༼ཏ༽
༄༅། །གཞན་ཕན་ཉེར་མཁོ་བཞུགས།།
༄༅། །བཅོམ་ལྡན་འདས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐོག་མར་བདག་གི་རྣལ་འབྱོར་བསྟན་པ་ནི། རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཏེ་ཀུན་བྱས་ཀྱང༌། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པ་སྨོས་ཅི་དགོས། །ཞེས་འབྱུང་བས། དཀྱིལ་འཁོར་ཀུན་ཏུ་འཇུག་པ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་བརྗོད་པར་བྱའོ། །དེ་བརྗོད་པ་ནི། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང༌། །བདག་གི་དེ་ཉིད་དྲན་བྱེད་ཅིང༌། །ཞེས་འབྱུང་བས་ན། ཐོག་མར་བསྲུང་བ་བྱ་སྟེ། དེའང་ཐོག་མར་ཆོས་ཐམས་ཅད་བདག་མེད་པ་དང༌། དེ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དང༌། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་དེའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསམ། དེ་ལས་འོད་འཕྲོས་འདུས་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་དྲིལ་བུ། དཀུར་འཛིན་པར་བསམས་ལ། དེའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་བསམས་ལ། དེ་ལས་འོད་འཕྲོས་འདུས་པ་ལས། བདག་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། དབུ་མཐའ་ཡས་པ། ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མཚོན་ཆ་སྣ་ཚོགས་དང༌། རྒྱུ་མ་དང་མགོ་ཐོད་ཤས་གང་བ་ཕྱག་ན་བསྣམས་པར་བསམས་ལ། ལག་པ་རྡོ་རྗེ་ཁུ་ཚུར་བྱས་ལ། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བྱས་ལ། ཨོཾབཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ། དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨཱ་པ་ཡ། ནཱ་ཤ་ཡ། ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་བདག་བསྲུང༌། ལན་གསུམ་གྱིས་གནས་བསྲུང༌། ལན་གསུམ་གྱིས་རྣལ་འབྱོར་བསྲུངས་ལ། རྒྱས་པར་བྱེད་ན་ཁྲོ་བོའི་བསྟོད་པ་ཡང་བྱའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྟོང་པར་བསམས་ལ། དེའི་ངང་ལས་པཾ་ལས་པདྨའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམས་ལ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགྱེས་པའི་སྤྱན་གདངས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྟོད་དེ་འཛིན་པ་གཡོན་དྲིལ་བུ་ཁ་དཀུར་བསྟན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། དེ་ནས་འཁོར་ལོས་སྒྱུར་བ་ནས་འབྱུང་བ་བཞིན་བྱས་ལ། ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ལ། ཧཱུྃ་ཞེས་བྱ་བ་དང་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་དེ་གཉིས་བྱིན་གྱིས་བརླབས་ལ། ལག་པ་གཉིས་ཀའི་ཐལ་མོ་གཉིས་ལ་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་གང་ཞིང་འོད་ཟེར་སྤྲོ་བར་བྱ་སྟེ། མཐེ་བོང་གཉིས་ལ་ཨོཾ་ཞེས་བྱ་བ་དང༌། མཛུབ་མོ་གཉིས་ལ་ཧཱུྃ། གུང་མོ་གཉིས་ལ་ཏྲཱྃ། སྲིན་ལག་གཉིས་ལ་ཧྲཱིཿ མཐེའུ་ཆུང་གཉིས་ལ་ཨཿབཞག་ལ། དེ་ལྟར་ཡི་གེ་རྣམས་བཞག་པར་བྱས་ལ། དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་པ་དང༌། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་དང༌། བདག་དང་རྗེས་སུ་མཐུན་པར་བྱས་ཏེ། ཞེས་གསུངས་པས། ས་བོན་ལས་གཡས་པའི་མཐེ་བོང་ལ་རྣམ་པར་སྣང་མཛད། མཛུབ་མོ་ལ་མི་བསྐྱོད་པ། གུང་མོ་ལ་རིན་ཆེན་འབྱུང་ལྡན། སྲིན་ལག་ལ་འོད་དཔག་མེད། མཐེའུ་ཆུང་ལ་དོན་ཡོད་གྲུབ་པ། གཡོན་གྱི་མཐེ་བོང་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མཛུབ་མོ་ལ་རྡོ་རྗེ་ཐུགས་མ། གུང་མོ་ལ་རྡོ་རྗེ་དབང་བསྐུར་མ། སྲིན་ལག་ལ་རྡོ་རྗེ་མཚོན་ཆ་མ། མཐེའུ་ཆུང་ལ་རྡོ་རྗེ་ཀུན་མ་རྣམས་ཕན་ཚུན་ལྷ་དང༌། ལྷ་མོའི་ཁྱད་པར་མ་ཡིན་པ་སྐུ་མདོག་ཕྱག་མཚན་ལ་སོགས་པ་རིགས་ལྔ་བཞིན་བསམས་ལ། མཉམ་པའི་ཐལ་མོ་དང༌། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ། ཞེས་པས་ལྷ་དང་ལྷ་མོ་ཕན་ཚུན་རེག་པར་བསམ་མོ། །རྡོ་རྗེ་ཐལ་མོ་དང༌། སྥ་ར་སྥ་ར་ཨ་ནུ་པྲ་ཝིཥྚ་སརྦ་དྷརྨཱ། ཞེས་པས་རྗེས་སུ་ཞུགས་པར་བསམ། རྡོ་རྗེ་བསྡམས་པ་དང༌། ཨ་ཏྱནྟ་ཨ་ནུ་པྲ་ཝིཥྚ་སརྦ་དྷརྨཱ་བཛྲ་ཨཉྫ་ལི། ཞེས་པས་གཉིས་སུ་མེད་པར་རོ་གཅིག་ཏུ་འདྲེས་པར་བསམ་མོ། །སེམས་འོད་གསལ་བར་བསྒོམས་ལ། ཨོཾ་བཛྲ་བནྡྷ་ཏྲཊ། ཅེས་བརྗོད་ཅིང༌། རྡོ་རྗེ་བསྡམས་པ་ལན་གསུམ་དྲལ་བས་སྡིག་པ་དྲལ་བར་བསམ། བཛྲ་ཨཱ་བེ་ཤ་ཨཿཞེས་པ་དང༌། རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་པ་བཅིངས་ལ། ཨ་ཨ་ཞེས་མང་དུ་ཟློས་ཤིང་རང་གི་སྙིང་གར་དང་པོའི་རྡོ་རྗེའི་རྣམ་པ་ཆར་བཞིན་བབས་པས་ཡེ་ཤེས་ཕབ་པ་དང༌། དེ་བརྟེན་པར་བྱ་སྟེ། ཏིཥྛ་བཛྲ་ཌི་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿཞེས་བརྗོད་ལ་སྔར་གྱི་ཕྱག་རྒྱ་དྲལ་ལོ། །ཡང་བཛྲ་མུཥྚིཿཞེས་བརྗོད་དོ། །རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་པའི་མཐེ་བོང་གི་རྒྱབ་ཏུ་མཛུབ་མོས་བཀབ་པ་ནང་དུ་བཅུག་ལ། ཨོཾ་བཛྲ་མུཥྚི་བཾ། ཞེས་བརྗོད་ལ་བཀྲོལ་ཏེ་སེ་གོལ་གཏོགས་ལ་བརྟན་པར་བྱའོ། །དེ་ལྟར་ཡེ་ཤེས་ཕབ་ཅིང་བརྟན་པར་བྱས་པའི་རྗེས་ལ། ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་རླབས། །ཞེས་པས་བྱིན་གྱིས་བརླབས་ཏེ། ཤཱཀ་ཐུབ་ཀྱི་སྐབས་ནས་འབྱུང་བ་བཞིན། མཉམ་པར་གཞག་པས་དཔྲལ་བར་ནི། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །སངས་རྒྱས་བདེ་གཤེགས་སྐྱེས་རྣམས་ཀྱིས། །ཕྱག་འཚལ་བ་ཡི་ཕྱག་རྒྱར་བཤད། །རྣལ་འབྱོར་རིག་པས་མགྲིན་ཕྱོགས་སུ། །ཐལ་མོ་སྙིམ་པར་སྦྱར་བ་ནི། །རྟག་ཏུ་པདྨའི་རིགས་ཉིད་ཀྱི། །པདྨའི་ཕྱག་རྒྱ་ཡིན་པར་བཤད། །རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང༌། །སྙིང་གར་གུང་མོ་མཐའ་སྦྱར་བ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ཕྱག་རྒྱ་དང་པོ་དཔྲལ་བར་བཞག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཕྱག་རྒྱ་གཉིས་པ་མགྲིན་པར་བཞག་ལ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཕྱག་རྒྱ་གསུམ་པ་སྙིང་གར་བཞག་སྟེ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཅེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ཡང༌། ལྟ་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་པས་སངས་རྒྱས་ལྔའི་དབང་བསྐུར་བར་བྱ་སྟེ། ཕྱག་ན་རྡོ་རྗེའི་སྐབས་ནས་འབྱུང་བ། རྡོ་རྗེ་བསྡམས་པ་ལས་གུང་མོ་རྡོ་རྗེ་འདྲ་བར་གཤིབས་པ་ལས་མཐེ་བོང་དང་མཐེ་ཆུང་བརྐྱང་བ་ནི་ཕྱག་ན་རྡོ་རྗེ་ཡིའོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་དེ་བཞིན་དུ་བྱས་ལ། མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་པ་སྦྱོང་བའི་རྒྱལ་པོ་ཡིའོ། །དེ་ཉིད་ལས་མཛུབ་མོ་གཉིས་རིན་པོ་ཆེ་འདྲ་བར་བྱས་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ། །མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྡམས་ལ་ལྷག་མ་ཐམས་ཅད་བརྐྱང་བ་ནི་སྡིག་པ་ཐམས་ཅད་སྲེག་པའི་ཕྱག་རྒྱའོ། །ལག་པ་གཡོན་པར་དེ་བཞིན་དུ་བསྒྱུར་བ་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ། །ཞེས་འབྱུང་བའི་སྔགས་དང་ཕྱག་རྒྱ་དང་པོ་སྤྱི་བོར་བཞག་ལ་སྤྱི་བོར་མི་བསྐྱོད་པ་བསམ་མོ། །སྔགས་དང་ཕྱག་རྒྱ་གཉིས་པ་དཔྲལ་བར་རེག་པས་དཔྲལ་བར་རྣམ་པར་སྣང་མཛད། སྔགས་དང་ཕྱག་རྒྱ་གསུམ་པ་རྣ་བ་གཡས་པའི་སྟེང་དུ་རིན་འབྱུང༌། སྔགས་དང་ཕྱག་རྒྱ་བཞི་པ་གཉིས་ཀྱིས་ལྟག་པར་འོད་དཔག་མེད། སྔགས་དང་ཕྱག་རྒྱ་ལྔ་པ་གཉིས་ཀྱིས་རྣ་བ་གཡོན་པར་དོན་ཡོད་གྲུབ་པ་བསམ་མོ། །རང་གི་རིགས་རྣམ་པར་སྣང་མཛད་ཡིན་ན་སྤྱི་བོར་རྣམ་པར་སྣང་མཛད་བསྐྱེད་དོ། །དེ་ལྟར་རྡོ་རྗེ་སེམས་དཔར་བདག་ཉིད་བསྐྱེད་ནས་གླེང་གཞི་ནས་འབྱུང་བ་བཞིན་བསམ་སྟེ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། དེ་ནས་ངན་སོང་གི་རྒྱུད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་འོད་ཟེར་སྤྲོ་བ་དང༌། སྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ་བདེ་བ་སོ་སོར་ཐོབ་ནས། ཡང་དགའ་བའི་ཚལ་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མཆོད་དེ། ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས། ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ། འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱོངས། །བྱང་ཆུབ་སྤྱོད་བ་ཉིད་ལ་བཞག །ཅེས་བརྗོད་པར་བསམ་མོ། །འགྲོ་བ་དེ་རྣམས་ཀྱིས་བདག་ལ་མཆོད་པ་དང༌། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་བྱ་བ་ལ་སོགས་པས་བསྟོད་པར་བསམ་མོ། །དེ་ནས་ཆེད་དུ་གཏད་པའི་བཟླས་པ་ནི། བདག་གི་ཐུགས་ཀར་ཟླ་བའི་སྟེང་དུ་རྩ་རིག་བཀོད་ལ། དེ་ལས་འོད་འཕྲོས་པས་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་ཞི་བར་མཛད་ནས་ཁམས་གསུམ་ཐམས་ཅད་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་དོན་བྱས་ནས། ཡང་རང་གི་སྙིང་གའི་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་བསམ་ཞིང༌། ཡང་སྔར་བཞིན་བསམ་ཞིང༌། རྩ་བའི་རིག་པ་བཟླས་པར་བྱའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོདྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོདྷ་ནི ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ཐུན་མཚམས་སུ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། བདག་ཉིད་ལ་མཆོད་པ་དང༌། བསྟོད་པ་བྱས་ཏེ། སྨོན་ལམ་བཏབ་ལ། གཏོར་མ་དང༌། བསྐོར་བ་དང༌། སཱཙྪ་ལ་སོགས་པ་ཐུན་མཚམས་གྱི་བྱ་བ་རྣམས་བྱའོ། །བདག་གི་རྣལ་འབྱོར་དང་བསྙེན་པ་གཉིས་ཀ་བསྟན་ཟིན་ཏོ།། །།བདག་གི་རྣལ་འབྱོར་དང་བསྙེན་པ་གཉིས་ཀ་སྔོན་དུ་སོང་ནས། ཁྲོ་བོ་སྤྱན་དྲངས་ཤིང་བསྟོད་པ་བྱ་སྟེ། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །ཅེས་པ་ནས་འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་པའི་བར་གྱིས་ཁྲོ་བོ་མང་པོ་སྤྱན་དྲངས་ལ་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་པ་ལྔ་དབུལ་ལོ། །དེ་ནས་བསྟོད་པ་བྱ་སྟེ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །ཞེས་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད་ཅིང༌། བདུད་རྩི་འཁྱིལ་པ་ལ་སོགས་པའི་སྔགས་ཀྱིས་བསྐྲད་ལ། དེ་ནས་བདག་བསྐྱེད་ལ་མཆོད་བསྟོད་བྱས་ནས། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་པས་བགེགས་བསང༌། རྡོ་རྗེ་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཛྭཱ་ལཱ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་པས་གཟི་བརྗིད་བསྐྱེད་ལ། མཆོད་ཡོན་ལ་སོགས་པ་རང་རང་གི་སྔགས་བརྗོད་ལ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བར་བསམས་ལ། དབུལ་བའི་ཚེ་ངག་ཏུ་བརྗོད་པ་རྣམས་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ་བདག་གིས་བརྗོད་ལ། ཡིད་ཀྱི་རིགས་དྲུག་ངན་སོང་ལས་ཐར་བ་རྣམས་ཀྱིས། བདག་རྡོ་རྗེ་སེམས་དཔའི་ངོ་བོར་གནས་པ་ལ་མཆོད་བསྟོད་བྱེད་པར་བསམ་ཞིང་དབུལ་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །ཞེས་སོགས་ནས། སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཞེས་པའི་བར་བརྗོད་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མཆོད་ཡོན་གྱི་གནས་སུ་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་རྣམས་བཅུག་ལ། ཨརྒྷཾ་གྱི་གནས་སུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཞེས་བྱ་བ་རྣམས་བཅུག་ལ། སྔགས་དང་ཕྱག་རྒྱས་དབུལ་བར་བྱའོ། །རོལ་མོ་ཡང་དབུལ་བར་བྱའོ། །དེ་ནས་བསྟོད་པ་བྱ་བ་ནི། རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་པ་ནས། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ། །ཞེས་པའི་བར་གྱིས་བདག་ཉིད་ལ་བསྟོད་ལ། དེ་ནས་མདུན་བསྐྱེད་ལ་མཆོད་པ་ནི། རས་བྲིས་དང་ལུགས་མ་ལ་སོགས་པའི་རྟེན་ལ། ཡེ་ཤེས་པ་སྤྱན་དྲང་བ་ནི། རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་པའི་སྔགས་པས་དབྱངས་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། །ཞེས་པ་ཙམ་མམ། ཡང་བྱེད་པར་འདོད་ན་དེའི་སྟེང་དུ། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །ཞེས་པ་ནས། ཡང་དག་འཁོར་དང་བཅས་ནས་གཤེགས་སུ་གསོལ། །ཞེས་པའམ་སྤྲོས་པ་ལ་དགའ་ན་དེའི་སྟེང་དུ། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །ཞེས་པ་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཞེས་བྱ་བ་དང༌། ཛཿཧཱུྃ་བྃ་ཧོཿ བྷ་ག་ཝཱཾ་ཨེ་ཧྱེ་ཧི་མཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ། ཞེས་བྱ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་ལ་ཐོག་མར་མཆོད་ཡོན་དབུལ་ཏེ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ། དེ་ནས་ཁྲུས་གསོལ་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་ནས་གདན་དབུལ་ཏེ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་གདན་ཕུལ་ལ། སྔགས་ཙམ་གྱིས་མཆོད་དེ། ཛཿཧཱུྃ་བྃ་ཧོཿ ཞེས་པས་རྟེན་རྣམས་ལ་བསྟིམ་མོ། །དེ་ནས་མཆོད་པ་བྱ་བ་ནི། ཨརྒྷ་མཆོག་བརྟགས་གསང་ལ་སོགས་པ་ཡི། །དབྱངས་སྙན་པ་ཡིས་བསྟོད་དང་ལྷ་རྫས་ཀྱི། །མཆོག་གི་དམ་པ་རྣམས་ཀྱིས་ལེགས་པར་མཆོད། །ཅེས་གསུངས་པས། དངོས་སུ་འབྱོར་པའི་མཆོད་པ་དང༌། གསང་བ་སྟེ་ལྷ་མོ་བརྒྱད་དང༌། སོགས་པ་སྟེ་མཆོད་པ་ཉི་ཤུ་པ་དང༌། ཉི་ཤུ་རྩ་ལྔ་པ་ལ་སོགས་པ་དང༌། ལྷ་རྫས་ཏེ་ཡིད་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་ལ་སོགས་པའོ། །དེ་ལ་དངོས་སུ་འབྱོར་པའི་མཆོད་པ་རྣམས། བསང་བ་ལ་སོགས་པ་བྱས་ལ་དབུལ་བ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །ཞེས་པ་ནས། སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཞེས་པའི་བར་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་དབུལ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་མེ་ཏོག་དང༌། བདུག་པ། མར་མེ། དྲི། ཞལ་ཟས་རྣམས་བཅུག་ལ། ཨརྒྷཾ་གྱི་གནས་སུ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཞེས་པ་དང་རོལ་མོ་ལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་ལ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་ཏ་བཛྲ་དྷརྨ་ཧྲྀ་དཱ་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རོལ་མོའི་བར་དུ་ཚིགས་སུ་བཅད་པ་དང༌། སྔགས་དང་ཕྱག་རྒྱས་དབུལ་བར་བྱས་ཏེ། དེ་དག་ནི་ཨརྒྷཾ་ལ་སོགས་པས་དངོས་སུ་འབྱོར་པའི་མཆོད་པའོ། །དེ་ནས་གསང་བའི་མཆོད་པ་ནི་ལྷ་མོ་བརྒྱད་ཀྱིས་མཆོད་དེ། དབྱངས་དང་བཅས་པས། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པ། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཞེས་བྱའོ་དེ་སྐད་སོར་བཞག་པ་ནི། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད། བཛྲ་རཏྣ་མུ་ནུཏྟ་རཾ། བཛྲ་དྷརྨ་ག་ཡ་ནི། བཛྲ་ཀརྨཱཿཀ་རོདྦྷ་ཝེ། ཞེས་བྱ་བ་དང༌། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཞེས་བྱ་བ་ལས་ཀྱི་ཕྱག་རྒྱ་བཅིང༌། རང་སྒེག་མོར་བསམས་ལ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བྱའོ། །དེ་བཞིན་དུ་ལཱ་སྱེའི་གནས་སུ། །ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ནྲྀ་ཏྲེ་ཨཿ ཞེས་པས་ནང་གི་བཞི་དང༌། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཿ ཞེས་པས་ཕྱིའི་ལྷ་མོ་བཞི་བརྗོད་ཅིང༌། ལུས་ཀྱིས་གར་སྔོན་དུ་འགྲོ་བས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་བསྒྱིངས་མའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང༌། །གར་ལས་ཐལ་སྦྱར་སྤྱི་བོར་བཞག །འོག་ཏུ་བླུགས་དང་གྱེན་དུ་འཐོར། །མཐེ་བོང་གཤིབས་ཏེ་བསྒྲེང་བ་ཉིད། །དྲི་ཡིས་བྱུག་པའི་ཚུལ་དུ་ནི། །མཆོད་པའི་ཕྱག་རྒྱ་རབ་ཏུ་བརྟག །ཅེས་དེ་ཉིད་འདུས་པ་ནས་གསུངས་སོ། །གསང་བའི་མཆོད་པའོ། །མཆོད་པ་ཉི་ཤུ་པ་དང༌། ཉི་ཤུ་རྩ་ལྔ་པ་ལ་སོགས་པ་དང༌། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལ་སོགས་པ་ནི་འདིར་མ་སྤྲོས་སོ། །རིན་ཆེན་སྣ་བདུན་དབུལ་བར་འདོད་ན། ལག་པའི་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་ལ། སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་པའི་མཐེ་བོང་གཉིས་ལག་པའི་མཐིལ་དུ་བཀུག་ལ་འཁོར་ལོ་ལྟར་བྱས་ལ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། ལག་པ་གཉིས་ཁུ་ཚུར་བཅངས་ལ་སྦྱར། མཛུབ་མོ་གཉིས་བཀུག་ལ་མཐེ་བོང་རྩེ་སྤྲད་དེ་ཚིགས་བཅག་ལ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཧཱུྃ། རྡོ་རྗེ་བསྡམས་པ་ལས་གུང་མོ་བསྒྲེང་བའི་ལོགས་ལ་མཛུབ་མོ་གཉིས་གཅིག་ལ་གཅིག་སྦྱར་ཏེ་བཅེར་ལ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝ་ཏི་རཏྣ་པཱུ་ཛེ་ཏེ་ཧཱུྃ། རྡོ་རྗེ་བསྡམས་པ་ལས་གུང་མོ་དང་མཐའ་བཞི་གཤིབས་ཏེ་བསྒྲེངས་ལ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་བསྟན། །བསམ་ཡས་བསྟན་པ་རབ་འཛིན་ཞིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་རཏྣ་པཱུ་ཛི་ཏེ་ཧཱུྃ། ལག་པ་གཡས་པ་གླང་པོ་ཆེའི་སྣ་ལྟར་བརྐྱངས་ཏེ། གཡོན་པས་གྲུ་མོ་ནས་བཟུང་ལ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཛི་ཏེ་ཧཱུྃ། རྫུ་འཕྲུལ་གྱི་ཤུགས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཕྱིན་པར་བསམས་ལ། ཁུ་ཚུར་བཅངས་པ་བཅེར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱང༌། མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབས་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཧཱུྃ། ལག་པ་གཡོན་པ་གོ་ཆ་འཛིན་པ་ལྟར་བྱས་ལག་པ་གཡས་པ་མཆོག་སྦྱིན་ལྟར་བྱས་ལ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་གྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཌྒ་རཏྣ་པཱུ་ཛེ་ཏེ་ཧཱུྃ། ཞེས་བྱ་བས་རིན་ཆེན་སྣ་བདུན་དབུལ་ལོ། །ཡང་འདོད་ཡོན་ལྔ་ཡང་དབུལ་ཏེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛེ་ཏ་ཧཱུྃ། ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛེ་ཏེ་ཧཱུྃ། ཕྱོགས་དུས་ཀུན་ནས་ཙནྡན་སྦྲུལ་སྙིང་དང༌། །ཨ་ཀར་ནག་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ནས་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྤརྵེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། དབྱངས་སྙན་པས་བསྟོད་པར་བྱ་སྟེ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་པ་ནས། འཇིག་རྟེན་པ་ཀུན་བསྟོད་པར་བྱའོ། །ཞེས་པའི་བར་དང༌། དེའི་སྟེང་དུའང་བྱེད་པར་འདོད་པས། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཞེས་པ་ནས། ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །ཞེས་པའི་བར་དང༌། ཡང་སྤྲོས་པ་ལ་དགའ་ན། ཆོས་ཀྱི་འཁོར་ལོ་སྐོར་མཛད་པ། །ཁམས་གསུམ་པ་ཡི་འགྲོ་ཀུན་གྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཤཱཀྱ་སེང་གེར་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རང་གི་དེ་ཉིད་བསྟོད་མཛད་པའི། །རྡོ་རྗེ་གཙུག་ཏོར་ཕྱག་འཚལ་ལོ། །མཉམ་པའི་དེ་ཉིད་བསྒོམ་པ་ཡིས། །ཁམས་གསུམ་ལ་གནས་ཐམས་ཅད་ལ། །དབང་བསྐུར་རབ་ཏུ་སྩོལ་མཛད་པའི། །རིན་ཆེན་གཙུག་ཏོར་ཕྱག་འཚལ་ལོ། །སོ་སོར་ཀུན་རྟོག་རང་བཞིན་ཅན། །ཆོས་ཀྱི་བདུད་རྩིའི་ཆར་པ་འབེབས། །སེམས་ཅན་དབུགས་འབྱིན་མཛད་པ་པོ། །པདྨ་གཙུག་ཏོར་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་བསྐྱབ་པའི་ཕྱིར། །བྱ་བ་རྗེས་གྲུབ་རང་བཞིན་ཅན། །ཕྲིན་ལས་སྣ་ཚོགས་མཛད་པ་པོ། །སྣ་ཚོགས་གཙུག་ཏོར་ཕྱག་འཚལ་ལོ། །ཁམས་གསུམ་འོད་ཀྱིས་གསལ་མཛད་ནས། །སེམས་ཅན་ཀུན་གྱི་འཕགས་པ་ཡིས། །བདེན་པ་མཐོང་བ་མཛད་པ་པོ། །གཙུག་ཏོར་གཟི་བརྗིད་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་རྒྱལ་མཚན་བསྣམས། །སྦྱིན་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ཐམས་ཅད་རྫོགས་མཛད་པ། །གཙུག་ཏོར་རྒྱལ་མཚན་ཕྱག་འཚལ་ལོ། །ཉོན་མོངས་ཉེ་བའི་ཉེ་ཉོན་མོངས། །གཅོད་ཅིང་བདུད་བཞིའི་སྟོབས་བཅོམ་པས། །སེམས་ཅན་བྱང་ཆུབ་ཐོབ་མཛད་པའི། །གཙུག་ཏོར་རྣོན་པོ་ལ་ཕྱག་འཚལ། །ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱིས། །གདུགས་དཀར་གྱིས་ནི་རབ་བརྒྱན་པའི། །ཆོས་ཀྱི་རྒྱལ་པོ་ཐོབ་མཛད་པ། །གཙུག་ཏོར་གདུགས་དཀར་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་ལ་ལྷ་མོ་བཞི་པོ་དང༌། །སྤོས་དང་མར་མེ་མེ་ཏོག་མ། །དྲི་ཡི་ལྷ་མོར་ཕྱག་འཚལ་ལོ། །དད་སོགས་ངོ་བོ་ལས་བྱུང་བ། །སྒོ་ཡི་དབུས་ན་གང་བཞུགས་པའི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་རྣམས་ལ་ཕྱག་འཚལ་ལོ། །སྒོ་བ་བཞི་ཡི་ལོགས་དག་ན། །ཁྱམས་ལ་སོགས་པར་བཞུགས་མཛད་ཅིང༌། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་ཆུབ་སེམས་དཔར་ཕྱག་འཚལ་འདུད། །ཚངས་དང་དྲགས་པོའི་ཟླ་བ་སོགས། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་དང༌། །མེ་དང་སྲིན་པོ་རླུང་ལྷ་དང༌། །འབྱུང་པོའི་བདག་པོར་ཕྱག་འཚལ་ལོ། །ཉེ་བར་མཁོ་བའི་འོད་ཟེར་ལས་ལག་ཏུ་བླང་བའི་ཆོ་གའི་ཕྲེང་བའོ། །སྤྲོས་པ་ལ་དགའ་ན་ཇི་ལྟར་ཤེས་པས་བསྟོད་པར་བྱའོ། །རྫོགས་སོ།། །།ད་ནི་གཞན་དོན་ཚེ་འདས་རྗེས་སུ་གཟུང་བའི་དོན་དུ། བདུན་ཚིགས་བསྡུས་པའི་ཆོ་ག་ཅུང་ཟད་ལག་ཏུ་བླང་བར་འདོད་ན་དེ་བརྗོད་པར་བྱའོ། །དེ་ལ་དོན་ལྔ་སྟེ། གནས་ཁང་ཕྱག་དར་ལ་སོགས་པ་བྱས་ཏེ། བླ་རེ་དང༌། རྟེན་དགྲམ་པ་དང༌། མཆོད་པ་དང༌། གཏོར་མ་བཤམ་པ་དང༌། བུམ་པ་བཅའ་བ་དང༌། སྡིག་པ་སྦྱང་བའི་རྟེན་དགོད་པ་དང༌། བདག་གི་རྣལ་འབྱོར་སྔོན་དུ་སོང་ནས་ཕྱིར་ལྡོག་པ་དང༌། དབང་བསྐུར་བའོ། །དང་པོ་ནི་ཕྱག་དར་བྱས་ཏེ་བླ་རེ་བྲེས་ནས། བྲིས་སྐུ་དང་ལུགས་མ་ལ་སོགས་པ་ཇི་རིགས་པས་མཛེས་པར་བྱའོ། །གཉིས་པ་ནི་མཆོད་པ་ལ་ཡང་མཆོད་ཡོན་དང༌། མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་དང༌། རོལ་མོ་དང༌། གཞན་ཡང་ཇི་ལྟར་འབྱོར་པ་བཤམ་མོ། །གཏོར་མ་ཡང་ཅི་འབྱོར་པ་ཡིན་མོད་ཀྱི། གསུམ་མམ་བཞི་ལས་མི་ཉུང་བར་བཤམ་མོ། །གསུམ་པ་བུམ་པ་མཛེས་པ་དྲི་མ་མེད་པ། མགུལ་ཆིངས་རས་སྔོན་པོས་དཀྲི། ཁ་རྒྱན་དང༌། ནང་དུ་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ། དྲི་ལྔ་བཅུག་པ་བཤམ་མོ། །བཞི་པ་སྡིག་པ་སྦྱང་བའི་རྟེན་ནི། ལྷོ་ཕྱོགས་སུ་ཁྲུ་གང་པ་ལ་པདྨ་དཀར་པོའི་སྟེང་དུ་འཁོར་ལོ་སྔོན་པོ་བྱ། གོང་རས་ལ་སོགས་པ་མཛེས་ཚོན་གྱིས་མཎྜལ་བྲིས་ལ། དེའི་སྟེང་དུ་རོའམ། རུས་པའམ། གཟུགས་སམ། གོས་སམ་རུས་པ་ལས་བྱས་པའི་སཱཙྪའམ། མིང་བྱང་གཞག་པར་བྱའོ། །དེ་ནས་ཕྱི་མ་རེད་ལ་སོགས་པའི་དུས་སུ་གོང་དུ་བསྟན་པ་ལྟར་བདག་གི་རྣལ་འབྱོར་རྫོགས་པར་བྱས་ལ། དེ་ནས་རྟེན་བསྐྱེད། དགུག་གཞུག་བྱས་ཏེ། དེ་ལ་བཞི། བགེགས་སྦྱང་བ་དང༌། རྟེན་བསྐྱེད་པ་དང༌། རྟེན་དགུག་པ་དང༌། སྡིག་པ་དྲལ་བའོ། །དང་པོ་ནི་འདི་ལ་ཁ་ཅིག་བགེགས་འབྲེལ་ཞེས་ཟེར་ནས། ཚེ་འདས་ཀྱི་རྣམ་ཤེས་བགེགས་ཀྱིས་ཚགས་བྱས་པ་དེ་དང་འབྲེལ་བར་བྱེད་པ་ཡིན་ཟེར་བ་དེ་ནི་མིན་ཏེ། བགེགས་ཀྱི་རྣམ་ཤེས་གང་ན་གནས་མི་ཤེས་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་ཞེ་ན། སྤྱིར་བགེགས་ནི་གསུམ་སྟེ། དྲི་ཟ་འཆི་ཀ་མའི་ཡིད་ལ་ཉེ་བར་རྒྱུག་པ་ཞེས་བྱ་བ་དང༌། འཆི་ཀ་མའི་དྲུང་དུ་བསྙེན་ཏེ་ཚེ་འདས་པའི་གཟུགས་བཟུང་ནས་གསོན་པོ་རྣམས་ལ་གནོད་པ་བྱེད་པ་ཡོད་པས། གསོན་པོ་རྣམས་ལ་ཕན་གདགས་པའི་ཕྱིར། ཚར་གཅད་པའི་ཕྱིར་དང༌། གཉིས་པ་ནི་ལྷན་ཅིག་སྐྱེས་པའི་འདྲེ་ཞེས་བྱ་བ་སྟོབས་སྐྱེ་སྟེ། ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ་སྟོབས་ཆུང་བས། ཚེ་འདས་དེའི་གཟུགས་བཟུང་ནས་གནས་པའི་འདྲེ་དེས་ཤིན་ཏུ་འཚེ་སྟེ། གསོན་པོ་དག་ལ་གནོད་པས། གསོན་པོ་དང་ལྷན་ཅིག་སྐྱེས་པའི་ལྷ་གཉིས་ཀ་ལ་ཕན་གདགས་པའི་ཕྱིར། འདྲེ་དེ་ཚར་བཅད་དོ། །དེ་གཉིས་ནི་འཆི་བར་འགྱུར་བ་ལུང་བསྟན་པའི་མདོ་ལས་བཤད་དོ། །གསུམ་པ་ནི། ཚེ་འདས་པ་ཉིད་ལ་བར་དོར་སྐྱེ་བ་བླང་ཀྱང་རུང་སྟེ། ལས་ཀྱི་དབང་གིས་བགེགས་གནོད་པར་སྲིད་པས། དེ་ལ་ཡང་ཕན་གདགས་པའི་ཕྱིར། དྲག་པོའི་སྦྱིན་སྲེག་གི་བར་གྱིས་བྱ་བ་སྟེ། སྦྱོང་རྒྱུད་ཚེ་དཔག་མེད་ཀྱི་སྐབས་ནས་བཤད་པ། དེ་ནས་དེ་ཡི་སྡིག་འཇོམས་ལུས། །བགེགས་དང་དྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང༌། །ཁམས་གསུམ་པར་ནི་ཅི་བདེར་སྤྱོད། །ཅེས་པས་སོ། །དེ་ནས་དགོས་པ་གསུམ་ཡོད་པས་ཚར་བཅད་དོ། །དེའི་ཆོ་ག་ནི་སྔོན་ལ་བྱས་ཀྱང་བཏུབ། སྡིག་པ་དྲལ་ནས་བྱས་ཀྱང་བཏུབ་སྟེ། དང་པོ་ཞི་བས་སྦྱང་བ་ལ་གཏོར་མ་ལན་གསུམ་སྦྱིན་པས་སྦྱང༌། དེ་ནས་ཞི་དྲག་ཕྱེད་མས་སྦྱང་བ། ཆང་བུ་དང་ཏིང་ལོ་མར་མེ་སྦྱིན་ཞིང་ཁྲོ་བོའི་སྔགས་བཟླས་ཏེ་སྦྱང༌། དེ་ནས་གུ་གུལ་གྱི་དུད་པ་དང༌། ཡུངས་ཀར་གྱིས་བྲབ་ཅིང་ཁྲོ་བོའི་བསྟོད་པ་དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། ཁྲོ་བོའི་སྔགས་མང་པོ་བཟླས་ཤིང་དྲག་པོས་སྦྱང་བ་ཡུན་རིང་དུ་བྱའོ། །བགེགས་སྦྱང་བའོ། །དེ་ནས་རྟེན་མིང་བྱང་ལ་སོགས་པ་དེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་སྟོང་པར་སྦྱང༌། ཚེ་འདས་ཀྱི་མིང་གི་ཡི་གེ་དང་པོའམ། ནྲྀ་ལས་ཚེ་འདས་དེར་བསྐྱེད། དེ་ལ་ཡི་དམ་གྱི་ལྷ་ཡོད་ན་དེ་བསྐྱེད་དོ། །དེ་ནས་དགུག་པ་ནི། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ། བདག་གི་སྙིང་གའི་ཧཱུྃ་གི་འོད་དང༌། ཚེ་འདས་ཀྱི་སྙིང་གའི་ཧཱུྃ་ངམ། ནྲྀ་ལས་འོད་འཕྲོས་ཏེ། ཁམས་གསུམ་ནས་རྣམ་ཤེས་བཀུག་པར་བསམ་ཞིང་བདེན་པ་བརྗོད་པར་བྱའོ།། །།སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་ཀྱི་ཁྲོ་བོ་རྣམས་ཀྱི་བདེན་པ་དང༌། གཟུངས་སྔགས་ཀྱི་ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་བརླབས་ཀྱིས། ཚེ་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཁམས་གསུམ་སྐྱེ་གནས་བཞི། གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུྃ་ཛཿཞེས་བརྗོད། ཡང༌། ཨོཾ་ཤོ་དྷ་ནི་ཤོ་ཧ་ནི་སརྦ་པཱ་པཾ་ཨ་པཱ་ན་ཡེ་སྭཱ་ཧཱ། ཞེས་བྱ་བའམ། སྲིད་པ་བར་མའམ། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང༌། གང་ན་གནས་པ་ནས་བཀུག་ལ་རྟེན་ལ་བསྟིམ་པར་བྱའོ། །དེ་ནས་བཞི་པ་སྡིག་པ་དྲལ་བ་ནི། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་མཉམ་ལ་མཐའ་མ་བཞི་རྩེ་སྤྲད་པ་མཉེ་ཞིང༌། ཨོཾ་སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པཱ་ཡ། བནྡྷ་ནི་པྲ་མོཀྵ་ཡ་སརྦ་ཨ་པ་ཡ་ག་ཏེ་བྷྱཿསརྦ་སཏྭ་སརྦ་ཏ་ཐཱ་ག་ཏ། བཛྲ་ས་མ་ཡ་ཏྲ་ཐ། ཞེས་བྱ་བས་སྡིག་པ་སྦྱངས་ལ། རྡོ་རྗེ་བསྡམས་པ་སྙིང་གར་བཅས་ལ། ཨོཾ་བཛྲ་བནྡྷ་ཏྲ་ཐ། ཞེས་པས་སྡིག་པ་དྲལ་ནས། རྡོ་རྗེ་ཁུ་ཚུར་གྱིས་སྤྱི་བོ་ལ་སོགས་པར་གཏུག་པར་བསམས་ལ། ཨོཾ་སརྦ་བིཏ་བཛྲ་ཨ་དྷི་ཏིཥྛཱ་ཛྙཱ་ན་ས་མ་ཡེ་ཧཱུྃ། ཞེས་བྱ་བས་རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པར་བསམས་ལ་བྱིན་གྱིས་བརླབ་བོ། །དེ་ནས་ཕྱིར་བཟློག་གིས་སྡིག་པ་སྦྱང་བར་བྱ་སྟེ། བྱེ་མའམ་ཡུངས་ཀར་གྱིས་རྟེན་ལ་བྲབ་ཅིང༌། རྩ་བའི་རིག་པ་ཅི་ནུས་པ་བཟླས་པའི་རྗེས་ལ། ཤཱཀ་ཐུབ་ནས་འབྱུང་བའི་བརྡེག་པའི་སྔགས་བརྗོད་ཅིང་བྲབ་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་ཝ་ར་ཎ་བྷསྨི་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ཎི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎཱ་ཎི་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏི་ར་ཡ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏི། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པ་དང༌། གཞན་ཡང་རིག་སྔགས་མཐུ་དང་གཟི་བརྗིད་ཆེན་པོ་གཞན་ཡང་བཟླས་ཤིང་རྟེན་ལ་བྲབ་ཅིང༌། དེ་ནས་ཁྲུས་བྱས་ཏེ། བཟླས་པ་བྱ་བའི་བུམ་པའི་ཆུས་ལུགས་མ་རས་གྲིས་ལ་སོགས་པ་ལ་མེ་ལོང་བསྟན་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲུས་ལ་བུམ་པར་བླུག་གོ །དེ་ནས་བུམ་པ་ཐོགས་ལ། ནུབ་གོང་མ་རྣམས་ལ་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ། ནུབ་ཐ་མ་ལ་ནི་མིང་བྱང་ལ་སོགས་པའི་རྟེན་དངོས་སུ་བཀྲུ་ཞིང༌། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །ཞེས་བྱ་བ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བཟླས་ཤིང་བཀྲུའོ། །དེ་ནས་དེ་བཞིན་དུ་ཚིགས་སུ་བཅད་པ་རེ་རེའི་རྗེས་སུ་སྔགས་རེ་བཟླས་ཏེ་བཀྲུ་ཞིང༌། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངལ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་དང་ལྡན། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བྱ་བའི་ཚིགས་བཅད་རེ་དང་སྔགས་རེ་སྤེལ་ལ་བཀྲུའོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའང་ཅི་ཤེས་པ་བརྗོད་ཅིང་བཀྲུ་སྟེ། ལོགས་ཤིག་ཏུ་བརྗོད་པར་བྱའོ། །ཡང་ཉོན་མོངས་པའི་དུག་དང་ཉོན་མོངས་པ་ལས་སྐྱེས་པའི་འབྱུང་བའི་དུག་ཀྱང་སྔགས་དང་བཅས་པས་བཀྲུ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་ཡིན་ཏེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་ཡིན་ཏེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་ཡིན་ཏེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང༌། །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ཆུ་ཡི་ནང་དུ་སོང༌། །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་མེ་ཡི་ནང་དུ་སོང༌། །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་རླུང་གི་ནང་དུ་སོང༌། །ཞེས་པས་ཀྱང་བཀྲུས་ལ། དེ་ནས་བུ་ལ་སོགས་པའི་ལག་ཏུ་མཚན་བྱང་འཛིན་དུ་བཅུག་ལ། ཡིད་ཀྱི་ཚེ་འདས་པ་དེས་ཕྱག་བྱེད་ཅིང༌། འོག་ནས་འབྱུང་བའི་ཚིགས་བཅད་རྣམས་ངག་ཏུ་བཟླས་པས་སྐྱབས་འགྲོ་བྱེད་པར་བསམ་ཞིང༌། བདག་གིས་དབྱངས་དང་བཅས་པས་བརྗོད་པ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་ཞེས་པ་ནས། འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་པའི་བར། སེམས་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ཉེ་བའི་སྲས་བརྒྱད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སེམས་བསྐྱེད་པ་གཙོ་བོར་གྱུར་བའི་རྒྱུན་བཤགས་བྱ་སྟེ། རྗེས་ཟློས་བྱེད་པར་བསམ་ཞིང༌། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །ཞེས་པ་ནས། ཁྱད་འཕགས་གནས་ལའང་བདག་ཉིད་གནས་པར་བགྱི། །ཞེས་པའི་བར་བརྗོད་པར་བྱའོ། །ད་ནི་དབང་བསྐུར་བ་བརྗོད་པར་བྱ་སྟེ། དེ་ཡང་རྒྱུད་ལས། མོས་པ་བརྟན་དང་བཅས་ནས་དམ་བཅས་ནས། སརྦ་བིཏ་ཀྱིས་ཇི་ལྟར་དབང་བསྐུར་ཏེ། ཞེས་འབྱུང་བས་ན། དེའང་འདི་ལྟར་བྱ་སྟེ། སྤྱི་བོར་རྡོ་རྗེ་འཛིན་པས། རྩ་རིག་གི་རྗེས་ལ། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཨོཾ་སརྦ་བིད་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིད་ཨཿ ཨོཾ་སརྦ་བིཏ་ཏྲ་ཐ། ཨོཾ་སརྦ་བིད་ཨོཾ། ཨོཾ་སརྦ་བིཏ་སྭ། ཨོཾ་སརྦ་བིད་ཨཿ ཨོཾ་སརྦ་བིད་ཧཱུྃ། ཨོཾ་སརྦ་བིཏ་ཏྲ་ཐཱ། ཨོཾ་ཤ། ཨོཾ་བྷ། ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་ཏེ། སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་ནས། །བཅུ་པོ་རྣམས་ཀྱི་དབང་བཅུ་ཅི་དགར་བསྐུར། །དེ་ནས་ལག་ཏུ་རྡོ་རྗེ་དྲིལ་བུ་སྦྱིན། །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །དབང་ཕྱུག་འཁོར་ལོས་སྒྱུར་བ་ཐོབ་པ་དང༌། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་འབྱུང་བས་བུམ་པ་དངོས་སུ་སྨོས་པ་ཡིན་ལ། དེའི་རྗེས་ལ་སོགས་ཀྱིས་བསྡུས་པ་དབང་བཅུ་སྟེ། འོག་ནས་འབྱུང་བའི་རིགས་ལྔའི་ཅོད་པཎ་དང༌། རིན་པོ་ཆེའི་ཅོད་པཎ་དང༌། དར་གྱི་ཅོད་པཎ་དང༌། ཕྱག་རྒྱ་དང༌། མིང་དང༌། ཕྲིན་ལས་དང༌། ཆོས་ཀྱི་འཁོར་ལོ་དང༌། བདག་པོ་དང༌། གཟུངས་དང༌། གསང་བའི་དབང་གི་བར་བཅུའོ། །ཡང་ན་བུམ་པ་ཐོགས་ཏེ། དར་དང་རིན་པོ་ཆེའི་ཅོད་པཎ་གཉིས་གཅིག་ཏུ་བྱས་ཏེ་བཅུའོ། །ཐབས་དང་ཤེས་རབ་ནི་རྡོ་རྗེ་དྲིལ་བུ་སྦྱིན་ནོ། །དེ་ནས་རིན་པོ་ཆེ་སྣ་བདུན་སོ་སོར་ཕྱེ་ན་དབང་བཅུ་དགུ་བསྐུར་བར་བྱའོ། །དེ་ལ་དབང་བཅུ་དགུ་རྒྱུད་ཇི་ལྟ་བ་བཞིན་བསྡུས་ཏེ་དབང་བསྐུར་བ་དང༌། རྒྱས་པར་དབང་བསྐུར་བ་གཉིས་སོ། །དང་པོ་ནི། ཏིང་ངེ་འཛིན་དང༌། སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ། དང་པོ་བུམ་པའི་དབང་ནི། དངོས་སུའམ་ཏིང་ངེ་འཛིན་གྱིས་དབང་བསྐུར་ཞིང༌། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ དེ་ནས་གོང་དུ་སྨོས་པའི་ཕྱག་རྒྱ་བཅིང་ངོ༌། །རིགས་ལྔའི་དབུ་རྒྱན་བཅིང་ཞིང༌། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ དེ་ནས་ཕྲེང་བ་འདོགས་པ་ལྟར་བྱས་ལ། རིན་པོ་ཆེའི་ཕྲེང་བ་བཅིང་བར་བསམ་ཞིང༌། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ། དར་གྱི་ཅོད་པཎ་འཆིང་བའི་ཚུལ་དུ་བྱ་ཞིང༌། བཅིང་བར་བསམས་ལ། ཨོཾ་བཛྲ་པ་ཊཱ་ལཾ་བ་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་བྱིན་པར་བསམ་ཞིང༌། ཨོཾ་བུདྡྷ་མུ་དྲཱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་མུ་དྲཱ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་མུ་དྲཱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་མུ་དྲཱ་ཨ་བྷི་ཥིཉྩ་ཨཿ རིགས་ལྔའི་མིང་འདོགས་པར་བསམ་ཞིང༌། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨཿ སྣ་ཚོགས་རྡོ་རྗེ་བྱིན་པར་བསམས་ལ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཨཿ ཆོས་ཀྱི་འཁོར་ལོ་བྱིན་པར་བསམས་ལ། དཀྱིལ་འཁོར་ཐམས་ཅད་བསྒྲུབ་ནུས་པ་དང༌། སེམས་ཅན་ལ་སྤྲུལ་པ་དང༌། བཤད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པར་བསམས་ལ། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ། ཞེས་བརྗོད་དོ། །རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སློབ་དཔོན་བྱེད་ནུས་པར་བསམས་ལ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཨོཾ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ། ཨོཾ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱིཿ ཨོཾ་ཀརྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨཿཨཿཨཿ ཞེས་བརྗོད་དོ། །དབང་དེ་ཐམས་ཅད་ཀྱང་དྲན་པ་དང་ཤེས་རབ་ཀྱིས་མི་བརྗེད་པར་གྱིས་ཤིག ཅེས་བསམ་པ་དང༌། རིགས་ལྔའི་ཕྱག་རྒྱ་དང༌། སྤྱན་དང༌། མཱ་མ་ཀཱི་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་དང་མི་འབྲལ་བར་གྱིས་ཤིག ཅེས་ཀྱང་བརྗོད་པར་བསམ་ཞིང༌། ཨོཾ་བཛྲ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཨཿ སྔགས་ཀྱི་དབང་རྣམས་དམ་ཚིག་མ་ཐོབ་པ་ལ་གསང་བར་གདམས་ཤིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་དོ། །དེ་ནས་དྲིལ་བུ་བྱིན་ལ་ཐབས་དང་ཤེས་རབ་སྟོང་པ་དང་སྙིང་རྗེ་ཆེན་པོ་དང་མི་འབྲལ་བར་གྱིས་ཤིག ཅེས་བརྗོད་ཅིང་བསམས་ལ། ཨོཾ་པྲ་ཛྙོ་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཿ ཞེས་བརྗོད་དོ། །དེ་ནས་ཤོག་བུ་ལས་བྱས་པའི་གཟུགས་ལག་ཏུ་གཏད་པའམ་མ་གཏད་ཀྱང་རུང་སྟེ། ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེ་སྣ་བདུན་དེའི་ལག་ཏུ་བྱིན་པར་བསམས་ལ། ཕྱག་རྒྱ་དང་བཅས་པའམ་མེད་ཀྱང་རུང་སྟེ། ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་མ་ནི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཝ་ཏི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང་དབང་བཅུ་དགུ་པོ་བསྐུར་བར་བྱའོ། །དབང་བཅུ་དགུ་པོ་དེ་དག་སྤྲོས་པ་ལ་དགའ་ན་རྒྱས་པར་བྱས་ཏེ། དབང་རྫས་དང་ཚིགས་བཅད་དང་བཅས་པས་དབང་བསྐུར་བར་བྱ་སྟེ་ལོགས་སུ་ཤེས་པར་བྱའོ། །དེ་ནས་དབང་བསྐུར་བའི་རྗེས་ལ་ཚེ་འདས་དེ་ཡི་དམ་གྱི་ལྷར་བསམས་ལ་མཆོད་པ་ཅི་འབྱོར་པ་དང༌། མེ་ཏོག་གི་ཆར་དབབ་པ་ལ་སོགས་པ་བྱའོ། །གོང་གི་མཆོད་པའི་སྐབས་དེར་གོས་ལྷམ་གཏད་པ་ཞེས་བྱ་བའི་ལག་ལེན་བྱེད་པ་ཡོད་པས་དེ་བྱེད་ན། ཚེ་འདས་ལྷར་བསམས་ལ་དེ་ལ་འདོད་ཡོན་ལྔའི་མཆོད་པས་ཆས་གོས་དང་ཟས་དང་གཏོར་མ་ལ་སོགས་པ་དབུལ་ལོ། །ཡང་ཡུལ་ཁ་ཅིག་ན་ནུབ་ཐ་མ་ལ་བྱང་བུ་བསྲེག་པའི་ཆོ་ག་ལ་མོས་པ་ཡོད་པས་དེ་བྱེད་ན་བྱང་བུ་ལག་ཏུ་བཟུང་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །འབྱུང་བ་ལྔ་ཡི་བུད་ཤིང་ལ། །ལྷ་མོ་ལྔ་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྱུར་བར་ཤོག །ཅེས་བརྗོད་ལ་བྱང་བུ་བསྲེགས་ལ་བཏང་ངོ༌། །ལམ་སྦྱང་བ་དང་བསྟན་པ་ནི། ནུབ་གོང་མ་རྣམས་མཆོད་པའི་རྗེས་ལ་བྱེད་ལ། ནུབ་ཐ་མ་ལ་ནི་བྱང་བུ་བསྲེགས་པའི་རྗེས་ལ་བྱེད་དོ། །དེ་ནི་ཐམས་ཅད་ཀྱིས་མེ་ཏོག་གི་ཆར་དབབ་ཅིང༌། འདི་སྐད་ཅེས་བརྗོད་པར་བྱའོ། །དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་སཾ་བྷ་ཝ། རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཏྲ་ཐ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ། སུ་ཁ་ཝ་ཏཱི་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་དོར་རོ། །དེ་ནས་ཚེ་འདས་བདེ་བ་ཅན་དུ་སྐྱེས་པར་བསམ་ཞིང༌། བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་སྔར་སྐྱེས་པའི་རྙིང་པ་རྣམས་ཀྱིས་དེ་ལ་མཆོད་པར་བསམ་ཞིང༌། དེས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ་མཆོད་ནས། དེར་སྐྱེ་བའི་རྒྱུ་བརྟགས་པས་སློབ་དཔོན་གྱི་མཐུ་ཡིན་པར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོངས་ནས། བདག་དང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་བྱེད་ཅིང་ཆེད་དུ་བརྗོད་པར་བསམ་ཞིང༌། ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་དེ་མཆོད་པར་བསམ། བདག་གིས་ཀྱང་སླར་དེ་ལ་མཆོད་དེ། བདེ་བ་ཅན་དུ་སོང་བར་བསམ་ཞིང༌། མཆོད་པ་ལྔ་ཙམ་གྱིས་མཆོད་ལ། མེ་ཏོག་གཏོར་ཏེ། དེ་ནས་གཏོར་མ་དང་མདོ་སྔོན་དུ་སོང་ནས། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་དང༌། གཞན་ཡང་ཆོ་ག་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ལ་བཤགས་པའི་བསམས་པས་འདི་སྐད་བརྗོད་པར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་པ་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་འཚལ་བ། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །གང་ཡང་བདག་ཅག་རྩོད་པའི་དུས། །སྙིགས་མའི་སེམས་ཅན་དུ་གྱུར་པས་གཞུང་གཞན་དུ་ཡོ་བྱད་མ་འཚོགས་པ་དང༌། མ་འབྱོར་པ་མཆིས་པ་དེ་དག་ཐམས་ཅད་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་དམ་པར་མཛད་དུ་གསོལ། གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས། ཏིང་ངེ་འཛིན་ལ་དབང་མ་ཐོབ་སྟེ། བྱིང་བ་དང༌། རྒོད་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ཉམས་པས་ལྷག་ཆད་དུ་གྱུར་པ་དང༌། འགལ་འཁྲུལ་དུ་གྱུར་པ་ལ་སོགས་པ་ཉེས་པའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་བཟོད་པ་ཆེན་པོ་མཛད་དུ་གསོལ། བདག་ཅག་གིས་ཚུལ་བཞིན་དུ་དཀོན་མཆོག་ལ་མཆོད་པ་དང༌། འབྱུང་པོ་ལ་གཏོར་མ་བྱིན་པ་དང༌། དབང་བསྐུར་བ་དང་སྡིག་པ་སྦྱོང་བ་ལ་སོགས་པ་གང་བྱས་པ་སྨོས། ཆེ་གེ་མོ་ཞེས་བྱ་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དང་ཡང་དག་པར་ལྡན་པར་གྱུར་ཅིག བདེ་བ་ཉིད་དང་ཡིད་བདེ་བ་དེས་མིའི་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང༌། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་བར་གྱུར་ཅིག སྲིད་པར་སྐྱེ་བ་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་སྲུང་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཞེ་འགྲེས་པ་མེད་པའི་བཟོད་པ་སྒོམ་པར་གྱུར་ཅིག དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྡུད་པའི་བརྩོན་འགྲུས་རྩོམ་པར་གྱུར་ཅིག གཟུགས་མེད་པའི་ཁམས་རྣམ་པར་བསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཅིག ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་མཐོ་རིས་ལྷ་དང་མིའི་ལུས་སྐྱོན་མེད་པ་ཐོབ་པར་གྱུར་ཅིག ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་དང་མི་འབྲལ་ཞིང་རྟག་ཏུ་མཉེས་པར་བྱེད་པར་གྱུར་ཅིག ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་ཆོས་དང་མི་འབྲལ་ཞིང་རྟག་ཏུ་སྤྱོད་པར་གྱུར་ཅིག དོན་དམ་དང་ཀུན་རྫོབ་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་གྱུར་ཅིག ལམ་བསྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བྱེད་ནུས་པ་དང་ལྡན་ཞིང་དོན་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་གདབ་པར་བྱའོ། །ཉེ་བར་མཁོ་བའི་འོད་ཟེར་ལས། བདུན་ཚིགས་ཀྱི་ཆོ་གའོ། །རོ་བསྲེགས་ཏེ་སྡིག་པ་སྦྱོང་བ་ནི། ཀུན་རིག་ནས་འབྱུང་བས་དེ་བཤད་པར་བྱའོ། །དེ་ལ་དོན་བརྒྱད་དེ། ཐབ་ཁུང་བྱ་བ་དང༌། རྒྱན་དགྲམ་པ་དང༌། བསྲེག་རྫས་བཤམ་པ་དང༌། བུད་ཤིང་བརྩིག་པ་དང༌། བདག་གི་རྣལ་འབྱོར་དང༌། རོ་ཆས་སུ་གཞུག་པ་དང༌། མེ་སྦར་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་དང༌། མཇུག་གི་བྱ་བའོ། །དང་པོ་ནི། ཁྲུ་གང་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ལ། །རྡོ་རྗེ་མཐའ་མ་བསྐོར་བ་ཡི། །འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་མཚན་རྣམས། །ཇི་བཞིན་པ་ཡི་ཕྱོགས་སུ་བྲི། །དེ་བཞིན་སེམས་ཅན་རྣམས་དང་ནི། །འཇིག་རྟེན་གཙོ་ལ་སོགས་པ་བྲི། །ཞེས་པའི་དོན་ནི་འདི་ཡིན་ཏེ། ཕྱི་དྲོའི་དུས་སུ་གནས་དེར་དྲི་ཞིམ་པོའི་ཆུ་དང༌། བའི་རྣམ་ལྔས་ལེགས་པར་བྱུགས་ལ། རོ་ནར་མོར་བསྲེགས་ནས་ཁྲུ་བཞི་པར་བརྐོ། ཙོག་པུར་བསྲེགས་ན་ཁྲུ་གང་པ་ལ་ཤོང་བས། གྲུབ་ན་དེར་ལྷ་ཚང་པའི་མཚན་མ་དགོད་དེ། ལྟེ་བར་རྡོ་རྗེ་ཕྱོགས་བཞིར། འཁོར་ལོ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ་བྲིའོ། དེའི་ཕྱི་རོལ་དུ་འཇིག་རྟེན་པའི་མཚན་མའམ། མིང་ངམ། བརྡའམ། ཐིག་ལེ་བྲི་བར་བྱའོ། །མ་གྲུབ་ན་མ་བྲིས་ཀྱང་ཉེས་པ་མེད་དོ། །དེ་ནས་གཉིས་པ་རྒྱན་དགྲམ་པར་བྱ་སྟེ། བྱ་དང་བུམ་པ་གང་བ་དང༌། གཏོར་མས་སྣོད་རྣམས་བཀང་བ་དང༌། བརྒྱད་སྙེད་ཙམ་དུ་བཞག་པར་བྱ། །ཡང་ན་བཅུ་དྲུག་སྙེད་དུ་བཞག །བཟའ་བ་དང་ནི་བཅའ་བ་བཤོས། །མེ་ཏོག་ཕྲེང་བ་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ཀྱིས་དེ་བཞིན་བརྒྱན། །ཞེས་བྱ་བ་ཡིན་ཏེ། མེ་ཏོག་ལ་སོགས་པ་ཅི་འབྱོར་པ་དང༌། བླ་རེ་ལ་སོགས་པ་བཤམ། གཏོར་མ་ནི་ཆ་གསུམ་དང༌། གཞི་བདག་ལ་གཅིག རིགས་དྲུག་ལ་གཅིག ཡི་དྭགས་ལ་གཅིག་སྟེ་དྲུག་ཅིས་ཀྱང་བཤམ། དེ་ནས་ཀྱང་ཅི་འབྱོར་པ་བཤམ་མོ། །གསུམ་པ་བསྲེག་རྫས་བཤམ་པ་དང༌། བཞི་པ་བུད་ཤིང་བརྩིགས་པ་དང༌། ལྔ་པ་བདག་གིས་རྣལ་འབྱོར་རྣམས་ནི། ལྷ་ཡི་རྣལ་འབྱོར་རབ་གནས་ལ། །ག་པུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་བསྒོས་ལ། །ཡུངས་ཀར་དྲི་ཆུས་ལེགས་བཀང་སྟེ། །འབྲས་ཆན་ཡོས་དང་ལ་དུ་དང༌། །སྦྲང་རྩི་ཀ་ར་དང་ལྡན་པས། །བརྒྱ་ཕྲག་དུ་མར་ཡོངས་བཟླས་ལ། །ཡམ་ཤིང་ལ་ཡང་དེ་བཞིན་དུ། །རང་གི་སྔགས་ཀྱིས་བཏབ་པའི་ཤིང༌། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་འབྱུང་བའི་དོན་ནི། གོང་དུ་སྨོས་པའི་བསྲེག་རྫས་རྣམས་ཅི་འབྱོར་པས་ལེགས་པར་སྟ་གོན་བྱའོ། །དེ་ནས་བུད་ཤིང་ལའང་རྩ་བའི་རིག་པ་བཟླས་ཤིང༌། དྲི་ཞིམ་པོའི་ཆུས་གཏོར་ཁུང་བུ་ལེགས་པར་བརྩིགས་ལ། སྒྱེད་པོའང་གཟུགས་སོ། །དེ་ནས་རོའི་དྲུང་དུ་མཆོད་པ་ཅི་འབྱོར་པའི་མཆོད་པ་བཤམས་ལ། བདག་གི་རྣལ་འབྱོར་ལས་ཁ་ཚར་བ་སྔོན་དུ་སོང་ཡང་རུང་ལ་མ་སོང་ཡང་རུང་སྟེ། དཔའ་བོ་གཅིག་པའི་རྣལ་འབྱོར་བྱས་ལ། བཟླས་པ་ཅི་རིགས་པ་བྱས་ཏེ། རོའི་བྱ་བ་ལ་འཇུག་པར་བྱའོ། །དྲུག་པ་རོ་ཆས་སུ་གཞུག་པ་ནི། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་གིས་ནི་བཀྲུས་ནས་སུ། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་ཀླུབས་ནས་ཀྱང༌། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །གཙུག་ཕུད་དཔུང་པ་དེ་བཞིན་དུ། །སྔགས་བྲིས་ནས་ནི་གདགས་པར་བྱ། །སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦ་བིཏ་ཀྱི་བྱིན་གྱིས་བརླབས། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང༌། །མིག་གཉིས་དང་ནི་གསང་བའི་གནས། །དབང་པོ་རྣམས་ཀྱི་གནས་སུ་ནི། །དེ་ལྟར་གཞན་དུ་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་བཞག་གོ །དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་ཏེ་ཐབ་དབུས་སུ། །བཞག་པ་ཉིད་དུ་བྱ་བ་ཡིན། །དེ་ནས་སྔགས་འཆང་སྔགས་ཀྱིས་ནི། །བཏབ་པའི་གོས་ཀྱིས་གཡོགས་པར་བྱ། །ཞེས་བཤད་པའི་དོན་འདི་ཡིན་ཏེ། བདག་གི་རྣལ་འབྱོར་རྫོགས་པ་དང༌། གཏོར་མས་བགེགས་ཞི་བས་སྦྱང༌། ཞི་དྲག་ཕྱེད་མས་སྦྱང༌། དྲག་པོས་བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ་སྦྱང་བ་ནི། ཁམས་གསུམ་རྣམ་རྒྱལ་གྱི་སྔགས་ཅི་རིགས་པ་བཟླས་པས་བགེགས་བསལ་ལོ། །བུམ་པ་ལ་རྩ་བའི་རིག་པ་བཟླས་པའི་ཆུས་བཀྲུ་བར་བྱའོ། །རྩ་རིག་བཟླས་པའི་དྲིས་ཉེ་བར་བྱུག་པར་བྱའོ། །རྩ་རིག་བཟླས་ཏེ་སྟོད་གཡོགས་དང༌། སྨད་གཡོགས་ཅི་རིགས་པའི་རྒྱན་གྱིས་ཀླུབས་ཏེ་མཛེས་པར་བྱའོ། །གུ་གུལ་ལ་སོགས་པའི་དུད་པས་བདུག་ཅིང་ཁྲོ་བོ་གང་ཡིན་པའི་སྔགས་བཟླས་པར་བྱས་ནས། རོ་དེ་ཉིད་ལྷ་ཡིན་སྙམ་དུ་བསམས་ནས་ཅི་འབྱོར་པའི་མཆོད་པས་མཆོད་དེ། རྡོ་རྗེ་ཁུ་ཚུར་གྱིས་སྙིང་ག་དང༌། ལྐོག་མ་དང༌། དཔྲལ་བ་དང༌། སྤྱི་གཙུག་དང༌། ཁ་རྣམས་སུ་གཏུག་ཅིང༌། ཨོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛཱ་ཛྙཱ་ན་ས་མ་ཡེ་ཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབས་ལ། ཉིན་མོ་ཤོག་བུ་ལ་བྲིས་པའི་ཡི་གེ་རྣམས་གནས་བཅོ་བརྒྱད་དུ་གདགས་པར་བྱ་བ་ནི། དཔྲལ་བའི་མཛོད་སྤུར་ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤོདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པའོ། །དེ་བཞིན་དུ་རྣ་བ་གཡས་པ་ལ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་སརྦ་སཏྭ་བྷྱཿཧཱུྃ། རྣ་བ་གཡོན་པ་ལ། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ། མགོ་བོའི་གཙུག་ཕུད་ལ། ཨོཾ་ཏྲ་ཐ། དཔུང་པ་གཉིས་ལ་ཧཱུྃ་གཉིས། སྣ་གོང་ལ། ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། རྐེད་པར་ཨོཾ་སརྦ་བིད་ཧཱུྃ། པུས་མོ་གཡས་པ་ལ། ཨོཾ་སརྦ་བིཏ་ཕཊ། གཡོན་པ་ལ། ཨོཾ་སརྦ་བིད་ཨཿ བོལ་གོང་གཡས་པ་ལ། ཨོཾ་སརྦ་བིཏ་ཏྲ་ཐ། གཡོན་པ་ལ། ཨོཾ་སརྦ་བིད་ཨོཾ། ལོང་བུ་གཡས་པ་ལ། ཨོཾ་སརྦ་བིཏ་སྭ། གཡོན་པ་ལ། ཨོཾ་སརྦ་བིད་ཨཿ སྣ་རྩེར། ཨོཾ་སརྦ་བིད་ཧཱུྃ། མིག་གཡས་སུ། ཨོཾ་སརྦ་བིཏ་ཏྲ་ཐ། གཡོན་དུ། ཨོཾ་ཤ། གསང་བའི་གནས་སུ། ཨོཾ་བྷ། སྙིང་གར་རྩ་བའི་རིག་པ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་བ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོདྷ་ནི་ཤོདྷ་ནི། སརྦ་པཱ་པཾ་བི་ཤོདྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨཱ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བ་གདགས་པར་བྱ་སྟེ། ཀུན་རིག་ནས་འབྱུང་བའི་སྔགས་དེ་དག་བྲིས་ཏེ། བཏགས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་ཉིད་ནས་བཤད་དོ། །དེ་ཙམ་མ་གྲུབ་ན་གཞུང་ནས། གཙུག་པུད་དཔུང་པ་དེ་བཞིན་དུ། །སྔགས་བྲིས་ནས་ནི་གདགས་པར་བྱ། །ཞེས་འབྱུང་བས། སྔགས་རྣམས་རྫོགས་པ་ཚར་གསུམ་བྲིས་ལ་མགོ་བོ་དང༌། དཔུང་པ་གཉིས་ཀྱི་ཕྱོགས་སུ་བཏགས་ལ། གནས་བཅོ་བརྒྱད་པོ་རྣམས་སུ། དེ་ལྟར་གཞན་དུ་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་སུ་བཞག །ཅེས་པ། བཅོ་བརྒྱད་པོར་སྔགས་བྲིས་ནས་ལྷན་པ་བཞིན་བསམས་ཀྱང་འགལ་བ་མེད་དོ། །ཞེས་མཚན་རྙིང་པའི་བཤད་པ་ནས་འབྱུང་བ་སྟེ། དེ་ནི་ལེགས་པར་རྟོགས་སོ། །དེ་ནས་རས་ཁྲུ་གང་བའི་གདན་དང་བཅས་ཏེ། རོལ་མོ་དང་བགེགས་བསྐྲད་པ་དང་བཅས་པས་ཐབ་ཀྱི་དབུས་སུ་བཅུག་ལ། ཡང་རྩ་བའི་རིག་པ་ཟློས་བཞིན་དུ། ཅི་རིགས་པའི་གོས་ཀྱིས་གཡོགས་པར་བྱའོ། །བདུན་པ་མེ་སྦར་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲངས་ལ་མཆོད་པ་ནི། དེ་ཡན་ཆད་ཕྱིའི་དཀྱིལ་འཁོར་མ་བྲིས་ན། ད་གཟོད་ཕན་ཆད་ཕྱིའི་དཀྱིལ་འཁོར་བྲི། རྒྱན་དགྲམ་བསྲེག་རྫས་སོགས་དགོས་པ་རྣམས་ཉེ་བར་སྟ་གོན་བྱས་ལ། དེ་ནས་བྱིན་ཟ་དགེ་བ་རབ་སྦར་ལ། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །ཟླ་དཀར་ཀུནྡའི་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒྷ་དབུལ་བ་བརྟགས་ནས་དེ་བཞིན་དུ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་སོགས་བཞག །ཅེས་པ་དང༌། དེ་ནས་ཚིགས་བཅད་གཅིག་གིས་རྗེས་ལ། དེ་ནས་བྱིན་ཟ་ལ་ནི་བརྟག་བྱ་བ། །བསྲེག་བྱས་བཀང་སྟེ་ཐར་བར་བྱ་བའི་ཕྱིར། །ཞེས་པའི་དོན་ནི་འདི་ཡིན་ཏེ། མེ་སྦར་ཏེ་ཐབ་དང་ཡོ་བྱད་ཐམས་ཅད་ལ་བདུད་རྩི་འཁྱིལ་བའི་སྔགས་བཟླས་ཤིང༌། ཀུ་ཤའི་ཆུན་པོས་དྲིའི་ཆུ་གཏོར་ལ་བགེགས་བསང༌། མཆོད་པ་ལ་འཇུག་པར་བྱའོ། །རྡོ་རྗེ་དྲིལ་བུ་འཛིན་པའི་སྔགས་པས། ཚིགས་བཅད་ཅི་ཤེས་པ་དབྱངས་དང་བཅས་པ་དང༌། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ སརྦ་ཀརྨཱ་པྲ་སཱ་དྷ་ཀ ཀཱ་རུ་ཎྱ་ཀྲྀ་ཏྭཱ་སཏྭཱ་རྠཾ། ཨ་སྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་བྱ་བས་མེའི་ཕྱོགས་ནས། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། པདྨ་དང་ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ། གཡས་རིན་པོ་ཆེ་དང་དབྱུག་པ། གཡོན་པདྨ་དང་སྤྱི་བླུགས་འཛིན་པ་སྤྱན་དྲངས་ཏེ་ཐབ་ཏུ་བཞུགས་སུ་གསོལ་ལ། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པས་མཆོད་ལ། བསྲེག་རྫས་རྣམས་བདུད་རྩིར་བསམ་སྟེ་ཐམས་ཅད་བསྲེག་པའམ། སོ་སོར་བྱས་ཀྱང་བཏུབ་སྟེ། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ད་ཧ་ན་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས། སྦྱིན་སྲེག་ལན་ཅི་རིགས་པ་བྱས་ལ་བསྟོད་པ་བྱའོ། །དེ་ནས་མེ་ལྟར་འབར་བ་ནས་འབྱུང་བ་བཞིན་ཁྲོ་བོ་མེ་ལྟར་འབར་བ་སྤྱན་དྲངས་ལ། ལན་གསུམ་དབུལ་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་ལན་གསུམ་དབུལ་བར་བྱ་སྟེ། དེ་ཡང་དབུལ་བ་ནི། ཇི་སྐད་གསུངས་པའི་ཡོན་ཏན་འདོད་པ་ཡིས། །དེ་བཞིན་གཤེགས་པ་དེ་ལྟར་སྤྱན་དྲངས་ལ། །ཨརྒྷ་ལ་སོགས་བརྟགས་ཏེ་དེ་བཞིན་དུ། །བདེ་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །ཞེས་གསུངས་པ་དང༌། དེ་ནས་བསྲེག་བྱས་བཀང་སྟེ་རིམ་བཞིན་གྱིས། །རྒྱལ་ལ་སོགས་པ་བརྒྱ་རྩ་བརྒྱད་དུ་བརྟག །དེ་ནས་སྦྱོང་བའི་སྔགས་ཀྱིས་རྒྱལ་པོ་ལ། །བསྲེག་པར་བྱ་བ་ཉི་ཤུ་རྩ་གཅིག་བརྟག །དེ་ནས་སྤྱན་དྲངས་ཡོ་བྱད་ལན་གསུམ་དང༌། །ཨརྒྷ་ལ་སོགས་པདྨ་དཀར་ཞལ་མཆོད། །ཅེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཡི་དམ་གྱི་ལྷ་རྣམས་མཆོད་དེ། བསྟོད་པས་བསྟོད་ལ། བསྲེག་རྫས་གཞན་རྣམས་རོའི་ཤ་ཁྲག་རུས་པ་དང་བཅས་པ་རྣམས་བདུད་རྩིར་བསམ་སྟེ། རྩ་བའི་རིག་པའི་མཇུག་ཏུ་ཨོཾ་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པས། གཙོ་བོ་ལ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་གཙོ་བོའི་ཤར་ཕྱོགས་ན་བཞུགས་པའི་སྦྱོང་པའི་རྒྱལ་པོ་ལ་རང་གི་སྔགས་ཀྱིས་ཉེར་གཅིག་དབུལ་བར་བྱའོ། །དེ་ནས་འཁོར་གཞན་རྣམས་ལ་ཡང་རང་རང་གི་སྔགས་ཀྱིས་ལན་གསུམ་གསུམ་དབུལ་ལ་མཆོད་དེ་བསྟོད་པར་བྱའོ། །དེ་ནས་ཡང༌། ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གཟུགས། །ཞབས་ཀྱི་པདྨས་སྡིག་མནན་ཅིང༌། །རྒྱན་རྣམས་ཀུན་གྱིས་རབ་རྫོགས་པ། །རྫོགས་པའི་སངས་རྒྱས་དབུ་རྒྱན་མཐོ། །བསམས་སམ་ཡང་ན་བྲིས་ཀྱང་རུང༌། །དེ་ཡི་སྙིང་པོས་དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །ཅི་སྟེ་མཚན་མ་ལ་སོགས་འབྱུང༌། །དེ་བཞིན་སྡིག་ཅན་རྒྱུད་ཤེས་བྱ། །ཞེས་གསུངས་པའི་དོན་འདི་ཡིན་ཏེ། དེ་ལྟར་དཀྱིལ་འཁོར་མཆོད་ནས་མ་གཤེགས་པར་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་ལས་རྒྱལ་བའི་གཟུགས་སྤྱན་དྲངས་ལ། ཀུན་རིག་གི་སྤྱན་སྔར་བཞུགས་སུ་གསོལ་ལ། ཅི་འབྱོར་གྱིས་མཆོད་ལ། སྦྱིན་སྲེག་བྱ་བ་ནི། བསྲེག་རྫས་རྣམས་དང་རོའི་ཤ་ཁྲག་རུས་པ་རྣམས་བདུད་རྩིར་བསམས་ལ་དབུལ་ཏེ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨཱ་ན་ལཱ་རྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ལན་བརྒྱ་རྩ་བརྒྱད་ནས་བྱེ་བའི་བར་དུ་ཅི་རིགས་པར་ཕུལ་ལ་སྦྱིན་སྲེག་བྱའོ། །དེས་ནི་མེའི་དབུས་སུ་སྡིག་པ་དག་པ་ལ་སོགས་པའི་རྟགས་རྣམས་ཞི་བའི་སྦྱིན་སྲེག་དང་མཐུན་པར་སྟོན་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང༌། ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ལ་གོང་ལྟར་མཆོད་ཅིང་བསྟོད་དེ། ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར། ཡི་གེ་བརྒྱ་པ་བརྗོད་ཅིང་བཟོད་པར་གསོལ་ལ། འདོད་པའི་དོན་ལ་གསོལ་བ་གདབ་སྟེ། ཅུང་ཟད་མཆོད་དེ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཡང་མེ་ལྟར་འབར་བའི་སྐབས་ནས་འབྱུང་བ་བཞིན་རང་གི་ཆོས་སྐྱོང་དང༌། ལྷ་དང༌། ཀླུ་དང༌། ཕྱོགས་སྐྱོང་དང༌། གཟའ་དང༌། རྒྱུ་སྐར་དང༌། འཇིགས་བྱེད་དང༌། རྒྱལ་ཆེན་བཞི་རྣམས་སྤྱན་དྲངས་ཏེ། རང་རང་གི་སྔགས་ཀྱིས་ཕུལ་ལ་མཆོད་དེ་རང་སར་གཏང་བར་བྱའོ། །དེ་ནས་ཡང༌། བགེགས་ལ་སོགས་པ་འཇིག་རྟེན་པ་རང་གི་ཡིད་ལ་འདོད་པ་གང་ཡིན་པ་བཀུག་ལ། མཆོད་དེ་རང་སར་གཏང་བར་བྱའོ། །དེ་ནས་མེ་ལྷ་མཆོད་དེ་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། ལྷག་ཆད་བཟོད་པར་གསོལ་ལ་མཉེས་པར་བྱས་ཏེ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། གཏོར་མ་རྣམས་བཏང༌། ཆོས་ཀྱི་སྦྱིན་པ་རྒྱས་པར་བྱ། དགེ་བའི་རྩ་བ་བསྔོ་བ་ཡང་རྒྱས་པར་བྱ། གསོན་པོ་རྣམས་བཀྲ་ཤིས་པར་བྱ་བའི་ཕྱིར། སྨོན་ལམ་གདབ། བཀྲ་ཤིས་བྱ། ཡོན་བདག་གིས་སློབ་དཔོན་འཁོར་དང་བཅས་པ་ལ་སྟོན་མོ་དང༌། ཡོན་དབུལ་བ་དང༌། བསྔོ་བ་རྒྱས་པར་བྱའོ། །དེ་དག་ནུབ་གཅིག་ལ་བྱས་ཀྱང་རུང༌། ནུབ་གཉིས་པར་བྱེད་ན། རོ་ཆས་སུ་གཞུག་པ་ཡན་ཆད་ནུབ་གཅིག མེ་སྦར་པ་མན་ཆད་ནུབ་གཉིས་པ་ལ་བྱེད་པ་ཡིན་ཏེ། གང་ལྟར་ཡང་འགལ་བ་མེད་དོ། །རོ་བསྲེགས་ཏེ་སྡིག་པ་སྦྱང་བའི་ཆོ་གའོ། །ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །གཙང་ཁའི་སྙིང་སྟོན་དགེ་སློང་རིན་ཆེན་གྲགས། །དེ་ཡིས་གསོལ་བ་འདེབས་པའི་ཕྲིན་ཐོས་ནས། །བསྙེན་དང་སྒྲུབ་པའི་དོན་གསུམ་ལུང་བཞིན་བྲིས། །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །འགྲོ་བའི་ངན་འགྲོའི་སྡུག་བསྔལ་སེལ་གྱུར་ཅིག །དཔལ་ངན་སོང་སྦྱོར་བའི་རྒྱུད་ནས་ཇི་ལྟར་འབྱུང་བའི་བསྙེན་སྒྲུབ་ལས་སྦྱོར་རོ་སྲེག་དང་བཅས་པ། ལག་ཏུ་བླང་བའི་རིམ་པ་གཞན་ཕན་ཉེར་མཁོ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བ་རྫོགས་སོ།། །།འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply