༼ཏ༽
༄༅། །རྣམ་འཇོམས་རྒྱུད་ཀྱི་གསལ་བྱེད་འོད་ཟེར་ཅན་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། དོན་དམ་སྟོན་བྱེད་ནུས་པའི་ཚོགས་རྣམས་དང༌། །རྡོ་རྗེ་འཛིན་ཅིང་གདུག་པ་འདུལ་མཛད་པའི། །ཞབས་པད་དྲི་མེད་སྤྱི་བོས་བླངས་བྱས་ནས། །དྲི་མེད་རྒྱུད་དོན་རབ་ཏུ་གསལ་བར་བྱ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། ཟབ་མོའི་དོན་གྱི་མདོ་སྡེ། རྒྱུད་དོ་ཅོག་གི་རྩ་བ་སྟེ། འདི་ལ་ཐོག་མར་བརྒྱུད་པའི་བྱུང་ཚུལ་བཤད་པར་བྱའོ། །ལོ་རྒྱུས་ཀྱི་དབང་དུ་བྱས་ན་གཉིས་ཏེ། གཞུང་བསྒྱུར་བའི་ལོ་རྒྱུས་དང༌། བཤད་པའི་ལོ་རྒྱུས་སོ། །དང་པོ་བསྒྱུར་བའི་ལོ་རྒྱུས་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་ཚེའི་སྨད་ལ། རྡོ་རྗེ་རྣམ་པར་འཇོམས་པ་འདི་བསྒྱུར་ཏེ། བོད་དུ་བསྒྱུར་བ་ལ་འདི་སྔ་བ་ཡིན་ནོ། །རྒྱལ་པོ་དེའི་སྲས་མང་སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་འདུ་སྲོང་མང་པོ་རྗེ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་སྡེ་གཙུག་བརྟན་ནོ། །དེ་ཡན་ཆད་གདུང་རབས་ལྔ་ལ། བོད་ན་སྡོམ་པ་དང་ལྡན་པའི་རབ་ཏུ་བྱུང་བའམ། དབང་བསྐུར་བའི་སྔགས་པ་མེད་མོད་ཀྱི། འོན་ཀྱང་འདྲི་ཀློག་སློབ་པས་ཆོས་ཀྱི་གྲ་ཚུགས་པ་ཡིན་ཏེ། མདོ་འདི་ཀུན་ཐམས་ཅད་ཀྱང་བྲི་བ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པ་ཡོད་པ་ཡིན་སྐད། དེའི་སྲས་ཁྲི་སྲོང་སྡེ་བཙན་གྱི་སྐུ་རིང་ལ། ལོ་ཙཱ་བ་སད་མི་མི་བདུན་བྱུང་སྟེ། རྒན་གསུམ། གཞོན་གསུམ། བར་པ་ནི་བཙུན་པ་ཡེ་ཤེས་དབང་པོ་བྱ་བ་ཡིན་ཏེ། དེ་དང་བདུན་ནོ། །རྒན་གསུམ་ནི་དབས་མཉྫུ་ཤྲཱི་དང༌། གཙང་ཤཱི་ལནྡྲ་དང༌། བྲན་ཀ་མུ་ཀི་ཏའོ། །གཞོན་གསུམ་ནི། པ་གོར་བཻ་རོ་ཙ་ན་དང༌། འཁོན་ཀླུའི་དབང་པོ་དང༌། གཙང་དེ་བེནྡྲ་རཀྵི་ཏའོ། །དེ་རྣམས་ཀྱིས་རྣམ་དག་ཁྲིམས་ཁང་གླིང་དུ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་སྤྱན་དྲངས་ཏེ། ཁྲིམས་བླངས་པས་རྣམ་དག་ཁྲིམས་ཁང་གླིང་ཞེས་བྱའོ། །དེ་ནས་སྔགས་འཆང་དྷརྨ་ཀཱིརྟི་ཞེས་བྱ་བ་སྤྱན་དྲངས་ཏེ། བཙད་པོ་དེ་ཉིད་ཐོག་མར་རྡོ་རྗེ་དབྱིངས་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བདུད་འདུལ་སྔགས་པ་གླིང་ཞེས་བྱའོ། །དེ་ནས་མར་རབ་ཏུ་བྱུང་བ་ཐམས་ཅད་ཀྱང་ཁྲིམས་དང་ལྡན་པར་བྱས་ལ་སྔགས་པ་རྣམས་ཀྱང་དབང་ཐོབ་པར་བྱས་སོ། །དེ་ནས་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་སྤྱན་དྲངས་ནས། སད་མི་མི་བདུན་གྱིས་ལོ་ཙཱ་བ་བྱས་ཏེ། རྣམ་སྣང་མངོན་བྱང་ལ་སོགས་པའི་རྒྱུད་སྡེ་མང་པོ་བསྒྱུར་བས། སྒྲ་བསྒྱུར་རྒྱ་གར་གླིང་ཞེས་བྱའོ། །གཞན་ཡང་མི་གཡོ་བསམ་གཏན་གླིང་དུ་སྒོམ་བྱེད། དཀོར་མཛོད་པེ་ཀར་གླིང་དུ་ནོར་འཇོག བརྡ་སྦྱོར་ཚངས་པ་གླིང་དུ་བརྡ་སྦྱོར། དེའི་དུས་ན་བོད་ཀྱི་སོ་སོའི་སྐྱེ་བོ་ཐམས་ཅད་ཐུན་མོང་གི་དགེ་སྦྱོར་གཟུངས་འདི་ལ་བྱེད་པ་པཎྜི་ཏས་གཟིགས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་པོའི་ཕྱོགས་ཀྱི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ཀྱི་སྔགས་འདོན་པ་ཡིན་པས། དབང་བསྐུར་དང་དམ་ཚིག་མ་ཐོབ་པ་རྣམས་ཀྱི་ཐུན་མོང་དུ་ཁ་ཏོན་ལ་སོགས་པ་བྱས་པ་མ་ལེགས། ཆོས་ལ་བརྟེན་པའི་སྡིག་པ་འོང་གསུངས་ནས། སྔར་བཏོན་པའི་བཤགས་པར་སྡིག་པ་སྦྱོང་བ་ལ་ཤིས་པ་འཕགས་པ་རྟོག་པ་ཆེན་པོའི་མདོ་འགྱོད་ཚངས་ཀྱི་ལེའུའི་མདོ་ནས་བཏོན་ནས་འདོན་དུ་བཅུག ཕྱིས་ཀྱི་ཐུན་མོང་གི་དགེ་སྦྱོར། དམ་ཚིག་དང་དབང་བསྐུར་མ་ཐོབ་པ་དང༌། ཐོབ་པ་རྣམས་ཀྱིས་འདོན་དུ་རུང་བའི་མདོ། ཤེས་རབ་སྙིང་པོ་བསྒྱུར་ནས་འདོན་དུ་བཅུག དེ་ཡང་དེའི་དོན་ཤེས་དགོས་པས་ཤེས་སྙིང་རྒྱ་ཆེར་འགྲེལ་པ་ཡང་མཛད། བསྒྱུར་བའི་ལོ་རྒྱུས་སོ། །གཉིས་པ་བཤད་པའི་ལོ་རྒྱུས་ནི། སྔོན་རྒྱ་གར་གྱི་ཡུལ་ན་རྒྱལ་པོ་ལོག་པའི་སྙིང་པོ་ཞེས་བྱ་བ་ཅིག་ཡོད་པ་ལས། དེའི་སྙིང་དུ་ལྷའི་བུའི་བདུད་ཞུགས་ནས་མི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཏེ། ལྷ་ཁང་དང་པུསྟི་ཐམས་ཅད་བསྲེགས། དགེ་སློང་ལ་སོགས་པ་ལ་ལ་བསད་སྐད། རྒྱལ་པོ་དེས་དེ་ལྟར་བྱས་པས་བསྟན་པ་ལ་དགའ་བའི་སྲུང་མ་གཙང་རིས་ཀ་མགོན་པོ་རྣམས་ཁྲོས། མི་མ་ཡིན་པའི་གདོན་ཐམས་ཅད་འཁྲུགས་ཏེ། ཡུལ་ཁམས་དེར་ཆར་མི་འབབ་པ་དང༌། ཡམས་ནད་སྣ་ཚོགས་པ་དང༌། བཀྲ་མི་ཤེས་པ་སྣ་ཚོགས་བྱུང༌། རྒྱལ་པོ་རང་ནད་ཤ་བཀྲས་ཟིན་ནས། སྡུག་བསྔལ་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་དེའི་དོན་དུ་རྒྱལ་པོ་སྡེ་བཞིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤིང་སཱ་ལའི་དྲུང་ན་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་ལ། རྒྱལ་པོ་ལོག་པའི་སྙིང་པོ་ནད་ཤ་བཀྲས་ཟིན་པ་ལས་ཐར་པའི་ཐབས་ཞུས་པས། རྒྱལ་པོ་ལོག་པའི་སྙིང་པོ་སྡེ་དང་འཁོར་དང་བཅས་པ་ཐམས་ཅད་དྲེགས་པ་ཅན་དུ་འདུག་པས་ཞི་བའི་སྐུས་མི་ཐུལ་ཏེ། དྲག་པོའི་སྐུའི་གདུལ་བྱར་འདུག་གསུངས་ནས་མི་དམིགས་པའི་ཐུགས་རྗེ་ཆེན་པོས་ཕྱག་ན་རྡོ་རྗེ་ལ་བསྐུལ་ལོ། །དེ་ཡང་གཞུང་འདི་ཉིད་ལས། སངས་རྒྱས་ཀྱི་མཐུས་ཞེས་པས་ཤེས་སོ། །ཕྱག་ན་རྡོ་རྗེས་ཀྱང་ཞི་བས་མི་ཐུལ་བར་གཟིགས་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་ཁྲོ་བོ་ཆེན་པོར་སྤྲུལ་ནས་བཤད་དོ། །དེ་ཡང་གཞུང་ལས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པས་ཤེས་སོ། །བཤད་པ་ནི་མི་ཆོད་པ་ལ་སོགས་པ་ནར་མར་རོ། །ཐུགས་རྒྱུད་ཡེ་ཤེས་སུ་སྣང་བའི་ཕྱག་ན་རྡོ་རྗེ་དེས་བཤད་ནས། སྡུད་པ་པོ་ཕྱག་ན་རྡོ་རྗེས་གཞུང་བསྡུས་སོ། །དེས་རྒྱལ་པོ་བཞི་ལ་བཤད། དེས་ལོག་པའི་སྙིང་པོ་ལ་བཤད། རྒྱལ་པོ་སྡེ་བཞི་དང་ལོག་པའི་སྙིང་པོ་འཁོར་དང་བཅས་པས་ཉམས་སུ་བླངས་པས། སྔར་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་ཡང་གཞུང་ལས། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པ་དང༌། སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་པས་ཤེས་སོ། །འདི་ལ་བཤད་སྲོལ་མང་ཡང་ཇོ་བོ་རིན་ཆེན་བཟང་པོས་བཤད་པ་སྟེ། བརྒྱུད་པའི་དབང་དུ་བྱས་ན། སངས་རྒྱས་ཉིད་ཀྱིས་ཕྱག་ན་རྡོ་རྗེ་ལ། དེས་རྒྱལ་པོ་སྡེ་བཞི་ལ། དེས་ལོག་པའི་སྙིང་པོ་ལ། ལོག་པའི་སྙིང་པོས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར། ཨ་རོ་པ་བསམ་གཏན་བཅུ་གཉིས་པ་ལ་བཤད། ཡང་ཕྱག་ན་རྡོ་རྗེ་དེ་ཉིད་ཀྱིས་ཨ་རོ་པ་བསམ་གཏན་བཅུ་གཉིས་པ་ལ་བཤད། དེས་རྡོ་རྗེ་གོ་ཆ་ལ། དེས་ཡུལ་དབུས་ཀྱི་ཛ་ཡ་སེ་ན་ལ། དེས་ནོར་བུ་གླིང་པ་བདེ་བའི་རྡོ་རྗེ་ལ། དེས་ཤྲདྡྷཱ་ཀ་ར་ཝརྨ་ལ། དེས་རིན་ཆེན་བཟང་པོ་ལ། དེས་མངའ་རིས་ཀྱི་ཤུད་པུ་ཡོན་ལེགས་ལ། དེས་གཉལ་པ་ཉི་མ་ཤེས་རབ་ལ། དེས་གནུར་ཉི་མ་འོད་ཟེར་ལ། དེས་བླ་མ་ས་སྐྱ་པ་ལ། བརྒྱུད་པའི་ལོ་རྒྱུས་སོ། །དེ་ལྟར་བརྒྱུད་པའི་མདོ་འདི། ཆོས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས་པ་ལས་བཀའ་ཡིན་ནོ། །དེ་གཉིས་སུ་འདུས་པར་ཅིས་ཤེས་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་པར་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་དང༌། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པས་ཤེས་སོ། །བཀའ་ལ་ཡང་གསུམ་སྟེ། བྱིན་གྱིས་བརླབས་པའི་བཀའ་དང༌། རྗེས་སུ་གནང་བའི་བཀའ་དང༌། ཞལ་ནས་གསུངས་པའི་བཀའ་འོ། །བྱིན་གྱིས་བརླབས་པའི་བཀའ་ནི་སྟོན་པ་ཞལ་བཞུགས་ཙ་ན། དེའི་བྱིན་རླབས་ཀྱིས་སྟོན་པ་དང༌། ཉན་པ་པོའམ་བེམས་པོའམ། དུད་འགྲོ་ལ་སོགས་པས་ཀྱང་ཆོས་ཀྱི་སྒྲ་སྒྲོགས་ཤེས་པ་ལ་སོགས་པའོ། །དེའང་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །ཞེས་པ་ནས། སྐྱེས་བུའི་མཐུའི་བར་དུའོ། །རྗེས་སུ་གནང་བའི་བཀའ་ནི་སྟོན་པ་མྱ་ངན་ལས་འདས་ཙམ་ན། གོང་དུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་དང༌། བར་དུ་དེ་ནས་ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་དང༌། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་པ་ལ་སོགས་པ་ཆུག་ཅིག ཅེས་གསུངས་པ་ནི་རྗེས་སུ་གནང་བའི་བཀའ་འོ། །བཅོམ་ལྡན་འདས་ཉིད་ཀྱིས་ཞལ་ནས་གསུངས་པ་ནི། དངོས་སུ་གནང་བའི་བཀའ་འོ། །གཟུངས་འདི་ལ་གསུམ་ཀ་ཡོད་དེ། འདི་སྐད་བདག་གིས་ཐོས་པ་ནས་སྙོམས་པར་ཞུགས་སོའི་བར། རྗེས་སུ་གནང་བའི་བཀའ་འོ། །དེ་ནས་ལག་ན་རྡོ་རྗེ་ཞེས་པ་ནས། རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་བར་ནི་བྱིན་གྱིས་བརླབས་པའི་བཀའ་འོ། །མི་ཆོད་པ་མན་ཆད་ནི་ཞལ་ནས་གསུངས་པའི་བཀའ་འོ། །ཡང་ཆོས་ཐམས་ཅད་བསླབ་པ་རིན་པོ་ཆེ་གསུམ་དུ་འདུ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་གསུམ་ལས། མདོ་འདི་ཏིང་ངེ་འཛིན་གྱི་བསླབ་པར་འདུས་ཏེ། འདི་ཉིད་ལས། མདོ་སྡེ་འདི་ནི་མཉན་བྱེད་ན། །ཞེས་སོ། །ཡང་གསང་སྔགས་རྒྱུད་སྡེ་བཞིའི་དབང་དུ་བྱས་ན། འདི་གང་དུའང་མ་ལྷུང་པར་ཐམས་ཅད་དུ་འགྲོ་སྟེ། འདི་ཉིད་ལས། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་བརྗོད་བྱའི་དོན་ཅི་ཡིན་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པར་དཀའ་བ། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་ཏེ། འདི་ཉིད་ལས། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་འབྱུང་བས་སོ། །དེ་ལྟ་བུའི་མདོ་སྡེ་དེ་ལ་རྒྱ་སྐད་བོད་སྐད་དུ་སྦྱར་ནས། མཚན་བསྟན་པ་ནི། རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་པ་དང༌། དམ་པའི་ཆོས་ཁུངས་བཙུན་པ་དང༌། བཙལ་སླ་བ་དང༌། སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་བཞག་པ་དང༌། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དང༌། མཚན་བཀླགས་པས་བར་ཆད་སེལ་བ་དང༌། སྒྲ་ཐང་ཀློག་ལ་མཁས་པར་འགྱུར་བའི་དགོས་པ་ཡོད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སངས་རྒྱས་ནི་རྟོགས་པའི་ཡེ་ཤེས་མཐར་ཐུག བྱང་ཆུབ་སེམས་དཔའ་ནི་ས་བཅུ་གཅིག་མན་ཆད་རྟོགས་པའི་ཁྱད་པར་ལ་གནས་པ་རྣམས་ལ་ཕྱག་འཚལ་བའོ། །འདི་སྐད་ཅེས་པ་ལ་སོགས་པས་གླེང་གཞི་བསྟན་ཏེ། འདི་སྐད་ཅེས་པ་ཆོས་ཕུན་སུམ་ཚོགས་པ་དང༌། བདག་གིས་ཐོས་པ་འཁོར་ཕུན་སུམ་ཚོགས་པ་དང༌། དུས་གཅིག་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་དང༌། བཅོམ་ལྡན་འདས་ལས་ཐོས་ཞེས་པ་སྟོན་པ་ཕུན་སུམ་ཚོགས་པ་དང༌། རྡོ་རྗེ་ལ་བཞུགས་པ་ལས་ཐོས་ཞེས་གནས་ཕུན་སུམ་ཚོགས་པའོ། །ཐོས་པ་ཀུན་ལ་སྦྱར་ཏེ། དེ་ཡང་འདི་སྐད་ཅེས་བྱ་བ་འོག་ནས་འཆད་པའི་གཞུང་ཐམས་ཅད་དོ། །དེ་སྟོན་པ་རྡོ་རྗེའི་ཚིག་འདི་སྐད་དང༌། དེའི་དོན་འདི་སྐད་ཅེས། འདི་ཁོ་ན་སྐད་ཐོས་ཀྱི་ཕྲི་བ་དང་བསྣན་པ་མེད་དོ་ཞེས་པའི་དོན་ཏོ། །བདག་གིས་ཐོས་ཞེས་པ་ནི་བདག་ཉིད་ཡིན་པར་སྟོན་ཏེ། འདི་གཞན་ལས་བརྒྱུད་པ་མེད་པ་དངོས་སུ་ཐོས་པ་བསྟན་ཏེ། ཐོས་ཞེས་བྱ་བ་རྣ་བའི་དབང་པོ་སྐྱོན་མེད་པར་མ་ཡེངས་པར་མཉམ་པར་བཞག་ནས་ཤེས་པ་མ་འཁྲུལ་བར་ཐོས་པའོ། །ཡང་ཐོས་པའི་ཤེས་རབ་ཀྱིས་ཐོས་ཀྱི་རྟོགས་པས་ནི་མ་ཡིན་ནོ། །དུས་གཅིག་ན་ཐོས་ཞེས་བྱ་བ་ནི། དུས་གཅིག་གི་ཚེ་འདི་ཐོས་ཀྱི། དུས་གཞན་དུ་གཞན་ཡང་ཐོས་ཞེས་པས་ཐོས་པ་མང་བར་བསྟན་ནས། ཡང་དུས་གཅིག་ཉིད་ལ་འདི་ཐོས་ཤིང་ཁུང་དུ་ཆུད་པས་ཤེས་རབ་ཆེ་ཞིང༌། ཚད་མའི་སྐྱེས་བུར་སྟོན་པའོ། །ཡང་རྒྱུད་འདི་ལན་ཅིག་ལས་མ་གསུངས་པས་འབྱུང་བར་དཀའ་ཞིང་ཟབ་པར་ཡང་བསྟན་ཏོ། །བཅོམ་ལྡན་འདས་ཞེས་པས་ཉོན་མོངས་པ་དང༌། ལྷའི་བུ་དང༌། ཕུང་པོའི་དང༌། འཆི་བདག་གི་བདུད་དང་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང༌། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །ཅེས་གསུངས་སོ། །དེ་ལྟ་བུ་དེ་རང་སུ་ཡིན་ན་ཕྱག་ན་རྡོ་རྗེའོ། །ཕྱག་ན་རྡོ་རྗེ་ལ་གསུམ་དུ་བཞེད་དེ། ཐུགས་རྒྱུད་ཡེ་ཤེས་སུ་སྣང་བའི་ཕྱག་ན་རྡོ་རྗེ་དང༌། ལམ་རྒྱུད་འཕགས་པར་སྣང་བ་དང༌། འགྲོ་རྒྱུད་སེམས་ཅན་དུ་སྣང་བའོ། །དང་པོ་ནི་སངས་རྒྱས་ཐམས་ཅད་མི་དམིགས་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བ། ས་བཅུ་གཅིག་པའི་རྟོགས་པ་མཐར་ཕྱིན་པ། གདུལ་བྱ་གདུག་པ་ཅན་འདུལ་བ་ལ་ཁྲོ་བོར་སྣང་བའོ། །གཉིས་པ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའོ། །གསུམ་པ་ནི་གང་ཟག་གི་བློས་ཕྱག་ན་རྡོ་རྗེར་བསྒོམས་ན་རང་ལ་དམིགས་པ་གསལ་ཡང་གཞན་གྱིས་ཕྱག་ན་རྡོ་རྗེར་མི་མངོན་ཏེ། སེམས་ཅན་དུ་སྣང་ངོ༌། །དོན་ལ་བདག་སེམས་ཅན་ཡིན་ཡང་ཕྱག་ན་རྡོ་རྗེའི་ང་རྒྱལ་བརྟན་པོ་དང་ལྡན་པའོ། །གསུམ་པོ་དེ་ཡི་ནང་ནས་རྒྱུད་འདིའི་སྟོན་པ་ནི་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བའི་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་ལ་བཞུགས་ཏེ་ཞེས་པས་གནས་སྟོན་པའི་ཚིག་སྟེ། ཕྱིའི་གནས་རི་རབ་ཀྱི་ཟོམ་མམ། རྡོ་རྗེའི་གདན་ཡིན་ལ་ནང་གི་གནས་ནི་རྡོ་རྗེ་ས་བཅུ་གཅིག་པས་བསྡུས་པའི་ཆོས་ཀྱི་དབྱིངས་སྟོང་པར་རྟོགས་པའོ། །དེ་ལ་ཅིའི་ཕྱིར་རྡོ་རྗེ་ཞེས་བྱ་ཞེ་ན་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པ། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །འགྲོ་དྲུག་འཁོར་ལོ་གཡོ་བྱེད་ཅིང༌། །སྡིག་པ་གྲོལ་བར་བྱེད་པའི་མཆོག །ཅེས་པ་ལ་སོགས་པ་གསུངས་པས་གླེང་གཞིའི་བཤད་པའོ། །གཞུང་ལས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པས་སྔོན་བྱུང་སྟོན་པ་ཏིང་ངེ་འཛིན་ལ་ཞུགས་པ་དང༌། རྗེས་འཇུག་དམིགས་པ་ལྷ་ལ་གཏད་པ་དང༌། གཏོར་མ་ལ་གཏད་པ་བསྟན་ཏོ། །སེམས་ཅན་ཐམས་ཅད་སྲུང་བ། ཞི་བ་ལ་སོགས་པས་སྦྱིན་སྲེག་བསྟན། ནོར་བུ་ཡོངས་ཀར་དཱུར་བ་ལ་སོགས་པས་བུམ་པ་ལ་གཏད་པ་བསྟན་ཏོ། །སྔགས་ཀྱི་མགོར་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། འབྱུང་བའི་རྒྱུ་མཚན་ནི། དཔུང་བཟང་ལེའུ་བཅུ་པ་ལས། སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ། །དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། །དེ་བཞིན་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ། །སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། །འདི་གསུམ་བསོད་ནམས་རྣམ་པར་འཕེལ་རྒྱུ་ཡིན། །དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་གདོན། །ཞེས་གསུངས་སོ། །གཞུང་གི་བཤད་པ་མདོར་བསྟན་པའོ། །ད་ནི་མངོན་རྟོགས་ཕྱོགས་གཅིག་ཏུ་བསྟན་པར་བྱ་སྟེ། དེ་ལ་བཞི། དམིགས་པ་ཡི་དམ་གྱི་ལྷ་ལ་གཏད་པ་དང༌། བུམ་པ་ལ་གཏད་པ་དང༌། གཏོར་མ་ལ་གཏད་པ་དང༌། སྦྱིན་སྲེག་ལ་གཏད་པའོ། །དེ་ཡང་གཞུང་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་གསུངས་པས་དེ་ནི། སྐད་སོར་བཞག་པ་ཡིན་ཏེ། དེ་བསྒྱུར་བས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ཡིན་པས། སྐྱབས་འཛིན་ལ། གང་དག་ཡིད་དགེ་སེམས་དང་ཞིང༌། །ཞེས་པས་བྱང་ཆུབ་ཀྱི་སེམས་དང༌། ཚད་མེད་བཞི་འཛིན། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པས་དེའི་རྗེས་ལ་སྟོང་པ་ཉིད་བསྒོམ་པ་བསྟན། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ལ་སོགས་པས་སྐུ་ཕྱག་རྒྱ་ཆེན་པོ་གསལ་གདབ་པ་བསྟན། དེ་དག་གི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། རང་གཞན་གྱི་བར་ཆད་བསལ་བ་དང༌། བདེ་བ་བསྒྲུབ་པའི་ཆེད་དུ། རྡོ་རྗེ་རྣམ་པར་འཇོམས་པ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་འདུག་ནས། མངོན་པར་རྟོགས་པ་ཉམས་སུ་བླང་བ་ལ་དོན་བཅོ་ལྔ་སྟེ། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཚད་མེད་པ་བཞི་བསྒོམ་པ་དང༌། སྟོང་པ་ཉིད་བསྒོམ་པ་དང༌། བདག་ལྷར་བསྐྱེད་པ་དང༌། མདུན་དུ་ལྷ་བསྒོམ་པ་དང༌། དེ་དག་གི་ཐུགས་ཀར་སྔགས་དགོད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲང་བ་དང༌། དེ་དག་གི་ཐུགས་ཀར་སྔགས་དགོད་པ་དང༌། སྔགས་བཟླས་པ་དང༌། ཆོས་ཀྱི་སྦྱིན་པ་བྱ་བ་དང༌། བརྟན་པར་བྱ་བ་དང༌། གཤེགས་སུ་གསོལ་བ་དང༌། མདུན་གྱི་དེ་རང་ལ་བསྡུ་བ་དང༌། བསྲུང་བ་བྱས་ལ་ཅི་བདེར་སྤྱད་པའོ། །དང་པོ་ནི། བདག་དང་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་མཆིའོ། །ཆོས་དཀོན་མཆོག་ལ་སྐྱབས་སུ་མཆིའོ། །དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་མཆིའོ། །ཞེས་མོས་པ་བྱའོ། །དེ་ནས་གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་བསལ་ནས་སངས་རྒྱས་ཐོབ་པར་བྱའོ། །སྙམ་དུ་མོས་པ་བྱའོ། །གསུམ་པ་ཚད་མེད་པ་བཞི་བསྒོམ་པའི་དང་པོ་བྱམས་པ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་འདོད་པའོ། །གཉིས་པ་སྙིང་རྗེ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའོ། །གསུམ་པ་དགའ་བ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ཕྲད་པར་གྱུར་ན་དགའ་བའོ། །བཞི་པ་བཏང་སྙོམས་ནི། སེམས་ཅན་ཐམས་ཅད་ལ་ཆགས་སྡང་གཉིས་དང་བྲལ་ནས་མཉམ་པར་མོས་པའོ། །བཞི་པ་སྣོད་བཅུད་ཀྱི་སེམས་ཅན་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ལ། སེམས་རྩེ་གཅིག་ཏུ་མི་རྟོག་པ་བསྒོམ་པའོ། །ལྔ་པ་བདག་ལྷར་བསྒོམ་པ་ནི། སྟོང་པའི་ངང་ལས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་སྔོན་ནམ། ལྗང་སེར་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་རྐེད་པའི་ཕྱོགས་སུ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་པ། སྤྱན་གསུམ་པ། མཆེ་བ་ཅུང་ཟད་གཙིགས་པ། སྨིན་མཚམས་སུ་ཁྲོ་གཉེར་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བདག་ཉིད་བསྒོམ་མོ། །དྲུག་པ་མདུན་དུ་ལྷ་བསྐྱེད་པ་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཕྱག་ན་རྡོ་རྗེ་རང་འདྲ་བ་ཅིག་མདུན་དུ་བསྒོམ་མོ། །བདུན་པ་སྔགས་དགོད་པ་ནི་གཉིས་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཕྱག་ན་རྡོ་རྗེའི་མིང་གི་ཡི་གེ་དང་པོའམ་ཧཱུྃ་བསམས་ལ་དེའི་རྗེས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ནས་བཟུང་ནས་རབ་ཏུ་སྨྲས་སོ་ཡན་ཆད་བརྗོད་པ་སྔོན་དུ་སོང་བས། བདག་དང་མདུན་གྱི་ལྷ་གསལ་གདབ། དེ་ནས་ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱི་བར་ལན་ཅིག་བརྗོད་པས། རང་དང་མདུན་གྱི་ལྷའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ་རྩ་སྔགས། དེའི་ནང་དུ་ཁྲོ་བོ་བཅུའི་སྔགས། དེའི་ནང་དུ་ཡང་སྙིང་བདུད་རྩི་འཁྱིལ་པའི་སྔགས་བཀོད་དེ། དེ་ཐམས་ཅད་ཁ་དོག་དཀར་པོའི་རྣམ་པ་མགོ་ཕྱིར་བསྟན་པའམ། གྱེན་དུ་ལངས་པ་སྐྱེས་པ་ལྟ་བུ་འོད་འཕྲོས་པ་བསམ་མོ། །བརྒྱད་པ་སྤྱན་དྲང་བ་ནི། སྔགས་གཉིས་པ་བརྗོད་པས། ཧེ་ཕུལླུའི་སྒྲས་རང་དང་མདུན་གྱི་ཐུགས་ཀའི་ཡི་གེ་ལས་འོད་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། ཁྲོ་བོ་མ་ཡིན་པ་རྣམས་ཀྱང་ཁྲོ་བོར་བསྒྱུར་ནས། རང་གི་ཕྱོགས་མཚམས་ཐམས་ཅད་དུ་ལྷགས་པར་བསམ་མོ། །དགུ་པ་དེ་དག་གི་ཐུགས་ཀར་སྔགས་དགོད་པ་ནི། སྔགས་གསུམ་པ་བརྗོད་པས་སྤྱན་དྲངས་པ་དེ་དག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་བསམས་ལ། དེ་ལ་སྔགས་བདག་དང་མདུན་གྱི་ལྷ་ལ་སུམ་རིམ་གྱིས་བཀོད་པ་བཞིན་དུ་དགོད་དོ། །བཅུ་པ་སྔགས་བཟླས་པ་ནི། བཟླས་པའི་དུས་སུ་གསུམ་ཀ་ཚང་བར་བཟླས་པའམ། རྩ་སྔགས་སྙིང་པོ་ཉེ་སྙིང་གསུམ་གང་རུང་བཟླས་པའོ། །དེ་ཡང་གྲངས་ནི། ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། ཅེས་འབྱུང་བས་ཚང་བར་ཟློས་ན་ཉེར་གཅིག སྙིང་པོའམ་ཡང་སྙིང་ཟློས་ན་བརྒྱ་རྩ་བརྒྱད། དེ་ཡང་གསུམ་ཀ་ཚང་བར་ཟློས་ན་ཧེ་ཕུལླུའི་སྒྲས་བསྐུལ་ནས་ཐུགས་ཀ་ནས་འོད་ཟེར་སྤྲོའོ། །སྙིང་པོ་དང་ཉེ་སྙིང་ཟློས་པ་ལ། སྔགས་དེ་ཉིད་བརྗོད་པའི་སྒྲས་བསྐུལ་ནས་འོད་ཟེར་སྤྲོའོ། །འོད་ཟེར་ཕར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཐུགས་ཀའི་ཡི་གེ་ལ་ཐིམ་པས་ཡི་གེ་ཐམས་ཅད་བཀྲག་དང་གཟི་མདངས་དང་ལྡན་པར་བྱས་ནས་བཟླས་པ་མ་ཟིན་གྱི་བར་དུ་འོད་ཟེར་གྱི་སྤྲོ་བསྡུ་དུ་མ་བྱས་ཏེ། ལན་ཅིག་བྱེད་པ་ལྟ་བུ་ནི་མ་ཡིན་ནོ། །ཡང་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱ་བ་ལ་གཉིས་ཏེ། ཕན་འདོགས་པ་དང༌། ཚར་གཅོད་པའོ། །དང་པོ་ཕན་འདོགས་ན། འོད་དེས་སེམས་ཅན་ལ་ཕོག་པས་སེམས་ཅན་ནད་དང་གདོན་གྱིས་ཉེན་པའི་སྡུག་བསྔལ་ཐམས་ཅད་བསལ་ཏེ་བདེ་བ་ལ་དགོད་པའོ། །ཚར་གཅོད་ན་འོད་འཕྲོས་པས་བསྒྲུབ་བྱ་གདུག་པ་ཅན་དགྲ་བགེགས་དམིགས་པའི་ཡུལ་དུ་བྱས་ལ། འོད་ཕོག་པས་བྱ་སྒྲོ་མེས་བསྲེགས་པ་ལྟར་ཚིག་པར་བསམ། ཚུར་འདུས་ཐུགས་ཀའི་ཡི་གེ་ལ་ཕོག ཐམས་ཅད་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། །འོད་ཟེར་ཕྱོགས་བཅུར་ཕར་འཕྲོས། ཚུར་འདུས་དུ་མ་བྱའོ། །ལག་ལེན་ལ་རང་གི་སྔགས་བརྗོད་པས་སྔར་གྱི་སྤྱན་དྲངས་པའི་ཕྱག་ན་རྡོ་རྗེ་དཔག་ཏུ་མེད་པ་རྣམས་དང༌། མདུན་དུ་བསྒོམས་པ་ཐམས་ཅད་ངང་ངུར་མཚོ་ཁར་ལྷགས་པ་ལྟ་བུའམ། ཀུན་དགའ་ར་བར་མི་མང་པོས་ཀློག་འདོན་བྱེད་པ་བཞིན། དི་རི་རི་བརྗོད་པར་བསམ་མོ། །བཅུ་གཅིག་པ་ཆོས་ཀྱི་སྦྱིན་པ་ནི། བཟླས་པ་ཟིན་པ་དང༌། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་བརྗོད་དོ། །བཅུ་གཉིས་པ་བརྟན་པར་བྱ་བ་ནི། ཐུན་མཚམས་སུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་བརྟན་པར་བྱའོ། །བཅུ་གསུམ་པ་གཤེགས་སུ་གསོལ་བ་ནི། ཨོཾ་ཨཱཿཧཱུྃ་མུཿ ཞེས་བརྗོད་པས་སྤྱན་དྲངས་པ་རྣམས་གཤེགས་སུ་གསོལ། བཅུ་བཞི་པ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མདུན་གྱི་དེ་རང་གི་སྙིང་གར་བསྡུའོ། །བཅོ་ལྔ་པ་བསྲུང་བ་བྱ་བ་ནི་བདུད་རྩི་འཁྱིལ་པའི་སྔགས་རིང་ལན་གསུམ་མམ། བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་ལ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་སྨིན་མཚམས་སུ་རེག་པར་བྱས་ལ། བསྲུང་བར་བྱའོ། །དེ་ལྟར་བྱས་པས་རང་དོན་མི་ཆོད་པ་ལ་སོགས་པ་དང༌། གཞན་དོན་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ལ་སོགས་པ་འགྲུབ་པའོ། །དམིགས་པ་ལྷ་ལ་གཏད་པའོ། །གཉིས་པ་དམིགས་པ་གཏོར་མ་ལ་གཏད་པ་ནི། གཏོར་མ་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་དང༌། ཚད་མེད་པ་དང༌། སྟོང་པ་ཉིད་དང༌། བདག་བསྐྱེད་དང༌། མདུན་བསྐྱེད་གཉིས་ཀའི་ཐུགས་ཀར་སྔགས་བཀོད། སྔགས་ཀྱི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས། དེའི་ཐུགས་ཀར་སྔགས་བཀོད། དེ་ནས་བཟླས་པ་གང་རུང་ཟློས་ཤིང༌། འོད་ཟེར་སྤྲོ་བསྡུ་དང་བཅས་པ་བྱེད་པ་ལྔར་དང་ཁྱད་པར་མེད། ཁྱད་པར་དུ་སྔགས་ཀྱི་འོད་ཟེར་གཏོར་མ་ལ་ཟུག་ནང་དུ་ལྷུང་བས་གཏོར་མ་དེ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་ཅིག་ཏུ་བསམ། གཏོར་མའི་རྫས་བདུད་རྩིར་བསམས་ལ། ཟེའུའི་ནང་དུ་འོ་མ་ལུད་པ་ལྟར་དཀར་མེར་གྱིས་སོང་བས། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རེག་བྱ་འཇམ་པ། རིན་པོ་ཆེ་སྣ་བདུན་དང༌། གདུགས་དང༌། རྒྱལ་མཚན་ལ་སོགས་པའི་མཆོད་པའི་ཡོ་བྱད་ཇི་སྙེད་ཡོད་པ་ཐམས་ཅད་ནམ་མཁའི་མཐའ་ཀླས་པར་བསམ་ཞིང༌། སྔགས་བཟླས་པའི་འོད་ཟེར་ཕར་འཕྲོས་གཏོར་མ་ལ་ཕོག་པས་འོ་མ་ལུད་པ་ལྟར་བསམ། འོད་དེ་ལས་མཆོད་པ་སྣ་ཚོགས་བྱུང༌། མདུན་གྱི་ནམ་མཁའ་ལ་བཞུགས་པའི་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཕགས་པ་རྣམས་མཆོད། ཚུར་འདུས་ཐུགས་ཀའི་ཡི་གེ་ལ་ཐིམ། ཡི་གེ་ཐམས་ཅད་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། །དེ་ལྟར་འདས་པ་རྣམས་མཆོད་ནས། འཇིག་རྟེན་པ་རྣམས་མཆོད་པ་ནི། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་ལ་སོགས་པས་བསྔོ། ཕྱོགས་སྐྱོང་སོ་སོའི་སྙིང་པོ་བརྗོད། སྔགས་ཀྱིས་བསྔོ། བསྟོད་པ་བྱས་ལ་ཕྲིན་ལས་གཞོལ་ལོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ལ་སོགས་པ་བརྗོད། ཡི་གེ་བརྒྱ་པས་བརྟན་པར་བྱ། སྤྱན་དྲངས་པ་གཤེགས་སུ་གསོལ། མདུན་གྱི་དེ་རང་ལ་བསྡུའོ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་ངོ༌། །གསུམ་པ་དམིགས་པ་བུམ་པ་ལ་གཏད་པ་ནི། གསེར་དངུལ་ལམ་ཟངས་ལས་བྱས་པའི་བུམ་པ་ཆུ་བྲེ་གང་ཤོང་བ་ཡན་ཆད་གཙང་བ་མི་གནག་པ་ལ་སོགས་པ་མཚན་ཉིད་གཞན་དང་འདྲ་བའི་ནང་དུ་ཙནྡན་གྱིས་སྦྱར་བའི་ཆུ་སྲོག་ཆགས་མེད་པས་བཀང༌། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། སྙིང་པོ་ལྔ་རྣམས་གཞུག དཀྱིལ་འཁོར་ཆོ་ག་གཞན་ནས་བཤད་པ་ཡོད་ཀྱང་བཟང་ལ། གཞུང་འདི་ལྟར་བྱས་ན་མི་དགོས། མེ་ཏོག་སྔོན་པོ་དང་ཡུངས་ཀར་བཅུག རས་གཙང་མས་མགུལ་པ་བཅིངས། རྩ་དཱུར་བས་ཁ་བརྒྱན། སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་གཞག དེ་གདན་མཎྜལ་ལ་སོགས་པ་གཙང་མའི་སྟེང་དུ་བཞག་ལ། བདག་གིས་སྐྱབས་འགྲོ་ནས་བཟུང་ནས་བཟླས་པའི་བར་སྔ་མ་དང་འདྲ་བར་བྱ། ཁྱད་པར་དུ་གཟུངས་ཐག་ནས་བཟུང་ནས་སྔགས་གསུམ་ཀ་ཚང་བའི་རྩ་སྔགས་ཟློས་ན་ཉེར་གཅིག སྙིང་པོའམ་ཉེ་སྙིང་ཟློས་ན་བརྒྱ་རྩ་བརྒྱད་བཟླས་སོ། །སྔགས་བཟླས་པའི་དུས་སུ་རང་དང༌། མདུན་དུ་སྤྱན་དྲངས་པའི་ཐུགས་ཀའི་འོད་ཟེར་ཕར་འཕྲོས། ཚུར་འདུས་པས་བུམ་པའི་ནང་དུ་སོང་སྟེ། བུམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་དུ་གྱུར། ཆུ་ལ་སོགས་པའི་རྫས་རྣམས་འོ་མ་བླུགས་པ་ལྟར་དཀར་མེ་རེ་རེ་ཁེངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆུ་བདུད་རྩིའི་རང་བཞིན་ཅན་དུ་གྱུར་ནས། རྣམ་པ་རྡོ་རྗེའི་རྡུལ་ཕྲ་རབ་ལས་གྲུབ་པའི་ཆུ་ཁ་དོག་དཀར་པོར་བསམ་ཞིང༌། འོད་ཀྱི་འཕྲོ་འདུས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། བུམ་པར་སོང༌། རང་གི་ཐུགས་ཀར་ཞུགས་པས། ཡི་གེ་ཐམས་ཅད་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་ཞིང་བཟླས་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ལ་སོགས་པ་བརྗོད་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་བའི་བར་སྔ་མ་བཞིན་བྱའོ། །བཞི་པ་དམིགས་པ་སྦྱིན་སྲེག་ལ་གཏད་པ་ནི། ཞི་བ་ལ་སོགས་པའི་ཐབ་ཁུང་གཞན་ནས་འབྱུང་བ་བཞིན་བྱས་ལ། མཆོད་པ་ལྔ་བཤམ། བསྲེག་རྫས་ཡུངས་ཀར་ལ་སོགས་པ་འབྲུ་སྣ་ཚོགས་བཤམ། བདག་ཉིད་དམིགས་པ་ལྷ་ལ་གཏད་པ་བཞིན། རང་དང་ཐབ་ཏུ་བསྐྱེད་ལ། གཟུངས་ལན་བདུན་བཟླས། དེ་ནས་མེ་ལྷ་མདུན་བསྐྱེད་ཐབ་ཏུ་བསམས་པ་ཡང་སྙིང་ལ་གསུམ་བཟླས་ཏེ། མར་གྱི་དགང་བླུགས་ལན་གསུམ་དབུལ། དེ་ནས་བསྲེག་རྫས་རྣམས་ནད་དང་གདོན་ལ་སོགས་པར་བསམས་ལ། ཉེ་སྙིང་ལན་བདུན་བཟླས་ཏེ། ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་གདོན་དང༌། རིམས་དང༌། རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། སེམས་ཀྱི་གཡེང་བ་ལ་སོགས་ལོག་འདྲེན་དང་དུས་མ་ཡིན་པར་འཆི་བ་གཟའ་དང་རྒྱུ་སྐར་གྱི་ཉེས་པ། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་གདགས་སོ། །དེ་བཞིན་དུ་ཉེ་བའི་སྙིང་པོ་ལན་གསུམ་བཟླས་ཏེ། ནད་དང་གདོན་ལ་སོགས་པ་ཨ་པ་ན་ཡེ་སྭཱ་ཧཱ། དེ་བཞིན་དུ་ནད་དང་གདོན་ལ་སོགས་པ་ལས་རཀྵ་རཀྵ་སྭཱ་ཧཱ། བཏགས་ལ་ཐམས་ཅད་ལ་བསྲེག་རྫས་ལན་གསུམ་གསུམ་དབུལ་ལོ། །བསམ་པ་ནི་ཐབ་ཀྱི་ལྷ་ལས་འོད་བྱུང་ནས་བསྒྲུབ་བྱའི་ལུས་ལ་ཕོག་པས་ནད་ལ་སོགས་པ་ཞི་བར་བསམ་མོ། །དེ་ནས་བཛྲ་མུཿཞེས་པས་སྤྱན་དྲངས་པ་གཤེགས་སུ་གསོལ། ཛཿཧཱུྃ་བྃ་ཧོཿས་ཐབ་ཀྱི་དམ་ཚིག་པ་རང་ལ་བསྡུའོ། །བླ་མ་སྤྱི་བོར་བསྒོམ། བདུད་རྩི་འཁྱིལ་པས་བསྲུང་བ་བྱ། ཐབ་ཁུང་མི་དམིགས་པར་བྱས་ལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དམིགས་པ་སྦྱིན་སྲེག་ལ་གཏད་པའོ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་བྱ་བ་ལས་འཕྲོས་ནས་ཁྲུས་བྱ་བ་ཡིན་ནོ། །ཁྲུས་ལ་གསུམ། བསྡུས་པ་དང༌། འབྲིང་པོ་དང༌། རྒྱས་པའོ། །དང་པོ་བསྡུས་པ་ནི། ཁྲུས་བྱེད་པའི་སྐྱེས་བུ་སྔོན་ལ་ངན་ཁྲུས་བྱས་ལ། དེ་ནས་ཡང་སྙིང་ཟློས་ཤིང༌། བུམ་ཆུས་ཁྲུས་བྱའོ། །འབྲིང་པོ་ནི་ངན་ཁྲུས་ཀྱི་རྗེས་ལ། ཡང་སྙིང་ཟློས་ཤིང་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། དེ་ནས་ཡང་སྙིང་ཟློས་ཤིང༌། ཞི་བ་དང༌། བྱབས་པ་དང༌། བསྲུང་བ་གསུམ་འོག་ཏུ་བྱེད་པ་བཞིན་བྱའོ། །རྒྱས་པར་བྱེད་ན་བུམ་པའི་བཟླས་པ་ཟིན་ནས་ཉམས་སུ་བླང་བ་ལ་དོན་བཅུ་གསུམ་སྟེ། ཁྲུས་ཀྱིས་སྐྱེས་བུ་ངན་ཁྲུས་བྱ་བ་དང༌། ཁྲུས་སའི་སྟེགས་བུར་བཞག་པ་དང༌། ཁྲོ་བོ་ལ་གསོལ་བ་གདབ་པ་དང༌། བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་བགེགས་བསྐྲད་པ་དང༌། ཁུ་ཚུར་གྱིས་བྱུར་བསལ་བ་དང༌། པྲ་ཙ་ཏས་གཏོར་བ་དང༌། ཞི་བར་བྱ་བ་དང༌། བྱབས་པས་བསལ་བ་དང༌། བསྲུང་བ་དང༌། རྡོ་རྗེའི་གོ་ཆས་བསྲུང་བ་དང༌། སྲུང་བ་ཆེན་པོས་བསྲུང་བ་དང༌། བི་ཤྭ་བཛྲས་བསྲུང་བ་དང༌། བདེན་པའི་སྟོབས་དང་ཤིས་པ་བརྗོད་དེ་ཁྲུས་ས་ནས་དབྱུང་བའི་ཆོ་གའོ། །དེ་ལ་དང་པོ་ཆུ་གཙང་མས་ངན་ཁྲུས་བྱེད་དུ་གཞུག་གོ །གཉིས་པ་ནི་ཁྲུས་སའམ་སྟེགས་བུ་གཙང་མའམ། སྟན་གཙང་མ་ལ་ཁ་ཤར་དུ་བསྟན་ལ་བཞག་གོ །གསུམ་པ་ནི་རྡོ་རྗེ་དྲིལ་བུ་གསིལ་ཞིང༌། སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་སྔ་རུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་ཕྲིན་ལས་ཁྱད་པར་གང་བསྒོ་བ། །དམ་བཅས་ཕྲིན་ལས་དེ་ཡི་རྗེས་དགོངས་ལ། །དེ་ཕྱིར་བགེགས་དང་ལོག་འདྲེན་ཚར་གཅོད་ཅིང༌། །འགྲོ་བ་འདི་ལ་རྗེས་སུ་གཟུང་བའི་ཕྱིར། །སྡུག་བསྔལ་ངེས་བསལ་བདེ་མཆོག་སྦྱོར་བའོ། །ཁྲོ་རྒྱལ་ཁྱོད་ཀྱིས་དེང་འདིར་བྱིན་རླབས་མཛོད། །ཅེས་གསོལ་བ་གདབ་བོ། །བཞི་པ་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་བགེགས་བསྐྲད་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྚོ་ཏྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་དྷ་རཱ་ཡ། པ་ར་ཤུ་པཱ་ཤོ་ཧསྟཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། གྲྀཧྣ་གྲྀཧྣ། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣཱན། བིནཱ་ཡ་ཀནཱ་ན། མ་ཧཱ་ག་ཎ་པ་ཏི། ཛཱི་བཱི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཕྱག་རྒྱ་ནི་མཐེའུ་ཆུང་བསྣོལ་བའི་སྟེང་དུ་སྲིན་ལག་གིས་མནན་ལ། དེའི་རྩེ་མོ་མཐེ་བོས་མནན། གུང་མོ་གཉིས་རྩེ་སྤྲད་པའི་རྒྱབ་ནས་མཛུབ་མོ་གཉིས་ཀྱིས་རྡོ་རྗེའི་རྭ་ལྟར་བྱས་པའོ། །ལན་གསུམ་མམ་བདུན་བཟླས་པས་བགེགས་བསྐྲད་པར་བྱའོ། །ལྔ་པ་ཁུ་ཚུར་གྱིས་བྱུར་བསལ་བ་ནི་གུ་གུལ་གྱི་དུད་པས་བདུག་ཅིང༌། ཨོཾ་བཛྲ་དྷ་མ་དྷ་མ་ཧཱུྃ། སྥོ་ཊ་ཡ་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་སོ། །དྲུག་པ་པྲ་ཙ་ཏས་གཏོར་བ་ནི། ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་པྲ་ཙ་ཏ་ཀུ་པི་ཙ་ཏ་པ་ཏི་ཨུཀྵི་པ་ལ་དྷ་ར་དྷ་ར་ཎི། བྷ་ར་བྷ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་བིདྱཱ་སྱ། མཧཱ་བིདྱཱ་རཱ་ཛཱ་སྱ། ཏདྱ་ཐཱ། དྷ་ར་དྷ་ར། མ་ཧཱ་ཀྲོ་དྷཱ། མུ་རུ་མུ་རུ། སརྦ་བིགྷྣཱན་བི་ནཱ་ཡ་ཀ མ་ཐ་མ་ཐ། པྲ་ཧཱ་ར་པྲ་ཧཱ་ར། སརྦ་དུཥྚཱ་ན་ཡནྟྲ་ཀ་པ་ཏ་ན་བི་ནཱ་ཤ་ཡ་བྷསྨི་ཀུ་རུ། ད་ཧ་ད་ཧ། ཧཱུྃ་ཧཱུྃ་ཕཊ་ཕཊ། ནིརྨ་ཐཱ། ནིརྨ་ཐཱ། མཧཱ་ཀྲོ་དྷ་ཛ་ཡ་ཛ་ཡ། སརྦ་དུཥྚཱན་པ་ཏི་ཀ་ཛྭ་ལ་ཛྭ་ལ་སྭཱ་ཧཱ། ཞེས་ལན་བདུན་ནམ་གསུམ་དུ་བཟླས་སོ། །བདུན་བཞི་པར་བྱ་བ། ལག་པ་གཉིས་མཐེའུ་ཆུང་མཐེ་བོས་མནན། སོར་མོ་གསུམ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བྱས་པས་གཡས་པས་རྡོ་རྗེ། གཡོན་པས་རྨ་བྱའི་སྒྲོ་འཛིན་པས་ཡང་སྙིང་གི་ཤམ་དུ་གཞན་བཏགས་ལ་བཟླས་ཏེ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། སརྦ་བིགྷྣཱན་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཀུན་ལ་སྦྱར་ཏེ། མགོ་རུ་ཡང་སྙིང༌། བར་དུ་ནད་ལ་སོགས་པའི་མིང༌། མཇུག་ཏུ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བཏགས་ལ་ཞི་བར་བྱའོ། །དེ་ཡང་ནད་ལ་སོགས་པའི་མིང་ནི། སརྦ་བིགྷྣཱན། སརྦ་བྱཱ་དྷི་བྷྱཿ སརྦ་ཨུ་པ་དྲ་བེ་བྷྱཿ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿ སརྦ་གྲ་ཧེ་བྷྱཿ སརྦ་ཛཱ་རེ་བྷྱཿ སརྦ་ཏཱ་ལ་པ་ནེ་བྷྱཿ སརྦ་དུརྶོབྣེ་བྷྱཿ སརྦ་དུརྨིཏྟེ་བྷྱཿ སརྦ་ཙིཏྟ་ཀུ་ལེ་བྷྱཿ དེ་རྣམས་བོད་སྐད་དུ་བྱས་ཀྱང་བཏུབ་སྟེ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ལྟ་བུའོ། །བརྒྱད་པ་བྱབས་ལ་བསལ་བ་ནི། སྔར་གྱི་རྡོ་རྗེ་དང་རྨ་བྱའི་སྒྲོས་ནད་ལ་སོགས་པ་ཐམས་ཅད་བསལ་བར་བསམ། ཡང་སྙིང་གི་མཇུག་ཏུ། ནད་ལ་སོགས་པའི་མིང་གི་རྗེས་ལ། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བཏགས་ལ་བཟླས་ཏེ། དེ་ཡང་ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་པ་ལ་སོགས་པ་བཟླས་སོ། །དགུ་པ་བསྲུང་བ་བྱ་བ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། ཡང་སྙིང་གའི་རྗེས་སུ་གཞན་བཏགས་ལ་བཟླས། དེ་ཡང་ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ནད་ཐམས་ཅད་ལས་རཀྵ་རཀྵ་སྭཱ་ཧཱ། ཞེས་པ་ལ་སོགས་པ་བརྗོད་ཅིང༌། སྔར་གྱི་གདོན་ལ་སོགས་པ་ལས་བསྲུང་བར་བྱའོ། །བཅུ་པ་རྡོ་རྗེ་གོ་ཆས་བསྲུང་བ་ནི། རྡོ་རྗེ་གོ་ཆའི་ཕྱག་རྒྱས་རིམ་པ་བཞིན་དུ། སྙིང་ག མགྲིན་པ། སྨིན་མཚམས། དཔུང་པ་གཉིས། སྤྱི་བོ་དང་ལྔར་གཏུགས་ལ་སྔགས་བཟླས་སོ། །ཕྱག་རྒྱ་ནི་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ཏེ། མཐེ་བོང་གཉིས་གུང་མོ་ལ་སྦྱར་བས། ན་མསྶ་མནྟ་བཛྲཱ་ནཱཾ། བཛྲ་ཀ་བ་ཙེ་ཧཱུྃ། ཞེས་པས་བསྲུང༌། བཅུ་གཅིག་པ་བསྲུང་བ་ཆེན་པོའི་སྔགས་དང་ཕྱག་རྒྱས་བསྲུང་སྟེ། ཕྱག་རྒྱ་ནི་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་ནང་དུ་བཀུག་ལ། གུང་མོ་གཉིས་རྩེ་སྤྲད། སྲིན་ལག་བརྐྱང༌། མཐེའུ་ཆུང་གཉིས་ཅུང་ཟད་བཀུག་ལ། མཐེ་བོང་གཉིས་ལ་ཙ་བསམ། གུང་མོ་གཉིས་ལ་བ་བསམ། སྲིན་ལག་གཉིས་ལ་པ་བསམ། མཐེའུ་ཆུང་གཉིས་ལ་ཀྵ་བསམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ། རཀྵ་མ་ཧཱ་བ་ལེ་སརྦ་ཏ་ཐཱ་ག་ཏེ་ཕུ་ས་ནིརྫ་ཏེ་ཧཱུྃ་ཧཱུྃ། ཏྲ་ཐ་ཏྲ་ཐ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། ལན་གསུམ་མམ་བདུན་བརྗོད་ཅིང༌། ལག་པའི་ཡི་གེ་ལས་འོད་འཕྲོས་པས་བགེགས་དང་ལོག་འདྲེན་བྱེར་ནས། བསྒྲུབ་བྱ་ལ་སྲུང་བ་ཆེན་པོ་བྱས་པར་བསྒོམ་མོ། །བཅུ་གཉིས་པ་སྔར་བརྗོད་པའི་གནས་ལྔར་རྡོ་རྗེ་རྒྱ་གྲམ་དེ་བཞག་ཅིང༌། ཨོཾ་བི་ཤྭ་བཛྲ་ཧཱུྃ། ཞེས་བརྗོད་དོ། །བཅུ་གསུམ་པ་བདེན་པའི་སྟོབས་དང་ཤིས་པ་བརྗོད་དེ། ཁྲུས་ས་ནས་དབྱུང་བ་ནི། དེ་ནས་དྲིལ་བུ་གསིལ་ཞིང༌། ཁྲོ་རྒྱལ་འཁོར་དང་བཅས་པའི་བྱིན་རླབས་དང༌། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ལ་ང་ཡིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་བ་དང་ནད་མེད་ཕུན་སུམ་ཚོགས། །ཐེག་པ་མཆོག་གིས་ངེས་པར་འབྱུང་བ་སྟེ། །དེ་ཀུན་ཁྱེད་ལ་དེང་འདིར་འགྲུབ་པར་ཤོག །ཅེས་བརྗོད། དེ་ནས་ཁྲུས་ཀྱི་སྐྱེས་བུ་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ་འཛིན་དུ་བཅུག་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་བརྗོད་དོ། །རྡོ་རྗེ་ཁྲུས་ཀྱིས་སྐྱེས་བུ་ཁྲུས་ས་ནས་ཕྱུང་ལ། ཡོན་བདག་གིས་ཡོན་ཕུལ་ནས། ཇི་ལྟར་བདེ་བར་གནས་པར་བྱའོ། །བུམ་པ་དང་འབྲེལ་བའི་ཁྲུས་ཀྱི་ཆོ་གའོ། །དཔལ་ལྡན་རྒྱུད་ཀུན་རྩ་བའི་གསལ་བྱེད་འདི། །བླ་མས་མཛད་ལ་ཁོ་བོས་གཞན་གྱི་ཕྱིར། །ལག་ཏུ་བླང་བའི་རིམ་པ་གསལ་བགྱིས་པའི། །དགེ་དེས་འགྲོ་ཀུན་སངས་རྒྱས་ཉིད་ཐོབ་ཤོག །རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་ཀྱི་གསལ་བྱེད་འོད་ཟེར་ཅན་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །མདོ་འདི་ལ་གཉིས་ཏེ། གླེང་གཞི་ཕུན་སུམ་ཚོགས་པ་དང༌། རྒྱུད་དངོས་སོ། །དང་པོ་ལ་ལྔ་སྟེ། ཆོས་ཕུན་སུམ་ཚོགས་པ་དང༌། སྡུད་པ་པོ། དུས། སྟོན་པ། གནས་སོ། །རྒྱུད་དངོས་ལ་ལྔ་སྟེ། ཡོན་ཏན་འབྱུང་བའི་གཞི། ཏིང་ངེ་འཛིན་གྱི་ཁྱད་པར་དང་ལྡན་པ་དང༌། ཡོན་ཏན་ཀུན་གྱི་གཞི་དངོས་དང༌། ཡོན་ཏན་གྱི་འབྲས་བུ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། སྡུག་བསྔལ་སེལ་བར་བྱེད་པའི་ཐབས་འབྲས་བུ་དང་བཅས་པ་བསྟན་པ་དང༌། བུམ་པའི་ཆོ་ག་བསྟན་པའོ། །ཡོན་ཏན་རྣམས་མཐུ་དང་བྱིན་རླབས་ལས་འབྱུང་བ་བསྟན་པ་དང༌། ཡོན་ཏན་གྱི་མཚན་རང་དོན་གྱི་མཚན་ཁྱད་པར་ཅན་བསྟན་པ་དང༌། མཚན་གྱི་སྒོ་ནས་འཇོམས་པར་བྱེད་པའི་མཚན་ཉིད་དང༌། ཡོན་ཏན་གྱི་གཞི་དངོས་སོ། །དེ་ལ་གསུམ་སྟེ་རྩ་སྔགས་དང༌། སྙིང་པོ་དང༌། ཡང་སྙིང་ངོ༌། །ཕན་ཡོན་འབྲས་བུ་དང་བཅས་པ་ལ་གཉིས་ཏེ། སྡུག་བསྔལ་སེལ་བར་བྱེད་པ་དང༌། བདེ་བ་སྐྱེད་པར་བྱེད་པའོ། །སྡུག་བསྔལ་སེལ་བར་བྱེད་པའི་ཐབས་འབྲས་བུ་དང་བཅས་པ་ལ་བཞི་སྟེ། སྡུག་བསྔལ་གྱི་རྣམ་གྲངས་དང༌། སྡུག་བསྔལ་གྱི་རྟགས་དང༌། དེ་སེལ་བར་བྱེད་པའི་ཐབས་མདོ་ཉན་པ་དང༌། དེ་རྣམས་ཀྱི་ཕན་ཡོན་བསྟན་པའོ། །རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply