ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་ཆོག

༼ཏ༽

༄༅། །ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་ཆོག་བཞུགས།། 

༄༅། །རྗེ་བཙུན་འཕགས་པ་ཨ་ར་པ་ཙ་ནའི་དབང་གི་ཆོ་ག་ཡེ་ཤེས་སྣང་བའི་སྒྲོན་མ་ཞེས་བྱ་བ། བླ་མའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གི་སྐུ་དང་གསུང་ནི་མཁའ་ལྟར་མཐའ་ཡས་ཤིང༌། །ཐུགས་ཀྱིས་ཀུན་མཁྱེན་དེ་ཡི་ཡོན་ཏན་དཔག་མེད་པས། །འགྲོ་བ་མ་ལུས་སྒྲོལ་མཛད་བཅོམ་ལྡན་འཇམ་དབྱངས་ལ། །བདག་ནི་མཆོག་ཏུ་དད་པས་རྟག་ཏུ་གུས་ཕྱག་འཚལ། །སྤྱོད་པའི་རྒྱུད་ཀྱི་སྒོ་ནས་མཁྱེན་རབ་མཆོག །མགོན་པོ་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་དུ། །སློབ་མ་སྨིན་བྱེད་དབང་གི་ཆོ་ག་འདི། །མཉམ་མེད་བླ་མའི་གསུང་ལ་བརྟེན་དེ་དགོད། །འདིར་འཇམ་དཔལ་ཨ་ར་པ་ཙ་ནའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་འདི་ལ་བཞི། གང་གིས་བསྐུར་བ་སློབ་དཔོན་གྱི་མཚན་ཉིད། གང་ལ་བསྐུར་བ་སློབ་མའི་མཚན་ཉིད། གང་གི་ཚེ་བསྐུར་བ་དུས་ཀྱི་ཁྱད་པར། ཇི་ལྟར་བསྐུར་ཚུལ་ཆོ་གའི་རིམ་པའོ། །དང་པོ་ནི་རྗེ་བཙུན་འཇམ་དཔལ་ཨ་ར་པ་ཙ་ནའི་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཇི་སྐད་དུ། སློབ་དཔོན་མངོན་པར་དབང་བསྐུར་ཞིང༌། །བློ་ལྡན་རྒྱུད་ནི་མཐོང་བ་དང༌། །བླ་མ་ལས་ནི་དབང་ཐོབ་ཅིང༌། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །ཞེས་པ་དང༌། རིགས་བཙུན་གསང་སྔགས་སྤྱོད་པ་ལ། །མངོན་པར་བརྩོན་ཞིང་གཏན་ལ་ཕབ། །སྦྱོར་བ་མཁས་ཤིང་ཟུངས་ཐུབ་ལ། །བྱང་ཆུབ་སེམས་ལ་རྣམ་པར་གནས། །ཞེས་གསུངས་སོ། །གཉིས་པ་ནི། སློབ་མ་དཀོན་མཆོག་གསུམ་ལ་མཆོག་ཏུ་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཇི་སྙེད་ཡོད་པ་གཟུང་བར་བྱ་སྟེ། ཇི་སྐད་དུ། དཀོན་མཆོག་གསུམ་ལ་གང་དད་ཅིང༌། །ཐེག་པ་ཆེན་པོའི་ལུགས་ལ་དགའ། །རང་གི་བསླབ་པ་ལ་བརྩོན་པ། །བསོད་ནམས་འདོད་པས་མདོར་ན་གཟུང༌། །ཞེས་པ་དང༌། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔལ་ལ་ཡི་དམ་བརྟན་པ་ནི། །བཅུ་འམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །དཔྱད་མི་དགོས་པས་གཟུང་བར་བྱ། །ཞེས་གསུང་ངོ༌། །གསུམ་པ་ཟླ་བ་ཡར་ངོའི་ཚེས་གྲངས་དང་རྒྱུ་སྐར་ལ་སོགས་པ་བཟང་པོའི་དུས་སུ་བསྐུར་ཏེ། ཇི་སྐད་དུ། ཚེས་གྲངས་རྒྱུ་སྐར་བྱེད་པ་དང༌། །རྨི་ལམ་བཟང་པོ་བརྟག་པར་བྱ། །བཟང་པོ་དག་ལ་ལས་བརྩམས་ཏེ། །བཟང་པོ་མིན་ལ་བརྩམ་མི་བྱ། །གང་ཚེ་ཡོ་བྱད་ལྡན་པ་དང༌། །གང་ཚེ་དད་པ་བདོ་བ་དང༌། །གང་ཚེ་ལས་ལ་བརྩོན་གྱུར་པ། །དེ་ཡི་ཚེ་ཡང་དཀྱིལ་འཁོར་བྲི། །ཞེས་གསུངས་སོ། །བཞི་པ་ལ་གསུམ། སྔོན་འགྲོ་བསྙེན་པ་བྱ་བ། དངོས་གཞི་ཆོ་ག་བྱ་བ། རྗེས་མཆོད་ཅིང་གཤེགས་སུ་གསོལ་བའོ། །དང་པོ་ནི། སྒྲུབ་ཐབས་ནས་འབྱུང་བ་བཞིན་བསྙེན་པ་བྱའོ། །དེ་ཡང་གཙོ་བོ་ལ་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་པ་འབུམ་ཕྲག་གཅིག་བཟླས་ཤིང༌། འཁོར་བཞིའི་སྔགས་དེ་ཉིད་ཁྲི་ཕྲག་རེ་བཟླས་ཏེ། མདོར་ན་འབུམ་དང་བཞི་ཁྲི་བཟླས་པར་བྱའོ། །དེའི་དུས་སུ་ལྷ་ཐམས་ཅད་དབང་དུ་བྱེད་པའི་འོད་ཟེར་དམར་པོ་འཕྲོ་བའམ། ཡང་ན་བདག་དང་སློབ་མའི་ཤེས་རབ་ལ་སོགས་པ་རྒྱས་པར་བྱེད་པའི་འོད་ཟེར་སེར་པོ་འཕྲོ་བར་བསྒོམ་ཞིང་བསྙེན་པ་བྱའོ། །གཉིས་པ་ལ་གསུམ། སའི་ཆོ་ག སྟ་གོན་གྱི་ཆོ་ག མཇུག་གི་ཆོ་གའོ། །དང་པོ་ལ་ལྔ། ས་བརྟག་པ། ས་གཟུང་བ། ས་བསླང་བ། ས་སྦྱང་བ། ས་བསྲུང་བའོ། །དང་པོ་ནི་ས་ཕྱོགས་ཡིད་དུ་འོང་ཞིང་བགེགས་མེད་པ་སྟེ། ཇི་སྐད་དུ། ས་གཞི་ཕུན་ཚོགས་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་བདག་ཡིད་མགུ་བ་དང༌། །འཚེ་མེད་ཟུག་རྔུ་སྤངས་པར་འགྲུབ། །ཅེས་གསུངས་སོ། །གཉིས་པ་ནི་ས་ཕྱོགས་འདིར་བདག་གིས་དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱ་སྙམ་དུ་བློས་ཡོངས་སུ་གཟུང་བར་བྱའོ། །གསུམ་པ་ནི་ས་གཞི་དེ་ལ་མིས་བདག་ཏུ་བཟུང་བ་ཡོད་ན་དེ་ལས་བསླང་སྟེ། དེས་བྱིན་པ་དང༌། འོག་ནས་སྟ་གོན་གྱི་སྐབས་ནས་འབྱུང་བ་བཞིན་དུ་སའི་ལྷ་བསྐྱེད་པ་ལ་སོགས་པ་བྱས་ལ་བསླང་ངོ༌། །བཞི་པ་ནི་ས་སྦྱོང་བའི་ཆོ་ག་དགོས་པ་རྣམས་ལ་རྒྱས་པར་བྱའོ། །ས་གཞི་ཕལ་ཆེ་བ་ནི་བརྟག་པ་དང་སྦྱང་བ་ལ་སོགས་པ་མི་དགོས་ཏེ། ཇི་སྐད་དུ། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང༌། །ས་གཞི་གང་ན་འཐས་པ་དང༌། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང༌། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་གསུངས་པས་འདིར་མ་བཀོད་དོ། །དེ་ལྟ་བུའི་ས་གཞི་ལ་བྱི་དོར་ལེགས་པར་བྱས་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བཟླས་ཤིང་བྱུག་པ་བྱས་པ་ཉིད་ཀྱིས་ཆོག་གོ །ལྔ་པ་ནི་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་ཨོཾ་བྷུ་ཁཾ་ཞེས་བརྗོད་ལ། ས་གཞི་བྱིན་གྱིས་བརླབ། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་པ་དང༌། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ས་ཕྱོགས་ཐམས་ཅད་རྡོ་རྗེའི་རྭ་བ་དང༌། གུར་ལ་སོགས་པར་བསམས་ཏེ་ས་བསྲུང་བའོ། །གཉིས་པ་སྟ་གོན་གྱི་ཆོ་ག་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི་མཎྜལ་ལེགས་པར་བྱུགས་ལ། དེའི་མཐའ་མར་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་འབྱོར་ཚད་དང༌། ལོ་ཀ་ལས་འདས་པའི་གཏོར་མ། ལོ་ཀ་པའི་གཏོར་མ། གཞི་བདག་གི་གཏོར་མ། སའི་ལྷ་མོའི་གཏོར་མ། སྔོན་དུ་འགྲོ་བའི་གཏོར་མ་སྟེ་ལྔ་བཤམ་མོ། །སོ་ཤིང་ལ་སོགས་པ་འོག་ཏུ་དགོས་པ་རྣམས་ཀྱང་བཤམ་མོ། །དེ་ནས་སློབ་དཔོན་གྱི་གདོང་ལ་སོགས་པ་ལེགས་པར་བཀྲུ་ཞིང༌། གོས་གཙང་མ་བགོས་ཏེ། སྔོན་དུ་འགྲོ་བའི་གཏོར་མ་བཏང་ལ། རོལ་མོ་དང་བཅས་པས་མཆོད་པ་ལ་སོགས་པ་དཔག་ཏུ་མེད་པར་སྤེལ་ཞིང་བྱིན་ཕབ་ལ། དམ་ཚིག་ཉམས་པ་བསྐང་བའི་ཆེད་དུ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་ཤིང༌། སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །གཉིས་པ་ལ་བཞི། སའི་ལྷ་མོ་སྟ་གོན་དུ་གནས་པ། ལྷ་སྟ་གོན་དུ་གནས་པ། བུམ་པ་སྟ་གོན་དུ་གནས་པ། སློབ་མ་སྟ་གོན་དུ་གནས་པའོ། །དང་པོ་ལ་གཉིས། སའི་ལྷ་མོ་བསྐྱེད་པ་དང༌། མཆོད་ཅིང་མཁྱེན་པར་གསོལ་བའོ། །དང་པོ་ནི་མཎྜལ་གྱི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བྱས་ལ། དེར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྃ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཆ་ལུགས་དང༌། རྒྱན་གྱིས་ཀླུབས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་བཟུང་བ་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་ལྷ་མོ་གཞུག་པ་དང༌། དབང་བསྐུར་ཞིང་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ་མོ། །གཉིས་པ་ནི་ཐོག་མར་མཆོད་པ་དབུལ་བར་བྱ་སྟེ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཞེས་ཀུན་ལ་སྦྱར་ཞིང༌། ཞབས་བསིལ་ནས་ཞལ་ཟས་ཀྱི་བར་དུ་སོ་སོའི་སྔགས་ཀྱིས་དབུལ་ལོ། །དེ་ནས་གཏོར་མ་ནི་ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་བདུད་རྩིར་བྱིས་གྱིས་བརླབས་ལ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི། ཨཱ་ཀཱ་རོ་མུ་ཁཾ་ར་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་སའི་ལྷ་མོའི་ལྗགས་ལས་འོད་ཟེར་བྱུང་སྟེ། གསོལ་བར་བསམ་མོ། །དེ་ནས་མཁྱེན་པར་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པས། རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་ལ་ཐིམ་པར་བསམས་ཏེ་རྗེས་བསྡུ་བར་བྱའོ། །གཉིས་པ་ལྷ་སྟ་གོན་ལ་གཉིས། སྟ་གོན་གྱི་ལྷ་བསྐྱེད་པ། མཆོད་ཅིང་གསོལ་བ་གདབ་པའོ། །དང་པོ་ནི་སྔོན་དུ་བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བཟླས་པ་ཅུང་ཞིག་བྱ། དེ་ནས་སྔར་གྱི་མཎྜལ་དེ་ཉིད་ལ་བའི་རྣམ་ལྔ་དང་དྲི་བཟང་པོ་སྦྱར་བ་ལག་པ་གཡས་པས་གཡོན་སྐོར་དུ་བྱུགས་ལ། ལག་པ་མ་བཏེག་པར་མེ་ཏོག་དོར་ཏེ། སྐད་ཅིག་གིས་གཞལ་ཡས་ཁང་གདན་དང་སྲུང་བའི་འཁོར་ལོ་དང་བཅས་པ་བསྒོམ་མོ། །དེ་ནས་ལག་པ་བཀྲུས་ལ་དབུས་སུ་དྲིའི་ཐིག་ལེ་གྲུ་བཞིའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཞག་སྟེ། དྷཱིཿཨཱརྻ་མཉྫུ་ཤྲཱི་ཀུ་མ་ར་ན་མཿཞེས་བརྗོད་པས་སྐད་ཅིག་གིས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་བསྐྱེད་ཅིང༌། ཤར་དུ་དྲིའི་ཐིག་ལེ་ཟླུམ་པོའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཞག་སྟེ། ར་ཛཱ་ལིནྣི་པྲ་བྷ་ཀུ་མ་ར་ན་མཿཞེས་པས་གཞོན་ནུ་དྲྭ་བ་ཅན་གྱི་འོད་དང༌། དེ་བཞིན་དུ་ནུབ་ཏུ་པ་ཙནྡྲ་པྲ་བྷ་ཀུ་མ་ར་ན་མཿཞེས་པས་ཟླ་འོད་གཞོན་ནུ་དང༌། ལྷོར་ཙ་ཀེ་ཤི་ནི་ན་མཿཞེས་པས་སྐྲ་ཅན་མ་དང༌། བྱང་དུ་ན་ཨུ་པ་ཀེ་ཤི་ནི་ན་མཿཞེས་པས་སྐད་ཅིག་གིས་ཉེ་བའི་སྐྲ་ཅན་མ་བསྐྱེད་དེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བྱའོ། །གཉིས་པ་ནི་ཐོག་མར་མཆོད་པ་དབུལ་བར་བྱ་སྟེ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཞེས་ཀུན་ལ་སྦྱར་ཞིང༌། ཨོཾ་ནེ་རི་ཧཱུྃ་ཁཾ་ཞེས་པས་ཞབས་བསིལ་དབུལ། ཨོཾ་བཛྲ་ནི་བི་ཏེ་ཧཱུྃ་ཞེས་པས་ཞལ་བསིལ། ཨོཾ་བཛྲ་སཾ་ཤོདྷ་ནི་ཧཱུྃ་ཞེས་པས་འཐོར་འཐུང༌། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཞེས་པས་མཆོད་ཡོན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པས་མེ་ཏོག ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པས་བདུག་སྤོས། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པས་མར་མེ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པས་དྲི་ཆབ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པས་ཞལ་ཟས། ཨོཾ་བཛྲ་གྷཎྜེ་ར་ནི་ཏ་པྲ་ར་ནི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་བེ་ཏ། བཛྲ་དྷརྨཱ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་པས་རོལ་མོ། ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་ཞེས་པས་ན་བཟའ་དབུལ་ལོ། །དེ་ནས་གཏོར་མ་ཕུལ་ལ་གསོལ་བ་གདབ་པར་བྱ་སྟེ། ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་བདུག་སྤོས་བཟུང་ལ། གཡོན་པས་དྲིལ་བུ་དཀྲོལ་ཞིང་འདི་སྐད་དུ། ཧཱུྃ་མགོན་པོ་འཇམ་དབྱངས་དཔའ་བོ་ཆེ། །རིག་པའི་རྒྱལ་བའི་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཆེན་པོའི་བདག་ཉིད་ཅན། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་ལ་མཆོད་པར་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་སྐྱབས་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་དང༌། །གང་དུ་རྡོ་རྗེ་འཛིན་པ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །འཇམ་དབྱངས་ཞེས་བྱའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཕྱིར་བདག་འདྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེ་ཐུགས་དཔག་མཛད་ནས་ཀྱང༌། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱི། །ཐུགས་རྗེས་དགོངས་ལ་ཉེ་བར་མཛོད། །ཅེས་གསོལ་བ་ལན་གསུམ་བཏབ་ལ་ལྷས་གནང་བ་མཛད་པར་བསམ་མོ། །དེ་ནས་ཡང་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བར་བགྱིའོ། །གསུམ་པ་བུམ་པ་སྟ་གོན་དུ་གནས་པ་ལ་གསུམ། བུམ་པ་ལེགས་པར་བཅའ་བ། བསྒོམ་ཞིང་བཟླས་པ་བྱ་བ། བུམ་པ་ལ་སོགས་པ་དགབ་པའོ། །དང་པོ་ནི་རྣམ་པར་རྒྱལ་བའི་བུམ་པ་དང༌། ལས་ཐམས་ཅད་པའི་བུམ་པ་གཉིས་བཅའ་བར་བྱའོ། །དེ་ཡང་བུམ་པ་ལེགས་པར་བཀྲུ་ཞིང༌། ལྷའི་ཕྱག་མཚན་བྲིས། ལྷའི་སྐུ་མདོག་དང་མཐུན་པའི་དར་རམ་རས་ཀྱི་མགུལ་ཆིངས་པྲོག་ལྔ་པ་རེ་བྱའོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཟློས་ཤིང་ཡུངས་ཀར་གྱིས་བྲབ་པ་དང༌། གུ་གུལ་གྱིས་བདུགས་ལ་བགེགས་བསལ་ལོ། །དེ་ནས་ཆུ་གཙང་མ་ཅི་རིགས་པ་བླུགས་ཏེ། འབྲུ་ལྔ། རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ། སྙིང་པོ་ལྔ་གཞུག་ཅིང༌། ཤིང་ངམ་ཀུ་ཤ་རློན་པས་ཁ་རྒྱན་བྱས་ལ་གདན་གཙང་མ་ལ་གཞག་གོ །དེ་ནས་དུང་ཆོས་སུ་དྲི་ཞིམ་པོའི་ཆུ་དང་འོ་མར་བཅས་པ་བླུགས་ལ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་བཞག་ལ། དེའི་སྟེང་དུ་ལས་ཀྱི་རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་བཞག་གོ །གཉིས་པ་ལ་གཉིས། ལྷ་བསྒོམ་པ། བཟླས་པ་བྱ་བའོ། །དང་པོ་ནི་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བདུད་རྩི་འཁྱིལ་བའི་སྔགས་ཟློས་ཤིང༌། ལས་ཀྱི་རྡོ་རྗེའམ། ཀུ་ཤའི་ཆུན་པོས་བསང་ཆུ་གཏོར་ཞིང་བུམ་པའི་བགེགས་བསལ་བའོ། །སྭ་བྷཱ་ཝས་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྃ་ལས་རིན་པོ་ཆེའི་བུམ་པ་བསྐྱེད་ལ་ལྷའི་བུམ་པར་པདྨ་དང་ཟླ་བའི་སྟེང་དུ། འཕགས་པ་འཇམ་དཔལ་འཁོར་དང་བཅས་པ་བསྐྱེད་ཅིང༌། ལས་ཀྱི་བུམ་པར་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ལྗང་གུ་གཡས་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡོན་ན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དབང་བསྐུར་ཏེ་མཆོད་པ་བྱའོ། །གཉིས་པ་ལྷའི་བུམ་པ་ལ་ལྷའི་སྔགས་བཟླས་ཤིང༌། ལས་ཀྱི་བུམ་པ་ལ་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་བཟླས་སོ། །དེ་དག་གི་དམིགས་པ་ནི་བདག་གི་ཞལ་ནས་འོད་ཟེར་དམར་པོ་བྱུང་བ་གཟུངས་ཐག་ལ་ཞོན་ཏེ་སོང་བ། བུམ་པའི་ནང་གི་ལྷ་རྣམས་ལ་ཕོག་པ་དང༌། དེ་དག་ཐམས་ཅད་དམར་ལམ་ལམ་སོང་ནས་བདག་གི་དབང་དུ་འདུས་ཤིང་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་འཛག་པར་བསམ་ཞིང་བཟླས་སོ། །དེ་ནས་མཆོད་པ་དང༌། བསྟོད་པ་བྱས་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ། དུང་ཆོས་ཀྱི་ཆུ་དེ་ཐིགས་པ་རེ་བླུགས་པས་དམ་ཚིག་པ་འོད་དུ་ཞུ་ནས་ཆུ་དང་གཉིས་སུ་མེད་པར་བསམ་མོ། །གསུམ་པ་བུམ་པ་ལ་སོགས་པ་དགབ་པ་ནི། སློབ་མ་རྣམས་ལ་སྦ་བའི་ཆེད་དུ་བུམ་པ་དང་ཐང་སྐུ་ལ་སོགས་པ་ཞལ་དགབ། ལྷའི་མེ་ཏོག་གི་ཚོམ་བུ་ལ་ཡང་མེ་ཏོག་དོར་བའམ་དར་ལ་སོགས་པས་དགབ་བོ། །དེ་ནས་བར་ཆད་ཞི་བའི་ཆེད་དུ། འདས་པའི་གཏོར་མ་བཞག་ལ། ལོ་ཀ་པའི་གཏོར་མ་གཏང་བར་བྱའོ། །བཞི་པ་སློབ་མ་སྟ་གོན་དུ་གནས་པ་ལ་གསུམ། ལུས་དང་སེམས་ཀྱི་བྱ་བ། ངག་དང་སེམས་ཀྱི་བྱ་བ། དངོས་གྲུབ་བརྟག་པའོ། །དང་པོ་ནི་སློབ་མ་རྣམས་ཁྲུས་ལེགས་པར་བྱས་ཏེ། གྲལ་ལ་རིམ་པ་བཞིན་བཀོད་ལ། བླ་མ་ལ་མཎྜལ་འབུལ་དུ་གཞུག་ཅིང༌། མེ་ཏོག་གིས་སྙིམ་པ་བཀང་ལ་མ་ཡེངས་པར་འདུག་ཏུ་གཞུག་གོ །གཉིས་པ་ལ་གསུམ། སྔོན་འགྲོ་རྒྱུད་སྦྱང་བ། དངོས་གཞི་སྡོམ་པ་དབོག་པ། རྗེས་ལ་བསྲུང་ཞིང་མཆོད་པའོ། །དང་པོ་ནི་ཐོག་མར་སྤྲོ་བ་བསྐྱེད་པར་བྱ་སྟེ། འཁོར་བའི་ཉེས་དམིགས་བརྗོད་ཅིང་མྱ་ངན་ལས་འདས་པ་ལ་སྤྲོ་བ་བསྐྱེད་པ་དང༌། ཐེག་པ་དམན་པའི་ཉེས་དམིགས་བརྗོད་ཅིང་སྤྱིར་ཐེག་པ་ཆེན་པོའི་ཕན་ཡོན་དང༌། ཁྱད་པར་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཕན་ཡོན་རྒྱ་ཆེར་བརྗོད་པར་བྱ་སྟེ། འཇིག་རྟེན་ན་ནི་ཀུན་མཁྱེན་དག །ཨུ་དུམ་བཱ་རའི་མེ་ཏོག་བཞི་ན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །ཞེས་བཤད་པར་བྱའོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། དེ་ཡང་རྗེས་སུ་བཟླས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་གིས་ལུས་ངག་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ་ཞེས་ལན་གསུམ་བརྗོད་དོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་དགོངས་སུ་གསོལ་ཞེས་སྦྱར་བར་བྱའོ། །དེ་ནས་རྗེས་སུ་ཡི་རང་བ་ནི། སོ་སོའི་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །གཉིས་པ་ལ་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཡོངས་སུ་བསྔོ་བའོ། །དང་པོ་ནི། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །གསང་སྔགས་དང༌། རིག་སྔགས་དང༌། ཡི་དམ་གྱི་ལྷ་དང༌། བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དེ། སྐྱབས་སུ་འགྲོ་བའི་བསླབ་བྱ་མདོར་བསྡུས་པའང་བཤད་པར་བྱའོ། །གཉིས་པ་ལ་ཐོག་མར་སྨོན་པ་སེམས་བསྐྱེད་པ་ནི། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི་པ་དང༌། མ་གྲོལ་བ་རྣམས་དགྲོལ་བར་བགྱི་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱི་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་བརྗོད། དེ་ནས་འཇུག་པ་སེམས་བསྐྱེད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བས། འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབ་པར་གྱུར་པ་དང༌། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སློབ་པར་འགྱུར་བ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སློབ་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པར་བྱ་བ་ལ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །ཡང་སྨོན་འཇུག་དེ་དག་བརྟན་པར་བྱ་བའི་ཕྱིར་རྗེས་སུ་བཟླས་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་སྨོན་པ་དང༌། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །ཞེས་འཇུག་པའི་ཚིག་ལན་གསུམ་བརྗོད་དོ། །དོན་དམ་གྱི་སེམས་བསྐྱེད་དྲན་པར་བྱས་ལ། སེམས་བསྐྱེད་པའི་བསླབ་བྱ་མདོར་བསྡུས་པའང་བཤད་པར་བྱའོ། །གསུམ་པ་བསྔོ་བ་ནི། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་པ་དང༌། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་ལན་གསུམ་བརྗོད་དོ། །གསུམ་པ་རྗེས་ལ་བསྲུང་ཞིང་མཆོད་པནི༌། ཐོག་མར་བསྲུང་བ་བྱ་སྟེ། བདག་གིས་གཙོ་བའི་སྔགས་བཟླས་ཤིང༌། སྙིང་གའི་ས་བོན་གྱི་འོད་ཀྱིས་སློབ་མའི་སྡིག་སྒྲིབ་ཐམས་ཅད་དག་ཅིང་བར་ཆད་ཞི་ནས་སྐད་ཅིག་གིས་ལྷར་གྱུར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་དྲིའི་ཆུས་གཏོར་ལ་བསྲུང་ངོ༌། །དེ་ནས་སློབ་མ་མཆོད་པར་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང༌། མེ་ཏོག་ལ་སོགས་པ་སྦྱིན་པར་བྱའོ། །བཞི་པ་དངོས་གྲུབ་བརྟག་པ་ལ་གཉིས། སོ་ཤིང་ལ་བརྟེན་ཏེ་བརྟག་པ། རྨི་ལམ་ལ་བརྟེན་ཏེ་བརྟག་པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ཤར་ཕྱོགས་སམ་ལྷོ་ཕྱོགས་སུ་མཎྜལ་ཁྲུ་གང་བ་ལ། བའི་རྣམ་ལྔས་བྱུག་ཅིང་མེ་ཏོག་གི་ཚོམ་བུ་དགུ་དགོད་དོ། །དེའི་དྲུང་དུ་སློབ་མ་བྱང་ངམ། ཤར་དུ་ཁ་བལྟས་ཏེ་བཞག་ལ། དེ་ལ་སློབ་དཔོན་གྱིས་ལྕང་མ་ལ་སོགས་པའི་སོ་ཤིང་མཐེབ་སོར་བཅུ་གཉིས་པ་དྲང་ཞིང་འཇམ་ལ་རྩི་མ་ཉམས་པ་དྲི་མས་མ་གོས་པ། དྲིས་བསྒོས་ཤིང་རྩེ་མོར་མེ་ཏོག་བཅིངས་པ་ལ་གཙོ་བོའི་སྙིང་པོས་མངོན་པར་བསྔགས་ཤིང་ཐལ་མོའི་བར་དུ་འཛིན་དུ་བཅུག་སྟེ། འདིའི་རྒྱུ་རིན་པོ་ཆེ་གསེར་རམ་དངུལ་ལས་བྱས་པར་བསམས་ལ། རྩེ་མོ་ལ་སོས་ནེམ་ནེམ་དང༌། དེས་སོ་འདྲུད་པའི་ཚུལ་དུ་གྱིས་ཤིག དེའི་བྱིན་རླབས་ཀྱིས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསྒོམས་ལ། ཚོམ་བུ་དབུས་མའི་སྟེང་དུ་ཐལ་མོ་ཁ་ཕྱེ་ལ་དོར་ཅིག་ཅེས་བརྗོད་དོ། །དེའི་རྩེ་མོ་རང་ལ་བལྟས་ན་མཆོག་འགྲུབ་ཅིང༌། སྟེང་དུ་མཁའ་སྤྱོད་དང༌། འོག་ཏུ་ས་འོག ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང༌། བྱང་དུ་རྒྱས་པ། མཚམས་སུ་བལྟས་ན་དངོས་གྲུབ་ཕྲན་ཚེགས་གང་ཡང་རུང་བ་འགྲུབ་བོ་ཞེས་བསྟན་ཏོ། །གཉིས་པ་ལ་བཞི། བར་ཆད་ཞི་བའི་ཆེད་དུ་སྲུང་སྐུད་གདགས་པ། རྨི་ལམ་གསལ་པོ་འབྱུང་བའི་ཆེད་དུ་ཁྱོར་ཆུ་བླུད་པ། རྨི་ལམ་མི་འཁྲུག་པའི་ཆེད་དུ་ཀུ་ཤ་སྦྱིན་པ། སློབ་མ་ལ་སྤྲོ་བ་བསྐྱེད་དེ་རྨི་ལམ་བརྟག་པ་དངོས་སོ། །དང་པོ་ནི་སྲུང་སྐུད་དམར་པོ་རྐྱང་པ་ལུས་ཚད་པས་མཐོ་རེ་ཙམ་གྱིས་ལྷག་པ་སུམ་སྒྲིལ་བྱས་ལ། ཧཱུྃ་ཞེས་བརྗོད་ཅིང་རྡོ་རྗེའི་མདུད་པ་གསུམ་བྱའོ། །དེ་ནས་ཐལ་མོའི་བར་དུ་བཅུག་ལ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྐུད་པར་བསྐྱེད་ཅིང༌། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་སྤྱན་དྲངས་ལ་བསྟིམ་སྟེ། གཙོ་བོའི་སྔགས་ཟློས་ཤིང་སྐྱེས་པའི་དཔུང་པ་གཡོན་པ་དང༌། བུད་མེད་ཀྱི་གཡས་པ་ལ་བཅིངས་ཏེ། བརྟན་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་ལན་རེ་བརྗོད། གཉིས་པ་ནི། དྲི་ཞིམ་པོའི་ཆུ་ལ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ། སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པ་བཟླས་ཏེ། གཡས་པའི་ཁྱོར་མོར་བླུགས་ལ་འཐུང་དུ་གཞུག་གོ །གསུམ་པ་ནི། ངག་ཏུ་དྷཱིཿཞེས་བརྗོད་ཅིང་ཀུ་ཤའི་ཆུན་པོ་ཆུང་བ་རེ་སྔས་སུ་སྦྱིན། ཧ་ཞེས་བརྗོད་ཅིང་ཆེ་བ་རེ་སྟན་དུ་སྦྱིན་ནོ། །བཞི་པ་ནི། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པས་སྤྲོ་བ་བསྐྱེད་ཅིང་རྨི་ལམ་བརྟག་པར་བྱ་སྟེ། གལ་ཏེ་རྨི་ལམ་དག་ཏུ་ནི། །གཙུག་ལག་ཁང་དང་ཀུན་དགའ་བཟང༌། །ཁང་པ་བཟང་པོ་སྣ་ཚོགས་དང༌། །དེ་བཞིན་དུ་ནི་ཡང་ཐོག་དང༌། །རལ་གྲི་ཡིད་བཞིན་ནོར་བུ་དང༌། །གདུགས་དང་མེ་ཏོག་སྣ་ཚོགས་དང༌། །བུད་མེད་བཟང་མོ་གོས་དཀར་ཅན། །སྡུག་པའི་གཉེན་དང་བུ་དག་དང༌། །གླེགས་བམ་དེ་བཞིན་བྲམ་ཟེ་དང༌། །སངས་རྒྱས་དང་ནི་རང་སངས་རྒྱས། །དེ་བཞིན་རྒྱལ་བའི་ཉན་ཐོས་དང༌། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །གལ་ཏེ་འབྲས་བུ་ཐོབ་པ་དང༌། །མཚོ་དང་རྒྱ་མཚོ་ལས་བརྒལ་མཐོང༌། །དེ་བཞིན་དུ་ནི་ནམ་མཁའ་ལས། །བཀྲ་ཤིས་ཡིད་དུ་འོང་བའི་ཚིག །འདོད་པའི་འབྲས་བུ་འབྱུང་བར་གྲགས། །དེ་ལ་སོགས་པའི་རྨི་ལམ་ནི། །བཟང་པོ་ཞེས་ནི་བྱ་བར་བརྟག །མཁས་པས་དེ་ལས་བཟློག་པ་ཡིས། །རྨི་ལམ་ངན་པར་ཤེས་པར་བྱ། །བརྟུལ་ཞུགས་བཟང་པོ་ཁྱེད་རྣམས་ཀྱིས། །ནང་པར་ཐམས་ཅད་ང་ལ་སྨོས། །ཞེས་བརྗོད་དོ། །ཐ་མལ་གྱི་རྣམ་པར་རྟོག་པ་མང་པོ་ཡིད་ལམ་བྱེད་པར་སང་ནུབ་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བུ་ཞིག་མཐོང་བར་འགྱུར་སྙམ་པའི་བསམ་པ་དང་ལྡན་པས་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཅིག་ཅེས་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་གཉིས། ལྷ་དང་བུམ་པའི་རྗེས་ཀྱི་བྱ་བ། སློབ་མའི་རྗེས་ཀྱི་བྱ་བའོ། །དང་པོ་ནི་དྲིའི་དཀྱིལ་འཁོར་ལ་གནས་པའི་ལྷ་ལ་མཆོད་པ་དང་བསྟོད་པ་བྱ་སྟེ། ངག་ཏུ་ཨོཾ་བཛྲ་བེ་ག་ཀྲ་མ་ཧོཿཞེས་བརྗོད་དེ། ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། བུམ་པ་གཉིས་ཀྱང་དབེན་པར་བཞག་ལ་རྗེས་མི་མངོན་པར་བྱའོ། །གཉིས་པ་ནི་སློབ་མའི་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ལ་སོགས་པ་བྱུང་ན་བཟང་བར་ལུང་བསྟན་ཅིང༌། རྒྱ་སྐྱེགས་ཀྱི་རི་ལ་འཛེག་པ་ལ་སོགས་པ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་དང་འདྲ་བར་ལུང་བསྟན་ལ། གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་བསྲུང་བར་བྱའོ། །གསུམ་པ་འཇུག་པའི་ཆོ་ག་ལ་གསུམ། དཀྱིལ་འཁོར་ཆེན་པོ་བྲི་ཞིང་རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས། བྲི་བ་དང༌། རྒྱན་དགྲམ་པའོ། །དང་པོ་ལ་གཉིས། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བའོ། །དང་པོ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པའི་སྔགས་ཟློས་ཤིང་དཀྱིལ་འཁོར་ལེགས་པར་བྱུག་གོ །དེ་ནས་ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་བརླབ་པར་བྱ་སྟེ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་ཚོན་སྣ་ལྔའི་སྐུད་པ་ལ་སྔགས་དེ་ཉིད་ཀྱིས་བརྒྱ་རྩ་བརྒྱད་བཟླས་ཏེ། སློབ་དཔོན་ཤར་དང་བྱང་དུ་ཁ་བལྟས་ཏེ། སྐུད་པ་ལྟེ་བའི་ཐད་ཀར་བཟུང་ལ། བར་སྣང་ལ་ཚངས་ཐིག་གཉིས་པོ་བཏབ་སྟེ་བྱིན་གྱིས་བརླབ་བོ། །དེ་ནས་ལས་ཀྱི་ཐིག་གིས་ཆ་དབྱེ་བར་བྱ་སྟེ། ལས་ཀྱི་སྐུད་པས་ཚངས་ཐིག་དང་ལོགས་ཐིག་དང་ཟུར་ཐིག་བཏབ་ལ། ཆ་ཆེན་བཅུ་དྲུག་ཏུ་དབྱེའོ། །དེ་ནས་ཆ་ཕྲན་དབྱེ་བར་བྱ་སྟེ། དང་པོ་དྲུག་པ་དབུས་དང་ཕྱི་མཐའ་གདབ། །གཉིས་པ་བདུན་པ་དབུས་དང་མཐའ་གཉིས་གདབ། །གསུམ་པ་བཞི་པ་སྤངས་ཏེ་ལྔ་པ་དང༌། །བརྒྱད་པ་དབུས་མ་དོར་ཞིང་མཐའ་གཉིས་གདབ། །ཅེས་པ་ཡིན་ནོ། །དེ་ནས་ཚོན་གྱིས་བྲི་བར་བྱ་སྟེ། ཚོན་རྣམས་སྭ་བྷཱ་ཝས་སྟོང་པའི་ངང་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་བསམས་ལ། དེ་ལ་ཡེ་ཤེས་ཀྱི་ཚོན་སྤྱན་དྲངས་ལ་བསྟིམ་ཞིང་དབང་ལྡན་གྱི་རྩིག་པ་སྔོན་ལ་བྲི་བའོ། །དེ་ནས་གདན་ལ་སོགས་པ་བྲི་བ་ནི། གདན་དང་ལྷ་རྣམས་ཕྱོགས་ཚོན། རྩིག་པ་ནག་དང་དཀར་དམར་སེར་དང་ལྗང་གུས་བསྐོར་ཞིང་རྟ་བབས་མཛེས་ཚོན། འདོད་ཡོན་དམར་ཞིང་ཕ་གུ་སེར་ལ་དྲྭ་ཕྱེད་ནི། མཐིང་ག་དཀར་པོས་བརྒྱན་ཞིང་མདའ་ཡབ་ཁྲ་བོར་བྱ། ཞེས་པ་སྟེ། སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་གཞལ་ཡས་ཁང་གདན་དང་བཅས་པ་བྲིས་ལ། པདྨའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨུཏྤ་ལ་རལ་གྲིས་མཚན་པ་བྲི་ཞིང༌། ཤར་གྱི་འདབ་མ་ལ་ལྕགས་ཀྱུ་དང༌། ལྷོར་རལ་གྲི་དང༌། ནུབ་ཏུ་ཨུཏྤ་ལ་ཁ་མ་བྱེ་བ་དང༌། བྱང་དུ་མདུང་རྩེ་གསུམ་པ་བྲིའོ། །བྲི་བ་ཡོངས་སུ་རྫོགས་པ་དང༌། ཚོན་ལྷག་མ་རྣམས་ལ་མཆོད་པས་མཆོད་དེ། ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ་ལ་དམ་ཚིག་པ་བདག་ལ་བསྡུས་ལ། དམན་པ་རྣམས་ཆུར་དོར་བའམ་དབེན་པར་གཞག་གོ །གཉིས་པ་རྒྱན་དགྲམ་པ་ནི། ཐོག་མར་བུམ་པ་དབུལ་བར་བྱ་སྟེ། རྣམ་པར་རྒྱལ་བའི་བུམ་པ་ལྷ་རྣམས་ལ་ལན་ཅིག་ཕུལ་ལ། ཤར་ཕྱོགས་ཀྱི་སྲུང་བའི་འཁོར་ལོའི་ནང་དུ་བཞག་ཅིང༌། ལས་ཀྱི་བུམ་པ་བྱང་ཤར་མཚམས་སུ་གཞག་གོ །དེ་ནས་ཞབས་བསིལ་ལ་སོགས་པའི་མཆོད་པ་འབྱོར་ཚད་དང༌། ལོ་ཀ་ལས་འདས་པའི་གཏོར་མ་དང༌། ལོ་ཀའི་གཏོར་མ་དང༌། གཞི་བདག་གི་གཏོར་མ་དང༌། འབྱུང་པོ་ཐམས་ཅད་པའི་གཏོར་མ་དང༌། སྔོན་དུ་འགྲོ་བའི་གཏོར་མ་ལྟེ་ལྔ་བཤམ་ཞིང༌། སློབ་མ་ལ་དབུལ་བའི་མཆོད་པའང་སློབ་མ་རེ་རེ་ལ་ཆ་བཞི་བཞི་དང༌། སློབ་མ་རེ་ལ་གདོང་གཡོགས་རེ་དང༌། མེ་ཏོག་གི་ཕྲེང་བ་དང༌། རྡོ་རྗེ་དྲིལ་བུ་རེ་རེ་ཡང་བྱང་གི་ཕྱོགས་སུ་བཤམ། གཉིས་པ་སྒྲུབ་ཅིང་མཆོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ལྷག་ཆད་ཁ་བསྐང་བའོ། །དང་པོ་ནི་སློབ་དཔོན་གྱིས་གདོང་ལ་སོགས་པ་ལེགས་པར་བཀྲུ་ཞིང༌། གོས་གཙང་མ་བགོས་ཏེ། སྔོན་དུ་འགྲོ་བའི་གཏོར་མ་བཏང་ལ། རོལ་མོ་ལ་སོགས་པ་དཔག་ཏུ་མེད་པར་སྤེལ་ཞིང་བྱིན་ཕབ་ལ། དམ་ཚིག་ཉམས་པ་བསྐང་བའི་ཆེད་དུ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །གཉིས་པ་ལ་གསུམ། ལྷ་མཉེས་པར་བྱ་བ། འབྱུང་པོ་ཚིམ་པར་བྱ་བ། ལྷའི་བཟླས་པ་བྱ་བའོ། །དང་པོ་ལ་གཉིས། བདག་ཉིད་ལྷར་བསྒོམ་པ་དང༌། མདུན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ཞིང་མཆོད་པའོ། །དང་པོ་ནི་རང་ཉིད་འཇམ་དཔལ་ཨ་ར་པ་ཙ་ནར་བསྒོམ་པར་བྱ་སྟེ། སྒྲུབ་ཐབས་ནས་འབྱུང་བ་བཞིན་ནོ། །གཉིས་པ་ནི་སྭ་བྷཱ་ཝས་མདུན་གྱི་དཀྱིལ་འཁོར་མི་དམིགས་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྲུང་བའི་འཁོར་ལོ་དང་བཅས་པ་ཇི་ལྟར་བྲིས་པ་བཞིན་དུ་བསྒོམ་མོ། །དེའི་ནང་དུ་པཾ་ལས་པདྨའི་ལྟེ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རལ་གྲི་དྷཱིཿས་མཚན་པ་བསྒོམ་ཞིང༌། དེའི་ཕྱོགས་ཀྱི་འདབ་མ་བཞི་ལ་གཞོན་ནུ་དྲྭ་བ་ཅན་གྱི་འོད་ལ་སོགས་པའི་ཕྱག་མཚན་སོ་སོའི་ས་བོན་གྱིས་མཚན་པ་བསྒོམ་མོ། །དེ་དག་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཤིང་ཚུར་འདུས་ཐིམ་པ་ལས། འཕགས་པ་འཇམ་དཔལ་ལ་སོགས་པའི་ལྷ་ལྔ་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་བདག་གིས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་སྟ་གོན་གྱི་དུས་སུ་ནམ་མཁའ་ལ་བཏེག་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ། དམ་ཚིག་གི་དཀྱིལ་འཁོར་ལ་བཅུག་ལ། ཞབས་བསིལ་ལ་སོགས་པའི་མཆོད་པ་དང་བསྟོད་པ་བྱའོ། །སྤྱིར་ཡང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་མ་གཤེགས་ཀྱི་བར་དུ་བདུག་སྤོས་ཀྱིས་བདུག་པར་བྱའོ། །གཉིས་པ་འབྱུང་པོ་ཚིམ་པར་བྱ་བ་ནི། དཀྱིལ་འཁོར་ཆེན་པོ་བསྲུང་བའི་ཕྱིར་གཙོ་བོའི་སྔགས་ཟློ་བ་ཅིག་སྒོར་བཞག་ལ། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕྱིར་ཁྱེར་ནས་བསང་ཞིང་བྱིན་གྱིས་བརླབས་ཏེ་ཕུལ་ལ། བར་ཆད་ཐམས་ཅད་ལས་སྲུངས་ཤིག་ཅེས་བརྗོད་དོ། །དེ་ནས་བདག་ཉིད་བདུག་སྤོས་ཀྱིས་བདུགས་ནས་ནང་དུ་འཇུག་པར་བྱའོ། །གསུམ་པ་ལྷའི་བཟླས་པ་བྱ་བ་ནི། སྔ་མ་བཞིན་དུ་མཆོད་པ་དང་བསྟོད་པ་བྱས་ལ། གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཤིང༌། འཁོར་རྣམས་ཀྱི་བདུན་བདུན་ཙམ་བཟླས་སོ། །གསུམ་པ་རྗེས་ལ་ལྷག་ཆད་ཁ་བསྐང་བ་ནི། རོལ་མོ་དང་བཅས་པས་དཀྱིལ་འཁོར་ཆེན་པོར་བསྐོར་བ་བྱ་ཞིང༌། ཡི་གེ་བརྒྱ་པ་ཅི་ནུས་བཟླས་ཏེ། བདག་ལས་དང་པོ་པ་ཡིན་པས་ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ལྷག་པ་དང༌། མ་ཚང་བ་དང༌། མཆོད་པའི་ཡོ་བྱད་མ་འབྱོར་པ་དང༌། ཉམས་པ་ལ་སོགས་པ་ཉེས་སྐྱོན་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་བཟོད་པར་གསོལ། ལྷག་ཆད་སྐོང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བོ། །གསུམ་པ་འཇུག་ཅིང་དབང་བསྐུར་བ་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བསྐུར་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི་རང་ཉིད་རྗེ་བཙུན་འཇམ་དཔལ་ཨ་ར་པ་ཙ་ནའི་ང་རྒྱལ་དང་ལྡན་པས། དཀྱིལ་འཁོར་གྱི་ཤར་སྒོར་ཕྱིན་པར་བསམས་ལ་མཎྜལ་དང༌། མཆོད་པ་དབུལ་ཞིང་བསྟོད་པ་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་ལན་གསུམ་བཏབ་ལ་སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་རྣམས་བདག་གིས་བླང་བར་བྱའོ། །དེ་ནས་ཡང་མཆོད་པ་དང་བསྟོད་པ་བྱ་ཞིང༌། བདག་གིས་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། བདག་ཉིད་དང་སློབ་མ་ཐམས་ཅད་རང་བཞིན་མེད་པ་གཟུགས་བརྙན་ལྟ་བུར་རྟོགས་པར་བྱས་ལ་བདེན་པའི་སྟོབས་འདི་བརྗོད་དོ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་རབ་རྫོགས་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་དེ་ཁོ་ན་ཉིད་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཀུན་གྱིས་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ་ཕུལ་ལ། བར་ཆད་ཞི་བའི་དོན་དུ་འདས་པའི་གཏོར་མ་བཞག་ཅིང༌། ལོ་ཀ་པའི་གཏོར་མ་ཕྱི་རོལ་དུ་གཏང་ངོ༌། །དེ་ནས་ཅུང་ཞིག་ཁ་ཏོན་ལ་སོགས་པ་ལ་བརྩོན་པར་བྱ་ཞིང༌། སློབ་མ་རྣམས་ལ་སྦ་བའི་ཆེད་དུ་དཀྱིལ་འཁོར་ལ་རས་ལ་སོགས་པའི་ཡོལ་བ་བྲེ་བར་བྱའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གསུམ། སློབ་མ་གཞུག་པ། དབང་བསྐུར་བ། དམ་ཚིག་བསྟན་པའོ། །དང་པོ་ལ་གཉིས། ཕྱིའི་འཇུག་པ་དང༌། ནང་དུ་འཇུག་པའི་ཆོ་གའོ། །དང་པོ་ནི་སློབ་མ་རྣམས་ཁྲུས་ལེགས་པར་བྱས་ཏེ། ཡོལ་བའི་ཕྱི་རོལ་དུ་བོས་ལ་མཎྜལ་དབུལ་དུ་གཞུག་གོ །དེ་ནས་ལས་ཀུན་བྱེད་པའི་སྔགས་ཀྱི་ཆུས་གཏོར་ཞིང་དྲི་དང་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། སྨོན་པ་སེམས་བསྐྱེད་པ་དང༌། འཇུག་པ་སེམས་བསྐྱེད་པ་དང༌། དོན་དམ་གྱི་སེམས་བསྐྱེད་པ་དང༌། ཡོངས་སུ་བསྔོ་བ་རྣམས་སྔ་མ་བཞིན་བྱའོ། །དེ་ནས་ལས་ཀུན་བྱེད་པའི་སྔགས་ལན་གསུམ་བཏབ་པའི་རས་སམ་དར་དམར་པོས་སློབ་མའི་གདོང་བཅིངས་ཏེ། བླ་མའི་ཕྱག་སློབ་མའི་སྤྱི་བོར་བཞག་ནས། ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་བོ། །གཉིས་པ་ནི་ལས་ཀུན་བྱེད་པའི་སྔགས་ཟློས་ཤིང༌། ལས་ཀྱི་བུམ་པའི་ཆུས་གཏོར་ལ་ཡོལ་བ་བསལ་ཏེ། ཡང་སེམས་བསྐྱེད་པ་དྲན་དུ་གཞུག་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་ཞུགས་ཏེ། གཙོ་བོའི་མདུན་དུ་འདུག་པར་བསམས་ལ། ཅུང་ཟད་འདུད་པ་ཙམ་རེ་གྱིས་ཤིག་ཅེས་བསྒོ་སྟེ། བླ་མས་གཙོ་བོའི་སྔགས་ཟློས་ཤིང་དེའི་ཕྱག་སློབ་མའི་སྤྱི་བོར་བཞག་ལ། སློབ་མའི་སྤྱི་བོར་རྃ་དཀར་པོ་བསམ་ཞིང༌། སློབ་མ་དང་གཉིས་ཀས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བརྗོད་དེ་མེ་ཏོག་གི་ཕྲེང་བ་གཙོ་བོའི་དབུ་ལ་ཕུལ་ཏེ། སློབ་མའི་སྤྱི་བོར་བཅིང་ངོ༌། །དེ་ནས་གདོང་གཡོགས་དབྱེ་སྟེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབ། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་ཀྱང༌། །ཐམས་ཅད་ཁྱོད་ལ་མངོན་དུ་གྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་དག་ལ་བརྩོན་པར་གྱིས། །ཞེས་བརྗོད་དེ་དཀྱིལ་འཁོར་བསྟན་ལ། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གང་གྱུར་པ། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིག་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་དེ་ཡིས་གཅད། །ཅེས་པས་སྤྲོ་བ་བསྐྱེད་དོ། །དེ་ནས་སློབ་མའི་ལག་ཏུ་མེ་ཏོག་ཕྲེང་བ་འཛིན་དུ་བཅུག་ལ། བླ་མས་གསང་སྔགས་ཀྱི་ལུང་བྱིན་ཏེ་ཟློས་སུ་གཞུག་གོ །གཉིས་པ་དབང་བསྐུར་བ་ལ་གསུམ། སྔོན་འགྲོ། དངོས་གཞི། མཐའ་རྟེན་ནོ། །དང་པོ་ནི། སློབ་དཔོན་གྱིས་ལས་ཐམས་ཅད་པའི་བུམ་ཆུས་སློབ་མ་དང་དབང་རྫས་རྣམས་ལ་བསང་གཏོར་བྱས་ལ། བདག་དང་དབང་རྫས་དང་སློབ་མ་གསུམ་ཀ་སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་དྷཱིཿལས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་བསྐྱེད་དེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང༌། ཡེ་ཤེས་སེམས་དཔའ་གཟུགས་བརྙན་གྱི་ཚུལ་དུ་གཞུག་པར་བྱའོ། །སློབ་མས་བདག་ཉིད་གཅིག་པུ་དེ་ལྟར་བསྒོམ་པའོ། །དེ་ནས་སློབ་དཔོན་གྱིས་རང་གི་སྙིང་གའི་ས་བོན་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་གཟུགས་སུ་གྱུར་ནས་བདག་དང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་བས། ལུས་ཐམས་ཅད་ཁེངས་ནས་ཆུ་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་རྒྱན་པར་བསྒོམ་ཞིང༌། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་བྱུང་བའི་དབང་རྫས་སུ་བསྒོམ། གཉིས་པ་ལ་གཉིས། སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དང་པོ་ལ་གཉིས། བུམ་པའི་དབང་དང་གསང་བའི་དབང་ངོ༌། །དང་པོ་ནི་སློབ་དཔོན་གྱིས་རང་གི་མདུན་དུ་དཀྱིལ་འཁོར་གྲུ་བཞི་པ་པདྨའི་གདན་དང་བཅས་པ་བྲི་བའམ་ཡིད་ཀྱིས་བསམས་ལ། དེའི་སྟེང་དུ་སློབ་མ་རེ་རེ་ནས་བཅུག་སྟེ། གདུགས་དང་རྒྱལ་མཚན་བ་དན་དང༌། སྒྲ་ཡིད་དུ་འོང་བའི་རོལ་མོ་བྱ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །སློབ་དཔོན་དང་སློབ་མ་གཉིས་ཀས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་ལན་གསུམ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པ་དང༌། གཙོ་བོའི་རིག་སྔགས་འདོན་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ཏེ། དེ་ནས་ལག་པ་གཡས་པའི་ཁྱོར་མོར་བླུགས་ལ་འཐུང་དུ་གཞུག་གོ །དེ་ལྟར་དབང་བསྐུར་བས་སློབ་མའི་སྡིག་སྒྲིབ་མ་ལུས་པ་དག་ཅིང་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་སྟེ། ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་སློབ་མའི་སྤྱི་བོར་ཨོཾ་གྱི་བྱིན་གྱིས་བརླབ། སྙིང་གར་ཨཱཿདང༌། བྲང་དུ་ཡི་གེ་རས་བྱིན་གྱིས་བརླབས་པ་ལས་མཆོད་པ་ལྔས་མཆོད་དེ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་དུ་གཞུག་གོ །གཉིས་པ་ལ་གཉིས། དབུ་རྒྱན་གྱི་དབང་དང༌། ཕྱག་མཚན་གྱི་དབང་ངོ༌། །དང་པོ་ནི། །གཉིས་ཀས་སྔ་མ་བཞིན་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མའི་མགོ་ལ་དབུ་རྒྱན་བཅིངས་པར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་ཅིང༌། དབུ་རྒྱན་སློབ་མའི་མགོ་ལ་བཅིངས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཀྱི་དབང་ཐོབ་པར་བསམ་ཞིང༌། མཆོད་པ་ལྔས་མཆོད་པར་བྱའོ། །གཉིས་པ་ནི། གཉིས་ཀས་སྔ་མ་བཞིན་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མའི་ལག་པར་རྡོ་རྗེ་དང་དྲིལ་བུ་གཏད་པར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་ཡི་དམ་ལྷའི་སྔགས་བཟླས་པའི་རྗེས་སུ། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་ཅིང༌། སློབ་མའི་ལག་པ་གཡས་པའི་སྲིན་ལག་གི་འོག་ཏུ་རྡོ་རྗེ་ནས་འབྲས་ཙམ་སྦྱིན་ཅིང༌། ཨོཾ་བཛྲ་གྷཎྜེ་ཨཱཿཞེས་བརྗོད་ཅིང་གཡོན་པའི་སྲིན་ལག་གི་འོག་ཏུ་དྲིལ་བུ་ནས་འབྲས་ཙམ་སྦྱིན་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དབང་ཐོབ་པར་བསྒོམ་མོ། །དེ་ནས་རྡོ་རྗེ་ནི་ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ཞིང༌། དྲིལ་བུ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མ་བྲལ་བར་གྱིས་ཤིག་ཅེས་བསྒོ་ལ། ཡང་སྔ་མ་བཞིན་མཆོད་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། ཐོག་མར་བླ་མ་ལ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་དང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་སློབ་མ་དེ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྐྱེད་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ཡིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་སློབ་མའི་སྤྱི་བོ་ནས་བླུགས་ཤིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ་དབང་བསྐུར་བས། སློབ་མའི་སྡིག་སྒྲིབ་མ་ལུས་པ་དག་ཅིང༌། ལུས་ཐམས་ཅད་བུམ་པའི་ཆུས་གང་ནས། ཆུ་ལྷག་མ་ཡར་ལུད་པས། སྤྱི་བོར་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསྒོམས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ། །དེ་ནས་གོང་གི་སྔགས་དང་ལྡན་པས། སློབ་མའི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད་ལ། གཙོ་བོའི་སྔགས་ཟློས་ཤིང༌། དེའི་ཕྱག་རྒྱ་སློབ་མའི་སྤྱི་བོར་བཞག་སྟེ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ཅིང༌། མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །གསུམ་པ་དབང་གི་མཐའ་རྟེན་ལ་གསུམ། ཐུན་མོང་གི་མཐའ་རྟེན་ཆོས་ཀྱི་རང་བཞིན་བསྟན་པ། བུམ་དབང་གི་མཐའ་རྟེན་རྗེས་གནང་སྦྱིན་པ། གསང་དབང་གི་མཐའ་རྟེན་ལུང་བསྟན་པའོ། །དང་པོ་ནི་ཐོག་མར་སློབ་མའི་མ་རིག་པའི་ལིང་ཐོག་བསལ་བར་བྱ་སྟེ། གསེར་གྱི་ཐུར་མའམ་རྡོ་རྗེ་ལ་གཙོ་བོའི་སྔགས་ཀྱིས་བཏབ་ལ། མིག་འབྱེད་པའི་ཚུལ་དུ་བྱ་ཞིང༌། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་བཞིན། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དྭངས་ཤིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་ནི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད་དོ། །གཉིས་པ་ལ་གཉིས། སྒྲུབ་ཅིང་དབང་བསྐུར་བའི་རྗེས་གནང་སྦྱིན་པ་དང༌། ཆོས་བཤད་པའི་རྗེས་གནང་སྦྱིན་པའོ། །དང་པོ་ནི། བླ་མས་སློབ་མའི་མེ་ཏོག་དང་བཅས་པའི་ལག་པ་ནས་བཟུང་སྟེ། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་བརྗོད་དོ། །གཉིས་པ་ནི། སློབ་མའི་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ་གཞག་པ་དང༌། ལག་པ་གཡས་པར་དུང་བྱིན་ཏེ་འབུད་པ་དང༌། །གཡོན་པར་དྲིལ་བུ་བྱིན་ཏེ་དཀྲོལ་དུ་བཅུག་ལ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་བྱས་པ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྣམ་པ་ཀུན་ཏུ་སྲུང༌། །ཞེས་བརྗོད་དོ། །གསུམ་པ་གསང་དབང་གི་མཐའ་རྟེན་ལུང་བསྟན་པ་ནི། ཁྱེད་རྣམས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་འདི་དང་མ་བྲལ་ན་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་དེ་ལུང་བསྟན་པར་བྱའོ། །དེ་ནས་ཡང་སློབ་མའི་སྙིམ་པ་མེ་ཏོག་གིས་བཀང་ལ། བླ་མས་དེ་ལྟར་ཁྱོད་ཀྱིས་སྤྱོད་པའི་རྒྱུད་ཀྱི་སྒོ་ནས། འཕགས་པ་འཇམ་དཔལ་ཨ་ར་པ་ཙ་ནའི་དབང་ཐོབ་པ་ཡིན་པས། དགའ་བ་ཁྱད་པར་ཅན་བསྒོམ་ཞིང༌། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ང་ལ་བློས་ཕུལ་གཅིག་ཅེས་བརྗོད་ལ། འདི་སྐད་རྗེས་སུ་བཟླས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། བླ་མ་ལ་ཡོན་དབུལ་ཞིང༌། ཞབས་ལ་ཕྱག་འཚལ་དུ་གཞུག་གོ །དེ་ནས་བླ་མས་སློབ་མའི་སྤྱི་བོ་ནས་བཟུང་སྟེ། སྔགས་དང་རྒྱུད་ནི་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་བརྗོད་དེ། དཀྱིལ་འཁོར་གྱི་ལྷ་ལ་དབུལ་ལོ། །གསུམ་པ་དམ་ཚིག་བསྟན་པ་ནི། སློབ་མ་རྣམས་གྲལ་ལ་རིམ་པས་བཀོད་ལ་མ་ཡེངས་པར་གྱིས་ཤིག་ཅེས་བརྗོད་ལ། དམ་ཚིག་འདི་དག་བསྒོ་བར་བྱའོ། །རྣམ་སྣང་མངོན་བྱང་ལས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང༌། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་ལྟར་སྲུངས། །ཞེས་གསུངས་པ་དང༌། གསང་བ་སྤྱི་རྒྱུད་ལས། དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །རིག་སྔགས་གསང་སྔགས་ཚོགས་རྣམས་དང༌། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་དག་ལས་བསྟན་པའི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་པ་དང༌། གཞན་ཡང་ལེགས་པར་གྲུབ་པའི་རྒྱུད་ལས་གསུངས་པའི་དམ་ཚིག་རྣམས་ཀྱང་བསྟན་པར་བྱའོ། །དེ་ནས། སློབ་མས་དེ་དག་ཐམས་ཅད་གཟུང་བར་བྱའོ་སྙམ་པའི་བསམ་པས། འདི་སྐད་རྗེས་སུ་བཟླས་པ་བྱ་སྟེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བར་བྱའོ། །གསུམ་པ་རྗེས་ལ་མཆོད་ཅིང་གཤེགས་པ་ནི། ནང་པར་ཉི་མ་མ་ཤར་བའི་གོང་དུ་ལྷག་ཆད་ཁ་བསྐང་བའི་ཆེད་དུ་གྲུབ་ན་ཞི་བའི་སྦྱིན་སྲེག་བྱ་ཞིང༌། དེ་ལྟར་མ་གྲུབ་ཀྱང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་བྱ་སྟེ། གཏོར་མ་ཕུལ་ལ། བདག་ཅག་ལས་དང་པོ་པའི་གང་ཟག་ཏུ་གྱུར་པས། མཆོད་པའི་ཡོ་བྱད་མ་འབྱོར་པ་དང་ཉམས་པ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ལྷག་ཆད་ལ་སོགས་པའི་སྐྱོན་ཐམས་ཅད། ཐུགས་རྗེ་དང་ལྡན་པ། མཁྱེན་རབ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བཟོད་པ་མཛད་དུ་གསོལ། ཞེས་བརྗོད་དོ། །དེ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང༌། ཡི་གེ་བརྒྱ་པའི་མཐར་བཛྲ་མུཿཞེས་བརྗོད་དེ། ཡེ་ཤེས་པ་གཤེགས་སུ་གསོལ་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དམ་ཚིག་པ་བདག་གི་ཐུགས་ཀར་བསྡུས་ལ། རྡུལ་ཚོན་དང་མཆོད་པ་དམན་པ་རྣམས་ཆུ་བོར་དོར་ཏེ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་ཆོ་གའི་རིམ་པ་ཤིན་ཏུ་གསལ་བར་བཀོད་པ་འདིས། རང་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་གྲུབ་པར་གྱུར་ཅིག དབང་བསྐུར་ཡེ་ཤེས་སྣང་བའི་སྒྲོན་མ་འདི། །དཔལ་ལྡན་བླ་མའི་གསུང་བཞིན་བཀོད་མོད་ཀྱང༌། །ཁོ་བོའི་སྐྱོན་གྱི་ཉེས་པ་མཆིས་གྱུར་ན། །རྗེ་བཙུན་འཇམ་པའི་དབྱངས་ལ་བཟོད་པར་གསོལ། །དབང་གི་ཆོ་ག་འདི་ལ་རབ་འབད་པའི། །དགེ་བ་དེས་ནི་བདག་དང་འགྲོ་ཀུན་གྱི། །མི་ཤེས་མུན་པ་ཐམས་ཅད་རྣམ་སྤངས་ཏེ། །མཁྱེན་རབ་མཆོག་གི་གོ་འཕང་མྱུར་ཐོབ་ཤོག །རྗེ་བཙུན་འཇམ་དཔལ་ཨ་ར་པ་ཙ་ནའི་དབང་གི་ཆོ་ག་ཡེ་ཤེས་སྣང་བའི་སྒྲོན་མ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བ་འདི་རྫོགས་སོ།།  །།འདིའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་བསྐྱངས། ཀུན་དགའ་སྙིང་པོ། ཤེས་རབ་བསྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ། མལ་གྱོ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོའོ། །ཡང་རིན་ཆེན་བཟང་པོ། དབུས་པ་དགེ་སེར། ཁའུ་པ་སྐུ་མཆེད། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། དགེ་སློང་འཕགས་པ་རྣམས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*