ཀུན་རིག་གི་ཆོ་ག་གཞན་ཕན་འོད་ཟེར། ༢

སྐྱབས་འགྲོ་སྟེ། ཕྱིར་བཟློག་གིས་སྦྱངས་ནས་དབང་བསྐུར་བ་བྱ་བའམ། རྟེན་བསྐྱེད་པའི་རྗེས་དེ་ཉིད་ལ་དབང་བསྐུར་བ་གང་རུང་བྱའོ། །སྔོན་ལ་ལག་ལེན་ནི། རྟེན་བསྐྱེད་ནས་བཟླས་པ་དང༌། ཕྱིར་བཟློག་གིས་སྦྱངས་ནས། གདོད་དབང་བསྐུར་བྱེད་ལ། འདིར་ཀུན་རིག་གི་གཞུང་མ་འཁྲུགས་པར་བྱེད་ན་སྔོན་ལ་འཇུག་པ་དང༌། དབང་བརྗོད་པར་བྱའོ། །དེ་ལྟར་བསྐྱེད་པའི་རྗེས་ལ་འཇུག་པ་དངོས་ནི། སྡིག་སྦྱོང་གི་རྟེན་ཉིད་ལ་རྗེས་ཟློས་ལ་སོགས་པ་བདག་གིས་བརྗོད་ཅིང༌། དེས་བྱེད་པར་ཡིད་ཀྱིས་བསམས་ལ། མེ་ཏོག་དང་གདོང་གཡོགས་བྱ་བ་ཡིད་ཀྱིས་བསམ་པའམ། རྗེས་ཟློས་དག་གདོང་གཡོགས་དང༌། མེ་ཏོག་དོར་བ་རྣམས། དེའི་བུ་ལ་སོགས་པའི་འབྲེལ་བ་བྱེད་དུ་བཅུག་པ་གང་ཡང་རུང་བ་ལ་འགལ་བ་མེད་དོ། །དེ་ལ་འཇུག་པ་ལ་ཆོས་བཅུ་བདུན་ཏེ། སེམས་བསྐྱེད་གཙོ་བོར་གྱུར་པའི་རྒྱུན་བཤགས་བྱ་བ་དང༌། བྱིན་གྱིས་བརླབ་པ་དང༌། སྨོན་ལམ་གདབ་པ་དང༌། ཟབ་མོའི་ཆོས་བཤད་པ་དང༌། བསྲུང་བ་བྱ་བ་དང༌། གདོང་གཡོགས་བཅིང་བ་དང༌། ཕྱག་རྒྱ་བཅིངས་ནས་འཇུག་པ་དང༌། ཡེ་ཤེས་དབབ་པ་དང༌། དམ་ལ་བཞག་པ་དང༌། མེ་ཏོག་དོར་བ་དང༌། མགོ་ལ་བཅིང་བ་དང༌། གདོང་གཡོགས་དབྱེ་བ་དང༌། དཀྱིལ་འཁོར་བསྟན་པ་དང༌། དམ་ཚིག་བསྐྱེད་པ་དང༌། དམ་ཚིག་བརྟན་པར་བྱ་བ་དང༌། དམ་ཚིག་བསྒྲག་པ་དང༌། སྡོམ་པ་སྦྱིན་པའོ། །དང་པོ་སེམས་བསྐྱེད་གཙོ་བོར་གྱུར་པའི་རྒྱུན་བཤགས་ནི། རྡོ་རྗེ་འབྱུང་བ་བཞིན་མཛད་དེ། དངོས་སུ་རྗེས་ཟློས་བྱེད་པའམ། བྱེད་པར་བསམ་ཞིང༌། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རང་ཡང་ན་བགྱིས་སྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང༌། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང༌། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་འཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང༌། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་སུ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱི་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་གཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་པ་འདི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་བར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡི་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་གིས་གནས་པར་བགྱི། །ཞེས་བྱ་བ་དང༌། ས་མ་ཡ་ཨ་ཞེས་བརྗོད་དེ། སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། དངོས་སུ་རེག་ཅིང༌། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བཟླས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ནས་ཚེ་འདས་དེས་སྔར་དབང་ཐོབ་ཅིང༌། ལྷ་སྒོམ་ཤེས་པ་ཡིན་ན། བུ་ལ་སོགས་པ་མ་ཡེངས་པར་ཡིད་ཀྱིས། དེ་ཉིད་རྗེས་སུ་ཟློ་བར་བྱེད་པར་བསྒོམ་ཞིང༌། རིགས་ལྔའི་སྡོམ་པ་ཡང་དབོག་པར་བྱའོ། །ད་ནི་རྒྱུད་ལས། འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་བར། །དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་གཞུག །ཅེས་བྱ་བའི་དོན་དང་པོ་ཡིན་ནོ། །ད་ནི་རྒྱུད་ལས། དེ་ནས་བྱིན་རླབས་བྱང་ཆུབ་སྨོན་ལམ་གདབ། ཅེས་པའི་དོན། གཉིས་པ་བྱིན་གྱིས་བརླབ་པ་ནི། སྔར་བསྟན་པ་བཞིན། རིགས་གསུམ་སྤྱིའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ཡང་རྡོ་རྗེ་ཁུ་ཚུར་གཉིས་དང༌། ཨོཾ་བཛྲ་ཨ་དྷི་ཏིཥྛཱ་ཛྙཱ་ན་ས་མ་ཡེ་ཧཱུྃ། ཞེས་བྱ་བས། སྙིང་ག་ལྐོག་ཁ་ཕྱོགས་སུ། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང༌། །མིག་གཉིས་དང་ནི་གསང་བའི་གནས། །ཉི་ཤུ་རྩ་གཉིས་སུ་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་མ་ནུས་ན། རང་གི་ལྷའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཡི་དམ་གྱི་ལྷར་བསམ་མོ། །གསུམ་པ་བྱང་ཆུབ་ཀྱི་དོན་དུ་སྨོན་ལམ་གདབ་པ་ནི། བདག་གི་དགེ་བའི་རྩ་བ་འདིས། །སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་གདབ་པར་བྱའོ། །རྒྱུད་ལས། ཟབ་ཅིང་རྒྱ་ཆེ་བ་ཡི་ཆོས་བསྒྲགས་ལ། ཞེས་པས། བཞི་པ་ཆོས་ཟབ་མོ་བཤད་པ་ནི། རྣམ་སྣང་མངོན་བྱང་ནས་འབྱུང་བ་བཞིན་དུ། འདི་སྐད་ཅེས་བརྗོད་པ་མཉན་དུ་གཞུག་སྟེ། འཇིག་རྟེན་དུ་ན་ཀུན་མཁྱེན་དག །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོངས་པས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བའམ། ཡང་ན། ཟབ་པ་དང༌། རྒྱ་ཆེ་བ་སྟོན་པའི་ཆོས་ཚིགས་བཅད་དམ། ཚིག་ལྷུག་པ་གང་ཡང་རུང་བ་ཅིག་བཤད་ལ། ཐེག་ཆེན་རྡོ་རྗེ་ཐེག་པ་ལ་ཤིན་ཏུ་སྤྲོ་བ་བསྐྱེད་པར་བྱའོ། །བསྲུང་བ་བྱས་ནས་བརྟུལ་ཞུགས་སྡོམ་གནས་པ། ཞེས་པས། ལྔ་པ་བསྲུང་བ་ནི། གོང་དུ་བརྗོད་པ་བཞིན། མེ་ལྟར་འབར་བའི་སྔགས་དང༌། ཕྱག་རྒྱས་ལན་གསུམ་དུ་བསྲུང་བ་བྱ། དེ་ནས་དར་ལ་སོགས་པས་མིག་གཉིས་གཡོགས་ཞེས་པས། དྲུག་པ་གདོང་གཡོགས་རྟེན་ལ་དངོས་སམ་ཡིད་ཀྱིས་བཅིང་ངོ༌། །བདུན་པ་ཕྱག་རྒྱ་བཅིང་བ་ནི། ཨོཾ་བཛྲ་ཨ་དྷི་ཏིཥྛཱ་ཧཱུྃ། ཞེས་བརྗོད་ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་མཉམ་པས་མེ་ཏོག་བཟུང་ལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་བརྗོད་ཅིང༌། དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་བརྒྱད་པ་ཡེ་ཤེས་དབབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ཡི་གེ་ཧཱུྃ་གི་རྣམ་པས། དེའི་ལུས་ལ་འཇུག་པར་བསམ་ཞིང༌། ཨོཾ་བཛྲ་པྲ་བེ་ཤཱ་ཡ་ཧཱུྃ། ཞེས་ཅི་རིགས་པ་ཅིག་བརྗོད་པར་བྱའོ། །དགུ་པ་དམ་ལ་བཞག་པ་ནི། ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་ཧཱུྃ། ཞེས་བརྗོད་ཅིང༌། ཡེ་ཤེས་ཀྱི་དམ་ཚིག་བརྟན་པར་བསམ་མོ། །བཅུ་པ་མེ་ཏོག་དོར་བ་ནི། ཡིད་ཀྱིས་གཙོ་བོ་ལ་དབུལ་བའམ། བུ་ལ་སོགས་པས་འབུལ་དུ་གཞུག་པ་སྟེ། ངག་ཏུ་བརྗོད་པ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲིཧྣ་ཧཱུྃ། ཞེས་པས་མེ་ཏོག་དོར་བར་བྱའོ། །བཅུ་གཅིག་པ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟཱཾ། ཞེས་བརྗོད་པས། མེ་ཏོག་སློབ་མའི་མགོ་ལ་དངོས་སམ། ཡིད་ཀྱིས་བཅིང་བར་བྱའོ། །བཅུ་གཉིས་པ། ཨོཾ་བཛྲ་ཧ་སྱ་ཨུདྒྷ་ཊཱ་ཡ་ཧཱུྃ། ཞེས་བྱ་བས་གདོང་གཡོགས་དགྲོལ་ལོ། །བཅུ་གསུམ་པ། ཨོཾ་བཛྲ་པ་ཤྱ་ཧོཿཞེས་བྱ་བས་དཀྱིལ་འཁོར་བསྟན་པར་བྱའོ། །བཅུ་བཞི་པ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས། དམ་ཚིག་ཐམས་ཅད་རྒྱུད་ལ་གནས་པར་བསྐྱེད་པར་བྱའོ། །བཅོ་ལྔ་པ། རྡོ་རྗེའི་ཕྱག་རྒྱ་སྙིང་གར་བཞག་སྟེ། ཀུན་རིག་སྙིང་གར་བརྟན་པར་བསམས་ལ། ཨོཾ་བཛྲ་ས་མ་ཡཾ་ཧྲྀ་ད་ཡ་མེ་པྲ་བེ་ཤ་དྲྀ་ཌྷོ་ཏིཥྛ་ཧཱུྃ་ཕཊ། ཅེས་པས། དམ་ཚིག་བརྟན་པར་བྱའོ། །བཅུ་དྲུག་པ་དམ་ཚིག་བསྒྲག་པ་ནི། རྣམ་རྒྱལ་གྱི་བུམ་ཆུ་དངོས་སམ་ཡིད་ཀྱིས་སྦྱིན་ཞིང༌། རང་གི་ཡིད་ལ་དྲན་པ་ཙམ་གྱིས་གསང་སྟེ། འདི་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །བདུན་རྒྱུད་རིགས་ནི་རླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཞེས་བརྗོད་པར་བྱའོ། །བཅུ་བདུན་པ་སྡོམ་པ་སྦྱིན་པ་ནི། འདི་སྐད་ཅེས་བརྗོད་ལ་ཉན་དུ་གཞུག་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང༌། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང༌། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་ཐེ་ཚོམ་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་ཀུན་རིག་ནས་འབྱུང་བ་རྣམས་བརྗོད་དོ། །སྤྲོས་པ་ལ་དགའ་ན། ཚེ་དཔག་མེད་ཀྱི་སྐབས་ནས་འབྱུང་བའི་སྡོམ་པ་བླང་བ་རྣམས་ཀྱང་བརྗོད་པར་བྱའོ། །འཇུག་པ་བསྟན་ཟིན་ཏོ།།  །།ད་ནི་དབང་བསྐུར་བ་བརྗོད་པར་བྱ་སྟེ། དེའང་རྒྱུད་ལས། མོས་པ་བརྟན་དང་བཅས་པས་དམ་བཅས་ནས། །སརྦྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །ཞེས་པས་ན། སློབ་མ་ཚེ་ལྡན་ཡིན་ཞིང་སྡོམ་པ་དང་དམ་ཚིག་ལེན་པ་ལ་ནི། དབང་རྣམས་བསྐུར་ལ། དམ་བཅའ་མི་ལེན་ན་སྡོམ་པ་མི་འབོགས་པར་འཇུག་པ་རྐྱང་པ་ཙམ་བྱས་ལ་ཡོན་བླངས་ལ། སྨོན་ལམ་རྒྱས་པར་བཏབ་ལ་གཏང་ངོ༌། །ཚེ་འདས་ལ་ནི། ཐམས་ཅད་རྫོགས་པར་བྱེད་དོ། །དེ་ནི་འདི་ལྟར་བྱ་སྟེ། སྤྱི་བོར་རྡོ་རྗེ་འཛིན་པས་རྩ་རིག་གི་རྗེས་ལ། ཨོཾ་སརྦྦ་བིཏ་སརྦྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཨོཾ་སརྦྦ་བིད་ཧཱུྃ། ཨོཾ་སརྦྦ་བིཏ་ཕཊ། ཨོཾ་སརྦྦ་བིད་ཨཿ ཨོཾ་སརྦྦ་བི་ཏ་ཏྲ་ཐ། ཨོཾ་སརྦྦ་བིད་ཨོཾ། ཨོཾ་སརྦྦ་བིཏ་སྭ། ཨོཾ་སརྦྦ་བིད་ཨཿ ཨོཾ་སརྦྦ་བིད་ཧཱུྃ། ཨོཾ་སརྦྦ་བིཏ་ཏྲ་ཐ། ཨོཾ་ཤ། ཨོཾ་བྷ། ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་ཏེ། སརྦ་བིཏ་ཀྱིས་ཇི་ལྟར་དབང་བསྐུར་ཏེ། ཞེས་གསུངས་སོ། །དེ་ནས་བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་ནས། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །དེ་ནས་ལག་ཏུ་རྡོ་རྗེ་དྲིལ་བུ་སྦྱིན། །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་དབང་དབང་ཕྱུག་འཁོར་ལོ་ཐོབ་པ་དང༌། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་འབྱུང་བས། བུམ་པ་དངོས་སུ་སྨོས་པ་ཡིན་ལ། དེའི་རྗེས་ལ་སོགས་ཀྱིས་བསྡུས་པ། དབང་བཅུ་སྟེ། འོག་ནས་འབྱུང་བའི་རིགས་ལྔའི་ཅོད་པཎ་དང༌། རིན་པོ་ཆེའི་ཅོད་པཎ་དང༌། དར་གྱི་ཅོད་པཎ་དང༌། ཕྱག་རྒྱ་ལྔའི་དང༌། མིང་དང༌། ཕྲིན་ལས་དང༌། ཆོས་ཀྱི་འཁོར་ལོ་དང༌། བདག་པོ་དང༌། གཟུངས་དང༌། གསང་བའི་དབང་གི་བར་བཅུའོ། །ཡང་ན་བུམ་པ་ལ་སོགས་ཏེ། དར་དང༌། རིན་པོ་ཆེའི་ཅོད་པཎ་གཉིས་གཅིག་ཏུ་བྱས་ཏེ་བཅུའོ། །ཐབས་ཤེས་བར་ནི་རྡོ་རྗེ་དྲིལ་བུ་སྦྱིན་ནོ། །དེ་ནས་རིན་པོ་ཆེ་སྣ་བདུན་ཏེ། སོ་སོར་ཕྱེ་ན། དབང་བཅུ་དགུ་བསྐུར་བར་བྱའོ། །དེ་ལ་དབང་བཅུ་དགུ། རྒྱུད་ཇི་ལྟ་བ་བཞིན་བསྡུས་ཏེ་བསྐུར་བ་དང༌། རྒྱས་པར་བྱ་བ་གཉིས། དང་པོ་ནི་ཏིང་ངེ་འཛིན་དང༌། ཕྱག་རྒྱས་དབང་བསྐུར་ཏེ། དང་པོ་བུམ་པའི་དབང་ནི། དངོས་སུའམ། ཏིང་ངེ་འཛིན་གྱིས་བསྐུར་ཞིང༌། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ དེ་ནས་གོང་དུ་བཤད་པའི་ཕྱག་རྒྱ་འཆིང་ཞིང༌། རིགས་ལྔའི་དབུ་རྒྱན་བཅིང་ངོ༌། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་ཨ་བྷི་ཥིཉྩ་ཨཿ དེ་ནས་ཕྲེང་བ་འདོགས་པ་ལྟར་བྱས་ལ། རིན་པོ་ཆེའི་ཕྲེང་བ་བཅིང་བར་བསམ་ཞིང༌། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ། དར་གྱི་ཅོད་པཎ་འཆིང་བའི་ཚུལ་དུ་བྱ་ཞིང་དེར་བསམས་ལ། ཨོཾ་བཛྲ་པ་ཊཱ་པ་ལཾ་པ་ན་ཨ་བྷི་ཥིཉྩ་ཏྲཱྃ། རིགས་ལྔའི་ཕྱག་རྒྱ་བྱིན་པར་བསམ་ཞིང༌། ཨོཾ་བུདྡྷ་མུ་དྲཱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་མུ་དྲཱ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་མུ་དྲཱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་མུ་དྲཱ་ཨ་བྷི་ཥིཉྩ་ཨཿ རིགས་ལྔའི་མིང་འདོགས་པར་བསམ་ཞིང༌། ཨོཾ་བཛྲ་ནཱ་མ་ཨི་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་ནཱ་མ་ཨ་བྷི་ཥིཉྩ་ཨཿ ཞེས་པས། མིང་གི་དབང་ངོ༌། །སྣ་ཚོགས་རྡོ་རྗེ་བྱིན་པར་བསམས་ལ། ཨོཾ་བཛྲ་ཀརྨྨ་ཨ་བྷི་ཥིཉྩ་ཧཱུྃ་ཨཿ ཆོས་ཀྱི་འཁོར་ལོ་ལག་ཏུ་བྱིན་པར་བསམས་ལ། དཀྱིལ་འཁོར་ཐམས་ཅད་སྒྲུབ་ནུས་པ་དང༌། སེམས་ཅན་ཐམས་ཅད་ལ་སྤྲུལ་པ་དང༌། བཤད་པའི་ཆོས་ཀྱི་འཁོར་ལོ་ཐམས་ཅད་བསྐོར་ནུས་པར་བསམ་ཞིང༌། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ། ཞེས་བརྗོད་དོ། །རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སློབ་དཔོན་བྱེད་ནུས་པར་བསམས་ལ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཨོཾ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ། ཨོཾ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི། ཨོཾ་ཀརྨྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨཿཨཿཨཿ ཞེས་བརྗོད་དོ། །དབང་དེ་དག་ཐམས་ཅད་དྲན་པ་དང༌། ཤེས་རབ་ཀྱིས་མི་རྗེད་པར་གྱིས་ཤིག་ཅེས་བསམས་པ་དང༌། རིགས་ལྔའི་ཕྱག་རྒྱ། སྤྱན་མ། མཱ་མ་ཀཱི། རྡོ་རྗེ་དབྱིངས་ཕྱུག་མ། གོས་དཀར་མོ། སྒྲོལ་མ་རྣམས་དང་མི་འབྲལ་བར་གྱིས་ཤིག ཅེས་ཀྱང་བསམས་ཏེ། ཨོཾ་བཛྲ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཏ་ཐཱ་ག་ཏ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨཿ སྔར་གྱི་དབང་རྣམས་དམ་ཚིག་མ་ཐོབ་པ་ལ་གསང་བར་གདམས་ཤིང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ དེ་ནས་རྡོ་རྗེ་དྲིལ་བུ་བྱིན་ལ། ཐབས་དང་ཤེས་རབ་སྟོང་པ་དང༌། སྙིང་རྗེ་ཆེན་པོ་མི་འབྲལ་བར་གྱིས་ཤིག ཅེས་བསམས་ལ། ཨོཾ་པྲ་ཛྙཱ་ཨུ་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཿཞེས་བརྗོད་དོ། །དེ་ནས་ཤོག་བུ་ལ་བྱས་པའི་གཟུགས་ལག་ཏུ་གཏད་པའམ། མ་གཏད་ཀྱང་རུང་སྟེ་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན་དེའི་ལག་ཏུ་བྱིན་པར་བསམ་ཞིང༌། སྔར་མཆོད་པའི་སྐབས་སུ་བཤད་པའི་ཕྱག་རྒྱ་དང་བཅས་པའམ། མེད་ཀྱང་རུང་སྟེ། ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཝ་ཏི་ནི་རཏྣ་ཨ་ཧི་ཥིཉྩ་མཱཾ། ཨོཾ་མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཏུ་རྃ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང༌། དབང་བཅུ་དགུ་བསྐུར་བར་བྱའོ། །དབང་བཅུ་དགུ་པ་དེ་དག་ལ་སྤྲོས་པ་ལ་དགའ་བས། རྒྱས་པར་བྱེད་པར་སྤྲོ་ན། དབང་རྫས་དང༌། ཚིགས་བཅད་དང་བཅས་པས་བསྐུར་བར་བྱ་སྟེ། བུམ་པ་ཐོགས་ནས་མིང་བྱང་ལ་སོགས་པ་བཀྲུ་ཞིང༌། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་བུམ་པའི་དབང་བསྐུར་བས། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས། བྱང་ཆུབ་ཀྱི་སེམས་ཀྱི་བྱིན་རླབས་དང་ལྡན་པར་གྱུར་ཅིག རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་སྟེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཨོཾ་བུདྡྷ་ཀ་ལ་ཤ་ཞེས་བྱ་བ་ལ་སོགས་པ་སྔར་གྱི་སྔགས་ལྔ་བརྗོད་པར་བྱའོ། །དེ་ནས་རིགས་ལྔ་བྲིས་པའི་དབུ་རྒྱན་ལག་ཏུ་ཐོགས་ལ། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས། རིགས་ལྔའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྟོགས་ཤིང༌། ཐོབ་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པཎ་འདིས། སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཞེས་བྱ་བ་ལ་སོགས་པ་ལྔ་བརྗོད་པར་བྱ་ཞིང་དབུ་རྒྱན་བསྐོན་ནོ། །རིན་པོ་ཆེའི་ཕྲེང་བའམ་རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་ཐོགས་ལ། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་རིན་པོ་ཆེའི་ཕྲེང་བས་དབང་བསྐུར་བས། བསམ་པ་མྱ་ངན་ལས་འདས་ཀྱང༌། སྦྱོར་བ་ཁམས་གསུམ་ན་འགྲོ་བའི་དོན་བྱེད་པ་ལ། མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ། ཞེས་དབུ་རྒྱན་ནམ། ཕྲེང་བ་བཅིང་ངོ༌། །དེ་ནས་དར་གྱི་ཅོད་པཎ་བཅིངས་ལ། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ། དར་གྱི་ཅོད་པན་གྱི་དབང་བསྐུར་བས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག མཛེས་ཤིང་ཡིད་འོང་དར་གྱི་ཅོད་པཎ་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་དབང་ཐོབ་ཤོག །ཨོཾ་བཛྲ་པ་ཊ་ལཾ་པ་ན་ཨ་བྷི་ཥིཉྩ་ཏྲཱྃ། དེ་ནས་ཤིང་བུ་ལ་སོགས་པ་ལས་བྱས་པའི་རྡོ་རྗེ་དང༌། འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་བྱས་ལ་སྦྱིན་ཞིང༌། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ། རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བས། རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཅིག རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་རབ་ཏུ་རྟོགས་པར་ཤོག །ཨོཾ་བུདྡྷ་མུ་དྲཱ་ཨ་བྷི་ཥིཉྩ་ཨོཾ། ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ། མིང་གི་དབང་བསྐུར་བས་མ་འོངས་པའི་དུས་ན། སངས་རྒྱས་ཀྱི་མཚན་ངེས་པ་ཅན་རྟོགས་ཤིང་ཐོབ་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག ཀུན་རྫོབ་མཚན་ཉིད་མཚན་མ་མིང་གི་དབང༌། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །མ་འོངས་འཇིག་རྟེན་སངས་རྒྱས་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ཞིང༌། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ། ལས་རྣམ་བཞིའི་དབང་བསྐུར་བས། ཕྲིན་ལས་བཞིས་བདག་དང་གཞན་གྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ཏེ། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་བཛྲ་ཀརྨྨ་ཨ་བྷི་ཥིཉྩ་ཧཱུྃ་ཨཿ རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་འཁོར་ལོ་ལག་ཏུ་བྱིན་ནས། སློབ་དཔོན་དུ་དབང་བསྐུར་བས། རྣམ་པར་སྣང་མཛད་ཀྱི་སྐུ་ཐོབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དང་ལྡན་པར་གྱུར་ཅིག ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ། གཞན་ཡང་རྡོ་རྗེ་དྲིལ་བུ་སྤྱི་བོར་རེག་ཅིང༌། ཁྱོད་ལ་བདག་པོའི་དབང་བསྐུར་བས། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོའི་དབང་དང་ལྡན་པར་གྱུར་ཅིག རིགས་ལྔ་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟཱཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བྱ་བ་ལ་སོགས་པ་ལྔ་བརྗོད་དོ། །ཤོག་བུ་གཅིག་ལ། རྡོ་རྗེ་དང༌། ཆོས་འབྱུང་དང༌། པདྨ་དང༌། སྤྱན་དང༌། ཨུཏྤ་ལ་བྲིས་པ་སྤྱི་བོར་བཞག་ཅིང༌། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་ཡུམ་ལྔའི་ཕྱག་རྒྱས་དབང་བསྐུར་བས། གསང་རྒྱུད་མཐའ་དག་འཆད་ཅིང་ཤེས་པ་དང༌། གཞན་ལ་འཆད་ཅིང་སྟོན་པའི་དབང་དང་ལྡན་པར་གྱུར་ཅིག ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ཨོཾ་བཛྲ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱ་བ་ལ་སོགས་པ་ལྔ་བརྗོད་དོ། །རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་རིགས་ལྔའི་ཕྱག་རྒྱས་སྤྱི་བོའི་གནས་ལྔར་གཏུགས་ཏེ། ཐུགས་གསང་བའི་དབང་བསྐུར་བས། སངས་རྒྱས་རིགས་ལྔའི་ཐུགས་གསང་བའི་བྱང་ཆུབ་ཀྱི་སེམས་རྟོགས་པའི་དབང་དང་ལྡན་པར་གྱུར་ཅིག རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཞེས་བྱ་བ་ལ་སོགས་པ་ལྔ་བརྗོད་པར་བྱའོ། །དེ་ལྟར་དབང་བཅུ་རྫོགས་ནས་ཐབས་ཤེས་རབ་ཀྱི་དབང་བསྐུར་ཏེ། རྡོ་རྗེ་དྲིལ་བུ་བྱིན་ལ། ཁྱོད་ལ་རྡོ་རྗེ་དྲིལ་བུ་བྱིན་ཏེ་དབང་བསྐུར་བས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས། བདག་དང་གཞན་གྱི་དོན་སྤྱོད་པ་དང་ལྡན་པར་གྱུར་ཅིག དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ཨོཾ་པྲཛྙཱ་ཨུ་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཿ དེ་ནས་འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། ཞེས་བྱ་བའི་དོན་ནི། ཤིང་བུའམ། ཤོག་བུ་ལ་རིན་པོ་ཆེ་སྣ་བདུན་གྱི་གཟུགས་བྱས་པ་ལག་ཏུ་ཐོགས་ལ་དབང་བསྐུར་ཏེ། འཁོར་ལོ་ཐོགས་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༌། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོས་སྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །བདུད་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་འཁོར་ལོ་ནམ་མཁའི་མཐས་གཏུགས་པར་བསྐོར་བར་གྱུར་ཅིག རིན་པོ་ཆེ་ལག་ཏུ་འཛིན་པས། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང༌། །དགོས་པ་མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །ཚེ་དཔག་ཏུ་མེད་པའི་ཡོན་ཏན་དང་ལྡན་ཞིང༌། ལྷ་དང་བཅས་པའི་འཇིག་རྟེན་རང་གི་གཟི་བརྗིད་ཀྱིས་ཟིལ་གྱིས་གནོན་པའི་དབང་དང་ལྡན་པར་གྱུར་ཅིག བཙུན་མོ་འཛིན་པས་བརྗོད་པ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་བ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རིག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཝ་ཏི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོབ་པའི་ཕྱིར། །ཤེས་རབ་གཟུགས་འཛིན་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡི། །ཚེ་དང་ལོངས་སྤྱོད་གཏེར་ལ་སྤྱོད་པར་ཤོག །སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་ཞི་བའི་ཚུལ་གྱིས། འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ཡོངས་སུ་དག་པས། བདག་དང་གཞན་གྱི་དོན་བདེ་བར་སྒྲུབ་པ་ལ་ཡིད་བཞིན་དུ་འབྱོར་བའི་དབང་དང་ལྡན་པར་གྱུར་ཅིག བློན་པོ་འཛིན་པས་བརྗོད་པ། གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུགས་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་མཱཾ། གང་ལ་ཅི་དགོས་དཔག་བསམ་ཤིང་ལྟ་བུས། །འགྲོ་ལ་སྙིང་བརྩེས་ཚོགས་གཉིས་རྫོགས་པ་དང༌། དབང་ཕྱུག་བཙུན་པ་བླུན་པོ་རིན་པོ་ཆེ། །འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཐོབ་པར་ཤོག །ལྷའི་མིག་རྣམ་པར་དག་པ་ཐོབ་སྟེ་འཕགས་པའི་ནོར་བདུན་དང་ལྡན་ཞིང༌། རང་དང་གཞན་གྱི་དགོས་པ་མཐར་ཕྱིན་ནས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག གླང་པོ་འཛིན་པས་བརྗོད་པ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་རི་འདྲ་གངས་ཆེན་གླང་པོ་ཆེ། །རྒྱལ་བ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐེག་པ་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་ཏ་ཡི་མདོག གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་བཅུ་དང་ལྡན་ཞིང༌། བདུད་བཞིའི་སྟོབས་ཚར་བཅད་ནས། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འཛུད་ནུས་པའི་དབང་དང་ལྡན་པར་གྱུར་ཅིག རྟ་མཆོག་རིན་ཆེན་ཐོགས་ཏེ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་འགྱུར་བ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། འཁོར་བའི་ཆུ་བོ་འཇིགས་པ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །སོ་སོ་ཡང་དག་པར་རིག་པ་བཞིས། འགྲོ་བ་རྣམས་མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་སྐྱེལ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག དམག་མི་རིན་པོ་ཆེ་ལག་ཏུ་བཟུང་ལ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་མི་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཤིང༌། །འཇིགས་པའི་སྐྱོབ་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་བསྲུང་བར་ཤོག །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་མཐར་ཕྱིན་ནས། འཇིག་ཚོགས་ལ་ལྟ་བའི་རི་བོ་ཆེན་པོ་འཇོམས་ཤིང༌། ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་པར་བྱའོ། །དེ་ལྟར་དབང་རྒྱས་པ་དེ་དག་ནི། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ན་བཞུགས་སོ། །ཞེས་རིན་ཆེན་བཟང་པོའི་གསུང་གི་བརྒྱུད་པ་ལས་ཐོས་སོ། །དེ་ལྟར་དབང་དེ་དག་དགོས་པ་གང་གི་དོན་དུ་བསྐུར་ཞེ་ན། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། ཞེས་སོ། །དེའི་རྗེས་ལ། སྔགས་སྒྲུབ་ཕྱིར་ནི་མོས་ལྡན་སློབ་མ་ལ། །སྔགས་པས་བཀའ་ནི་རབ་ཏུ་བསྒོ་བར་བྱ། །ཞེས་འབྱུང་བས། བཀའ་བསྒོ་བ་ནི། ཚེ་འདིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང༌། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིན་མོ་དང༌། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུངས་དང༌། །དམ་ཚིག་ལས་ནི་འདའ་བ་དང༌། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང༌། །སེམས་ཅན་ཀུན་ལ་སྙིང་བརྩེས་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བདག་ཉིད་ཀྱིས་བརྗོད་ལ། དེའི་རྒྱུད་ལ་སྐྱེས་པར་བསམ་མོ། །དེས་ཀྱང་ཅི་འབྱོར་པའི་ཡོན་བླ་མ་ལ་དབུལ་བར་བྱའོ། །དེ་དག་ནི་ཀུན་རིག་ནས། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །ཞེས་བྱ་བ་ནས། སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་བྱ་བའི་བར་ཚིགས་བཅད་ལྔས་རོ་ཡོད་ཀྱང་རུང༌། རུས་བུ་ལ་སོགས་པའམ། ཐ་ན་མིང་གི་བར་ལ་དབང་བསྐུར་ཏེ། སྡིག་པ་སྦྱང་བ་བསྟན་ཟིན་ཏོ། །དེ་ཙམ་གྱིས་རྫོགས་པར་བྱེད་ན་ཡང༌། འོག་ནས་འཆད་པར་འགྱུར་བའི་མཇུག་གི་བྱ་བ་རྣམས་རྫོགས་པར་བྱའོ། །དབང་དང་འབྲེལ་བའི་སྡིག་པ་སྦྱང་བའོ། །གཉིས་པ་དབང་བསྐུར་ཏེ། མཆོད་རྟེན་གྱི་དབུས་སུ་བཞག་སྟེ་སྡིག་པ་སྦྱང་བ་ནི། རྒྱུད་ལས། དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང༌། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་བྱ་བའི་དོན་ནི། རྟེན་རོ་ཡོད་པ་ལ་སྦྱོང་བར་མི་འདོད་པའམ། རོ་མེད་ཀྱང་སཱཙྪ་འདེབས་པར་མི་འདོད་པའི་དབང་དུ་བྱ་སྟེ། སྔ་མ་བཞིན་དུ་དབང་ཐམས་ཅད་བསྐུར་ལ། སྔར་གྱི་ལས་ཁྱད་པར་དུ་རྟེན་ཏེ་ལྷ་དཔའ་བོ་གཅིག་པའམ། དཀྱིལ་འཁོར་རྫོགས་པར་བསྐྱེད་ནས། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་པས་མཆོད་དེ། མཆོད་རྟེན་གྱི་དབུས་སུ་གཞག་པར་བྱའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །མཆོད་རྟེན་དུ་བཞག་སྟེ་སྡིག་པ་སྦྱང་བའོ། །དབང་དང་འབྲེལ་བའི་སྡིག་པ་སྦྱང་བ། གསུམ་པ་དྲིའི་གཙང་ཁང་དུ་བཞག་པ་ནི། རང་གི་ལྷའམ་ལྷ་གཞན་གྱིས། །སྙིང་པོ་སྙིང་གར་བྲིས་ནས་ཀྱང༌། །ལྷ་འདྲ་བར་ནི་སེམས་བསྐྱེད་ནས། །ཁྱིམ་གྱི་ནང་དུ་གཞག་པར་བྱ། །ཞེས་གསུངས་པའི་དོན་ནི། རོ་ཡོད་པའམ། མེད་ཀྱང་གཟུགས་བྲིས་པ་ནི་ཅིས་ཀྱང་དགོས་ཏེ། དེ་སྦྱོང་བ་དང༌། མཆོད་རྟེན་དུ་འཇོག་པ་དང༌། སཱཙྪ་བྱེད་པར་ཡང་མི་འདོད་ཅིང༌། རང་གི་ཁྱིམ་དུ་འཇོག་པར་འདོད་པའི་དབང་དུ་བྱས་ཏེ། དེའང་སྔར་བཞིན་དབང་བསྐུར་ལ། ཁྱད་པར་དུ་རྒྱུད་འདི་དང༌། རྒྱུད་གཞན་ནས་འབྱུང་བའི་གསང་སྔགས་མང་པོ། གསེར་རམ། དངུལ་ལམ། གུར་གུམ་གྱིས་བྲིས་པ་དེའི་སྙིང་གར་བཏགས་ཏེ། རྟེན་དེ་གོས་སམ། དྲི་ལ་སོགས་པས་བརྒྱན་ཏེ། དེ་ལྷར་བསྐྱེད། ཡེ་ཤེས་པ་བཀུག་ནས། ཇི་ལྟར་གྲུབ་པས་མཆོད་ནས་བསྟོད་དེ། རང་གི་ཁྱིམ་གྱི་ཕྱོགས་གཅིག་དབེན་པ་གཙང་ཞིང་དྲིས་བྱུགས་པར་བཞག་ལ། དུས་ནར་མར་ལྷར་བསྐྱེད་པའི་རྟེན་དེ་ལ་མཆོད་སྟོད་བྱེད་ཅིང་བཞག་གོ །ལྷག་མ་ཐམས་ཅད་ནི་སྔར་བཞིན་ནོ། །དོན་དང་པོ་དབང་བསྐུར་ཏེ། སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།དེ་ནས་རྒྱུད་ནས། སཱཙྪའི་ཆོ་ག་ཚིགས་བཅད་ཕྱེད་དང་གསུམ་ཡོད་པ་ནི། འདིར་མི་འཇུག་སྟེ། འོག་རོ་བསྲེགས་ཏེ་སྡིག་པ་སྦྱང་བའི་སྐབས་རྗེས་ནས་རྒྱས་པར་བཤད་ཅིང་དེར་འཇུག་པས་དེར་བརྗོད་པར་བྱའོ།།  །།འདིར་སྤྱི་དོན་གཉིས་པ་བཟླས་པ་བྱ་བས་སྡིག་པ་སྦྱང་བ་ནི། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་ལྟར་གསུངས་པའི་སྔགས་བཟླས་ཤིང༌། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་སྟོང་དུ་ཚང་བ་དང༌། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་འབྱུང་བའི་དོན་ནི། དབང་བསྐུར་དང་འབྲེལ་ན་ནི། འདི་ཕྱིར་བཟློག་དང་དབང་གི་སྔོན་དུ་འགྲོ་བའམ། ཡང་ན་ཐུན་མཚམས་སུ་ཅི་རིགས་པར་འཇུག་པ་ཡིན་ལ། དབང་དང་མ་འབྲེལ་ན་ནི། འདི་དངོས་གཞི་ཡིན་ལ། གང་གི་ཕྱོགས་ལ་ཡང་འགལ་བ་ནི་མེད་དོ། །ཆོ་ག་གཞན་ཐམས་ཅད་ནི། རྒྱས་བསྡུས་གང་ཡང་རུང་བ་སྔ་མ་བཞིན་ཉམས་སུ་བླངས་ལ། བདག་གི་ལྷའི་རྣལ་འབྱོར་དང་ལྡན་པའི་སྙིང་གར་ཟླ་བ་ལ་མཐའ་སྐོར་དུ་རྩ་རིག་ནང་དུ་གཙོ་བོ་གང་ཡིན་གྱི་སྔགས་བཀོད་ལ། ཕྱག་ན་རྡོ་རྗེའི་སྐབས་ནས་བཤད་པ་བཞིན། དེ་ལས་འོད་ཟེར་འཕྲོས་པས། ཚེ་འདས་པས་གཙོ་བྱས་ནས། ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང༌། བྱོལ་སོང་དང༌། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང༌། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །ཞེས་བསམ་ཞིང༌། རྒྱུད་ནས་འབྱུང་བའི་སྔགས་ཐམས་ཅད་དང༌། གཙོ་བོར་རྩ་བའི་རིག་པ་བཟླ་བར་བྱའོ། །བཟླས་པས་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།དེ་ནས་སྤྱི་དོན་གསུམ་པ་ཕྱིར་བཟློག་གིས་སྡིག་པ་སྦྱང་བ་ནི། རྒྱུད་ནས་འཁྲུགས་ཀྱི་ཚུལ་དུ། རོ་སྲེག་དང༌། སཱཙྪའི་རྗེས་ལ་འབྱུང་བ་དེ། དོན་གྱིས་འདིར་འཇུག་པས་དེ་བཤད་པ། ཐལ་བ་ཡུངས་ཀར་བྱེ་མ་སོགས། །རང་གི་མིང་སྨོས་སྔགས་བཏབ་ནས། །བཟླས་པ་བྱས་ཏེ་གཏོར་ནས་ཀྱང༌། །རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར། །དེ་ལྟར་བྱས་ན་སྡིག་ཅན་ཡང༌། །ངན་སོང་ལས་ནི་ཐར་འགྱུར་ཞེས། །བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་བྱ་བའི་བར་ཕན་ཡོན་རྒྱས་པར་གསུངས་སོ། །དེའི་མངོན་པར་རྟོགས་པ་ནི་བསྡུས་ཏེ་བྱེད་ན། བསྙེན་པ་ནས་མཆོད་གཏོར་གྱི་བར་དང༌། རྟེན་བསྐྱེད་པའི་བར་རྒྱས་བསྡུས་གང་བྱེད་པ་སྔ་མ་བཞིན་ཉམས་སུ་བླངས་ལ། རྟེན་དེ་ལ་བྱེ་མའམ། ཡུངས་ཀར་ཐོགས་པས། རྒྱུད་ནས་འབྱུང་བའི་གསང་སྔགས་ཟློས་ཤིང་བྲབས་ནས་ནུབ་གཅིག་ཏུ་བྱེད། རྫོགས་པའི་མཇུག་ཏུ་བྱེ་མ་ལ་སོགས་པའི་དམན་མ་རྣམས་རྒྱ་མཚོ་ལ་འབབ་པའི་ཆུ་བོར་དོར་བར་བྱའོ། །རྒྱུད་ན་ནི་དེ་ཉིད་བཞུགས་སོ། །ཇོ་བོ་རིན་ཆེན་བཟང་པོའི་ཕྱག་ལེན་རྒྱས་པར་བརྗོད་ན། ཡ་ཐ་བསྙེན་པ་ནས་བཟུང་སྟེ། མ་ཐ་མཆོད་པ་དང༌། གཏོར་མའི་བར་རྣམས་རྒྱས་བསྡུས་གང་བྱེད་པ་སྔ་མ་བཞིན་བྱས་ལ། དེ་ནས་རྟེན་ལ་བྱ་བའི་ཆོ་ག་ནི། བགེགས་སྦྱང་བ་དང༌། རྟེན་བསྐྱེད་པ་དང༌། རྣམ་པར་ཤེས་པ་དགུག་པ་དང༌། སྡིག་པ་དྲལ་བ་དང་བཞི། སྔ་མ་བཞིན་བྱས་ལ། ཡང་བགེགས་ཞི་བར་བྱ་བ་སྤྲོས་པའི་བྱེ་བྲག་གིས་རྒྱས་བསྡུས་གང་རུང་ཞིག་འདིར་ཡང་བྱ་སྟེ། དེ་དག་ཞི་བས་སྦྱང་བ་ནི་སྔར་བྱས་ལ་འདིར་དྲག་པོས་སྦྱང་བ་བྱས་ན་མཛེས་སོ། །དེ་ནས་བརྡེག་པ་ནི། རྒྱུད་འདི་ཉིད་ནས་ཀྱང་གསུངས་ལ། གཙུག་དགུ་ནས་ཀྱང༌། ཡུངས་ཀར་མེ་ཏོག་དང་ལྡན་པས། །གསང་སྔགས་བཟླས་ཤིང་བརྡེག་པར་བྱ། །ཞེས་འབྱུང་བས། བྱེ་མའམ། ཡུངས་ཀར་གྱིས་རྟེན་དེ་ལ་བྲབ་ཅིང༌། རྩ་བའི་རིག་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷའི་སྔགས་ཇི་ཙམ་ནུས་པ་བཟླས་པའི་རྗེས་ལ། ཤཱཀ་ཐུབ་ནས་འབྱུང་བའི་བརྡེག་སྔགས་བརྗོད་ཅིང་བྲབ་སྟེ། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ཧཱུྃ་ཕཊ། ཨོཾ་སརྦྦ་ཀརྨྨ་ཨཱ་བ་ར་ཎཱ་ནི་བྷ་སྨིཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦྦ་ཨཱ་བ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་པ་དང༌། གཞན་ཡང་རིག་སྔགས་མཐུ་དང་གཟི་བརྗིད་ཆེན་པོ་གཞན་ཡང་བཟླས་ཤིང་རྟེན་ལ་བྲབ་བོ། །དེ་ནས་ཁྲུས་བྱ་སྟེ། རྒྱུད་ནས་ཀྱང༌། དབང་གི་སྔོན་དུ་བྱ་བར་བཤད་པ། དེ་ནས་ཁྲུས་ལ་སོགས་བྱས་ལ། དྲི་དང་ཕྲེང་སོགས་ཕྲེང་བ་ཅན། །ཞེས་བྱ་བ་དང༌། བུམ་པའི་དབང་གིས་ཀྱང་བཀྲུ་བར་བཤད་པ་དང༌། གཙུག་དགུ་ནས་ཀྱང༌། རུས་པའམ་གོས་སམ་མིང་ལ་ནི། །རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། སླར་ཡང་བཀྲ་ཤིས་ཚིགས་བཅད་ཀྱིས། །དུས་གསུམ་དུ་ནི་ཁྲུས་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ན། བཀྲུ་བ་ནི་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་གང་གྲུབ་བཤམས་པ་ལ། སྔར་བཟླས་པ་བྱས་པའི་བུམ་པའི་ཆུས། འདིར་ལུགས་མའམ། རས་བྲིས་དང༌། དཀྱིལ་འཁོར་ལ་སོགས་པ་ལ་མེ་ལོང་བསྟན་པ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲུས་ལ། དེ་སླར་བུམ་པར་བླུག་གོ །དེ་ནས་བུམ་པ་ཐོགས་ལ། ནུབ་གོང་མ་རྣམས་ལ་ནི། མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ། ནུབ་ཐ་མ་ལ་ནི། མིང་བྱང་ལ་སོགས་པའི་རྟེན་ལ་དངོས་སུ་བཀྲུ་ཞིང༌། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བའི་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །ཞེས་བྱ་བ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བཟླས་ཤིང་བཀྲུའོ། །དེ་བཞིན་དུ་ཚིགས་སུ་བཅད་པ་རེ་རེའི་མཇུག་ཏུ་སྔགས་བཟླས་ཤིང་བཀྲུ་སྟེ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པ་འདྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་ཤིང༌། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བྱ་བ་ཚིགས་བཅད་རེ་རེ་དང་སྔགས་རེ་སྤེལ་ཞིང་བཀྲུའོ། །བཀྲ་ཤིས་ཀྱི་ཚིགས་བཅད་ཅིང་ཤེས་པ་ཡང་བརྗོད་ཅིང་བཀྲུ་སྟེ། །ཚིགས་བཅད་ནི་ལོགས་ཤིག་ཏུ་བརྗོད་པར་བྱའོ། །ཡང་ཉོན་མོངས་པའི་དུག་དང༌། ཉོན་མོངས་པ་ལས་སྐྱེས་པ་འབྱུང་བའི་དུག་སྦྱང་ཞིང་སྔགས་དང་བཅས་པས་བཀྲུ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུ་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་ཚིག་ནི་འདི་དག་གིས། །དུག་ནི་འབྱུང་བའི་ནང་དུ་སོངས། །ཞེས་བྱ་བས་ཀྱང་བཀྲུའོ། །དེ་ནས་བུ་ལ་སོགས་པའི་ལག་ཏུ་བྱང་བུ་འཛིན་པས་ཕྱག་བྱེད་དུ་བཅུག་ལ་ཡིད་ཀྱིས་ཚེ་འདས་དེས་བྱེད་ཅིང༌། འོག་ནས་འབྱུང་བ་རྣམས་ངག་ཏུ་ཟློས་པས་སྐྱབས་སུ་འགྲོ་བ་བྱེད་པར་བསམ་ཞིང༌། བདག་གིས་དབྱངས་དང་བཅས་ཏེ་བརྗོད་པ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་རྣམས་སེལ་བ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེར་མཐོང་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་སེམས་ཐག་པ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ཉེ་བའི་སྲས་བརྒྱད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་རྒྱས་པར་བྱེད་ན། འདིར་གོང་དུ་བསྟན་པ་བཞིན་སེམས་བསྐྱེད་པ་ནས་བཟུང་སྟེ། འཇུག་པ་ཐམས་ཅད་དང༌། བྱིན་གྱིས་བརླབ་པ་ནས་བཟུང་སྟེ། དབང་བཅུ་དགུ་པོ་ཐམས་ཅད་འདིར་བྱེད་དེ། འདི་ནི་རྒྱུད་ནས་ཤིན་ཏུ་བསོད་ནམས་ཆེ་བར་བཤད་པས་ན། ཅི་འགྲུབ་པར་བྱ་སྟེ། འཇུག་པ་ཅི་གྲུབ་པ་དང༌། དབང་ངམ་འཇུག་པ་མ་གྲུབ་ཀྱང༌། དབང་ཙམ་གྲུབ་ཀྱང་བཟང་སྟེ་འདིར་བྱའོ། །འདི་ནི་ལེགས་པར་བྲིས་པའོ། །དེ་དག་གི་རྗེས་ལ། ཚེ་འདས་དེ་ཡི་དམ་གྱི་ལྷ་བསམས་ལ། དེ་ལ་མཆོད་པ་ཅི་འབྱོར་དང༌། མེ་ཏོག་གི་ཆར་དབབ་པ་ལ་སོགས་བྱའོ། །དེ་ནས་ལམ་སྦྱང་བ་དང༌། བསྟན་པ་བྱའོ། །གོང་གི་མཆོད་པའི་སྐབས་དེར། ཡུལ་ཁ་ཅིག་ན། ནུབ་ཐ་མ་ལ་གོས་ལྷམ་གཏད་པ་བྱ་བའི་ལག་ལེན་བྱེད་པའི་ཡུལ་དག་ཡོད་དེ། དེ་བྱེད་ན་ཚེ་འདས་ལྷར་བསམས་པ་དེ་ལ་འདོད་ཡོན་ལྔའི་མཆོད་པས་གོས་དང་ལྷམ་དང༌། ཟན་དང༌། གཏོར་མ་ལ་སོགས་པ་དབུལ་ལོ། །ཡང་ཡུལ་ཁ་ཅིག་ན། ནུབ་ཐ་མ་ལ་བྱང་བུ་བསྲེག་པའི་ཆོ་ག་ལ་མོས་པ་ཡོད་པས། དེ་བྱེད་ན། ཆོ་ག་ལོགས་སུ་བརྗོད་པར་བྱ་སྟེ། རྒྱུད་འདི་ན་མེད་པའི་ཕྱིར་རོ། །ལམ་སྦྱང་བ་དང༌། བསྟན་པ་ནི། འདིའི་ཆོ་ག་གཙུག་དགུ་ན་ཡོད་པས་བྱེད་དེ། དེའི་སྔགས་ནི། ཕྱག་ན་རྡོ་རྗེའི་སྐབས་ན་ཡོད་པས་དེ་བྱེད་ན། ནུབ་གོང་མ་རྣམས་ལ་མཆོད་པའི་རྗེས་ལ་བྱེད་ལ། ནུབ་ཐ་མ་ལ་ནི། བྱང་བུ་བསྲེགས་པའི་རྗེས་ལ་བྱེད་དོ། །དེ་ནི་ཐམས་ཅད་ཀྱིས་མེ་ཏོག་གི་ཆར་དབབ་ཅིང་འདི་སྐད་ཅེས་བརྗོད་དེ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣེ་སཾ་བྷ་ཝ་རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུ་དྡྷེ། ཤོ་དྷ་ཡ། སརྦྦ་པཱ་པཾ་ཧཱུྃ་ཏྲ་ཐ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པདྨ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་བ། སུ་ཁ་བ་ཏཱི་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་རོ། །དེ་ནས་ཚེ་འདས་བདེ་བ་ཅན་དུ་སྐྱེས་པར་བསམ་ཞིང༌། བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་སྔར་སྐྱེས་པའི་རྙིང་པ་རྣམས་ཀྱིས། དེ་ལ་མཆོད་པར་བསམ། དེས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ་མཆོད་ནས། དེར་སྐྱེ་བའི་རྒྱུ་བརྟགས་པས། རྡོ་རྗེ་སློབ་དཔོན་བདག་གི་མཐུ་ཡིན་པར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོངས་ནས། བདག་དང་དཀྱིལ་འཁོར་ལ་མཆོད་པ་བྱེད་ཅིང༌། ཆེད་དུ་རྗོད་པ་བྱེད་པར་བསམ་སྟེ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་ཅིང་བདག་ལ་མཆོད་པར་བསམ། བདག་གིས་ཀྱང་སླར་དེ་ལ་མཆོད་ཅིང༌། སླར་བདེ་བ་ཅན་དུ་སོང་བར་བསམ་ཞིང་མཆོད་པ་ལྔ་ཙམ་གྱིས་མཆོད་ལ་མེ་ཏོག་གཏོར་རོ། །དེ་ནས་གཏོར་མ་དང་མདོ་དག་སྔོན་དུ་སོང་བས། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པར་གདབ་པར་བྱའོ། །ཡོན་བདག་ལ་དགེ་བའི་བཀྲ་ཤིས་ལ་སོགས་པ་བརྗོད་ནས། ཡོན་བདག་གིས་ཀྱང༌། མཆོད་སྟོན་དང༌། ཡོན་རྒྱ་ཆེ་བ་དབུལ་ཞིང་སྨོན་ལམ་རྒྱས་པར་གདབ་པར་བྱའོ། །ཕྱིར་བཟློག་གིས་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།བཞི་པ་སྦྱིན་སྲེག་གིས་སྡིག་པ་སྦྱང་བ་ལ་སོགས་པ་ཚེ་འདས་པའི་དོན་བྱ་བའི་སྦྱིན་སྲེག་ནི། ཀུན་རིག་ནས་ཚིགས་སུ་བཅད་པ་བརྒྱད་དང༌། ཚེ་དཔག་མེད་ནས་ཚིགས་སུ་བཅད་པ་བཅུ་གསུམ་གྱིས། ཚེ་འདས་ཀྱི་ལས་གཙོ་བོར་བསྟན་ཅིང༌། ཚེ་ལྡན་ལ་ཞར་ལ་སྦྱར་བ་བསྟན་ལ། འཁོར་ལོས་སྒྱུར་བ་དང༌། མེ་ལྟར་འབར་བ་གཉིས་ནས་ཚེ་ལྡན་གྱི་བྱ་བ་བསྟན་ཏེ། ཆོ་ག་ནི་ཁྱད་པར་མེད་དོ། །དེ་ལ་བཞི་སྟེ། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོའོ། །དེ་དག་ཀྱང་དཀྱིལ་འཁོར་དང་མ་འབྲེལ་ན་ནི། ཕྱོགས་ཤར་དུ་ཞི་བ། བྱང་དུ་རྒྱས་པ། ནུབ་ཏུ་དབང༌། ལྷོ་རུ་དྲག་པོའི་ཐབ་རྣམས་བརྩིགས་ལ། སྒྲུབ་པ་པོའི་ཁ་ཡང་ཞི་བ་ལ་ཤར་དུ་སྟེ། དེ་བཞིན་དུ་དེ་དག་གི་ཕྱོགས་སུ་བལྟའོ། །དཀྱིལ་འཁོར་དང་འབྲེལ་ན། དཀྱིལ་འཁོར་གྱི་ནུབ་ཏུ་ཞི་བའི་ཐབ་བྱས་ལ། ཁ་ཤར་དུ་བལྟ། དེ་བཞིན་དུ་སྒྲུབ་པ་པོ་དཀྱིལ་འཁོར་ལ་ཕྱོགས་ཏེ་བལྟ་བས་ལྷོར་རྒྱས་པ་ལ་ཁ་བྱང་དུ་བལྟ། ཤར་དུ་དབང་ལ་ཁ་ནུབ་ཏུ། བྱང་དུ་དྲག་པོའི་ཐབ་བྱས་ལ། ཁ་ལྷོར་བལྟའོ། །དེ་ལ་ཞི་བའི་སྦྱིན་སྲེག་ནི་གཙོ་བོ་ཡིན་ལ། ལྷག་མ་གསུམ་ནི་ཅི་གྲུབ་པ་ཉམས་སུ་བླང་ངོ༌། །དེའང་ཞི་བའི་རྟོགས་ན། འོག་མ་གསུམ་ཞར་ལ་རྟོགས་པར་འགྱུར་རོ། །དེ་ལ་དགུ་སྟེ། ཐབ་བཅའ་བ་དང༌། བུད་ཤིང་བཤམ་པ་དང༌། མཆོད་པ་ལ་སོགས་པ་དང༌། རྒྱན་དགྲམ་པ་དང༌། བསྲེག་རྫས་དང༌། སྒྲུབ་པ་པོའི་ཡན་ལག་དང༌། མེ་སྦར་བ་དང༌། འཇིག་རྟེན་པའི་ལྷ་དང༌། འདས་པའི་ལྷ་རྣམས་སྤྱན་དྲང་ཞིང༌། མཆོད་བསྟོད་ལ་སོགས་བྱ་བ་དང༌། མཇུག་གི་བྱ་བ་དང༌། ཕན་ཡོན་ནོ། །དང་པོ་ནི། ཚེ་དཔག་མེད་ནས་འབྱུང་བ། །མདོར་ན་ཐིག་ནི་བཏབ་ནས་ཀྱང༌། །ཆོ་ག་བཞིན་དུ་བྲི་བར་བྱ། །དེ་ནི་མཐོང་བ་བརྒྱུད་ལས་ཤེས་སོ། །ལྷ་ཡི་བུ་རྣམས་ཞི་བ་ཡི། །ཧོམ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པའི། །ཟླུམ་པོ་ཉིད་དུ་བྱས་ནས་ནི། །དེ་ནི་དབྱིབས་སོ། །དེའི་དབུས་སུ་འཁོར་ལོ་ནི། །རྩིབས་བརྒྱད་འོད་ཟེར་དཀར་པོ་བྲི། །དེ་ནས་རོ་སྲེག་གི་སྐབས་ནས་འབྱུང་བ། ལྟེ་བར་རིགས་ལྔའི་མཚན་མ་དང༌། སེམས་དཔའ་བཅུ་དྲུག་བྲི། དེ་ནས་སོར་བཞི་བསྐྱེད་པ་ལ། ཁོར་ཡུག་རྡོ་རྗེ་རྩེ་ལྔ་པ། །འོད་ཟེར་དཀར་དང་ལྡན་པར་བྲི། །ཡར་ལ་སོར་བཞི་བརྩིགས་པ་ལ། །དེ་ནས་རྡོ་རྗེ་རྒྱ་གྲམ་དང༌། །དེ་ནས་སོར་གཉིས་སྨད་པ་དང་ཡང་སོར་གཉིས་སྨད་པ་ལ། རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག །དེ་ཡི་ཕྱི་རོལ་ལྷ་སྣམ་ལ། །དེ་ནས་སྡིག་པ་གཞོམ་པའི་ཕྱིར། །ཕྱག་རྒྱ་སྣ་ཚོགས་གཞག་པར་བྱ། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་རྒྱལ་བ་རྣམས་ཀྱི་མཚན་མ་བྲི། སྒོ་བཞིར། ཕྱི་ཡི་རྡོ་རྗེའི་རིགས་རྣམས་ནི། །ཕྱག་རྒྱ་རྣམས་ནི་ཕྱི་རིམ་བྲི། །དེ་ནས་སྒོ་བྱ་བའམ། ཡང་ན་ཟླུམ་པོའི་ཁོར་ཡུག་ཉིད་ལ། གཟའ་དང་སྐར་མའི་མཚན་མ་དང༌། །དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས། །ཞེས་པས་བསྟན་ཏེ། ཁོར་ཡུག་ལ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་བརྒྱད། ཕྱོགས་སྐྱོང་བཅུ། འཇིགས་བྱེད་བརྒྱད། རྒྱལ་ཆེན་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་མིང་ངམ། བརྡའམ། ཐིག་ལེ་བྲིའོ། །དེ་ནས་མེ་ལྟར་འབར་བ་ནས། །བུད་ཤིང་ཞོ་དང་ལྡན་པ་ལ། །དྲི་ཆུས་བསྐུས་པ་ཤེས་པར་བྱ། །ཞེས་ཏེ། བུད་ཤིང་མཛེས་པར་བཤམ་པར་བྱའོ། །དེ་ནས་རྒྱན་དགྲམ་པ་ནི། གཙོ་བོ་རི་མོ་ལུགས་མ་རུ། །རྡོ་རྗེ་ཅན་དང་ལྷན་ཅིག་བཞག །བྱ་དང་བུམ་པ་གང་བ་དང༌། །གཏོར་མ་ལྷ་བཤོས་རབ་བཀང་བཞག །ཅེས་པ་དང༌། མེ་ལྟར་འབར་བ་ནས་ཀྱང༌། བདུག་སྤོས་མར་མེ་མེ་ཏོག་རྣམས་ཀྱང་བཞག །མཆོད་པར་བྱ་བའི་ཕྱིར་ནི་བླ་རེ་དང༌། །གདུགས་དང་རྒྱལ་མཚན་རྔ་ཡབ་ལ་སོགས་བཞག །ནང་རེར་ག་པུར་བཅས་པའི་དྲི་ཞིམ་དང༌། །ཙནྡན་ལ་སོགས་པ་ཡི་བྱུག་པས་བྱུག །ཅེས་པས་རྒྱན་དགྲམ་པའོ། །བསྲེག་རྫས་ནི། ཀུན་རིག་ནས། ཏིལ་དང་ཡུངས་ཀར་འབྲས་རྣམས་དང༌། །ར་ཡི་འོ་མ་ལྡན་པ་དང༌། །དྲི་ཡིས་བསྐུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཞེས་པ་དང༌། ཚེ་དཔག་མེད་ཉིད་ནས། དེ་ཡི་མིང་དང་ཡུངས་ཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ནས། །ངན་སོང་ཀུན་ལས་ཐར་བར་འགྱུར། །དེ་ཡི་ཤ་དང་རུས་པ་དང༌། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ན་ངན་སོང་ཡང༌། །ཀུན་ལས་རྣམ་པར་ཐར་པར་འགྱུར། །མར་དང་འོ་མ་སྦྲང་རྩི་ཅན། །འབྲས་ཡོས་ཡུངས་ཀར་བསྲེས་པ་དང༌། །དེ་ཡི་རུས་པ་ཤ་ལ་སོགས། །མེད་ན་མིང་ནས་སྨོས་ཏེ་བྱ། །ཞེས་པས་བསྲེག་རྫས་བསྟན་ཏོ། །དེ་ནས་སྒྲུབ་པོའི་ཡན་ལག་ནི། །དཀར་པོའི་གོས་ནི་གྱོན་ནས་ཀྱང༌། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །ངན་སོང་རྒྱུད་ལ་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང༌། །ཞེས་བྱ་བ་དང༌། འཁོར་ལོས་སྒྱུར་བ་དང༌། མེ་ལྟར་འབར་བ་ནས་ཀྱང་བསྟན་པ་བཞིན་ཏེ། རྒྱན་ལ་སོགས་པ་དཀར་པོར་བྱས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་དཔའི་འདུག་སྟངས་ཀྱིས་གནས་ལ། བདག་གི་རྣལ་འབྱོར་དཔའ་བོ་གཅིག་པའི་བསྙེན་པ་བཞིན་བསྒོམ་པར་བྱའོ། །དེ་ནས་མེ་སྦར་བ་ནི། ཡམ་ཤིང་གིས་མེ་སྦར་ཏེ། མེ་ལྟར་འབར་བ་ནས། འདབ་བདུན་མེ་ཏོག་འབྲས་བུ་རྣམས། །ཞོ་དང་ལྡན་པའི་ཡམ་ཤིང་གིས། །མེ་སྦར་ཐབ་ཁུང་ཁྱད་པར་ལས། །རང་གི་སོར་གྱིས་གཞལ་བྱ་ཞིང༌། །ཉི་ཤུ་རྩ་བརྒྱད་མན་ཆད་མཆོག །བཅུ་དྲུག་སོར་ནི་བར་མ་སྟེ། །ཐ་མ་བཅུ་གཉིས་ཉིད་དུ་ཤེས། །ཤིན་ཏུ་ཆུང་བ་སོར་བརྒྱད་དོ། །བུད་ཤིང་ཞོ་དང་ལྡན་པ་ལ། །དྲི་ཆུས་བསྐུས་པར་ཤེས་པར་བྱ། །བསྲེགས་ཤིང་དེ་ལས་བྱུང་བའི་མེ། །སྦར་ནས་དྲི་ཆུས་གཏོར་ནས་ནི། །ཞེས་བྱ་བའི་དོན་ཡམ་ཤིང་གིས་མེ་སྦར་ལ། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་བཟླ་ཞིང༌། ཐབ་དང་རྫས་ཐམས་ཅད་ལ་ཀུ་ཤའི་རྩེ་མོས་དྲིའི་ཆུས་གཏོར་ཞིང་བསངས་ལ། མཆོད་རྫས་ཐམས་ཅད་བདུད་རྩི་མཆོག་ཏུ་བསམ་པར་བྱའོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་མཆོད་པ་ནི། མེ་ལྟར་འབར་བ་ལས། པདྨ་དཀར་པོའི་ཞལ་འདྲ་དགེ །པདྨ་ནོར་བུ་རིལ་བ་ཐོགས། །ལག་ན་དབྱུག་པ་མཆོག་ཐོགས་པ། །པདྨ་དཀར་པོའི་གདན་སྟེངས་འདུག །དེ་ལྟའི་མེ་ལྷ་བཀུག་ནས་ཀྱང༌། །མཆོད་ཡོན་བླངས་ཏེ་དབུལ་བར་བྱ། །དེ་ནས་ཟླ་བ་དཀར་པོ་ལ། བཞུགས་པའི་འགྲོ་ཕན་སྤྱན་དྲངས་ཏེ། །པདྨ་དཀར་པོ་ཤར་ཕྱོགས་སུ། །བསམས་ཏེ་སྟེང་དུ་གཞག་པར་བྱ། །དེ་ནས་དེ་ལྟར་བསམས་ནས་ཀྱང༌། །བསྒྲུབ་བྱ་རྟག་ཏུ་མདུན་བཞག་སྟེ། །དེ་ཡི་ཉེས་པ་དྲངས་ནས་ནི། །ཤིན་ཏུ་བསྲིངས་ཏེ་སྦར་བར་བྱ། །ནང་པར་སྔར་ནི་གཙང་གྱུར་ཅིང༌། །ཤིན་ཏུ་དྲི་ཞིམ་ལུས་བྱུགས་ལ། །བདུད་རྩི་བཞིན་བསམས་སྦྱིན་སྲེག་བྱ། །དམ་ཚིག་འདི་ནི་འདའ་བར་དཀའ། །ལྷ་རྫས་བདུད་རྩི་རོ་ལྔ་ནི། དང་པོ་མེ་ལྷ་བརྟག་བྱས་ལ། །ཁྲོ་བོ་དེ་ནི་དེ་ལུས་ལ། །སྤྱན་དྲངས་ནས་ནི་བཞུགས་པར་བསམས། །དེ་ནས་དང་པོ་ཁྲོ་བོ་ལ། །བསྲེག་བྱ་ལན་གསུམ་དབུལ་བར་བྱ། །དེ་ནས་དཀོན་མཆོག་གསུམ་ལ་དབུལ། །དེ་ནས་མེ་ལྷ་ཉིད་ལ་གསུམ། །དེ་ནས་རྡོ་རྗེ་སེམས་དཔའ་ལ། །དེ་ནས་ལྷ་རྣམས་རེ་རེ་ལ། དེ་ནས་བགེགས་ལ་སོགས་ལ་དབུལ། །ཡིད་དུ་འོང་བའི་ལྷ་ཡང་རུང༌། །དེ་ལ་དང་པོ་ཁྲོ་བོ་ཡི། །སྔགས་ཀྱིས་ཡམ་ཤིང་སྦྱིན་སྲེག་བྱ། །དེ་ནས་གཅིག་ཏུ་བསྲེས་ནས་ཀྱང༌། །བདུད་རྩིའི་སྔགས་ཀྱིས་བཏབ་ནས་ནི། །དེ་བཞིན་སྦྱིན་སྲེག་བྱས་འོག་ཏུ། །ཆིག་འབུམ་རྙེད་དམ་ཡང་ན་ནི། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །ཁྲོ་བོ་ཉིད་ལ་དབུལ་བར་བྱ། །ཞེས་བཤད་དོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། སྔར་བསྟན་པ་བཞིན་དུ་ཐབ་ཁུང་ལེགས་པར་བྱས་ལ་བུད་ཤིང་མཛེས་པར་བརྩིགས་ཏེ། མཆོད་པ་དང༌། གཏོར་མ་ལ་སོགས་པ་ལེགས་པར་བཤམས་ལ། མར་དང་ཏིལ་གཙོ་བོར་གྱུར་པའི་བསྲེག་རྫས་རྣམས་མདུན་དུ་ཉེ་བར་བཤམས་ཏེ། བདག་སྔ་དྲོའི་དུས་སུ་ཁ་ཤར་དུ་བལྟས། གོས་དང་རྒྱན་དཀར་པོས་བརྒྱན་ཏེ། དཔའ་བོ་གཅིག་པའི་རྣལ་འབྱོར་བསྙེན་པ་བཞིན་རྫོགས་པར་བྱས་ནས། ཅི་འབྱོར་གྱིས་བདག་ཉིད་ལ་མཆོད་ལ། ཡམ་ཤིང་ལ་མེ་སྦར་ཏེ། ཨོཾ་བཛྲ་ཛྭཱ་ལ་ཛྭཱ་ལ་ཧཱུྃ། ཞེས་བརྗོད་པས་ཐབ་དུ་མེ་སྦར་ལ། ཀུ་ཤའི་ཆུན་པོས་དྲི་ཞིམ་པོས་ཐབ་དང་ཡོ་བྱད་ཐམས་ཅད་ལ་གཏོར་ཞིང༌། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསམས་ལ། ཐབ་ཨོཾ་ཤཾ་གིས་སྟོང་པར་བསམ། ཨོཾ་བྷ་ཞེས་བརྗོད་པས། དྭངས་ཤིང་ཐོགས་པ་མེད་པ་དཀར་པོ་རྒྱ་དང་ཚད་ཡོངས་སུ་མ་ཆད་པར་བསྐྱེད་ལ། ཨོཾ་ཨགྣ་ཡེ་ཛཿཧཱུྃ་བྃ་ཧོཿ ཞེས་བྱ་བ་ཙམ་མམ། ཚིགས་བཅད་ལ་སོགས་པ་རྒྱས་པར་བྱས་ཀྱང་རུང་སྟེ། ཤར་ལྷོ་ནས་མེ་ལྷ་དཀར་པོ་ར་སྐྱེས་དང་པདྨ་དཀར་པོའི་གདན་ཅན། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་གཡས་རིན་པོ་ཆེ་དང༌། གཡོན་པདྨ། འོག་མ་གཉིས་ཀྱིས་གཡོན་རིལ་བ་དང༌། གཡས་དབྱུག་པ་འཛིན་པ་སྤྱན་དྲངས་ནས། ཐབ་ཁུང་དུ་བཞུགས་པ་ལ་མཆོད་ཡོན་ཞབས་བསིལ་དབུལ། མེ་ལྷའི་སྦྱིན་སྲེག་འདིར་དབུལ་བའམ། འོག་ཏུ་འབུལ་བ་གང་རུང་བྱས་ཏེ། གཞུང་ནས་འོག་ཏུ་བྱ་བར་བཤད་དོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་གོང་དུ་བཤད་པའི་ཚིགས་བཅད་ལ་སོགས་པས་སྤྱན་དྲངས་པ་ཐབ་ཀྱི་ཤར་དུ་པདྨའི་སྟེང་དུ། སྤྱན་དྲངས་པ་ལའང་ཅི་འབྱོར་གྱིས་མཆོད་དེ། མེ་ལྷའི་ལྟོ་བ་ཡངས་པར་སྤྱན་དྲངས་ལ། དེ་དག་གི་ཐུགས་ཀའི་འོད་དང༌། བདག་གི་ཐུགས་ཀའི་འོད་ཀྱིས་བསྒྲུབ་བྱའི་སྡིག་པ་རྣམས་བཀུག་སྟེ་མེ་ལ་ཐིམ་པས་སྡིག་པ་ཐམས་ཅད་བསྲེགས་པར་བསམས་ནས། བསྲེག་རྫས་རྣམས་སོ་སོར་བྱ་བའམ། ཐམས་ཅད་བསྲེས་ནས་བྱས་ཀྱང་བཏུབ་སྟེ། བདུད་རྩི་འཁྱིལ་པའི་སྔགས་བཏབ་པས་ཐམས་ཅད་བདུད་རྩིར་བསམས་ལ། ཨོཾ་ཨགྣ་ཡེ་ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་མེ་ལྷ་ལ་ལན་གསུམ་དབུལ་བར་བྱའོ། །དེ་ནས་མེ་ལྷའི་ལྟོ་བ་ན་བཞུགས་པའི་ཁམས་གསུམ་རྣམ་རྒྱལ་ལ། ཨོཾ་བཛྲ་སཏྭ་ཀྲོདྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོདྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་སྡིག་པ་ཐམས་ཅད་ཞི་བའམ། བར་ཆད་ཞི་བར་བྱ་བའི་དོན་དུ། ཁྲོ་བོ་ལ་ལན་གསུམ་ལ་སོགས་པ་ཅི་རིགས་པ་ཅིག་དབུལ་བར་བྱའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ་བུདྡྷ་དྷརྨཱ་སཾ་གྷེ་བྷྱོ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་དཀོན་མཆོག་གསུམ་ལ་ལན་ཅི་རིགས་པ་ཅིག་དབུལ་བར་བྱའོ། །དེ་ནས་ཡང་མེ་ལྷ་ལ་ལན་གསུམ་དབུལ་བར་བྱའོ། །དེ་ནས་རིག་སྔགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཁྲོ་བོའི་ལྟོ་བར་བསམས་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཅི་རིགས་པ་ཅིག་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྡོ་རྗེ་སེམས་དཔའི་ལྟོ་བར་སྤྱན་དྲངས་ལ། རང་རང་གི་སྔགས་སམ། རྩ་བའི་རིག་པས་ཅི་འབྱོར་པ་དབུལ་བར་བྱའོ། །དེ་ནས་ཡང་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ། བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་ལན་མང་དུ་དབུལ་བར་བྱའོ། །དེ་ནས་ཕྱོགས་སྐྱོང་བ་དང༌། བགེགས་ལ་སོགས་པ་ཐབ་ཀྱི་ཕྱོགས་གཅིག་ཏུ་བཀུག་ལ། རང་རང་གི་སྔགས་ཀྱིས་ཅི་རིགས་པ་དབུལ་ལོ། །དེ་ནས་ཡང་རང་གི་ཆོས་སྐྱོང་བ་དཔའ་མགོན་པོ་ལ་སོགས་པ་ཐབ་ཀྱི་ཕྱོགས་གཅིག་ཏུ་བཀུག་ལ། རང་རང་གི་སྔགས་ཀྱིས་ཅི་རིགས་པ་དབུལ་ལོ། །དེ་ནས་རྩ་བའི་རིག་པས་རིགས་དྲུག་ཀུན་ལ་ཅི་རིགས་པ་སྦྱིན་ནོ། །དེ་ནས་ཡང་མེ་ལྷ་ཉིད་ལ་ཅི་རིགས་པ་སྦྱིན་པར་བྱའོ། །མཇུག་གི་བྱ་བ་ནི། མེ་ལྟར་འབར་བ་ལས། དེ་ཡི་ལུས་ལ་དབང་བསྐུར་ཅིང༌། །མཉམ་པར་གཞག་པས་བསྲུངས་ནས་ཀྱང༌། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་སུ་གསོལ། །ཞེས་འབྱུང་སྟེ། དེའི་དོན་ནི་འདི་ཡིན་ཏེ། སྦྱིན་སྲེག་རྫོགས་པ་དང༌། བསྒྲུབ་བྱ་ལ་ཅི་རིགས་པས་དབང་བསྐུར་ལ། མེ་ལྟར་འབར་བའི་སྔགས་ཀྱིས་བསྲུང་བ་བྱས་ལ་ལྷ་ཐམས་ཅད་ལ་ཅི་འབྱོར་པས་མཆོད་དེ། ཡི་གེ་བརྒྱ་པ་བརྗོད་ལ་ཆོ་ག་ལྷག་ཆད་ཁ་བསྐངས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ན་སྦྱིན་སྲེག་དབང་དང་འབྲེལ་པར་བྱེད་ན། ལྷ་བསྒྲུབས་ནས་མཆོད་པའི་སྐབས་སུ་སྦྱིན་སྲེག་བྱས་ལ། གདོད་དབང་བསྐུར་བ་དང༌། བཟླས་པ་དང༌། ཕྱིར་བཟློག་བྱ་བའམ། མཇུག་ཏུ་སྦྱིན་སྲེག་བྱས་ལ། མཇུག་གི་ཆོ་ག་བྱ་བ་གང་རུང་ཡིན་ནོ། །དགོས་པ་ནི་ཀུན་རིག་ནས། དེ་ཡི་མིང་ནས་བརྗོད་ནས་ཀྱང༌། །མཁས་པས་འབུམ་ཕྲག་བརྒྱ་འམ་ནི། །ཡང་ན་བརྒྱ་ཕྲག་སྟོང་སྙེད་དུ། །སྦྱིན་སྲེག་བྱས་པར་གྱུར་པ་ནི། །དམྱལ་བ་ཆེན་པོར་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་བྱ་བ་དང༌། སྡིག་པ་བྱང་བའི་རྟགས་ཀྱང༌། ཡང་ན་ཧོམ་ཁུང་ནང་དུ་ནི། །མེ་ཡི་ལྟས་ནི་སྟོན་པར་འགྱུར། །དཀར་པོ་ཉིད་དང་གཡས་སུ་འཁྱིལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤོགས་ཆོག་ནི་བདག་མེད་བསྒོམ་པའོ། །ཞི་བའི་སྦྱིན་སྲེག་གོ །ལས་འོག་མ་གསུམ་པོ་ལ་མི་འདྲ་བའི་ཁྱད་པར་བག་ཙམ་རེ་བཤད་པས་རྟོགས་པར་འགྱུར་བས་ན་དེ་བརྗོད་པར་བྱའོ། །དེ་ལ་རྒྱས་པའི་ཐབ་ཀྱི་ཁྱད་པར་ནི། ཁྲུ་དོ་པ་ནས་བརྒྱད་པའི་བར་སེར་པོ་དབུས་རིན་པོ་ཆེས་མཚན་པ་གྲུ་བཞི་པའོ། །བུད་ཤིང་དང་མཆོད་རྫས་ཐམས་ཅད་སེར་པོའོ། །ཡམ་ཤིང་ནི་མཛུབ་གང་བ་ནས། ཁྲུ་བཞི་པའི་བར་རོ། །བསྲེག་རྫས་ནི། འབྲུ་སྣ་ཚོགས་དང༌། མེ་ཏོག་སེར་པོ་སྣ་ཚོགས་དང༌། མར་དང་སྦྲང་རྩི་དང༌། དཔལ་འབྲས་རྣམས་སོ། །སྒྲུབ་པ་པོ་ནི་གོས་དང་རྒྱན་སེར་པོ་དང་ཉི་མའི་གུང་ལ་ཁ་བྱང་དུ་བལྟས་ལ་རྒྱས་པའི་བསམ་པས་བྱའོ། །སྤྱན་དྲང་དང་མཆོད་བསྟོད་ནི། འཇིག་རྟེན་པ་དང་འདས་པ་ཐམས་ཅད་སེར་པོ་རིན་པོ་ཆེའི་རྒྱན་ཅན་ཡིན་ལ། ཁྱད་པར་དུ་མཇུག་ཏུ་རྣམ་ཐོས་སྲས་ལ་སོགས་པའི་གནོད་སྦྱིན་རྣམས་ལ་མང་དུ་མཆོད་ལ། བདག་གཞན་གྱི་བསམ་པ་ཐམས་ཅད་ཚིམ་ཞིང་རྒྱས་པར་བྱས་པར་བསམ་མོ། །དགོས་པ་ནི། དེ་ནི་བདེ་འགྲོར་སྐྱེས་ནས་ཀྱང༌། །མཁས་པས་རྒྱས་པར་བྱ་དགོས་ཏེ། །ཞེས་པ་དང༌། ལུས་ཅན་དེ་ཡི་ཚེ་དང་དཔལ། །གཟི་བརྗིད་བདེ་བའི་ལོངས་སྤྱོད་འཕེལ། །ཞེས་བཤད་དོ། །སྔགས་ཀྱི་སྤེལ་ཚིག་མ་གཏོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །རྒྱས་པའི་སྦྱིན་སྲེག་གོ།  །།དབང་གི་ནི། དེ་ནས་ཕན་ཕྱིར་ངེས་པར་ཡང༌། །དབང་དུ་བྱ་བའི་ལས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པའི་དོན་ནི། ཐབ་ཀྱི་ཁྱད་པར་ནི། ཁྲུ་གང་བ་ནས་བཞི་པའི་བར་ཅི་རིགས་པར་དམར་པོ་གཞུའི་དབྱིབས་ལྟ་བུ་དབུས་སུ་པདྨ་བྲིས་པའོ། །འདི་ལ་ཁོར་ཡུག་ཀྱང་ཁྱད་པར་དུ་མདའ་གཞུའོ། །བུད་ཤིང་དང༌། མཆོད་རྫས་ཐམས་ཅད་ནི་དམར་པོའོ། །བུད་ཤིང་ནི། ཞི་བ་དང་ཚད་མཉམ་པ་ལས་རྒྱུ་དམར་པོའམ། བཙག་ལ་སོགས་པས་དམར་པོར་བསྐུས་པའོ། །བསྲེག་རྫས་ནི་པདྨ་ལ་སོགས་ཏེ་མེ་ཏོག་དང་འབྲས་བུ་དམར་པོ་ཉིད་དོ། །དམར་པོ་མ་ཡིན་པ་རྣམས་ཀྱང་དམར་པོར་བསྐུས་པ་དང༌། མར་དང༌། གུར་གུམ་དང༌། ཙནྡན་དམར་པོ་དང༌། ཡུངས་དམར་དང༌། བཙག མཚལ། ཟངས་ཕྱེ། སྐེ་ཚེ། ལན་ཚྭ། ཏིལ། ཞི་མཚེ། ལ་ཕུག ཡུངས་མར། ཁྲག དངུལ་ཆེན་པོ་རྣམས་ཡིན་ནོ། །སྒྲུབ་པ་པོ་ནི། གོས་དང་རྒྱན་དམར་པོ་དང་ཆགས་པའི་ཡིད་ཀྱིས་ཕྱི་དྲོར་ཁ་ནུབ་ཏུ་བལྟས་ནས་བྱའོ། །འཇིག་རྟེན་པ་དང་འདས་པའི་ལྷ་རྣམས་དམར་པོར་སྤྱན་དྲང་ཞིང་མཆོད་པར་བྱའོ། །ཕན་ཡོན་ནི། སྦྱིན་སྲེག་བྱས་ན་ལྷ་ལ་སོགས། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །ཞེས་སོ། །སྔགས་རྣམས་ཀྱི་སྤེལ་ཚིག་མ་གཏོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དབང་གི་སྦྱིན་སྲེག་གོ།  །།དྲག་པོ་ནི། དེ་ལ་གདོན་རྣམས་གཞོམ་པའི་ཕྱིར། །མངོན་སྤྱོད་ཀྱང་ནི་བརྩམ་བྱ་སྟེ། །ཞེས་བྱ་བ་ལ་སོགས་པའི་དོན་ནི། ཐབ་ཀྱི་ཁྱད་པར་ནི། ཁྲུ་བྱེད་དང་གསུམ་པ་ནས་དགུ་པའི་བར་ནག་པོ་གྲུ་གསུམ་པ་དབུས་སུ་རྡོ་རྗེ་རྩེ་དགུ་པ་དང༌། རྩེ་གསུམ་པ་དང༌། རྡོ་རྗེ་རྒྱ་གྲམ་དང༌། རྡོ་རྗེ་དབྱུག་པ་དང༌། རྡོ་རྗེ་རྩེ་གསུམ་པའི་དབྱུག་པ་དང་ལྔས་བརྒྱན་ལ་དགྲ་སྟྭས་མཐའ་མ་བསྐོར་བའོ། །མཆོད་རྫས་རྣམས་ཀྱང་ནག་པོ་སྟེ། ཤ་དང་ཁྲག་གིས་གང་བའི་ཐོད་པའོ། །བསྲེག་རྫས་ནི། ཁྲག་དང༌། དུག་དང༌། ཡུངས་མར་དང༌། ཡུངས་ཀར་དང༌། ཡུངས་དམར་རོ། །སྒྲུབ་པ་པོ་ནི། གོས་དང༌། རྒྱན་ནག་པོ་དང༌། བགེགས་ཚར་བཅད་པའི་ཡིད་ཀྱིས་སྲོད་དམ། ནམ་གྱི་གུང་ལ་ཁ་ལྷོར་བལྟས་ལ་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ནག་པོའི་རྣམ་པར་སྤྱན་དྲངས་ལ་མཆོད་པར་བྱའོ། །དགོས་པ་ནི། དེ་ནས་དེ་ཡི་སྡིག་འཇོམས་ལུས། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང༌། །ཁམས་གསུམ་ན་ནི་ཅི་བདེར་སྤྱོད། །ཅེས་བཤད་དོ། །སྔགས་རྣམས་ཀྱི་སྤེལ་ཚིག་མ་གཏོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་ཉམས་སུ་བླང་བར་བྱའོ། །དྲག་པོའི་སྦྱིན་སྲེག་གོ །དེ་ལྟ་བུ་སྦྱིན་སྲེག་རྣམས་ཚེ་དང་ལྡན་པ་རྣམས་ཀྱི་དོན་དུའང་བྱ་བ་སྟེ། ཚེ་དཔག་མེད་དེ་ཉིད་ལས། གོ་རིམ་འདི་དག་ཉིད་ཀྱིས་ནི། །ཚེ་ལྡན་རྣམས་ལའང་བྱ་བ་སྟེ། །དེ་ནས་གང་གིས་ཕྱིར་བྱས་པ། །དེ་ཡི་ཕྱིར་ཡང་དེ་བཞིན་འགྱུར། །གཞན་དག་ཀྱང་ནི་ལས་རྣམས་ཀྱང༌། །སྔ་མ་ཇི་བཞིན་དེ་ལྟར་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལའང༌། །མྱུར་དུ་བདེ་སྐྱིད་ཐོབ་པར་འགྱུར། །ཞེས་བཤད་པས་སོ། །སྦྱིན་སྲེག་གིས་དོན་བྱ་བ་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་ལྔ་པ་རོ་བསྲེགས་ཏེ་སྡིག་པ་སྦྱང་བ་ཀུན་རིག་ཉིད་ནས་འབྱུང་བ་དེ་བཤད་པར་བྱའོ། །དེ་ལ་དོན་བརྒྱད་དེ། ཐབ་ཁུང་བྱ་བ་དང༌། རྒྱན་དགྲམ་པ་དང༌། བསྲེག་རྫས་བཤམ་པ་དང༌། བུད་ཤིང་བརྩིག་པ་དང༌། བདག་གི་རྣལ་འབྱོར་དང༌། རོ་ཆས་སུ་གཞུག་པ་དང༌། མེ་སྦར་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲངས་ལ་མཆོད་པ་དང༌། མཇུག་གི་བྱ་བའོ། །དང་པོ་ནི། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ལ། །རྡོ་རྗེས་མཐའ་མ་བསྐོར་བ་ཡི། །འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་པ་ཡི་ཕྱོགས་སུ་བྲི། །དེ་བཞིན་སེམས་དཔའ་རྣམས་དང་ནི། །འཇིག་རྟེན་གཙོ་བོ་ལ་སོགས་བྲི། །ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། ཕྱི་དྲོའི་དུས་སུ་མཐོང་བ་བརྒྱུད་པ་བཞིན་ཐིག་གདབ། རོ་ནར་མོར་བསྲེག་ན་ཁྲུ་བཞི་པ། ཙོག་ཙོག་པུར་བསྲེག་ན་ཁྲུ་གང་པ་ལ་ཤོང་པས་ཁྲུ་ཕྱེད་མར་བྲུས་པའམ་མ་བྲུས་ཀྱང་རུང་སྟེ་ཁྲུ་གང་པ་ཟླུམ་པོ་དཔངས་ཅི་རིགས་པ་བརྩིགས་ལ། དེའི་ཁ་ལ་རྡོ་རྗེའི་ཕྲེང་བ་བྲི་བར་བྱ། ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ། འཁོར་ལོ་དཀར་པོ།«་་་་་རྡོ་རྗེ་ཟེར་བའང་འདུག »ཕྱོགས་བཞིར་རྡོ་རྗེ་དང༌།«་་་་་འཁོར་ལོའང་ཟེར། །»རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་དང༌། མཚམས་སུ་ལྷ་མོ་བཞིའི་མཚན་མ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་པ་ལ་སེམས་དཔའ་བཅུ་དྲུག་གི་མཚན་མ་དགོད། ཡང་ནང་ལེ་ཙེ་དགུར་བྱས་ལ་ལྷ་དགུའི་མཚན་མ་དགོད། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་པ་ལ་སེམས་དཔའ་དགོད་པ་འདྲ་གསུངས། དེའི་ཕྱིར་རོལ་དུ་རྒྱ་དང་དཔངས་སོར་བཞི་པ་གཞི་དཀར་པོ་ལ་སྣ་ཚོགས་རྡོ་རྗེ་ལྗང་གུ། དེའི་ཕྱི་རོལ་ཏུ་ཁོར་ཡུག་ལ་རྒྱ་དང་དཔངས་སོར་གཉིས་པ་ལྗང་གུ་ལ། རིན་པོ་ཆེ་སེར་པོ། དེའི་ཕྱི་རོལ་ཏུ་རྒྱ་དང་དཔངས་སོར་གཅིག་པ་སེར་པོ་ལ་པདྨ་དམར་པོ་བྲི། ཡང་ན། དཔངས་སུ་མ་བྱས་པར་གཞི་མཉམ་པོ་ལ་བྲིའོ། །དེའི་ཕྱི་རོལ་ཏུ་ལྷ་སྣམ་ལ་སེམས་དཔའ་བཅུ་དྲུག་དང༌། ཉན་ཐོས་དང༌། རང་རྒྱལ་དང༌། ཁྲོ་བོ་རྣམས་བྲི། སྒོ་བྱེད་ན་སྒོ་བ་རྣམས་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་ཁོར་ཡུག་ལ་འཇིག་རྟེན་པ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་བརྒྱད། རྒྱུ་སྐར་དང་བཅས་པ་དང༌། འཇིགས་བྱེད་བརྒྱད་དང༌། ཕྱོགས་སྐྱོང་བཅུ་དང༌། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་མིང་ངམ། བརྡའམ། ཐིག་ལེ་རེ་བྲི་བར་བྱའོ། །དེ་ནས་གཉིས་པ་རྒྱན་དགྲམ་པར་བྱ་སྟེ། བྱ་དང་བུམ་པ་གང་བ་དང༌། །གཏོར་མས་སྣོད་རྣམས་བཀང་བ་དང༌། །བརྒྱད་སྙེད་ཙམ་དུ་བཞག་པའམ། །ཡང་ན་བཅུ་དྲུག་སྙེད་དུ་བཞག །བཟའ་བ་དང་ནི་བཅའ་བའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ཀྱིས་ལེགས་པར་བརྒྱན། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། མེ་ཏོག་ལ་སོགས་པ་ཅི་འབྱོར་པ་དང༌། བླ་རེ་ལ་སོགས་པ་བཤམ། གཏོར་མ་ནི། གཏོར་མ་ཆ་གསུམ་གཞི་བདག་ལ་གཅིག རིགས་དྲུག་ལ་གཅིག ཡི་དྭགས་ལ་གཅིག་སྟེ། དྲུག་ནི་ཅིས་ཀྱང་བཤམ། དེ་ནས་ཅི་འབྱོར་པ་བཤམ་མོ། །གསུམ་པ་བསྲེག་རྫས་བཤམ་པ་དང༌། བཞི་པ་བུད་ཤིང་བརྩིག་པ་དང༌། ལྔ་པ་བདག་གི་རྣལ་འབྱོར་རྣམས་ནི། ལྷ་ཡི་སྦྱོར་བས་རབ་གནས་ལ། །ག་བུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་ལ། །དྲི་ཡི་ཆུ་ཡིས་ལེགས་བཀང་སྟེ། །འབྲས་ཆན་ཡོས་དང་ལ་དུ་དང༌། །སྦྲང་རྩི་ཀ་ར་དང་ལྡན་པས། །བརྒྱ་ཕྲག་དུ་མར་ཡོངས་བཟླས་ལ། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། །རང་གི་སྔགས་ཀྱིས་བཏབ་པའི་ཤིང༌། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་འབྱུང་བའི་དོན་ནི། གོང་དུ་སྨྲོས་པའི་བསྲེག་རྫས་རྣམས་ཅི་འབྱོར་ལེགས་པར་སྟ་གོན་བྱའོ། །དེ་ནས་བུད་ཤིང་ལ་རྩ་བའི་རིག་པ་ཟློས་ཤིང་དྲི་ཞིམ་པོའི་ཆུས་གཏོར་བ་ཁུང་བུར་ལེགས་པར་བརྩིག སྒྱེད་པོ་ཡང་གཟུགས་སོ། །དེ་ནས་རོའི་དྲུང་དུ། ཅི་འབྱོར་གྱི་མཆོད་པ་བཤམས་ལ། བདག་གི་རྣལ་འབྱོར་ལས་ཁ་ཚར་བ་སྔོན་དུ་སོང་ཡང་རུང༌། མ་སོང་ཡང་རུང་སྟེ། དཔའ་བོ་གཅིག་པའི་རྣལ་འབྱོར་བྱས་ལ་བཟླས་པ་ཅི་རིགས་པ་བྱས་ལ་རོའི་བྱ་བ་ལ་འཇུག་པར་བྱའོ། །དྲུག་པ་རོ་ཆས་སུ་གཞུག་པ་ནི། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་ཀླུབས་ནས་ཀྱང༌། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །གཙུག་ཕུད་དཔུང་པར་དེ་བཞིན་དུ། །སྔགས་བྲིས་པ་ནི་གདགས་པར་བྱ། །སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦ་བིད་ཀྱིས་བྱིན་གྱིས་བརླབ། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང༌། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་དང་ནི། །དེ་ལྟར་གཞན་དུ་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་བཞག་གོ །དེ་ནས་ངན་སོང་སྦྱང་བའི་ཕྱིར། །སྟན་དང་བཅས་ཏེ་ཐབ་དབུས་སུ། །བཞག་པ་ཉིད་དུ་བྱ་བ་ཡིན། །དེ་ནས་སྔགས་འཆང་སྔགས་ཀྱིས་ནི། །བཏབ་པའི་གོས་ཀྱིས་གཡོགས་པར་བྱ། །ཞེས་བྱ་བ་བཤད་པ་དེ་དག་གི་དོན་ནི་འདི་ཡིན་ཏེ། བདག་གི་རྣལ་འབྱོར་རྫོགས་པ་དང༌། གཏོར་མས་བགེགས་ཞི་བས་སྦྱང༌། ཞི་དྲག་ཕྱེད་མས་སྦྱང༌། བགེགས་དྲག་པོས་ཉེ་བར་ཞི་བར་བྱ་བའི་དོན་དུ། ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ལན་ཅི་རིགས་པས་བཟླས་པས། བགེགས་བསལ་ལོ། །བུམ་པ་ལ་རྩ་བའི་རིག་པ་བཟླས་པའི་ཆུས་བཀྲུ་བར་བྱའོ། །རྩ་རིག་བཟླས་པའི་དྲིས་ཉེ་བར་བྱུག་པར་བྱའོ། །རྩ་རིག་བཟླས་ཏེ། སྟོད་གཡོགས་དང༌། སྨད་གཡོགས་དང༌། ཅི་རིགས་པའི་རྒྱན་གྱིས་ཀླུབས་ཏེ་མཛེས་པར་བྱའོ། །གུ་གུལ་ལ་སོགས་པའི་དུད་པས་བདུག་ཅིང༌། ཁྲོ་བོ་གང་ཡིན་པའི་སྔགས་བཟླ་བར་བྱས་ནས། རོ་དེ་ཉིད་ལྷ་ཡིན་སྙམ་དུ་བསམས་ལ་ཅི་འབྱོར་བའི་མཆོད་པས་མཆོད་དེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་ག་དང༌། ལྐོག་མ་དང༌། སྤྱི་གཙུག་དང༌། ཁ་རྣམས་སུ་གཏུག་ཅིང༌། ཨོཾ་སརྦྦ་བིད་བཛྲ་ཨ་དྷི་ཏིཥྛཱ་ཛྙཱ་ན་ས་མ་ཡེ་ཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབས་ལ། ཉིན་མོར་ཤོག་བུ་ལ་བྲིས་ཏེ། སྟ་གོན་བྱས་པའི་ཡི་གེ་རྣམས་གནས་བཅོ་བརྒྱད་པོ་རྣམས་སུ་གདགས་པར་བྱའོ། །དེ་ནི་དཔྲལ་བའི་ཕྱོགས་མཛོད་སྤུ་རུ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷ་སརྦྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའོ། །དེ་བཞིན་དུ་རྣ་བ་གཡས་པ་ལ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། ཨོཾ་སརྦྦ་ཨ་པཱ་ཡཾ། སརྦྦ་སཏྭ་བྷྱོ་ཧཱུྃ། རྣ་བ་གཡོན་པ་ལ། ཨོཾ་སརྦྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ། མགོ་བོའི་གཙུག་ཕུད་ལ། ཨོཾ་ཏྲ་ཐ། དཔུང་པ་གཉིས་ལ་ཧཱུྃ་གཉིས་སོ། །སྣ་གོང་ལ། ཨོཾ་སརྦྦ་བིད་སརྦྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། རྐད་པ་ལ་ཨོཾ་སརྦ་བིད་ཧཱུྃ། དཔུས་མོ་གཡས་པ་ལ། ཨོཾ་སརྦྦ་བིད་ཕཊ། གཡོན་པ་ལ། ཨོཾ་སརྦྦ་བིད་ཨཿ བོལ་གོང་གཡས་པ་ལ། ཨོཾ་སརྦྦ་བིད་ཏཱ་ཐ། གཡོན་པ་ལ། ཨོཾ་སརྦ་བིད་ཨོཾ། ལོང་བུ་གཡས་པ་ལ། ཨོཾ་སརྦྦ་བིད་སྭ། གཡོན་པ་ལ། ཨོཾ་སརྦ་བིད་ཨཿ སྣ་རྩེར། ཨོཾ་སརྦྦ་བིད་ཧཱུྃ། མིག་གཡས་སུ། ཨོཾ་སརྦྦ་བིད་ཏྲ་ཐ། གཡོན་དུ། ཨོཾ་ཤ། གསང་བའི་གནས་སུ། ཨོཾ་བྷ། སྙིང་ག་རྩ་བའི་རིག་པ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བ་གདགས་པར་བྱ་སྟེ། ཀུན་རིག་ནས་འབྱུང་བའི་སྔགས་དེ་དག་བྲིས་ཏེ། བཏགས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་ཉིད་ནས་བཤད་དོ། །དེ་ཙམ་མ་གྲུབ་ན། གཞུང་ནས། གཙུག་ཕུད་དཔུང་པར་དེ་བཞིན་དུ། །སྔགས་བྲིས་པ་ནི་གདགས་པར་བྱ། །ཞེས་འབྱུང་བས། སྔགས་རྣམས་རྫོགས་པ་ཚར་གསུམ་བྲིས་ལ། མགོ་དང༌། དཔུང་པ་གཉིས་ཀྱི་ཕྱོགས་སུ་བཏགས་ལ། གཞན་གནས་བཅོ་བརྒྱད་པོ་རྣམས་སུ། དེ་ལྟར་གཞན་དུ་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་བཞག་གོ །ཞེས་པས་གནས་བཅོ་བརྒྱད་པོར་སྔར་བཞིན་བྲིས་ནས་ལྷན་པ་བཞིན་བསམས་ཀྱང་འགལ་བ་མེད་དོ། །ཞེས་མཚན་རྙིང་པའི་བཤད་པ་ལས་འབྱུང་སྟེ། དེ་ནི་ལེགས་པར་རྟོགས་སོ། །དེ་ནས་རས་ཁྲུ་གང་པ་ལ་སོགས་པའི་སྟན་དང་བཅས་ཏེ་རོལ་མོ་དང༌། བགེགས་བསྐྲད་པ་དང་བཅས་པས་ཐབ་ཀྱི་དབུས་སུ་བཅུག་ལ། ཡང་རྩ་བའི་རིག་པ་ཟློས་བཞིན་དུ། ཅི་རིགས་པའི་གོས་ཀྱིས་གཡོགས་པར་བྱའོ། །བདུན་པ་མེ་སྦར་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྤྱན་དྲངས་ལ་མཆོད་པ་ནི། དེ་ཡན་ཆད་དུ་ཕྱིའི་དཀྱིལ་འཁོར་མ་བྲིས་ན། ད་གཟོད་ཕན་ཆད་དཀྱིལ་འཁོར་བྲི། རྒྱན་དགྲམ། བསྲེག་རྫས་ལ་སོགས་དགོས་པ་རྣམས་ཉེ་འཁོར་དུ་སྟ་གོན་བྱས་ལ། དེ་ནས་བྱིན་ཟ་དགེ་བ་རབ་སྦར་ལ། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །ཟླ་དཀར་ཀུནྡའི་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒ་ལ་སོགས་བརྟགས་ནས་དེ་བཞིན་དུ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་སོགས་བཞག །ཅེས་བྱ་བ་དང༌། དེ་ནས་ཚིགས་བཅད་གཅིག་གིས་རྗེས་ལ་དེ་ནས་བྱིན་ཟ་ལ་ནི་བརྟག་བྱ་བ། །བསྲེག་བྱ་ལ་བཀང་སྟེ་ཐར་བར་བྱ་བའི་ཕྱིར། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། མེ་སྦར་ཏེ་ཐབ་དང་ཡོ་བྱད་ཐམས་ཅད་ལ་བདུད་རྩི་འཁྱིལ་བའི་སྔགས་ཟློས་ཤིང༌། ཀུ་ཤའི་ཆུན་པོས་དྲིའི་ཆུས་གཏོར་ལ་བགེགས་དང༌། མི་གཙང་བ་ཐམས་ཅད་བསངས་ལ། ལས་ཁ་ཚར་བ་སྔོན་དུ་སོང་བས་བདག་གི་རྣལ་འབྱོར་དཔའ་བོ་གཅིག་པའི་བསྙེན་པ་བཞིན་རྫོགས་པར་བསྒོམས་ལ། བཟླས་པ་ཅི་རིགས་པ་བྱས་ལ་མཆོད་པ་ལ་འཇུག་པར་བྱ་སྟེ། རྡོ་རྗེ་དྲིལ་བུ་འཛིན་པའི་སྔགས་པས། ཚིགས་བཅད་ཅི་ཤེས་པ་དབྱངས་དང་བཅས་པ་དང༌། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ། སརྦ་ཀརྨྨ་པྲ་སཱ་དྷ་ཀ ཀཱ་རུ་ཎྱ་ཀྲྀ་ཏྭ་སཏྭཱརྠ། ཨསྨན་སནྣ་ཧི་ཏོ་བྷ་བ། ཞེས་བྱ་བས། མེའི་ཕྱོགས་ནས། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། པདྨ་དང་ར་དཀར་པོའི་གདན་ལ་བཞུགས་པ། གཡས་རིན་ཆེན། དབྱུག་པ། གཡོན་པདྨ། སྤྱི་བླུགས་འཛིན་པ། སྤྱན་དྲངས་ལ་ཐབ་ཏུ་བཞུགས་སུ་གསོལ་ཏེ། མཆོད་ཡོན་སྔོན་དུ་སོང་བའི་མཆོད་པས་མཆོད་ལ། བསྲེག་རྫས་རྣམས་བདུད་རྩིར་བསམས་ཏེ། ཐམས་ཅད་བསྲེས་པའམ། སོ་སོར་བྱས་ཀྱང་རུང་སྟེ། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ད་ཧ་ན་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས། སྦྱིན་སྲེག་ལན་ཅི་རིགས་པ་ཕུལ་ལ་བསྟོད་པར་བྱའོ། །དེ་ནས་མེ་ལྟར་འབར་བ་ནས་འབྱུང་བ་བཞིན། ཁྲོ་བོ་མེ་ལྟར་འབར་བ་སྤྱན་དྲངས་ལ་ལན་གསུམ་དབུལ་ལོ། །དེ་ནས་དཀོན་མཆོག་གསུམ་ལ་ལན་གསུམ་དབུལ་བར་བྱའོ། །དེ་ཡང་དབུལ་བ་ནི། ཇི་སྐད་གསུངས་ཤིང་ཡོན་ཏན་འདོད་པ་ཡིས། །དེ་བཞིན་གཤེགས་ཚོགས་དེ་ལྟར་སྤྱན་དྲངས་ལ། །ཨརྒྷ་ལ་སོགས་བརྟགས་ཏེ་དེ་བཞིན་དུ། །བདེ་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །ཞེས་བྱ་བ་དང༌། དེ་ནས་བསྲེག་བྱས་བཀང་སྟེ་རིམ་བཞིན་གྱིས། །རྒྱལ་ལ་སོགས་པ་བརྒྱ་རྩ་བརྒྱད་དུ་བརྟག །དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ལ། །བསྲེག་པར་བྱ་བ་ཉི་ཤུ་རྩ་གཅིག་བརྟག །དེ་ནས་སྤྱན་དྲངས་ཡོ་བྱད་ལན་གསུམ་དང༌། །ཨརྒྷ་ལ་སོགས་པདྨ་དཀར་ཞལ་མཆོད། །ཅེས་བྱ་བའི་དོན་ནི་འདི་ཡིན་ཏེ། སྔར་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་ཚིགས་བཅད་དབྱངས་དང་བཅས་པས། དཀྱིལ་འཁོར་གྱི་འཁོར་ལོ་འཁོར་དང་བཅས་པ་མེ་ལྷའི་ལྟོ་བར་སྤྱན་དྲངས་ལ། སྔར་དཀྱིལ་འཁོར་དུ་བཤད་པའི་མཆོད་པས་མཆོད་ལ། ཅི་རིགས་པས་བསྟོད་དེ། བསྲེག་རྫས་གཞན་རྣམས་དང༌། རོའི་ཤ་ཁྲག་རུས་པ་དང་བཅས་པ་རྣམས་བདུད་རྩིར་བསམས་ཏེ། རྩ་བའི་རིག་པའི་མཇུག་ཏུ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ལ། གཙོ་བོ་ལ་བརྒྱ་རྩ་བརྒྱད་དུ་དབུལ་བར་བྱའོ། །དེ་ནས་གཙོ་བོའི་ཤར་ཕྱོགས་ན་བཞུགས་པའི་སྦྱོང་བའི་རྒྱལ་པོ་ལ་རང་གི་སྔགས་ཀྱིས་ཉི་ཤུ་རྩ་གཅིག་དབུལ་བར་བྱའོ། །དེ་ནས་འཁོར་གཞན་རྣམས་ལ། རང་རང་གི་སྔགས་ཀྱིས་ལན་གསུམ་གསུམ་ཕུལ་ལ། མཆོད་དེ། བསྟོད་པར་བྱའོ། །དེ་ནས་ཡང༌། ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གཟུགས། །ཞབས་ཀྱི་པདྨས་སྡིག་མནན་ཞིང༌། །རྒྱན་རྣམས་ཀུན་གྱིས་རབ་རྫོགས་པ། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་མཐོ། །བསམས་སམ་ཡང་ན་བྲིས་ཀྱང་རུང༌། །དེ་ཡི་སྙིང་པོས་དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །ཅི་སྟེ་མཚན་མ་ལ་སོགས་བྱུང༌། །དེ་བཞིན་སྡིག་ཅན་རྒྱུད་ཤེས་བྱ། །ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། དེ་ལྟར་དཀྱིལ་འཁོར་མཆོད་ནས། མ་གཤེགས་པར་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི་གཟུགས་སུ་བཞུགས་པ་སྤྱན་དྲངས་ལ། ཀུན་རིག་གི་སྤྱན་སྔར་བཞུགས་སུ་གསོལ་ལ་ཅི་འབྱོར་གྱིས་མཆོད་དེ། སྦྱིན་སྲེག་བྱ་བ་ནི། བསྲེག་རྫས་རྣམས་དང༌། རོའི་ཤ་དང༌། ཁྲག་དང༌། རུས་པ་རྣམས་བདུད་རྩིར་བསམས་ལ་དབུལ་ཏེ། ཨོཾ་བཛྲ་སཏྭ་ཀྲོདྷ་ཨ་ན་ལཱ་རྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ཎཱན་ཧཱུྃ་ཕཊ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས། ལན་བརྒྱ་ནས་ཕྱེ་བའི་བར་ཅི་རིགས་པ་ཕུལ་བས་སྦྱིན་སྲེག་བྱའོ། །དེས་ནི་མེའི་དབུས་སུ་མཚན་མ་སྟོན་པ་ལ་སོགས་པ་སྡིག་པ་དག་པའི་རྟགས་རྣམས་ཞི་བའི་སྦྱིན་སྲེག་དང་མཐུན་པར་རྟོན་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང༌། ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་དཀྱིལ་འཁོར་གྱི་སྐབས་བཞིན་མཆོད་ཅིང་བསྟོད་དེ། ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར། ཡི་གེ་བརྒྱ་པ་བརྗོད་ཅིང་བཟོད་པར་གསོལ་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ལ་ཅུང་ཟད་མཆོད་དེ། གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཡང་མེ་ལྟར་འབར་བའི་སྐབས་ནས་འབྱུང་བ་བཞིན། རང་གི་ཆོས་སྐྱོང་དང༌། ལྷ་དང༌། ཀླུ་དང༌། ཕྱོགས་སྐྱོང་བ་དང༌། གཟའ་དང༌། རྒྱུ་སྐར་དང༌། འཇིགས་བྱེད་དང༌། རྒྱལ་ཆེན་བཞི་སྤྱན་དྲངས་ལ་རང་རང་གི་སྔགས་ཀྱིས་ཕུལ་ལ་མཆོད་དེ་རང་སར་གཏང་བར་བྱའོ། །དེ་ནས་ཡང་བགེགས་ལ་སོགས་པ་འཇིག་རྟེན་པ་རང་གི་ཡིད་ལ་འདོད་པ་གང་ཡིན་པ་བཀུག་ལ་མཆོད་ལ་གཏང་བར་བྱའོ། །དེ་ནས་ཡང་མེ་ལྷ་མཆོད་དེ་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ལ། ལྷག་ཆད་བཟོད་པར་གསོལ་ཏེ་མཉེས་པར་བྱས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། གཏོར་མ་རྣམས་བཏང༌། ཆོས་ཀྱི་སྦྱིན་པ་རྒྱས་པར་བྱ། དགེ་བའི་རྩ་བར་བསྔོ་བ་རྒྱས་པར་བྱ། །གསོན་པོ་རྣམས་བཀྲ་ཤིས་པའི་སྨོན་ལམ་ཡང་གདབ། བཀྲ་ཤིས་བྱ། ཡོན་བདག་གིས་སློབ་དཔོན་འཁོར་དང་བཅས་པ་ལ་སྟོན་མོ་དང༌། ཡོན་དབུལ་བ་དང༌། བསྔོ་བ་རྒྱས་པར་བྱའོ། །དེ་དག་ནུབ་གཅིག་ལ་བྱས་ཀྱང་རུང༌། ནུབ་གཉིས་པར་བྱེད་ན། རོ་ཆས་སུ་གཞུག་པ་ཡན་ཆད་ནུབ་གཅིག མེ་སྦར་བ་མན་ཆད་གཉིས་པ་ལ་བྱེད་པ་ཡིན་ཏེ་གང་ལྟར་ཡང་འགལ་བ་མེད་དོ། །རོ་བསྲེགས་ཏེ་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།།  །།ད་ནི་མཆོད་རྟེན་བྱ་བས་སྡིག་པ་སྦྱང་བ་ནི་གཉིས་ཏེ། བསྡུས་ཏེ་བྱ་བ་དང༌། རྒྱས་པར་བྱ་བའོ། །དང་པོ་ནི། རྒྱུད་འདི་ཉིད་ནས་འབྱུང་བ་ཡིན་ཏེ། དེ་ལ་དྲུག རུས་པའི་ཆོ་ག་དང༌། འཇིམ་པའི་ཆོ་ག་དང༌། མཆོད་རྟེན་གདབ་པ་དང༌། རབ་ཏུ་གནས་པ་བྱས་ཏེ་སྒྲུབ་པ་དང༌། རྟགས་མ་མཐོང་ན། སྤོགས་ཏེ་སྒྲུབ་པ་དང༌། ཕན་ཡོན་བསྟན་པའོ། །དང་པོ་ནི། རོ་སྲེག་གི་རྗེས་ཉིད་ལ་འབྱུང་བ། དེ་ནས་ཐལ་བར་གྱུར་པ་དང༌། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཐལ་བ་དེ་དང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང༌། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པས་བརྫིས་ནས་ནི། །ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། བསྲེག་ཁང་གི་དྲུང་དུ་ཕྱིན་ལ། ཨོཾ་བཛྲ་ས་མཱ་ཛཿ། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ཅིང་ལག་པ་བསྣོལ་ལ་སེ་གོལ་མང་དུ་བརྡབ་པར་བྱས་ལ་རུས་པ་བསྡུ་བར་བྱའོ། །དེ་ནས་བ་བྱུང་ལྔ་དང༌། དྲི་ཞིམ་པོའི་ཆུ་བསྲེས་པ་བུམ་པར་བླུགས་ལ་ལྷར་བསྐྱེད་ཅིང་མཆོད་ཀྱང་རུང༌། མ་བསྐྱེད་ཀྱང་རུང་སྟེ་རྩ་བའི་རིག་པ་མང་དུ་བཟླས་པས། ཆུ་བྱིན་རླབས་ཅན་དུ་བྱས་པ་དེས། རྩ་རིག་གི་རྗེས་ལ་སྦྱོང་བའི་རྒྱལ་པོའི་སྔགས་ཟློས་པ་དང་བཅས་པས་བཀྲུས་ལ་ཞིབ་ཏུ་བརྫི་ཞིང༌། བརྡུང་བར་བྱའོ། །གཉིས་པ་ནི། ག་པུར་དྲི་དང་བསྒོས་པ་ཡིས། །འཇིམ་པ་དང་ནི་བསྲེས་ནས་ཀྱང༌། །ཞེས་འབྱུང་སྟེ། རུས་བུ་དང་དྲི་བཟང་པོ་དང་འཇིམ་པ་གཙང་མ་བསྲེས་ལ། འཇིམ་པའི་གོང་བུ་ལ་ཡང་རྩ་རིག་མང་དུ་བཟླས་ཏེ་བྱིན་གྱིས་བརླབ་པར་བྱའོ། །གསུམ་པ་ནི། མདོར་བསྡུས་པའི་སྐབས་ནས་འབྱུང་ལ། དེ་ཡི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །ཞེས་པ་དང༌། གཟུགས་སུ་བྱ་བའམ་ཡང་ན་ནི། །མཆོད་རྟེན་གྱིས་ནི་ལྷར་བྱས་ལ། །ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། རྩ་བའི་རིག་པའི་མཇུག་ཏུ་ཆེ་གེ་མོ་ཞེས་བྱ་བའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་གུར་གུམ་གྱི་བྲིས་པ་འབི་འབིའི་དབུས་སུ་བཅུག་སྟེ། ལྷའི་སྐུའམ་མཆོད་རྟེན་དུ་རྩ་བའི་རིག་པ་བཟླས་ཤིང་གདབ་སྟེ། རིས་གྱིས་འབུམ་ནི་ཚང་ཙམ་དུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་ནི་ཚང་བར་བྱ། །ཞེས་འབྱུང་ངོ༌། །བཞི་པ་ནི། གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བར་དུ། །སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང༌། །འབུམ་ཕྲག་གཉིས་ཀྱི་བར་དུ་བཟླས། །ཞེས་འབྱུང་བའི་དོན་ནི། མཆོད་རྟེན་ཐབས་པ་དང༌། དེ་དག་སྟོང་པའི་ངང་ལས། མཆོད་རྟེན་དེ་ཉིད་ཆེན་པོར་མང་པོར་བསམས་ལ། བུམ་པའི་ནང་དུ་ཀུན་རིག་སོགས་རིགས་ལྔའམ། སུམ་ཅུ་སོ་བདུན་གྱི་བར་དུ་སྐད་ཅིག་གིས་བསྐྱེད་ལ། དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་བཞིན་ཡེ་ཤེས་པ་སྤྱན་དྲངས་ལ། རྩ་བའི་རིག་པ་ཉིས་འབུམ་གྱི་བར་ཅི་རིགས་པ་བཟླས་པས། བྱིན་གྱིས་བརླབས་ལ། ཅི་འགྲུབ་པས་མཆོད་དེ། གཏོར་མ་གཏང་བར་བྱའོ། །དེ་ནས་ཡང་མཆོད་རྟེན་རྣམས་ཞུ་བ་ལས། སླར་བཏབ་པའི་མཆོད་རྟེན་གྱི་རྣམ་པར་བསམས་ལ་ཕྱག་བྱས་ལ། ཅི་འབྱོར་པས་མཆོད་དེ་བསྟོད་ལ། སྨོན་ལམ་རྒྱས་པར་གདབ་བོ། །ལྔ་པ་རྟགས་མ་མཐོང་ན། སྤོགས་ཆོག་བྱ་བ་ནི། དེ་ནས་མཆོད་རྟེན་འབར་འགྱུར་རམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པའི་འོད་ཀྱང་རུང༌། །སྣང་ངམ་ཡང་ན་ངད་ལྡང་ངམ། །ལྷ་ལ་སོགས་པའི་རྣམ་པ་ནི། །སྣ་ཚོགས་པར་ནི་སྣང་འགྱུར་རམ། །རྫུ་འཕྲུལ་རྣམ་པར་འཕྲུལ་པའམ། །མེ་ཏོག་ལ་སོགས་འདོར་བ་དང༌། །དུང་དང་རྔ་ལ་སོགས་པའི་སྒྲ། །གླིང་བུ་པི་ཝང་ལ་སོགས་རྣམས། །ཞེས་བྱ་བས་ནི། སྡིག་པ་དག་པའི་ལྟས་བསྟན་ཏོ། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་ཅན་བློ་ཡིས་མ་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པར་མཆོད་ནས་ནི། །མཉམ་པར་བཞག་པས་བཟླས་པར་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང༌། །མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །ཞེས་འབྱུང་བའི་དོན་ནི། མཆོད་རྟེན་བྱས་པ་ལ་མཆོད་ཅིང༌། ཉིས་འབུམ་བཟླས་པས་ཀྱང་མ་གྲུབ་སྟེ། གྲུབ་པའི་རྟགས་མ་མཐོང་ན། འབུམ་ཕྲག་བརྒྱ་སྟོང་གི་བར་དུ་བཟླས་ཤིང་མཆོད་ལ། མཇུག་ཏུ་མཚན་ཐོག་ཐག་མི་ཉལ་བར་རྩ་བའི་རིག་པ་བཟླས་ན་རྟགས་མཐོང་སྟེ་འགྲུབ་པར་འགྱུར་རོ། །དྲུག་པ་ཕན་ཡོན་ནི། དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང༌། །ལྷ་ཡི་ལུས་ཀྱི་གཟུགས་འགྱུར་ལ། །རང་གི་རྒྱུད་དུ་ངོ་ཤེས་འགྱུར། །མཚན་མ་འདི་དག་ཤེས་ནས་ནི། །རྣམ་པར་མི་རྟོག་སེམས་ཀྱིས་ཀྱང༌། །བྱམས་དང་སྙིང་རྗེར་ལྡན་པ་ཡིས། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཞེས་བྱ་བ་དང༌། དེ་ནི་ངེས་པར་དམྱལ་གནས་ན། །དེ་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་འབྱུང་བའི་དོན་རྣམས་ནི་རྟོགས་པར་སླའོ། །རྒྱས་པར་བྱ་བའི་ཆོ་ག་ནི། སློབ་དཔོན་ཞི་བའི་སྙིང་པོས་མཛད་པའི་མཆོད་རྟེན་སྒྲུབ་པའི་ཆོ་གར་བལྟ་བར་བྱའོ། །མཆོད་རྟེན་བྱས་ཏེ་སྡིག་པ་སྦྱོང་བའི་ཆོ་ག་བསྟན་ཟིན་ཏོ།།  །།སྤྱི་དོན་བདུན་པ་རྟེན་མེད་པ་ལ་བྱ་བ་ནི། ཡང་ན་མེད་པར་གྱུར་ན་ཡང༌། །ཟློས་ཤིང་བསྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང༌། །མཆོད་རྟེན་ཕྲེང་བ་བྱ་བ་དང༌། །ཡང་ན་གཟུགས་སུ་བྲིས་ཀྱང་རུང༌། །སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་པ་དང༌། ཤཱཀ་ཐུབ་ནས་ཀྱང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་ལ་སོགས་པ་ངན་སོང་གི་རྒྱུད་དུ་གྱུར་པའི་རྣམས་ཤི་བའི་རོའམ། གཟུགས་བརྙན་ནམ། མིང་ལ་སོགས་པ་ཡང་བྲིས་ནས་བཟླས་བརྗོད་དང༌། སྦྱིན་སྲེག་དང༌། དབང་བསྐུར་རྣམས་ཀྱིས་སྔ་མ་བཞིན་དུ། ངན་སོང་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཞེས་བྱ་བ་དང༌། ཚེ་དཔག་མེད་ནས་ཀྱང་ཀྱེ་ལྷའི་བུ་རྣམས་ངན་སོང་གི་རྒྱུད་དུ་སྐྱེས་ཟིན་པ་གང་ཡིན་པ་དེ་དག་གི་མིང་ལ་ཡང་དབང་སྐུར་ཅིག གཟུགས་བརྙན་ལ་ཡང་དབང་སྐུར་ཅིག མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག རང་གི་ལྷའི་སྐུ་ལ་ཡང་དབང་སྐུར་ཅིག ཆུང་ངུ་ན་དེ་དང་རིགས་མདུན་པ་དང༌། དེའི་བུ་དང༌། དེ་དང་རུས་མཐུན་པ་དང༌། དེའི་མིང་འཛིན་པའམ། བྲན་ལ་ཡང་དབང་སྐུར་ཅིག ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་འབྱུང་སྟེ། དེ་དག་གི་དོན་ནི་སྔར་བསྟན་པ་རྣམས་ལས། རོ་བསྲེགས་པ་མ་ཡིན་པ་རྣམས་མིང་ལ་སོགས་པ་ལ་ཐམས་ཅད་བྱང་བར་ནུས་སོ། །དེ་ལ་གོང་དུ་བསྟན་པ་རྣམས་རིམ་པ་ཇི་ལྟར་ཉམས་སུ་བླང་ཞེ་ན། རོ་སྦྱང་བ་ནི། ཐམས་ཅད་ཀྱི་ཐོག་མ་དང་མཇུག་ཏུ་བྱས་ཀྱང་འདྲ་ལ། གཞན་ནི་བཟླས་པའི་རྗེས་ལ་ཕྱིར་བཟློག དེ་ནས་དབང་བྱའོ། །སྦྱིན་སྲེག་ནི། དཀྱིལ་འཁོར་མཆོད་པའི་སྐབས་སམ། མཇུག་ཏུ་བྱ་བ་གང་རུང་ཡིན་ནོ། །སཱཙྪ་ནི། རོ་ཡོད་ན་སྦྱངས་པའི་རྗེས་ལ་བྱ་སྟེ། རོ་མེད་ན། གང་དུ་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་དེ་དག་གང་ཡང་རུང་བ་རེ་རེ་ཉམས་སུ་བླངས་པས་ཀྱང་སྡིག་པ་ཐམས་ཅད་འདག་པར་འགྱུར་ན། ཐམས་ཅད་བསྡོམས་ན་ལྟ་སྨོས་ཀྱང་ཅི་དགོས། རྟེན་མེད་པ་ལ་བྱ་བའི་གཞུང་ཆོ་གའི་ཁྲིགས་དང་བཅས་པ་བསྟན་ཟིན་ཏོ།།  །།ད་ནི་ཞར་ལས་འོངས་པ་དེ་དག་ཐམས་ཅད་ལ་ཐུན་མོང་དུ་དགོས་པ་མཇུག་ཏུ་བྱ་བའི་ཆོ་ག་ནི། མེ་ལྟར་འབར་བའི་སྦྱིན་སྲེག་གི་སྐབས་ནས་འབྱུང་བ། དེ་ཡི་ལུས་ལ་དབང་བསྐུར་ཞིང༌། །མཉམ་པར་བཞག་པས་བསྲུངས་ནས་ཀྱང༌། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་པར་གསོལ། །ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། དེ་ལ་དྲུག བདག་ཉིད་ལ་དབང་བསྐུར་བ་དང༌། བསྲུང་བ་དང༌། མཆོད་ཅིང་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་དང༌། སྨོན་ལམ་གདབ་པ་དང༌། ཡོན་བདག་ལ་བཀྲ་ཤིས་བྱ་བའོ། །དང་པོ་ནི། གང་ཡང་རུང་བའི་ཆོ་ག་ཐམས་ཅད་རྫོགས་ནས་སླར་བྱ་རྒྱུ་མེད་པའི་ཚེ། བདག་ཉིད་ལ་བསྙེན་པའི་སྐབས་བཞིན། རིགས་ལྔའི་དབུ་རྒྱན་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ནི། བསྙེན་པའི་སྐབས་བཞིན། ཁམས་གསུམ་རྣམ་པར་རྒྱལ་བས། བདག་དང༌། གནས་དང༌། རྣལ་འབྱོར་བསྲུང་བར་བྱའོ། །གསུམ་པ་ནི། སྤྱན་དྲངས་པའི་ལྷ་རྣམས་ལ་ཅི་འབྱོར་པས་མཆོད་ལ། རང་གི་ཡིད་ལ་ཅི་འདོད་པ་འདི་ལྟ་བུ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་པར་བྱའོ། །བཞི་པ་ནི། ཆོ་གའི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་བཤགས་པའི་བསམ་པས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་འཚལ་བ། །འདིར་ནི་བགྱི་བ་གང་བགྱིས་རྣམས། །དེ་དག་ཐམས་ཅད་བཟོད་པར་མཛོད། །གང་ཡང་བདག་རྩོད་པའི་དུས་ཀྱི་སྙིགས་མའི་སེམས་ཅན་དུ་གྱུར་པས། གཞུང་བཞིན་དུ་ཡོ་བྱད་མ་འཚོགས་པ་དང༌། མ་འབྱོར་པ་ཅི་མཆིས་པ་དེ་དག་ཐམས་ཅད་ཀྱང་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ། །གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས། ཏིང་ངེ་འཛིན་ལ་དབང་མ་ཐོབ་སྟེ། བྱིང་བ་དང༌། རྒོད་པ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་གིས་ཏིང་ངེ་འཛིན་ཉམས་པ་དང༌། ཆོ་ག་ཉམས་པ་སྟེ། ལྷག་ཆད་དུ་གྱུར་བ་དང༌། འགལ་འཁྲུལ་དུ་གྱུར་པ་ལ་སོགས་པའི་ཉེས་པའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ། །དེ་ནས་ཡི་གེ་བརྒྱ་པ་ལན་ཅི་རིགས་པ་བརྗོད་ལ། །ཉེས་པ་ཐམས་ཅད་བཟོད་པར་གསོལ་བ་བྱས་ལ་གཤེགས་སུ་གསོལ་བའི་ཚིག ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་བྱ་བས་སྤྱན་དྲངས་བའི་ཡེ་ཤེས་པ་རྣམས། འཇིག་རྟེན་པའི་འཁོར་དང་བཅས་ཏེ། གཤེགས་སུ་གསོལ་བར་བྱའོ། །དམ་ཚིག་པ་བསྐྱེད་པ་ཡོད་ན། རང་ལ་བསྡུ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏཱ། ཅེས་བརྗོད་ལ་རྡུལ་ཚོན་བསྡུ་བ་ལ་སོགས་པ་ལས་ཀྱི་རྗེས་རྣམས་མི་མངོན་པར་བྱའོ། །བསྡུས་པ་བྱེད་པར་འདོད་པས་རས་བྲིས་དང༌། ལུགས་མ་ལ་སོགས་པ་ལ་ཡེ་ཤེས་པ་སྤྱན་དྲངས་པ་ཡིན་ན། དེའི་ཡེ་ཤེས་པ་གཤེགས་སུ་གསོལ་མི་དགོས་ཏེ་བསྡུས་ཏེ་མཆོད་ལ། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །ལྔ་པ་ནི། བདག་ཅག་གིས་ཚུལ་བཞིན་དུ་དཀོན་མཆོག་ལ་མཆོད་པ་དང༌། འབྱུང་པོ་ལ་གཏོར་མ་བྱིན་པ་དང༌། དབང་བསྐུར་བ་ལ་སོགས་པ་གང་བྱས་པ་སྨོས་ཏེ། དགེ་བའི་རྩ་བ་འདི་དག་གིས། ཆེ་གེ་མོ་ཞེས་བྱ་བས་ཐོག་དྲངས་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག བདེ་བ་ཉིད་དང་ཡིད་བདེ་བ་དེའི་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་བར་གྱུར་ཅིག སྲིད་པར་སྐྱེ་བ་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་སྲུང་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་སྒོམ་པར་གྱུར་ཅིག དགེ་བའི་ཆོས་ཐམས་ཅད་མྱུར་དུ་སྡུད་པའི་བརྩོན་འགྲུས་རྩོམ་པར་གྱུར་ཅིག གཟུགས་མེད་པའི་ཁམས་བསལ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་གྱུར་ཅིག ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཅིག དེ་ལྟར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་མཐོ་རིས་ལྷ་དང་མིའི་ལུས་སྐྱོན་གང་ཡང་མེད་པ་ཐོབ་པར་གྱུར་ཅིག ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་དང་མི་འབྲལ་ཞིང་དེ་རྟག་ཏུ་མཉེས་པར་བྱེད་པར་གྱུར་ཅིག ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་དམ་པའི་ཆོས་དང་མི་འབྲལ་ཞིང་རྟག་ཏུ་སྤྱོད་པར་གྱུར་ཅིག དོན་དམ་པ་དང༌། ཀུན་རྫོབ་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་གྱུར་ཅིག ལམ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པར་བྱེད་པའི་ནུས་པ་དང་ལྡན་ཞིང་དོན་བྱེད་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཇི་ལྟར་འཇམ་དཔལ་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་འཁོར་བའི་སྡུག་བསྔལ་ནི། །འཇོམས་པས་བདག་ཀྱང་གནས་པར་ཤོག །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྔོས་པ་དང༌། སྨོན་ལམ་བཏབ་པ་དེ་བཞིན་དུ། བདག་ཅག་གིས་ཀྱང་བསྔོ་ཞིང་སྨོན་ལམ་གདབ་པར་བགྱིའོ། །ཞེས་བྱ་བ་ལ་སོགས་པའི་སྨོན་ལམ་ཅི་ཤེས་པ་དང༌། རང་གི་ཡིད་ལ་ཇི་ལྟར་འདོད་པའི་སྨོན་ལམ་ཚེ་འདས་པའི་ཕྱིར་གདབ་ལ། ཡང་གསོན་པོའི་ཕྱིར་སྨོན་ལམ་གདབ་པ་ནི། དགེ་བ་འདི་དག་གི་མཐུས་ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག ཚེ་འདི་ཉིད་དུ་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་སྟེ། ནད་ཀྱི་རིགས་སུ་གྱུར་པ་རྣམས་ཉེ་བར་ཞི་བར་གྱུར་ཅིག གདོན་གྱི་རིགས་སུ་གྱུར་པ་ལྷའི་གདོན་དང༌། ཀླུའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། རླུང་ལྷའི་གདོན་དང༌། ནམ་མཁའ་ལྡིང་གི་གདོན་དང༌། མིའམ་ཅིའི་གདོན་ལ་སོགས་པ་གདོན་ཐམས་ཅད་ཞི་བར་གྱུར་ཅིག འཕྲལ་གྱི་རྐྱེན་དུ་གྱུར་པའི་རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། གཞན་གྱི་བསམ་པ་ངན་པ་དང༌། སྦྱོར་བ་ངན་པ་ལ་སོགས་པ་གནོད་པ་དང༌། བར་ཆད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག མི་མཐུན་པ་ཐམས་ཅད་ཞི་བར་གྱུར་ཅིག བཀྲ་ཤིས་པ་དང༌། བསམ་པ་ཐམས་ཅད་འགྲུབ་པར་གྱུར་ཅིག ཅེས་བྱ་བ་ལ་སོགས་པའི་ཡིད་ལ་ཅི་འདོད་པའི་སྨོན་ལམ་བརྗོད་པར་བྱའོ།།  །།དྲུག་པ་ནི། བྱ་བ་ཐམས་ཅད་རྫོགས་པའི་རྗེས་ལ། ཡོན་བདག་རྣམས་ལ་ཁྲུས་བྱ་བ་དང༌། གོས་གསར་པ་གྱོན་དུ་གཞུག་པ་དང༌། བཀྲ་ཤིས་པའི་རྫས་རྣམས་མདུན་དུ་བྱས་ལ། བགེགས་བསྐྲད་པ་སྔོན་དུ་འགྲོ་བས་བཀྲ་ཤིས་ཀྱི་ཚིགས་བཅད་དང༌། དགེ་ལེགས་ཀྱི་ཚིགས་བཅད་མང་པོ་དབྱངས་དང་བཅས་པ་བརྗོད་ལ། ཡོན་བདག་འཁོར་དང་བཅས་པ་བཀྲ་ཤིས་པར་བྱའོ། །ཞར་ལས་འོངས་པ་མཇུག་གི་ཆོ་ག་བསྟན་ཏེ། ཐམས་ཅད་ཀྱང་བསྟན་ཟིན་ཏོ།།  །།ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །ལླེའུ་དགེ་སློང་སེང་གེ་མགོན་གྱིས་ནི། །གསོལ་བ་བཏབ་ནས་དགེ་བའི་བསམ་པ་ཡིས། །དཔལ་ལྡན་ས་སྐྱའི་དབེན་གནས་དམ་པར་བྲིས། །དེ་ལས་བྱུང་བའི་དགེ་བ་དྲི་མ་མེད། །ཏི་སེ་གངས་ཀྱི་མདོག་མཚུངས་འོད་ཟེར་གྱིས། །སྲིད་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས། །རབ་དཀར་སངས་རྒྱས་ས་ལ་འགོད་པར་ཤོག །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་ཆོ་གའི་ལག་ཏུ་བླང་བའི་རིམ་པ་གཞན་ལ་ཕན་པའི་འོད་ཟེར་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།འདི་ལ་ཉེས་པ་མཆིས་ན་བླ་མ་རྣམས་ལ་བཟོད་པར་གསོལ་ལོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*