡིག་པ་སྦྱངས་ལ། རྡོ་རྗེ་བསྡམས་པ་དྲལ་ཞིང༌། ཨོཾ་བཛྲ་བནྡྷ་ཏྲ་ཐ། ཞེས་པས་སྡིག་པ་དྲལ་ནས། རྡོ་རྗེ་ཁུ་ཚུར་གྱིས་སྤྱི་བོ་ལ་སོགས་པར་གཏུག་པར་བསམ་ཞིང༌། ཨོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛཱ་ན་ཛྙཱ་ན་ས་མ་ཡེ་ཧཱུྃ། ཞེས་བྱ་བས། རྣམ་པར་ཤེས་པ་ཨ་དྲི་མ་མེད་པ་དཀར་པོར་བསམས་ལ་བྱིན་གྱིས་བརླབ་བོ། །དེ་རྣམས་ནི་དབང་དང་ཕྱིར་བཟློག་པ་ལ་སོགས་པ་འོག་ནས་འབྱུང་བ་ཐམས་ཅད་ལ་ཡང་དགོས་པ་ཡིན་ནོ། །འདི་ནི་ཁོ་བོས་རིགས་པར་ཡང་མཐོང་ངོ༌། །དེ་ནས་བར་འདིར་འོག་ནས་འབྱུང་བའི་བྱེ་མས་བྲབ་ཅིང༌། བཟླས་པ་དང༌། བུམ་ཆུས་བཀྲུ་བ་དང༌། རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply