༼ཏ༽
༄༅། །བྱ་སྤྱོད་རིགས་གསུམ་སྤྱིའི་རིག་གཏད་ཀྱི་ཆོ་ག་བཞུགས།།
༄༅། །བྱང་ཆུབ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བར་འདོད་ན། སྤྱི་དོན་བདུན་ཏེ། སློབ་དཔོན་དང་སློབ་མའི་མཚན་ཉིད་བརྟག་པ་དང༌། བསྙེན་པ་བྱ་བ་དང༌། སའི་ཆོ་ག་དང༌། སྟ་གོན་དུ་གནས་པ་དང༌། དཀྱིལ་འཁོར་ཞག་གི་བྱ་བ་དང༌། མཇུག་ཏུ་བྱ་བའི་ཆོ་ག་དང༌། ཕན་ཡོན་དང་ཉེས་དམིགས་ཀྱི་སྒོ་ནས་ཆོས་བསྟན་པའི་རིམ་པའོ། །དང་པོ་ནི། སློབ་དཔོན་བྱ་སྤྱོད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་རྒྱུད་ཐོས་པ། བླ་མ་ལས་ལུང་ཐོབ་པས་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ལྟ་མ་ཡིན་ན་ཉེས་པར་འགྱུར་རོ། །སློབ་མའི་མཚན་ཉིད་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་རང་གི་བསླབ་པ་ལ་གནས་ཤིང་ཐེག་པ་ཆེན་པོ་ལ་དད་པ། ཡང་དགོས་སུ་རྡོ་རྗེ་ཐེག་པ་ལ་གུས་པ། ཕན་ཚུན་ནང་གཤིན་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་དུ་ཟུང་དུ་མ་གྱུར་པ་ཡོངས་སུ་གཟུང་བར་བྱའོ། །གཉིས་པ་བསྙེན་པ་ནི། བདག་བསྐྱེད་དམ་མེད་ཀྱང་རུང་སྟེ། ལྷ་ལ་གསོལ་བ་གདབ་པའི་ཚུལ་གྱིས་བཟླས་བརྗོད་འབུམ་ཕྲག་གཅིག་སོགས་གྲངས་ཅི་འགྲུབ་བྱའོ། །གསུམ་པས་ཆོ་ག་ནི་སྔར་སྦྱང་བ་མ་བྱས་པ་ཡིན་ན། གསང་སྔགས་ཟློས་ཤིང་ས་ཕྱོགས་བྱུག་པ་བྱས་པས་བཏུབ་བོ། །སྟ་གོན་དུ་གནས་པ་ནི། སྤྱི་རྒྱུད་ལས། རྣམ་དཔྱད་དང་པོ་ས་གཞི་གཟུང༌། །གཉིས་པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་འབྱུང་བས་ན། ནུབ་དང་པོ་ལ་ས་ཆོག་དང༌། །གཉིས་པ་ལ་སྟ་གོན་དང༌། གསུམ་པ་ལ་དངོས་གཞི་སྟེ་ནུབ་གསུམ་དུ་བྱ་བ་ཡིན་ལ། ས་ཆོག་མི་དགོས་པའི་ཕྱོགས་སུ་ནི་ནུབ་གཉིས་ཀྱིས་ཡོངས་སུ་རྫོགས་པར་བྱ་དགོས་པ་ཡིན་མོད་ཀྱི། ཤིན་ཏུ་རིངས་པའི་དུས་སུ་ནི་སྟ་གོན་དང་དངོས་གཞི་གཉིས་ཀ་ཉི་མ་གཅིག་ལ་ཕྱག་ལེན་མཛད་པ་མན་ངག་བརྒྱུད་པ་ལས་མཐོང་མོད་ཀྱི། གཞུང་ན་མི་སྣང་ངོ༌། །དེ་ལྟར་ནུབ་གསུམ་མམ་གཉིས་སུ་ཡང་བྱེད་མོད་ཀྱི། སྟ་གོན་དུ་གནས་པ་ལ་བཞི། སའི་ལྷ་མོ་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་དུ་གནས་པའོ། །དེ་ལ་དེ་དག་གི་སྔོན་དུ་འགྲོ་བ་ནི་འདི་ཡིན་ཏེ། གནས་ཁང་བ་བྱུང་ལྔས་གཙང་བར་བྱི་དོར་བྱས་ལ། བླ་རེ་དང་བྲིས་སྐུ་དགྲམ། ཅི་འབྱོར་པའི་མཆོད་པ་བཤམ། སློབ་དཔོན་བདག་ཉིད་ཁྲུས་བྱས་ཏེ། གོས་གཙང་མ་བགོ དཀོན་མཆོག་གི་རྟེན་གྱི་དྲུང་དུ། སློབ་དཔོན་གྱིས་གསོ་སྦྱོང་ཆོ་ག་བླང༌། བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་གཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །ཞེས་བླ་མའི་རྗེས་སུ་ལན་གསུམ་བཟླས་སོ། །དེ་ལྟར་ན་བྱ་བའི་རྒྱུད་ཀྱི་ལུགས་ལ་ནི། སློབ་དཔོན་གྱི་བྱ་བ་དེ་ཙམ་ཡིན་མོད་ཀྱི། སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་སློབ་མ་འཇུག་ན། བདག་ཉིད་ཡིད་དམ་ལྷའི་ང་རྒྱལ་བསྒོམས་ལ་བཟླས་པ་ཅུང་ཞིག་བྱ་བ་དང༌། སྔོན་དུ་འགྲོ་བ་འདི་དག་ནི་འོག་མ་རྣམས་ལ་བདག་ལྷར་བསྒོམ་པ་དང༌། མི་བསྒོམ་པའི་ལུགས་གཉིས་པོ་འདི་ཤེས་པར་བྱའོ། །དེར་དྲིའི་ཐིག་ལེ་དང༌། མེ་ཏོག་ཚོམ་བུ་བྱས་ལ། དེར་སའི་ལྷ་མོ་བསྐྱེད། མཆོད་པས་མཆོད། གཏོར་མ་གཏང༌། གསོལ་བ་བཏབ་ལ་གཤེགས་སུ་གསོལ། །དེ་ནས་ལྷའི་གནས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བྱས་ལ། འཇམ་དཔལ་ལམ་རིགས་གསུམ་ཀ་བསྐྱེད། ཡེ་ཤེས་པ་དགུག དེ་ལ་མེ་ཏོག་ལ་སོགས་པ་མཆོད་པ་ལྔས་མཆོད་ལ། བསྟོད་པ་བྱ་བ་ནི། སྐུ་གསུང་ཐུགས་འཇམ་འགྲོ་བ་ཡོངས་ཀྱི་དཔལ། །གཞོན་ནུའི་ཚུལ་མཛེས་ཡོན་ཏན་བརྒྱན་པའི་སྐུ། །དེ་ཕྱིར་འཇམ་དཔལ་གཞོན་ནུར་མཚན་གསོལ་བ། །བློ་གྲོས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་པ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། སྟ་གོན་གྱི་ལྷ་ལ་གསོལ་བ་གདབ་པ་ནི། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས། ལག་པ་གཡས་སུ་སྤོས་བཟུང༌། གཡོན་གྱི་དྲིལ་བུ་དཀྲོལ་ཞིང༌། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག །བཅོམ་ལྡན་སྤྱན་རས་གཟིགས་དབང་རྒྱལ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་མགོན། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་སུ་རྡོ་རྗེའི་སྤྱན་ཅན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །རིགས་གསུམ་ཞེས་བྱའི་དཀྱིལ་འཁོར་འདི། །འགྲོ་བ་དག་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཐུགས་དཔག་མཛད་ནས་ཀྱང༌། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱི། །ཐུགས་རྗེས་དགོངས་ཏེ་ཉེ་བར་མཛོད། །ཅེས་ལན་གསུམ་བརྗོད་དོ། །ལྷ་སྟ་གོན་དུ་གནས་པའོ། །དེ་ནས་བུམ་པ་སྟ་གོན་དུ་གནས་པ་ནི། བུམ་པ་ལེགས་པར་བཅའ། བཅུད་གཞུག སྟོང་པའི་ངང་ལས་པཾ་ལས་རིན་པོ་ཆེའི་བུམ་པར་བསྐྱེད། བུམ་པའི་མགྲིན་པར་ཁྲོ་བོའི་རིགས་ལ་ཉི་མ། ཞི་བའི་རིགས་ལ་ཟླ་བ་ལ་རང་རང་གི་རིག་སྔགས་བསམ། དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པའི་བདུད་རྩི་བུམ་པའི་ནང་དུ་སྤྱན་དྲངས་ལ། བུམ་པ་གང་བར་བསམ་ཞིང༌། གསང་སྔགས་བཟླས་ཏེ། བུམ་པ་སྟ་གོན་དུ་གནས་པའོ། །སྐབས་འདིར་དཔུང་པ་བཟང་པོ་ནས་འབྱུང་བ་བཞིན་གདོན་གྱི་གཏོར་མ་དང༌། ཕྱོགས་སྐྱོང་གི་གཏོར་མ་གཉིས་གཏོང་ངོ༌། །དེ་ནས་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཁ་ཡར་བ་རྣམས་ཁྲུས་བྱས་ནས་མཎྜལ་བྱས་ཏེ་གྲལ་དུ་འཁོད་པ་རྣམས་ལ་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། སྨོན་པ་བྱང་ཆུབ་ཀྱི་སེམས་དང༌། འཇུག་པ་བྱང་ཆུབ་ཀྱི་སེམས་དང༌། ཡོངས་སུ་བསྔོ་བ་སྟེ། ཡན་ལག་བདུན་པ་བྱས་ཏེ། སློབ་དཔོན་གྱི་རྗེས་སུ་སློབ་མས་ལད་མོ་བྱ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་དོ། །ནུབ་གཉིས་པར་བྱེད་ན་སོ་ཤིང་དང༌། སྲུང་སྐུད་དང༌། སྐྱོར་ཆུ་དང༌། རྨི་ལམ་བརྟག་པ་རྣམས་བྱས་ལ། གང་ལྟར་ཡང་ཆོས་ཟབ་མོ་བཤད་ལ་སྤྲོ་བ་བསྐྱེད་དེ། ལྷ་ལ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ། གོང་གི་བསྟོད་པས་བསྟོད། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བརྗོད་ལ། ཡི་གེ་བརྒྱ་པ་བརྗོད་ལ་ཡེ་ཤེས་པ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དངོས་གཞིའི་ཉིན་བར། ངག་ཏུ་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ལས་ཀུན་བྱེད་པའི་གསང་སྔགས་ཟློས་ཤིང་ཐིག་གདབ་པ་དང༌། དཀྱིལ་འཁོར་རྩིག་པ་སེར་པོ་རིམ་པ་གཅིག་པའི་གྲུ་བཞི་སྒོ་བཞི་པའམ། ཡང་ན་པདྨ་འདབ་བརྒྱད་ཙམ་ལ་བརྟེན་ཀྱང་རུང་སྟེ། གང་ལྟར་ཡང་དབུས་སེར། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་བ། དེའི་ལྟེ་བར་ཟླ་བའི་དབུས་སུ་རལ་གྲི་དང་པདྨ་དང་རྡོ་རྗེ་བྱ། དེ་ལྟ་བུའི་ཚུལ་གྱིས་ཚོན་གྱིས་བྲི་བ་དང༌། འཇམ་དཔལ་ལ་སོགས་པའི་མཚན་མ་དགོད་པ་དང༌། མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས་ལ། ལྷ་བསྐྱེད་པའི་དང༌། མི་བསྐྱེད་པའི་བདག་གི་བྱ་བ་སྔོན་དུ་སོང་ནས། དཀྱིལ་འཁོར་དུ་ལྷ་རྣམས་བསྐྱེད་ཅིང་སྤྱན་དྲང་བ་དང༌། མཆོད་པ་རྒྱ་ཆེན་པོས་མཆོད་པ་དང༌། དཀྱིལ་འཁོར་གྱི་དྲུང་དུ་སྒྲུབ་པའི་གྲོགས་གཞན་བཞག་སྟེ། རྡོ་རྗེ་སློབ་དཔོན་ཕྱི་རོལ་དུ་བྱུང་སྟེ། དཔུང་བཟང་དང་མཐུན་པའི་གཏོར་མ་གཉིས་ཕྱོགས་ཐམས་ཅད་དུ་བཏང་ལ། ཕྱི་རོལ་དུ་བདུག་སྤོས་ཀྱིས་བདག་ཉིད་བདུགས་ཏེ་ནང་དུ་ཞུགས་ནས་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དང༌། ཨོཾ་ཨ་ར་པ་ཙ་ན་དྷིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། འཁོར་རྣམས་ལ་བདུན་བདུན་ཙམ་བཟླས་ལ། ཡང་ཅི་འབྱོར་པའི་མཆོད་པས་དཀྱིལ་འཁོར་མཆོད་ལ། འོག་ཏུ་སློབ་མ་ལ་ཇི་ལྟར་བསྐུར་བའི་དབང་རྣམས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་གཙོ་བོ་ལས་དབང་དང་དམ་ཚིག་ནོད་པར་བྱའོ། །དེ་ནས་ཤེས་རབ་སྙིང་པོ་ལ་སོགས་པ་མདོ་ཅུང་ཞིག་བཏོན་ལ་ཅི་འབྱོར་པའི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །སྤྱིར་དུ་ཡང་དཀྱིལ་འཁོར་ལ་ཡེ་ཤེས་པ་སྤྱན་དྲངས་ནས། རྟག་ཏུ་གུ་གུལ་དཀར་པོ་དང་སྤང་སྤོས་ཀྱིས་བདུགས། སྤོས་རྒྱུན་མི་འཆད་པར་གཏུལ་བར་བྱའོ། །སློབ་དཔོན་འཇུག་པའི་ཆོ་གའོ།། །།དེ་ནས་སློབ་མ་ཡོལ་བའི་ཕྱི་རོལ་དུ་བོས་ལ། ལས་ཀུན་བྱེད་པའི་གསང་སྔགས་ཀྱི་ཆུ་གཏོར་ལ། ཡང་སྔགས་དེ་ཉིད་ཀྱིས་གདོང་དར་དམར་པོས་བཅིངས་ལ། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་སྟ་གོན་བཞིན་དུ་བྱ། དེ་ནས་ཡོལ་བའི་ནང་དུ་བཀུག་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པ་གཙོ་བོའི་སྔགས་ཟློས་ཤིང༌། བླ་མའི་ཕྱག་སློབ་མའི་སྤྱི་བོར་བཞག་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཀུན་གྱིས་མཐོང་བར་ཤོག །ཅེས་བདེན་པའི་སྟོབས་བརྗོད་ལ། དཀྱིལ་འཁོར་དུ་མེ་ཏོག་དོར་བ་དེ་བླངས་ལ་སློབ་མའི་སྤྱི་བོར་བཅིང༌། དེ་ནས་སློབ་མས་མེ་ཏོག་སྙིམ་པར་ཐོགས་པས། བླ་མ་ལས་ཨ་ར་པ་ཙ་ན་ལ་སོགས་པའི་གསང་སྔགས་ཀྱི་ལུང་ལན་གསུམ་བླངས་ལ། ལས་ཀུན་བྱེད་པའི་སྔགས་ཨ་མྲྀ་ཏ་ཟློས་ཤིང༌། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་དང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པ་དང༌། གླུ་དབྱངས་དང་རོལ་མོའི་སྒྲ་དང་བཅས་པས་བུམ་པའི་ཆུས་སློབ་མའི་སྤྱི་བོ་ནས་དབང་བསྐུར་བས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །ཆུ་དེ་ཁོང་དུའང་ལན་གསུམ་འཐུང་དུ་གཞུག་སྟེ། དེའི་དུས་སུ་འཇམ་དཔལ་གྱི་ཤེས་རབ་དང༌། སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌། ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱི། དངོས་གྲུབ་གསུམ་ཐེ་ཚོམ་མེད་པར་རང་ལ་བྱུང་བར་བསམས་ལ། དེའི་དུས་སུ་གསང་སྔགས་ཟློས་ཤིང༌། འོག་ཏུ་ཀུ་ཤའི་སྟན་བྱིན་པ་དང༌། ལུས་ལ་གུ་གུལ་དཀར་པོའི་བདུག་པས་བདུགས་པ་དང༌། མགོའི་སྟེང་དུ་གདུགས་གཟུང་བར་བྱའོ། །བུམ་པའི་ཆུས་དབང་བསྐུར་ཏེ་བྱ་བའི་རྒྱུད་ཀྱིའོ།། །།དེའི་སྟེང་དུ་སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་བྱེད་པར་འདོད་པས། ཡི་དམ་ལྷའི་སྔགས་ཟློས་ཤིང༌། དབུ་རྒྱན་སྤྱི་བོར་བཅིངས་ནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཐོབ་པར་བསྒོམ་པ་དང༌། ཡིད་དམ་ལྷའི་གསང་སྔགས་ཟློས་ཤིང༌། རྡོ་རྗེ་དྲིལ་བུ་ནས་ཀྱི་འབྲས་ཚད་ཙམ་སྲིན་ལག་གི་འོག་ཏུ་སྦས་ཏེ་བྱིན་ལ་གསང་བའི་དབང་བསྐུར་ཐོབ་པར་བསྒོམ་མོ། །དབུ་རྒྱན་དང་ཕྱག་མཚན་གཉིས་ནི། སྤྱོད་པའི་རྒྱུད་ཀྱི་ལྷག་པོ་ཡིན་ནོ། །ལྷག་མ་རྣམས་ནི་འདྲའོ། །དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང༌། དཀྱིལ་འཁོར་གྱི་ལྷ་རྣམས་ལ་གསོལ་བ་གདབ་པར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀའི་ཐུན་མོང་གི་དབང་ངོ༌། །དེ་ལ་སྙིང་རྗེ་དང་ལྡན་པ་རྡོ་རྗེ་སློབ་དཔོན་བྱེད་པར་སྤྲོ་བ་རྣམས་ལ་ཆུའི་དབང་ལྡབས་ལ་བསྐུར། ཕྱག་རྒྱ་བཅིངས་བས་གསང་སྔགས་ཟློས་ཤིང་སྤྱི་བོར་གཏུགས། གདུགས་དང་བཅས་པས་དཀྱིལ་འཁོར་ལ་དངོས་སུ་མི་བཏུབ་ན། ཡིད་ཀྱིས་བསྐོར་བ་ལན་གསུམ་བྱས་ནས་ཕྱག་བྱས་ཏེ། བླ་མས་སློབ་མའི་སྤྱི་བོ་ནས་བཟུང་སྟེ་དཀྱིལ་འཁོར་ལ་དབུལ། ལག་པ་ནས་བཟུང་སྟེ་རྗེས་སུ་གནང་བར་བྱ། དཔུང་པ་བཟང་པོ་ལ་སོགས་པའི་རྒྱུད་ཚར་གཅིག་ཀློག་ཏུ་གཞུག དེ་མ་གྲུབ་ན་རིག་སྔགས་ཅུང་ཟད་ཟློས་སུ་གཞུག་གོ །སློབ་དཔོན་གྱི་དབང་གི་ཆོ་གའོ།། །།དེ་ནས་གཉིས་ཀ་ལ་ཐུན་མོང་དུ་དགོས་པའི་དམ་ཚིག་དང་སྡོམ་པ་དཔོག་པར་བྱ་སྟེ། སློབ་མ་རྣམས་ལེགས་པར་གྲལ་བྱས་པ་ལ་མ་ཡེངས་པར་གྱིས་ཤིག ཅེས་བརྗོད་ལ། གསང་བ་སྤྱི་རྒྱུད་དང༌། ལེགས་པར་གྲུབ་པ་ནས་འབྱུང་བ་བཞིན། དམ་ཚིག་རྣམས་ངག་ཏུ་བརྗོད་ལ། དེ་ལྟར་སྲུངས་ཤིག་བྱ་བ་དང༌། དངོས་གྲུབ་རྣམས་འདི་ལྟར་སྒྲུབས་ཤིག རྒྱུད་ལ་སོགས་པ་སེམས་ཅན་གཞན་རྣམས་ལ་འདི་ལྟར་ཤོད་ཅིག་བྱ་བ་ཐོ་ཙམ་བརྗོད་པར་བྱའོ། །དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་རྣམས་བསྟན་ཟིན་ཏོ།། །།སྤྱི་དོན་དྲུག་པ་མཇུག་ཏུ་བྱ་བའི་ཆོ་ག་རྣམས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལེགས་པར་མཆོད་པ་དང༌། གྲུབ་ན་ཞི་བའི་སྦྱིན་སྲེག་བྱ་བ་དང༌། གཏོར་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ། སྤོས་ཆུའི་ཞབས་བསིལ་ཕུལ་ལ་གཤེགས་སུ་གསོལ་བར་བྱའོ། །རྡུལ་ཚོན་དམན་པ་ཆུ་བོར་དོར་ལ། དཀྱིལ་འཁོར་གྱི་ཡོ་བྱད་དམན་པ་རྣམས་དཀོན་མཆོག་མཆོད་པ་དང༌། རྡོ་རྗེ་སློབ་དཔོན་བདག་ཉིད་ལོངས་སྤྱད་པ་དང༌། ཕོངས་པ་རྣམས་ལ་སྦྱིན་པར་བྱའོ།། །།སྤྱི་དོན་བདུན་པ་དཀྱིལ་འཁོར་མ་མཐོང་བ་ལ་སོགས་པས་ཆོ་ག་བྱས་ན་ཉེས་པ་དུ་མ་སྐྱེད་ཅིང༌། དཀྱིལ་འཁོར་མཐོང་བས་ཆོ་ག་བྱས་ན་དངོས་གྲུབ་ཏུ་མ་འབྱུང་ལ། དང་པོ་སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་བསླབས་པའི་རྗེས་ལ་རྒྱུད་སྦྱིན་པར་བྱའོ། །སློབ་མས་ཀྱང་དགེ་འདུན་ཚོགས་པ་རྣམས་ལ་དགའ་སྟོན་དང༌། རྡོ་རྗེ་སློབ་དཔོན་ལ་ཡོན་གྱིས་མཉེས་པར་བྱས་ལ། ལས་ཀྱི་རྗེས་བསྡུ་བར་བྱའོ།། །།བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་གྱི་ཆོ་ག གསང་བ་སྤྱི་རྒྱུད་ལ་བརྟེན་པའི་ལག་ཏུ་བླང་བའི་རིམ་པ། བླ་མ་ཁ་ཆེ་ཡེ་ཤེས་རྡོ་རྗེའི་མན་ངག བླ་མ་ལོ་ཆུང་གྲགས་མཆོག་ཤེས་རབ་ཀྱིས། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་གནང་བའི་གསལ་བྱེད་འདི་ནི། དཔལ་ལྡན་ས་སྐྱའི་དགོན་པར། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཅིང་ངེ་སྟོན་པ་འདུལ་བ་འཛིན་པས་ལན་མང་དུ་གསོལ་བ་བཏབ་ནས། ཞལ་གདམས་ཡི་གེར་བཀོད་པ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply