རྗེ་བཙུན་མི་གཡོ་བ་གསང་བ་ཆེན་པོ་རྟོག་པ་དང་པོའི་རྣམ་འགྲེལ།

༼ཏ༽

༄༅། །རྗེ་བཙུན་མི་གཡོ་བ་གསང་བ་ཆེན་པོ་རྟོག་པ་དང་པོའི་རྣམ་འགྲེལ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བགེགས་རྣམས་འཇོམས་མཛད་དངོས་གྲུབ་ཀུན་སྩོལ་བ། །དཔལ་ལྡན་བླ་མ་རྡོ་རྗེ་གཏུམ་པོ་ལ། །ལུས་ངག་ཡིད་ཀྱིས་དྭང་བས་བཏུད་བྱས་ནས། །གསང་བ་ཆེན་པོའི་རྣམ་འགྲེལ་བྱ་བར་འདོད། །དེ་ལ་རྗེ་བཙུན་མི་གཡོ་བའི་གསང་བ་ཆེན་པོའི་རྒྱུད་འདི་ནི། རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ནོ། །དེ་ལ་རྟོག་པ་དྲུག་ཅུ་ཐམ་པ་བཞུགས་ལ། དེ་རེ་རེ་ལའང་ལེའུ་བཞི་བཞི་བཞུགས་པ་ལས་རྟོག་པ་དང་པོ་འགྱུར་བ་ཡིན་ནོ་ཞེས་བླ་མ་གསུང་ངོ༌། །གཞན་དག་ནི་རྟོག་པ་སུམ་ཅུ་ཐམ་པ་ཞེས་ཀྱང་ཟེར་རོ་གསུང་ངོ༌། །དེ་ལ་ལེའུ་བཞི་པོ་འདིས་ཀྱང་གང་ཟག་གཅིག་གི་ཆ་རྐྱེན་མངོན་པར་རྟོགས་པ་རྫོགས་པ་ཉིད་ཡིན་ཏེ། དེའང་ལེའུ་དང་པོས་གླེང་གཞིའི་ཚུལ་གྱིས་མངོན་པར་རྟོགས་པ་གཙོ་བ་དང༌། གཉིས་པས་མངོན་པར་རྟོགས་པའི་ཡན་ལག་དང༌། གསུམ་པས་སྒྲུབ་པ་དང་ལས་ལ་སྦྱར་བ་རྣམས་དང༌། བཞི་པས་གླུས་བསྐུལ་བ་དང་སྔགས་ཀྱི་ཚོགས་བསྟན་པ་ཡིན་ནོ། །དོན་བསྡུས་པའོ། །ད་ནི་རྒྱུད་ཀྱི་འཁྲུགས་བསྡེབས་པ་ལག་ཏུ་བླང་བའི་རིམ་པ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ཡང་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། ནུབ་མོ་ཆོས་ཐམས་ཅད་བདག་མེད་པའི་ངང་ལ་ཉལ་ལ། ནང་པར་ལྷའི་ང་རྒྱལ་གྱིས་ལངས་ཏེ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་ལན་གསུམ་བརྗོད་པས། ཕྱོགས་བཅུ་ཐམས་ཅད་ཁྲོ་བོས་གཏམས་ནས་བགེགས་ཚར་གཅད་པར་བསམ། ཨོཾ་ཧཱུྃ་ཕཊ། ཅེས་བརྗོད་ལ་ཁྲུས་བྱ། ཨ་ཧཾ། ཞེས་བརྗོད་པས་སྙིང་ག་ནས་མི་གཡོ་མགོན་པོ་མདུན་དུ་སྤྲུལ་ལ་བགེགས་རྣམས་ཚར་བཅད་དེ། ཨོཾ་བཛྲ་སིདྡྷི་ཧཱུྃ། ཞེས་པས་བདག་ལ་བསྟིམ་ལ་ཁྲོ་བོའི་ང་རྒྱལ་བརྟན་པར་བྱས་ཏེ། སྟན་བདེ་བ་ལ་བསྡད་ནས་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་མངོན་པར་རྟོགས་པ་ལ་འཇུག་པ་ནི། ཚོགས་གཉིས་བསག་པ་དང་རྒྱུད་ན་མེད་པ་ཁ་བསྐང་བར་བྱ་སྟེ། བདག་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ལས་འོད་འཕྲོས་པས། མདུན་དུ་བླ་མ་དང་རྗེ་བཙུན་ལྷ་དགུ་སྤྱན་དྲང་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། སྨོན་པ་དང༌། འཇུག་པ་དང༌། ཡོངས་སུ་བསྔོ་བ་སྟེ། བདུན་པོ་གུར་རམ་གཞུང་གཞན་ལས་འབྱུང་བ་བཞིན་བྱ། ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་སྣང་བ་མི་དམིགས་པའི་སྟོང་པ་ཉིད་དྲན་པར་བྱ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་ལ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། ཨོཾ་བཛྲ་སིདྡྷི་ཧཱུྃ་བྷྲཱུྃ། ཞེས་བརྗོད་ལ་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ་འཕར་མ་གཉིས་པ། ནང་སྣ་ཚོགས་རྡོ་རྗེ་ལ་རྡོ་རྗེ་རྭ་བ་དང་མེ་རིས་བསྐོར་བའོ། །ལྷ་ཐམས་ཅད་ཀྱི་གནས་སུ་པདྨ་དང་ཉི་མའི་གདན་རེ་བསམ་མོ། །ཁ་བསྐང་བའོ། །དེ་ནས་རྒྱུད་ནས་འབྱུང་བ་བཞིན་དུ་དབུས་སུ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། ཀཱ་ལི་སུམ་ཅུ་རྩ་བཞི་ཕྲག་གཉིས་ལས་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས། བར་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང༌། གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས་དང༌། དེ་ལས་ལྷ་དགུ་ཀ་དུས་གཅིག་ཏུ་བསྐྱེད་པའམ། བཅོམ་ལྡན་འདས་ཉིད་བསྐྱེད་པ་གང་མོས་སུ་བྱ། བཅོམ་ལྡན་འདས་ལས་མ་བསྐྱེད་ན་འཁོར་གྱི་ལྷ་མོ་ཕྱིས་དབྱུང་བར་བྱའོ། །དེ་ལ་སྐུ་གསལ་གདབ་པ་ནི། དབུས་སུ་འདོད་པའི་ལྷ་དང་ཚོགས་བདག་གི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སྔོན་པོ་ཕྱག་གཡས་པ་ན་རལ་གྲི་འཕྱར་བ། གཡོན་པ་སྡིགས་མཛུབ་ཞགས་པ་དང་བཅས་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། སྤྱན་གཉིས་པ་ཞབས་གཡོན་བརྐྱང་ནས་བཞུགས་པའོ། །ཡུམ་དགའ་བྱེད་མ་སྐུ་མདོག་སྔོན་མོ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པའོ། །གཉིས་ཀ་ལ་ཀླུ་ཆེན་བརྒྱད་ཀྱི་བརྒྱན་པ། རིན་པོ་ཆེ་དང་མི་མགོ་ལྔའི་དབུ་རྒྱན་ཅན། མི་མགོ་ལྔ་བཅུའི་དོ་ཤལ་དང༌། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། སྟག་གི་ཤམ་ཐབས་གྲོལ་བའོ། །སྣ་ཚོགས་རྡོ་རྗེའི་ཤར་གྱི་རྭ་དབུས་མ་ལ་དགའ་བྱེད་མ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །ལྷོར་རིན་ཆེན་ཕྲེང་བ་མ་སེར་མོ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ནུབ་ཏུ་གླུ་མཁན་མ་དམར་མོ། ཕྱག་གཉིས་ཀྱིས་ཆོས་ཀྱི་པི་ཝཾ་བསྒྲེང་བའོ། །བྱང་དུ་བརྩོན་འགྲུས་དགའ་བྱེད་མ་སྐུ་མདོག་ལྗང་གུ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ་གཉིས་བཟུང་ནས་གར་བྱེད་པའོ། །དེ་བཞི་ཀའང་འཛུམ་ཞིང་ཁྲོ་བ་ཕྱེད་ཀྲུང་གིས་བཞུགས་པའོ། །ཕྱི་རོལ་གྱི་ཤར་གྱི་སྒོར་འགུགས་བྱེད་མ་དཀར་མོ་གཡས་པས་ལྕགས་ཀྱུ་འཛིན་པའོ། །ལྷོའི་སྒོར་རྣམ་པར་འཆིང་མ་སེར་མོ་གཡས་པས་ཞགས་པ་འཛིན་པ། ནུབ་ཏུ་གཉིས་མེད་མ་དམར་མོ་ཕྱག་ན་ལྕགས་སྒྲོག་འཛིན་པ། བྱང་དུ་རྣམ་པར་འབེབས་མ་གཡས་དྲིལ་བུ་འཛིན་པའོ། །བཞི་ཀའང་ཕྱག་གཡོན་པས་སྡིགས་མཛུབ། ཞབས་གཞོན་བརྐྱང་བས་བཞུགས་པ། ཁྲོ་མོའི་ཆ་ལུགས་ཅན། ལྷ་མོ་བརྒྱད་ཀའང་སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །གཙོ་འཁོར་ཐམས་ཅད་ཀྱང་མེ་རི་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་གསང་བའི་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་ཨཱ་ལས་པདྨ་དམར་པོ་ཨཱས་མཚན་པ་བསམས་ལ། སྔར་འཁོར་གྱི་ལྷ་མོ་མ་ཕྱུང་ན་སྙོམས་འཇུག་གི་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ལ། ཞལ་ནས་ཞུགས་ཐུགས་ཀར་འོད་དུ་ཞུ། དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས། ལྷ་མོ་བརྒྱད་དུ་སྤྲུལ་ལ། རང་རང་གི་གནས་སུ་དབྱུང༌། དེའི་རྗེས་ལ་ཡབ་ཡུམ་བདེ་བ་ཆེན་པོའི་ཐིག་ལེར་ཞུ་བར་བསམ་མོ། །སྔར་འཁོར་གྱི་ལྷ་བསྐྱེད་ཟིན་ན་མཁའ་གསང་བྱིན་གྱིས་བརླབས་ཟིན་པའི་རྗེས་ལ་ཡབ་ཡུམ་བདེ་བ་ཆེན་པོའི་ཐིག་ལེར་ཞུ་བར་བསམ་མོ། །གོང་ལྟར་ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་བདེ་བ་ཆེན་པོའི་ངང་ལ་འོད་དུ་ཞུ་སྟེ། དེའི་རྗེས་ལ་ལྷ་མོ་བཞིས་གླུས་བསྐུལ་བ་ནི། དགའ་བྱེད་མས་གསོལ་བ། ཨེ་མ་བཅོམ་ལྡན་ངོ་མཚར་ཆེ། །སྟོང་པའི་ངང་ལ་ཅི་སྟེ་བཞུགས། །བདག་ནི་ཚངས་སྤྱོད་བྱམས་པ་སྟེ། །མྱ་ངན་འདས་པ་ཀུན་ལས་སློང༌། །ཕྲེང་བ་མས་གསོལ་བ། ཨེ་མ་བདེ་བ་ཆེན་པོའི་སྐུ། །ཚིག་ཀུན་གྱིས་ནི་མ་སྤྲོས་པ། །བདག་ནི་རྗེས་ཆགས་སྙིང་རྗེ་ཆེ། །འགྲོ་བ་ཡང་དག་སྒྲོལ་བར་མཛོད། །གླུ་མཁན་མས་གསོལ་པ། ཨེ་མ་དྲི་མེད་དག་པའི་སྐུ། །སྟོང་པའི་ངང་ལ་མ་བཞུགས་པར། །རབ་ཏུ་དགའ་བས་བདག་ལ་རོལ། །འགྲོ་བའི་དོན་ལ་རྗེས་ཆགས་མཛོད། །གར་མས་གསོལ་པ། ཨེ་མ་དོན་ཀུན་འགྲུབ་མཛད་པ། །དག་པའི་ཡེ་ཤེས་དྲི་མེད་སྐུ། །བདག་གིས་འགྲོ་ཀུན་གཟུང་བའི་ཕྱིར། །གཙོ་བོ་ཁྱོད་ནི་ཡང་དག་བཞེངས། །ཞེས་བསྐུལ་མ་ཐག་ཏུ་སྐད་ཅིག་གིས་ཧཱུྃ་སྦྲེལ་མ་ལས། ཡབ་ཡུམ་བཞེངས་ལ་སྔ་མ་ལྟ་བུའི་སྐུར་གསལ་གདབ་པར་བྱའོ། །དེ་ནས་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གི་བྱིན་གྱིས་བརླབས་ལ། སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་དགུ་སྤྱན་དྲངས་ལ་མཆོད་དེ། ཛཿཧཱུྃ་བྃ་ཧོཿས་དགུག་པ་དང༌། གཞུག་པ་དང་བཅིང་བ་བྱས་ལ། ཡང་སྙིང་ག་ནས་འོད་ཟེར་སྤྲོས་ཏེ། དབང་བསྐུར་བའི་དོན་དུ་དེ་བཞིན་གཤེགས་པའི་ཚོགས་མདུན་དུ་སྤྱན་དྲང༌། མཆོད་པ་ལྔ་དབུལ། དབང་བསྐུར་བར་གསོལ་བ་གདབ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་གཙུག་ནས་དབང་བསྐུར་ཏེ། ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། ཕྱི་ནང་གི་ཤར་གྱི་གཉིས་ལ་མི་བསྐྱོད་པ། ལྷོ་ཡི་གཉིས་ལ་རིན་འབྱུང༌། ནུབ་ཀྱི་གཉིས་ལ་འོད་དཔག་མེད། བྱང་གི་གཉིས་ལ་དོན་ཡོད་གྲུབ་པའོ། །མངོན་པར་རྟོགས་པའོ། །རྫོགས་པའི་ཡན་ལག་མཆོད་བསྟོད་བདུད་རྩི་མྱང་བ་ལས་དང་པོ་མཆོད་པ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། དེ་ཡང་གཟུགས་རྡོ་རྗེ་མ་དཔག་ཏུ་མེད་པ་མེ་ལོང་ལ་སོགས་པ་གཟུགས་ཡིད་དུ་འོང་བ་དུ་མ་འཛིན་པ་དང༌། སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝཾ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་དུ་མ་འཛིན་པ་དང༌། དྲི་རྡོ་རྗེ་མ་སེར་མོ་གུར་གུམ་ལ་སོགས་པ་དྲི་ཡིད་དུ་འོང་བ་དུ་མ་འཛིན་པ་དང༌། རོ་རྡོ་རྗེ་མ་དམར་པོ་སྦྲང་རྩི་ལ་སོགས་པ་རོ་ཡིད་དུ་འོང་བ་དུ་མ་འཛིན་པ་དང༌། རེག་བྱ་རྡོ་རྗེ་མ་ལྗང་གུ་ཆོས་འབྱུང་ལ་སོགས་པ་རེག་བྱ་ཡིད་དུ་འོང་བ་དུ་མ་འཛིན་པ། ལྷ་མོ་རེ་རེའང་དཔག་ཏུ་མེད་པ་སྤྲུལ་པས། བདག་གི་དཀྱིལ་འཁོར་ལ་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་བསྟོད་པ་ནི། ལྷ་མོ་དེ་དག་གིས། ཀྱེ་ཀྱེ་མཐའ་གཉིས་ཞེས་པ་ལ་སོགས་པས་བསྟོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟཱུ་ཏིར་སྭ་བྷཱ་ཝ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །བདུད་རྩི་མྱང་བ་ནི། རྒྱལ་པོའམ་བྲམ་ཟེའི་ཐོད་པར། ཆང་ལ་བདུད་རྩི་སྦྱར་བ་དངོས་སུ་བཞག་པའམ། མེད་ནའང་བསམས་ལ། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་བྱ་བས་བགེགས་དང་མི་གཙང་བ་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྟོང་པ་ཉིད་དུ་བསམ། དེར་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོ་སྐམ་པོ་གསུམ། དེའི་སྟེང་དུ་ཨཱཿལས་ཐོད་པའི་སྣོད། དེའི་ནང་དུ་ཤར་དུ་གོ་ལས་བ་ལང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ ཤར་ལྷོར་བི་ལས་དྲི་ཆེན། ལྷོ་ནུབ་ཏུ་མུ་ལས་དྲི་ཆུ། ནུབ་བྱང་དུ་ཤུ་ལས་བྱང་ཆུབ་ཀྱི་སེམས། བྱང་ཤར་དུ་ར་ལས་རཀྟ། དབུས་སུ་མ་ལས་ཡང་ཤ་ཆེན་བསྣན། དེ་དག་སྟེང་གི་ནམ་མཁའ་ལ། ཨོཾ་མགོ་ཐུར་དུ་བལྟས་པ། དེའི་སྟེང་དུ་ཨཱཿལས་ཟླ་བ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། དེའི་ཧཱུྃ་ལས་འོད་བྱུང་སྟེ་འོག་ཏུ་འཕྲོས་པས་རླུང་བསྐྱོད། མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། ཨོཾ་ལས་བདུད་རྩིའི་རྒྱུན་འཛག མཐར་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་བསྟིམ་ལ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། ལྷ་དགུའི་དཀྱིལ་འཁོར་ལ་མཆོད་ཅིང་བདག་གི་ལྕེ་ལ་བདུད་རྩི་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱིན་གྱིས་བརླབ་བོ། །དེ་ནས་ལྷའི་རྣམ་པ་ལ་སེམས་འཛིན་ནམ་མན་ངག་གཞན་ནས་འབྱུང་བ་བཞིན་རྫོགས་པའི་རིམ་པ་བསྒོམ་མམ། དངོས་གྲུབ་བསྒྲུབ་པའི་ཕྱིར་གསང་སྔགས་བཟླས་སོ། །གསང་སྔགས་ཟློས་ན་ཡུམ་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་ནས། བདག་གི་ཞལ་དུ་ཞུགས་ཏེ་སྐུའི་དབྱིབས་བརྒྱུད་ནས། བདག་གི་གསང་བའི་གནས་ནས་ཡུམ་གྱི་གསང་བའི་གནས་སུ་འཇུག་པར་བསམ་ཞིང་འཁོར་བ་ལ་དམིགས་ལ་བཟླས་སོ། །གསང་སྔགས་འདི་ནི་རྒྱུད་འདི་ན་མེད་ཀྱང་སྤྱིའི་གསང་སྔགས་ཡིན་པས། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ། རྩ་བའི་སྔགས་སོ། །ཨོཾ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཕཊ། ཅེས་བྱ་བ་ནི་ཡོན་ཏན་གྱི་སྔགས་ཏེ། འདི་གཉིས་ལ་བསྙེན་པ་སྔོན་དུ་སོང་བས། ཕྲིན་ལས་ཀྱི་སྔགས་ཕུར་བུ་གདབ་པ་དང༌། ལས་ལ་སྦྱར་བའི་གསང་སྔགས་ལ་ཡང་ཅུང་ཟད་བསྙེན་ལ། ལས་ལ་སྦྱོར་བའི་ཚེ་ནི་བཞི་སྦྲེལ་དུ་བཟླ་བར་བྱའོ། །ཡང་ན་ལས་ལ་སྦྱར་བ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྙེན་སྒྲུབ་ལས་སྦྱོར་ཀུན་འགྲུབ་པ་ཡིན་པས་བསྙེན་པའང་འདིས་བྱའོ། །ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་ན། ཤ་དང་ཆང་ལ་སོགས་པ་འབྲེལ་པའི་གཏོར་མ་ཅི་འབྱོར་དུ་བཤམས་ལ། བདུད་རྩི་བྱིན་གྱིས་བརླབས་པ་བཞིན་གཏོར་མ་བྱིན་གྱིས་བརླབ། སྙིང་གའི་ཧཱུྃ་གི་འོད་ཀྱིས་ཆོས་སྐྱོང་བ་ཐམས་ཅད་སྤྱན་དྲངས་ལ། ཕྱོགས་མཚམས་གཏམས་པར་བསམ། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཐམས་ཅད་ཀྱང་ལྷ་དགུར་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཁཱ་ཧི་ཁཱ་ཧི་ཕེཾ་ཕེཾ་སྭཱ་ཧཱ། ཞེས་པའི་སྔགས་ལན་གསུམ་ལ་སོགས་པ་བརྗོད་ལ་གཏོར་མ་དབུལ། འདོད་ཡོན་ལྔས་མཆོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཞེས་གཞུང་གཞན་ནས་འབྱུང་བས་ཕྲིན་ལས་གཞོལ། འདོད་པའི་དོན་ལ་གསོལ་བ་གདབ། བཟོད་པར་གསོལ་ལ་མགྲོན་གཤེགས་སུ་གསོལ། གཏོར་མ་ས་གཙང་སར་གཏང༌། ཁ་ཟས་ཀྱི་ཚེ་ནི་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། བདག་བཅོམ་ལྡན་འདས་མཆོད་པའི་བསམ་པས་བཟའ་འོ། །སྤྱོད་ལམ་གྱི་ཚེ་ལྷ་དང་དཀྱིལ་འཁོར་ཐམས་ཅད་བསྡུས་ལ། དཔའ་བོ་གཅིག་པའི་ང་རྒྱལ་གྱིས། སྣང་བའི་དངོས་པོ་ཐམས་ཅད་ཀྱང་མི་གཡོ་མགོན་པོ། སྒྲ་ཅི་གྲག་པ་ཐམས་ཅད་སྔགས་སུ་ཤེས་པར་བྱས་ལ། ལོངས་སྤྱད་ཅིང་སྤྱོད་ལམ་བྱའོ། །ཁྲུས་ཀྱི་ཚེ་ནི་དབང་བསྐུར་བའི་ཆོ་ག་དང་མཐུན་པར་བྱའོ། །སྔོན་དུ་ལྷ་ཉེ་བར་བསྙེན་པའི་ཆོ་ག་ཐམས་ཅད་བསྟན་ཟིན་ཏོ།།  །།དེ་ནས་ལྷ་ཉེ་བར་སྒྲུབ་པའི་ཆོ་ག་ནི། སའི་ཆོ་ག་རྒྱས་པའམ་བསྡུས་པ་ལས། སྟ་གོན་དུ་གནས་པ་ལ་སའི་ལྷ་མོ་སྟ་གོན་དང༌། ལྷ་སྟ་གོན་དང༌། བུམ་པ་སྟ་གོན་ནི་གསང་བ་སྤྱི་རྒྱུད་དང་མཐུན་པར་བྱས་ལ། གལ་ཏེ་སློབ་མ་དབང་བསྐུར་བ་དང་འབྲེལ་ན། སློབ་མ་སྟ་གོན་གཞན་བཞིན་དུ་བྱའོ། །དེ་ལ་དཀྱིལ་འཁོར་ཆེན་པོ་ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་ནི་རྒྱུད་འདི་ཉིད་ན་ཡང་ཅུང་ཟད་ཡོད་ལ། རྒྱས་པར་ནི་གཞན་བཞིན་ཤེས་པར་བྱའོ། །མཚན་མ་དགོད་པ་རྒྱུད་འདི་ཉིད་ནས་འབྱུང་བ། དབུས་སུ་རལ་གྲི། ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པི་ཝཾ། བྱང་དུ་རྡོ་རྗེ་རྩེ་གསུམ་པ། སྒོ་བཞིར་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུའོ། །དེ་ནས་མཆོད་པའི་ཡོ་བྱད་གཏོར་མ་དང༌། མཆོད་པ་རྣམས་རྒྱས་པར་བཤམ། སྲོད་ཀྱི་དུས་སུ་བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། དཀྱིལ་འཁོར་བསྡུས་ལ་དཔའ་བོ་གཅིག་པའི་ང་རྒྱལ་གྱིས་རྡུལ་ཚོན་སྟོང་པ་ཉིད་དུ་བསྒོམ། བདག་གི་རྣལ་འབྱོར་བཞིན་བསྐྱེད། མཆོད་བསྟོད་བདུད་རྩི་མྱང་བ་རྒྱས་པར་བྱ། གཏོར་མ་ཆེན་པོ་གཏང༌། གྲུབ་ན་ཚོགས་ཀྱི་འཁོར་ལོ་བདུད་རྩི་བཞིན་བྱིན་གྱིས་བརླབས་ལ། ལོངས་སྤྱད། ལྷག་མ་གཞུང་གཞན་བཞིན་དང༌། དངོས་གྲུབ་བླང་བའི་དོན་དུ་གསང་སྔགས་བཟླས། དེ་ལྟ་བུ་ཉིན་ཞག་རེ་རེ་ལ་ཐུན་གཅིག་ནས་དྲུག་གི་བར་གང་འགྲུབ་དང༌། ཞག་བདུན་ནམ་ཟླ་བ་དྲུག་གམ་ལོའི་བར་དུ་གང་འགྲུབ་དང༌། ཐུན་དང༌། ཞག་དང༌། ཟླ་བ་དང་བསྟུན་ལ། མཆོད་པ་སྦྱིན་སྲེག་གང་འགྲུབ་བྱ། ཡུན་རིང་དུ་བྱེད་ཅིང་རྡུལ་ཚོན་རྙིང་ན་ཡང་དཀྱིལ་འཁོར་གསར་པ་བྲི་ཞིང་བྱའོ། །དངོས་ཀྱི་དཀྱིལ་འཁོར་རོ། །གཞན་དོན་དུ་དམ་ཚིག་གི་དཀྱིལ་འཁོར་སློབ་མ་དབང་བསྐུར་བར་བྱེད་ན་གཞུང་གཞན་བཞིན་བྱའོ། །སྒྲུབ་པ་བསྟན་ཟིན་ཏོ།།  །།དེ་ནས་ལས་ལ་སྦྱར་བ་ནི། གསང་སྔགས་ཀྱི་རྒྱལ་པོ་འདིས་ལས་བསམ་གྱིས་མི་ཁྱབ་པ་འགྲུབ་ཀྱང༌། རྒྱུད་འདི་ནས་དྲུག་འབྱུང་སྟེ། ཆར་དབབ་པ་དང༌། གདུག་པ་ཅན་མནན་པ་དང༌། རལ་གྲི་བསྒྲུབ་པ་དང༌། རིལ་བུ་བསྒྲུབ་པ་དང༌། སྦྱིན་སྲེག་བྱ་བ་དང༌། ཕུར་བུའི་ལས་བསྒྲུབ་པའོ། །དེ་ལ་དང་པོ་ཆར་དབབ་པ་ནི། སྟེགས་བུ་ཁྲུ་གང་གྲུ་བཞི་བའི་སྟེང་དུ། དངུལ་གྱི་གཞོང་པ་བཞག དེའི་ནང་དུ་བག་ཟན་ལས་བྱས་པའི་པདྨ་འདབ་མ་བརྒྱད་པ་སུམ་བརྩེགས་བྱ། དེའི་སྟེང་དུ་འདབ་མ་བརྒྱད་དབུས་དང་དགུར་ཀླུ་ཆེན་པོ་བརྒྱད། ཝ་རུ་ཎ་དང་དགུ་བག་ཟན་ལས་བྱ་སྟེ། རོ་སྟོད་མི། སྙིང་གར་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དགུའམ་བདུན་དང་ལྡན་པ། སྨད་སྦྲུལ་མཇུག་འཁྱིལ་པ་བྱ། ཐམས་ཅད་ལ་གུར་གུམ་གྱིས་བྱུགས། འོ་མ་དང་རྩི་སྨན་ལས་གཞི་བྱས་པའི་མཆོད་གཏོར་མང་དུ་བཤམ། བདག་གི་རྣལ་འབྱོར་སྔར་བསྙེན་པ་དང་མཐུན་པ་ལས། བཅོམ་ལྡན་འདས་སྐུ་མདོག་དམར་པོར་བསྒོམ། མདུན་དུ་ཀླུའི་གཟུགས་རྣམས་སྟོང་པར་བསྒོམ། ཕྱོགས་བཞི་དབུས་དང་ལྔ་རུ་བྃ། མཚམས་སུ་ཨྃ་ལས་ཀླུ་ཆེན་པོ་བརྒྱད་དམ་ཚིག་པ་བསྐྱེད། དེ་དག་གི་སྙིང་གར་རང་རང་གི་ས་བོན་བསྒོམས་པ་དང༌། བདག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། ཀླུའི་རྒྱལ་པོ་རྣམས་བཀུག་ལ་གཟུགས་ལ་བསྟིམ། མཆོད་པ་རྒྱས་པས་མཆོད། གཏོར་མ་གཏང༌། ཤིང་གང་ཡང་རུང་བ་ལ་མེ་སྦར་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་ཙནྡན་གྱི་སྦྱིན་སྲེག་ཕུལ་ལ་གསོལ་བ་བཏབ་ལ་ཆར་དབབ་བོ། །གལ་ཏེ་མ་ཕེབས་ན་སྤོགས་པའི་ཆོ་ག་རྫའི་གའུ་དཀར་པོ་བྱ། དེར་པྲི་ཡང་ཀུའི་ཁུ་བས་གཞི་ལ་ལྟེ་བ་ལ་སོགས་ལ་པདྨ་འདབ་མ་བརྒྱད་བྲི། ཀླུ་གནས་པའི་མཚེའུ་ནས་འཇིམ་པ་བླངས་ལ། ཀླུ་གཟུགས་དགུའམ་གཅིག་བྱས་ལ་དེར་གཞུག བདག་གི་རྣལ་འབྱོར་དང་ཀླུ་བསྐྱེད་པ་དང༌། དགུག་པ་ལ་སོགས་པ་སྔ་མ་བཞིན་བྱ། ནམ་མཁའ་ལྡིང་གི་ཁུ་བ་སྟེ། རྩྭ་ཁུ་བྱུག་གི་ཁུ་བས་གཟུགས་དང་མགོ་བྱུག ལས་ཐམས་ཅད་པའི་སྔགས་ཟློས་ཤིང་ཏིལ་མར་གྱི་སྦྱིན་སྲེག་བྱས་ན་ཆར་འབབ་པར་འགྱུར་རོ།།  །།ལས་གཉིས་པ་མནན་པ་ནི་བསྒྲུབ་བྱའི་རྐང་རྗེས་དང་བག་ཟན་བསྲེས་ལ་གཟུགས་བྱ། མིང་རུས་བྲིས་པའི་གཟུགས་གཅིག་དེའི་སྙིང་གར་གཞུག དེ་ལ་དགྲ་བོའི་རྣམ་པར་ཤེས་པ་དགུག་གཞུག་བྱ། ཁམ་ཕོར་སེར་པོའི་ནང་དུ་གཞུག གའུའི་ཁ་ཁེབ་ཀྱི་སྟེང་དུ་རི་རབ་ཟུར་བརྒྱད་པ་བྲིས་ལ། གསང་སྔགས་བཞི་སྦྲེལ་དུ་ཟློས་ཤིང་མཆོད་རྟེན་ལ་སོགས་པའི་འོག་ཏུ་མནན་ན། དགྲ་བོ་དེ་ཤིན་ཏུ་མྱོས་པའམ་འཆི་བར་འགྱུར་རོ།།  །།གསུམ་པ་རལ་གྲི་སྒྲུབ་པ་ནི་ཁབ་ལེན་གྱི་ལྕགས་ལས་རས་གྲི་ཁྲུ་དོ་པ་བྱ། ཏིལ་མར་གྱིས་ངར་ལན་མང་དུ་བཏང༌། ཙནྡན་དཀར་པོས་བྱུགས་པའི་མཎྜལ་གྱི་སྟེང་དུ་རྩེ་མོ་གྱེན་ལ་བསྟན་ལ་བཞག་གོ །བདག་གི་རྣལ་འབྱོར་རྫོགས་པ་དང་རལ་གྲི་བཅོམ་ལྡན་འདས་དཔའ་བོ་གཅིག་པར་བསྒོམ། སྔགས་བཞི་སྦྲེལ་ལམ། ལས་ཐམས་ཅད་པའི་སྔགས་ཟློས་ཤིང་ཟླ་བ་དྲུག་ཏུ་བསྒྲུབ། སྒྲའམ་འོད་བྱུང་བ་དང༌། རས་ཀྱིས་དྲིལ་ལ་བཞག ཟླ་བ་གཟས་བཟུང་བའི་ཚེ་ལག་ཏུ་བཟུང་ན། ནམ་མཁའ་ལ་ལྡིང་ཞིང་གར་འགྲོ་བར་འདོད་པར་འགྲོ་བ་དང་འོང་བ་བྱེད་པར་འགྱུར་རོ།།  །།བཞི་པ་རིལ་བུ་སྒྲུབ་པ་ནི་ཤ་ལྔ་དང་བདུད་རྩི་ལྔ་ལས་རིལ་བུ་སྲན་མའི་ཚད་ཙམ་བྱས་ལ་གྲིབ་མ་ལ་བསྐམ། གསེར་དང༌། དངུལ་དང༌། ཟངས་ཀྱིས་རིམ་པ་བཞིན་དཀྲི། དེ་ལྷར་བསྐྱེད་ལ་ཅི་རིགས་པའི་བཟླས་པ་བྱ། ཉི་ཟླ་གཟས་བཟུང་བའི་ཚེ། སྨྱུང་བ་ལ་གནས་པས་ཁ་ཤར་དུ་བལྟས་ཏེ། རིལ་བུ་ཕྱག་རྒྱ་མའི་བྷ་གར་གཞུག ལྷའི་ང་རྒྱལ་དང་ལྡན་པས་གཟའ་ལས་གྲོལ་གྲོལ་དུས་སུ་སྙོམས་འཇུག་བྱ། གཟའ་ལས་གྲོལ་བ་དང་ལས་ཐམས་ཅད་པའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་ཁར་བཅུག་ན་མི་སྣང་བའི་དངོས་གྲུབ་ཏུ་འགྱུར་རོ།།  །།ལྔ་པ་སྦྱིན་སྲེག་ནི་ཐབ་ཁྲུ་གང་པ་ཟླུམ་པོ་དཀར་པོས་བྱུགས། རལ་གྲིའི་མཚན་མ་བྲི། ཙནྡན་ལ་སོགས་པའི་ཤིང་བུ་བརྩིགས། མཆོད་པ་དང་གཏོར་མ་དང་བསྲེག་རྫས་བཤམ། བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། དེ་བསྡུས་ནས་ཐབ་ཏུ་མེ་སྦར། སྟོང་པ་ཉིད་ཀྱི་ངང་ལས་ཧཱུྃ་ལས་ཐབ་ཁུང་རྒྱ་དང་ཚད་ཡོངས་སུ་མཆད་པ་བསྐྱེད། ཐབ་ཏུ་མེ་ལྷ་གཞུང་གཞན་ནས་འབྱུང་བ་བཞིན་བསྐྱེད་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་ཕུད་ཀྱི་མཆོད་པ་དབུལ། འབར་བའི་རྣམ་པར་ཐིམ་པར་བསམ། གཞལ་ཡས་ཁང་ནས་བཟུང་སྟེ། རྗེ་བཙུན་ལྷ་དགུ་བདག་གི་རྣལ་འབྱོར་བཞིན་བསྐྱེད། བསྲེག་རྫས་ཀྱི་དངོས་གཞི། བརྒྱའམ་སྟོང་དབུལ། མཆོད་ལ་འདོད་པའི་དོན་གསོལ་བ་གདབ་ལ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་ལོ། །འཇིག་རྟེན་པའི་མེ་ལྷ་འབར་བའི་རྣམ་པས་བསྐྱེད་དེ། བསྲེག་རྫས་ལྷག་མ་རྣམས་ཅི་རིགས་པར་དབུལ། འདོད་པའི་དོན་ལ་གསོལ་བ་གདབ། བཟོད་པར་གསོལ་ལ་གཤེགས་སུ་གསོལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྦྱིན་སྲེག་འདི་ནི་བསྙེན་པ་མ་རྫོགས་པ་རྫོགས་པར་བྱེད་པ་དང༌། བསྙེན་པའི་འབྲས་བུ་མྱུར་དུ་འབྱིན་པ་དང༌། དཀྱིལ་འཁོར་སྒྲུབ་པའི་མཆོད་པ་ལ་དགོས་པ་ཡིན་པས། ཏིལ་གཙོ་བོར་གྱུར་པའི་སྦྱིན་སྲེག་འདི་ནི་བསྙེན་པའི་རྗེས་ལ་འབྱུང་བས། སྒྲུབ་པའི་ཁོངས་སུ་མ་གཏོགས་པ་ཡིན་ནོ། །ཕྲིན་ལས་ཀྱི་སྦྱིན་སྲེག་གི་ཆོ་ག་ནི་དེ་ཉིད་ཡིན་མོད་ཀྱི། བསྲེག་རྫས་ཀྱི་ཁྱད་པར་གྱིས་ཕྱེ་བས་ན། བ་སེར་སྐྱའི་མར་གྱི་སྦྱིན་སྲེག་གིས་དངོས་གྲུབ་ཆེན་པོ་ཐམས་ཅད་འགྲུབ་པ་ཡིན་ནོ། །ཡུངས་ཀར་གྱི་སྦྱིན་སྲེག་གིས་རིག་པ་འཛིན་པ་འགྲུབ་བོ། །ཏིལ་ནག་གི་སྦྱིན་སྲེག་གིས་སྡིག་པ་ཞི་བར་འགྱུར་རོ། །དཱུར་བའི་མྱུ་གུའི་སྦྱིན་སྲེག་གིས་ཚེ་རིང་བར་འགྱུར་རོ།།  །།དྲུག་པ་ཕུར་བུའི་ལས་ནི། དབང་དྲག་གཉིས་སྒྲུབ་པ་ཡིན་ཏེ། གཟས་པ་པོའི་རྐང་རྗེས་ཀྱི་རྡུལ་དང་བག་ཟན་ལས་ལིངྒ་བྱ། གཟུགས་དང་མིང་རུས་བྲིས་ལ་སྙིང་གར་གཞུག དེ་ལ་གཟས་པ་པོའི་རྣམ་ཤེས་དགུག་གཞུག་བྱ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཅོམ་ལྡན་འདས་སུ་བསྐྱེད་ལ། ཕུར་བུའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། བསད་པ་དང་བསྐྲད་པ་དང་རེངས་པ་ལ་སོགས་པ་དྲག་པོའི་ལས་ལ་སྙིང་གར་གདབ། དབང་དུ་བྱ་བར་འདོད་ན་གསང་གནས་སུ་བཏབ་ན། བཅོམ་ལྡན་འདས་དགྱེས་ནས་དངོས་གྲུབ་སྩོལ་བར་འགྱུར་རོ། །ལས་ལ་སྦྱར་བ་བསྟན་ཟིན་ཏེ་ལེའུ་བཞི་པའི་མངོན་པར་རྟོགས་པ་ཐམས་ཅད་ཀྱང་བསྟན་ཟིན་ཏོ། །བླ་མའི་དྲིན་གྱི་ཉི་མའི་འོད་ཟེར་གྱིས། །བདག་བློའི་པདྨ་ཕྱེ་ལས་བྱུང་བ་ཡི། །གསང་བ་ཆེན་པོའི་རྣམ་འགྲེལ་དྲི་མ་མེད། །དཔལ་ལྡན་ས་སྐྱའི་དབེན་གནས་དམ་པར་བྲིས། །འདི་བགྱིས་པ་ལས་དུབ་པར་གྱུར་པ་ཡི། །བདག་གི་རྒྱུད་ལ་བསགས་པའི་དགེ་བ་དེས། །སེམས་ཅན་ཀུན་གྱི་བདུད་རྣམས་ཞི་བ་དང༌། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་ཤོག །གསང་བ་ཆེན་པོའི་རྣམ་འགྲེལ་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་རྫོགས་སོ།།  །།བློ་གྲོས་རྒྱ་ཆེན་བཤེས་གཉེན་གྲགས་པ་ལ། །གུས་བཏུད་རྩེ་གཅིག་བནྡེ་གཤིན་རྗེ་ཡིས། །ཞབས་པད་སྤྱི་བོས་བླངས་ཏེ་རྣལ་འབྱོར་རྒྱུད། །དངོས་གྲུབ་གཉིས་སྒྲུབ་མི་གཡོ་མགོན་པོ་ཞུས། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*