ཁ་འབར་མའི་རྒྱུད་ཀྱི་དགོངས་པ་དོན་ལྔ་པ།

༼ཏ༽

༄༅། །ཁ་འབར་མའི་རྒྱུད་ཀྱི་དགོངས་པ་དོན་ལྔ་པ་བཞུགས།།

༄༅། །བླ་མ་དང་ནི་རྐང་གཉིས་གཙོ། །ཐ་དད་མེད་ལ་ཕྱག་འཚལ་ནས། །ཕྱིར་ཟློག་གཟུངས་ལས་གསུངས་པ་ཡི། །ཉམས་སུ་བླང་བའི་རིམ་པ་དགོད། །དེ་ལ་འདིར་ཕྱིར་བཟློག་པའི་གཟུངས་ལས་གསུངས་པའི་དོན་ལྔས་རིག་པར་བྱ་སྟེ། རྒྱུན་དུ་མཐེབ་ཀྱུས་ཚོགས་བསག་པ་དང༌། ངར་གླུད་བཏང་ཞིང་འཆི་བ་བསླུ་བ་དང༌། ཕ་རོལ་གྱི་བྱད་ཁ་བཟློག་པ་དང༌། གྲི་གུག་ལ་བརྟེན་ཏེ་དགྲ་བསད་པ་དང༌། ཆུ་ཟོར་ལ་བརྟེན་ཏེ་མཁར་བཤིག་པའོ། །དེ་ལ་དང་པོར་ཚོགས་བསག་པ་ནི། རྒྱུན་དུ་ཡི་དམ་དུ་བྱེད་པ་སྟེ། དེ་ཡང་དུས་ཁྱད་པར་ཅན་ལ་གཏོང་ན། མཎྜལ་དང་མཆོད་པ་བཤམ་པ་འོག་ནས་འབྱུང་བ་བཞིན་བྱས་ལ། གཏོར་མ་ལ་གཟུགས་མི་དགོས་ལ་བདེན་པའི་སྟོབས་བརྗོད་པའི་སྒོ་ནས་ཆོས་སྐྱོང་ལ་བསྔོ་བའམ། ཡི་དྭགས་ལ་བསྔོ་བའོ། །འོག་མ་བཞི་པོ་གང་བྱེད་ཀྱང༌། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་དང་གསུམ་མོ། །དང་པོ་ལ་ལྔ་སྟེ། གནས་ཁང་ངམ་གཙུག་ལག་ཁང་ངམ། ཡིད་དུ་འོང་བ་ཕྱག་དར་བྱས་ལ། བླ་རེ་དང་ལྷབ་ལྷུབ་ལ་སོགས་པས་བརྒྱན། ས་གཞི་ལ་སྤོས་སྣ་ཚོགས་པས་བྱུགས་ལ་རྡུལ་མེད་པར་བྱའོ། །གཉིས་པ་རྟེན་དགྲམ་པ་ནི། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་དགྲམ་པའོ། །གསུམ་པ་མཎྜལ་ནི། བའི་ལྕི་བ་ས་ལ་མ་ལྷུང་བ་དང༌། དྲི་ལྔ་ལ་སོགས་པས་ལེགས་པར་བྱུགས་ལ། དབུས་སུ་པདྨ་འདབ་མ་དྲུག་པ་ཅིག་བྱ། དེའི་ཕྱི་རུ་པདྨ་འདབ་མ་བརྒྱད་པ་ཅིག་བྱའོ། །ཡང་ན་དེ་རྣམས་ཀྱི་སར་ནས་ཀྱི་ཚོམ་བུ་བཀོད་དོ། །བཞི་པ་སྒྲུབ་པ་པོ་ནི། སྒྲུབ་པ་པོས་ཤ་ཆང་སྒོག་བཙོང་སྤངས་ལ། དཀར་གསུམ་མངར་གསུམ་དང་གོས་གཙང་མ་གོན་ལ་སྤོས་ཆུས་ལག་པ་བྱུགས་ལ། ཁ་ཤར་དུ་བལྟས་ལ། སྟན་གསར་པ་ནང་ཚངས་ཅན་ལ་འདུག་སྟེ། མཎྜལ་ཕྱིས་ལ་མེ་ཏོག་བཀྲམ་ལ། རིན་པོ་ཆེའི་ཁྲི་གཅིག་ཀྱང་གཟུགས་སོ། །ལྔ་པ་གཏོར་མ་བཤམ་པ་ནི། འབྲུ་སྣ་ཚོགས་པའི་རྗེན་ཕྱེ་ལ། སྨན་སྣ་ཚོགས་དང༌། མངར་གསུམ་ལ་སོགས་པ་བླུགས་ལ་ཆུ་དང་འོ་མས་བརྫིས་ལ། དེ་ལ་གསུམ་དུ་བགོས་ལ། གཅིག་ལས་ལྷ་བཤོས་བྱ། གཅིག་ལས་ངར་མི་ཁྲུ་གང་པ། སྙིམ་པ་ཟེད་པའམ་ཐལ་མོ་སྦྱར་བ། ཕྲག་པ་གཡས་ལ་ཕོའི་ལོ་གྲངས་བྲིས་པ་དང་གོས་དུམ་དང་བཅས་པ་གཟུགས། གཡོན་ལ་མོ་ཤིང་གཟུགས་ལ། ཟངས་ལ་སོགས་པའི་ནང་དུ་བཅུག་ལ། གོང་གི་ཁྲིའུའི་སྟེང་དུ་བཞག་གོ །གཞན་ཡང་གླུད་ཆུང་བརྒྱ་རྩ་བརྒྱད་དང༌། ཆང་བུ་བརྒྱ་རྩ་བརྒྱད་དང༌། མཐེབ་ཀྱུ་བརྒྱ་རྩ་བརྒྱད་དང༌། འབྲུ་སྣ་ཚོགས་པའི་ཆན་དང་བཅས་པ་གཡས་སུ་བཞག བཟང་སྨན་སྣ་ཚོགས་དང༌། མེ་ཏོག་སྣ་ཚོགས་དང༌། དཀར་གསུམ་མངར་གསུམ་དང༌། ཆུ་གཙང་མ་རྣམས་གཡོན་དུ་བཞག གཞན་ཡང་ཆུ་གཉིས་སམ་བཞི་སྔོན་དུ་འགྲོ་བའི་མཆོད་པ་སིལ་སྙན་གྱིས་མཐའ་བརྟེན་ལ་བཤམས། རོལ་མོའི་བྱེ་བྲག་གཞན་ཡང་བཤམ་མོ། །གཉིས་པ་དངོས་གཞི་ལ་བདུན་ཡོད་པ་ལས། དང་པོ་ལྷ་བསྐྱེད་པ་ནི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྤྱན་རས་གཟིགས་སུ་བསྒོམས་ལ། གོང་གི་མཎྜལ་གྱི་དབུས་སུ་ཚོམ་བུ་གཅིག་བཞག་ཅིང་ངག་ཏུ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ན་མཿ ཞེས་བརྗོད། ཡིད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གཡས་ས་གནོན། གཡོན་མཉམ་གཞག་ཅན། སེང་གེའི་ཁྲི་བསམ། དེ་བཞིན་དུ་གཡས་ཕྱོགས་ནས་འདབ་མ་དྲུག་ལ། སྔགས་འདི་བརྗོད། འདབ་མ་དྲུག་ལ་མེ་ཏོག་ཚོམ་བུ་དགོད་དེ། ཨོཾ་སརྦ་བོ་དྷི་སཏྭཱ་མཎྜལ་ཀཱ་ཡ་ན་མཿ ཞེས་ཏེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། རྡོ་རྗེ་དང་དྲིལ་བུ་འཛིན་པ། སྤྱན་རས་གཟིགས་དཀར་པོ་པདྨ་འཛིན་པ། འཇམ་དཔལ་སེར་པོ་གླེགས་བམ་དང་རལ་གྲི་འཛིན་པ། ནམ་མཁའི་སྙིང་པོ་རིན་ཆེན་འབར་བ་འཛིན་པ། སའི་སྙིང་པོ་རིན་པོ་ཆེ་འཛིན་པ། སྒྲིབ་སེལ་དཀར་པོ་བུམ་པ་འཛིན་པ་རྣམས་སུ་མོས་པ་བྱའོ། །དེའི་ཕྱི་རོལ་འདབ་མ་བརྒྱད་ལ། ཨོཾ་མ་ཧོ་པསྠ་ན་མཎྜལ་ལ་ཀཱ་ཡ་ན་མཿ ཞེས་བརྗོད་ཅིང༌། གཡས་སྐོར་དུ་ཚོམ་བུ་བཀོད་ལ། དེ་ཡང་རབ་འབྱོར་དང༌། ཀུན་ཤེས་ཀཽཎྜི་ནྱ་དང༌། འོད་སྲུངས་དང༌། ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་དང༌། མ་འགགས་པ་དང༌། ཀུན་དགའ་བོ་དང༌། ཉེ་བ་འཁོར་རྣམས་སུ་བསྒོམ་མོ། །དེའི་ཕྱི་རོལ་དུ་ཡང་ཉན་ཐོས་ཆེན་པོ་རྣམས་དང༌། བྱང་ཆུབ་སེམས་དཔའ་གྲངས་མེད་པ་རྣམས་བཅོམ་ལྡན་འདས་ལ་འདུན་པས་ལྡང་ཞིང་ཐལ་མོ་སྦྱར་བར་བསམ། མདོར་ན་མགྲོན་ཐབས་ཀྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་གཏིབས་པ་བཞིན་བསྐོར་བར་བསམ་མོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲངས་བ་ནི། བདག་གི་སྙིང་གའི་འོད་ཀྱིས་བཀུག་པར་བསམ་ཞིང༌། བདེན་པའི་ཚིག་འདི་དག་བརྗོད་དེ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་ཉན་ཐོས་རང་རྒྱལ་རྣམས། །སེམས་ཅན་ཀུན་ནི་བསྐྱབ་པ་དང༌། །བདག་གི་བསམ་པ་རྫོགས་སླད་དུ། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཚངས་པ་དང་ནི་བརྒྱ་བྱིན་དང༌། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང༌། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང༌། །བྱང་ཕྱོགས་ན་ནི་རྣམ་ཐོས་སྲས། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་བཅུ། །མཐུ་ཆེན་སྟོབས་དང་ལྡན་པ་པོ། །འཇིག་རྟེན་ཁམས་ལ་དབང་བྱེད་པ། །མཆོད་སྦྱིན་གནས་འདིར་མྱུར་དུ་གཤེགས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །ནམ་མཁའ་ལྡིང་དང་འདབ་བཟང་དང༌། །རླུང་གི་ལྷ་དང་ལུས་སྲུལ་པོ། །གཤིན་རྗེ་དང་ནི་སྲིན་པོ་དང༌། །མཁའ་འགྲོ་མ་དང་རོ་ལངས་དང༌། །ལྟོ་འཕྱེ་ཆེ་དང་གྲུལ་བུམ་དང༌། །གཟའ་དང་རྒྱུ་སྐར་མཁའ་རྒྱུ་དང༌། །གདོན་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །བདེ་བར་གཤེགས་པའི་བཀའ་ཉོན་ལ། །མཆོད་སྦྱིན་གནས་འདིར་མྱུར་དུ་ཤོག །བདག་གིས་དགའ་སྟོན་ཆེར་བགྱིད་ཀྱི། །ཞི་བའི་ཡིད་ཀྱིས་འཁོད་པར་གྱིས། །ཞེས་བརྗོད་པས་ཡེ་ཤེས་སེམས་དཔའ་རྣམས་བྱོན་ནས་མདུན་དུ་བསྐྱེད་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་སོ་སོ་ལ་ཐིམ་པར་བསམ། མགྲོན་ཐབས་འཇིག་རྟེན་པ་དང་བཅས་པ་རྣམས་སོ་སོ་ལ་ཞུགས་པའི་མོས་པ་བྱའོ། །གསུམ་པ་དེ་དག་ལ་ཡན་ལག་བདུན་པས་ཚོགས་བསག་པ་ནི། ཨ་ག་རུ་དང༌། དུ་རུསྐ་ལ་སོགས་པའི་སྤོས་སྣ་ཚོགས་བསྲེགས་ལ། དུང་དང་ཆ་ལང་དང་རྔ་བོ་ཆེ་ལ་སོགས་པ་རོལ་མོ་སྣ་ཚོགས་པ་ཡང་དཀྲོལ་ཞིང༌། རང་གི་ལུས་རྡུལ་སྙེད་དུ་དམིགས་ལ། བ་སྤུ་ལྡང་བའི་གདུང་བས། དེ་རྣམས་ལ་ཕྱག་དང་མཆོད་པ་དང༌། སྡིག་བཤགས་དང༌། སྐྱབས་འགྲོ་དང༌། སེམས་བསྐྱེད་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། དགེ་བ་བསྔོ་བ་མདོ་སྔགས་གང་རུང་གི་རྒྱས་བསྡུས་སྐབས་དང་སྦྱར་ལ་བྱའོ། །དེ་ནས་མདུན་དུ་ཁ་ལ་མེ་འབར་བས་གཙོ་བྱས་པའི་བགེགས་སྟོང་ཕྲག་བརྒྱད་ཅུ་དམིགས་ལ། རང་ཡི་དམ་ལྷའི་ཏིང་ངེ་འཛིན་དང་ལྡན་པས་འདི་བརྗོད། ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །མ་ལུས་བགེགས་རྣམས་སྐྲག་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཧཱུྃ་བར་སྣང་ཁམས་ཀྱང་འགུགས་བྱེད་ན། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །འདི་ལ་གནོད་བྱེད་དགུག་ཏུ་གསོལ། །ན་མོ་སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས། ཆེ་གེ་མོ་ལ་གནོད་པར་བྱེད་པའི་གདོན་འདི་ལ་གཏོར་མ་སྟེར་བ་ཡིན་པས། སྐད་ཅིག་ཡུད་ཙམ་ལ་འདིར་འདུས་ཤིག ཨོཾ་བཛྲ་ཊཀྐི་ཧཱུྃ་ཛཿཧཱུྃ། ཞེས་བརྗོད་ལ་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་བཀུག་ནས་མདུན་དུ་བསྐྱེད་ལ། དེ་ལ་ངར་གླུད་དང༌། ཆང་བུ་དང༌། ཏིང་ལོ་དང༌། གླུད་ཆེན་པོ་དང་བཅས་པའི་གཏོར་མ་ཞིག་སྦྱིན་ནོ། །དེ་ནས་སྣོད་ཅིག་ཏུ་ཆང་བུ་དང༌། གླུད་ཆུང་རེ་དང༌། མཐེབ་ཀྱུ་རེ་དང༌། ཆན་དང༌། དཀར་གསུམ་མངར་གསུམ་ཆུ་དང་བཅས་པ་བླུགས་ལ། སྔགས་ནི། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པ་བདུན་ལ་སོགས་པ་བརྗོད་ཅིང༌། ཕྱག་རྒྱ་མཆོག་སྦྱིན་བྱས་ལ་མཆོད་པའི་སྤྲིན་གྱིས་མགྲོན་རྣམས་ཚིམ་པར་བསམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད། གཟུངས་ཀྱི་ཆེ་བ་ནི། གཟུངས་འདི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་བཅུར་བརྗོད་ན། འདས་པ་དང༌། མ་འོངས་པ་དང༌། ད་ལྟ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབ་པར་འགྱུར་རོ། །བདེན་པའི་སྟོབས་ནི་རང་ངམ་གཞན་ལ་ཡང་བརྗོད་དུ་གཞུག་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་གཉིས་སུ་མེད་ཅིང་ཐ་མི་དད་པ་རྣམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་དང༌། བསྙེམས་པ་དང༌། སྒྲིབ་པ་ཐམས་ཅད་དང་བྲལ་བ་དང༌། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཕམ་པར་བྱས་ཏེ། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་དང་གཟིངས་ལྟ་བུའི་བདེན་པ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ནི་ཐོག་མ་དང༌། བར་དང༌། ཐ་མར་དགེ་ཞིང༌། ཉོན་མོངས་ལ་སོགས་པ་རྣམ་པར་འཇོམས་པར་བྱེད་པའི་བདེན་པ་དང༌། གཞན་ཡང་གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌། མཐུ་སྟོབས་དང༌། བྱིན་རླབས་དང༌། ཕ་རོལ་གྱི་དཔུང་རབ་ཏུ་འཇོམས་པ་ཕྱག་ན་རྡོ་རྗེའི་བདེན་པ་དང༌། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པ་སྤྱན་རས་གཟིགས་ཀྱི་དབང་པོ་དང༌། མ་རིག་པའི་ལིང་ཏོག་ཐམས་ཅད་སེལ་བ་འཇམ་པའི་དབྱངས་དང༌། དངོས་པོར་འཛིན་པའི་རྩ་བ་ཐམས་ཅད་གཅོད་པ་ནམ་མཁའི་སྙིང་པོ་དང༌། འགྲོ་བ་རྣམས་ཀྱི་དབུལ་བ་མཐའ་དག་སེལ་བ་སའི་སྙིང་པོ་དང༌། འགྲོ་བ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བྱེད་པ་སྒྲིབ་པ་རྣམ་པར་སེལ་བའི་བདེན་པ་དང༌། འདྲི་ཞིང་ལན་ལྡོན་པ་ལ་མཁས་པའི་མཆོག་རབ་འབྱོར་དང༌། ཚངས་པར་སྤྱོད་པ་ཤིན་ཏུ་རྣམ་པར་དག་པའི་མཆོག་ཀུན་ཤེས་ཀཽཎྜི་ནྱ་དང༌། སྦྱངས་པའི་ཡོན་ཏན་དང་ལྡན་པ་ཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུངས་དང༌། ཤེས་རབ་ཕུལ་དུ་ཕྱིན་པ་རྣམས་ཀྱི་མཆོག་ཤཱ་རིའི་བུ་དང༌། མཐུ་དང་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་མཆོག་མཽད་གལ་གྱི་བུ་དང༌། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང༌། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང༌། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བ་འཁོར་གྱི་བདེན་པ་དང༌། བདག་མིང་འདི་ཞེས་བགྱི་བའི་ལྷག་པའི་བསམ་པ་རྣམ་པར་དག་པ་ལ། ས་བདག་ལ་སོགས་པ་ཁྱེད་རྣམས་ཀྱིས་གནོད་པ་ཅི་ཡང་མ་བྱེད་ཅིག གལ་ཏེ་གནོད་པར་གྱུར་ན། བདེ་བར་གཤེགས་པའི་བཀའ་ལས་འདས་པས། ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་མཐུ་དང་བྱིན་རླབས་ཀྱིས། བདག་ཅག་རྣལ་འབྱོར་པ་མིང་འདི་ཞེས་བྱ་བ་དང༌། རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པའི་ནད་རིགས་སུ་གྱུར་པ་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞིའི་ནད་རྣམས་ཞི་བར་གྱུར་ཅིག གདོན་གྱི་རིགས་སུ་གྱུར་པ་ལྷའི་གདོན་དང༌། ཀླུའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། རླུང་ལྷའི་གདོན་དང༌། མིའམ་ཅི་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་གྱུར་ཅིག གཞན་ཡང་རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། དུས་མ་ཡིན་པར་འཆི་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་རིང་བ་ལ་སོགས་པ་དགེ་བའི་ཕྱོགས་རྣམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་འདོད་པའི་དོན་དུ་གཏོར་མ་རེ་རེ་ལ་ལན་རེ་རེ་བརྗོད་ལ། བརྒྱ་རྩ་བརྒྱད་ཐེམ་པ་དང༌། གླུད་ཀྱི་ཁ་ཕྱིར་བསྟན་ལ། སྒྲུབ་པ་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འདི་བརྗོད། ཧཱུྃ་ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལྷ་ཀླུ་གནོད་སྦྱིན་ལ་སོགས་དང༌། །འབྱུང་པོ་མཁའ་འགྲོ་ལ་སོགས་པས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གནོད་པར་བྱེད་པ་གང་ཡང་རུང༌། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཟུང་བ་ལས་ནི་ཐར་བར་མཛོད། །བཅིངས་པ་ལས་ནི་གྲོལ་བར་མཛོད། །རིན་དང་གླུད་དུ་གཏོར་མ་ཁྱེར། །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ནས། །ཁྱོད་ཀྱིས་བགེགས་བྱེད་མི་ནུས་མིན། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པ། །དེ་རིང་བདག་གིས་ཁྱོད་མཆོད་ཀྱི། །མེ་ཏོག་ཕྲེང་བ་སྤོས་དང་དྲི། །མར་མེ་ཞལ་ཟས་འདི་སྣོམས་ལ། །བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང༌། །མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས། །དཀོན་མཆོག་གསུམ་གྱི་བཀའ་འདས་དང༌། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །གནོད་པར་གྱུར་ན་མ་ལེགས་ཀྱི། །བགེགས་ཆེན་ཁྱོད་ནི་ད་སོང་ཞིག །རྡོ་རྗེ་འཛིན་པ་མཆོག་འཛིན་པའི། །མགོན་པོ་ཆེན་པོའི་བྱིན་རླབས་ཀྱིས། །བློ་ངན་གང་ཞིག་འདའ་བྱེད་ན། །རྡོ་རྗེ་འཛིན་པས་མྱུར་དུ་སྤོང༌། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ངན་སོང་གསུམ་དུ་ལྷུང་ནས་ཀྱང༌། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །བདག་ཉིད་ཆེན་པོ་སངས་རྒྱས་བཀའ། །དམ་ཚིག་ལས་འདས་རྡུལ་བཞིན་བརླག །དེ་ཡི་སྙིང་ལ་རབ་ཏུ་འཇོམས། །དེ་བས་བགེགས་ཆེན་ཁྱོད་སོང་ལ། །དམ་ཚིག་མཆོག་ལ་འདའ་མ་བྱེད། །ལེགས་པར་གསུངས་པ་འདི་ཐོས་ནས། །གལ་ཏེ་འགྲོ་བར་མི་བྱེད་ན། །ཐམས་ཅད་འབར་བར་གྱུར་བ་ནི། །མར་དང་ཡུངས་ཀར་མེར་བླུགས་བཞིན། །གནོད་སྦྱིན་ཆད་པས་བསྡིགས་ནས་སུ། །དེ་དག་བདེ་བ་མི་རྙེད་དེ། །དེ་ཡི་རྩིབ་ལོགས་གཡས་པ་རུ། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་ཐེབས་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ནམ་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་གྲགས་དང་ལྡན་པ་ཡི། །ཁྱིམ་ཡང་མཐོང་བར་མི་འགྱུར་རོ། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་འཐོབ་པར་མི་འགྱུར་རོ། །གནོད་སྦྱིན་དག་གི་དཀྱིལ་འཁོར་དུ། །ཟས་སྐོམ་དང་ཡང་བྲལ་བར་འགྱུར། །བདེན་པའི་སྟོབས་ནི་ཐོས་ནས་སུ། །འབྱུང་པོ་གང་དག་མི་འགྲོ་བ། །རྡོ་རྗེ་འཆང་ཆེན་ཁྲོས་ནས་ཀྱང༌། །སྤྱི་བོ་དག་ནས་འགེམས་པར་བྱེད། །སྤུ་གྲིའི་སོ་ནི་རྣོན་པོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་བྱེད། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་འགེམས་བར་བྱེད། །ལྕགས་ཀྱི་ཐོ་བ་འབར་བ་ཡིས། །དེ་ཡི་སྙིང་ལ་རབ་ཏུ་འཇོམས། །ཁྲག་དང་རྣག་ནི་དྲོན་མོ་དག །ཁ་ནས་རབ་ཏུ་སྐྱུགས་པར་འགྱུར། །ཞེས་བརྗོད་ལ། གཏོར་སྐྱེལ་གྱི་སྤྱི་བོར་མུ་ནེ་གསེར་གྱིས་བྲིས་པ་གདགས། གཏོར་མ་ལ་དཔལ་འབར་བཙུགས་ལ་ཕྱིར་མི་ལྟ་བར་ཁྱེར་རོ། །སྒྲུབ་པ་པོའི་ནད་ལ་སོགས་པའི་གླུད་ཁྱེར་བར་བསམས་ལ་ཐུན་བྲབ་ཅིང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་པདྨ་ཏ་ཀྲྀ་ཏ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ། ཆེ་གེ་མོའི་གནོད་པ་ཐམས་ཅད་ད་ཧ་ད་ཧ། པ་ཙ་པ་ཙ། ཀུ་རུ་སྭཱ་ཧཱ། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་དཾ་ཥྚོཏྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ན། མཧཱ་ག་ཎ་པ་ཏི་ཛཱི་བཱི་ཏཱནྟ་ཀ་རཱ་ཡ་ཧཱུྃ་ཕཊ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དྲག་ཏུ་བརྗོད་ལ་བསྐྲད་དོ། །གཏོར་མ་ལམ་པོ་ཆེའི་བཞི་མདོར་ཁ་ཕར་བསྟན་ལ་བཞག་པའི་སྟེང་སྔོན་བགབ། ཡི་དམ་ཆོས་སྐྱོང་གི་གཏོར་མ་གཉིས་ཀྱང་བླུག་གོ །དངོས་གཞིའོ། །རྗེས་ལ་རྣལ་འབྱོར་པས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བྱ་སྟེ། མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་དག་ནི་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་ལེགས་གྲུབ་ལས་གསུངས་པས་བསྟོད་ལ། བཟོད་པར་གསོལ། དགེ་བ་བསྔོ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་མི་དམིགས་པར་བྱའོ། །གོང་དུ་བགེགས་བསྐྲད་པ་ལ་སོགས་པ་དེས་གདོན་བགེགས་མ་སོང་ན། ཐབ་ནག་པོ་གྲུ་གསུམ་ཁྲུ་གང་པ་བྱས་ལ། ཚེར་མའི་མེ་སྦར་ཏེ། དེའི་ནང་དུ་དཔལ་རྟ་མགྲིན་བསྐྱེད་ལ། དེའི་ཞལ་དུ་བསྲེག་པ་ནི་ཁམ་ཕོར་དུ་ཡུངས་ཀར་ལ་བགེགས་ཤེས་པ་དང་མི་ཤེས་པ་བསྐྱེད་ལ། ཁྲོ་བོའི་ཏིང་ངེ་འཛིན་གྱིས་རང་རྒྱུད་ལ་བཀུག་ལ། མཐེབ་མཛུབ་ཀྱིས་ཡུངས་ཀར་བཟུང་ལ། ཨོཾ་པདྨ་ཏ་ཀྲྀ་ཏ་ཧ་ཡ་གྲྀ་བ་ཆེ་གེ་མོ་ལ་གནོད་པར་བྱེད་པའི་གདོན་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བརྗོད་པས་རྟ་མགྲིན་ཞལ་དུ་སིབ་སིབ་བསྲེག་པར་བྱའོ། །དེ་ཡང་གསུམ་ལས་བརྒྱ་རྩ་བརྒྱད་དུ་དབུལ་བར་བྱའོ། །དེས་ངེས་པར་ཚར་གཅོད་པར་འགྱུར་རོ། །སྲོག་གླུད་ལ་བརྟེན་ཏེ་འཆི་བ་བསླུ་བའོ། །ཕ་རོལ་གྱི་བྱད་ཁ་ཟློག་པར་འདོད་ན། གནས་དང་རྟེན་དགྲམ་པ་ལ་སོགས་གོང་དང་འདྲ། ཁྱད་པར་མདུན་དུ་གཏོར་སྟེགས་ཀྱི་དབུས་སུ་གྲུ་གསུམ་ནག་པོ་རྩེ་མོ་དགྲའི་ཕྱོགས་སུ་བསྟན་པ་བྲི། སྟེང་དུ་ཟངས་ཅིག་བཞག དགྲ་ཕྱོགས་སུ་བསྟན་པའི་རྩེ་མོར་ངར་མི་ཁྲུ་གང་བ་ཅིག་བཞག དེའི་སྙིང་གར་གྲུ་གསུམ་བྲུས་ལ་དགྲ་དེའི་མིང་རུས་དང་སྲུང་མ་བྲིས་ལ་གཞུག རང་ངམ་གང་བསྲུང་བའི་དཔྲལ་བར་མུ་ནེའམ་ཨོཾ་ཨཱཿཧཱུྃ་མཚལ་གྱིས་བྲིས་ལ་གདགས། གནས་གསུམ་དུ་ཡི་གེ་གསུམ་བྲིས་ལ་གདགས། འབྲུ་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་དང༌། མངར་གསུམ་རྣམས་ཟན་ལ་བསྲེས་པའི་ནང་དུ་ལིངྒ་བཅུག་པ་གཡས་སུ་བཞག དཀར་གསུམ་ཆུ་དང་བཅས་པ་དང༌། བུམ་རྫས་རྣམས་བླུགས་པའི་བུམ་པ་གཡོན་དུ་བཞག སྒྲུབ་པའི་གྲོགས་ལ་བུམ་པ་ལ་ཡི་དམ་གྱི་སྙིང་པོ་བཟླས་སུ་གཞུག དེ་ནས་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ། སྤྱན་དྲང་བ། ཡན་ལག་བདུན་པ་རྣམས་གོང་བཞིན་བྱས་ལ། རང་ལྷར་བསྒོམ། ཚིགས་བཅད་དང་བཅས་པས་དགྲ་བགེགས་བཀུག་ལ། ངར་ཆེན་དང་ཆང་བུ་བརྒྱ་རྩ་བརྒྱད་ལ་བསྟིམ། དེ་ནས་ཕྱག་འཚལ་བ་སྔགས་དང་བཅས་པས་གཏོར་མ་བསྔོ། རེ་རེ་ལའང་བདེན་པའི་སྟོབས་བརྗོད་པ་དང་བཅས་པ་བྱས་ལ། ཕྱེད་རྫོགས་པ་དང༌། གཟུགས་ཀྱི་ཁ་དགྲ་ཕྱོགས་སུ་བསྟན། བརྒྱ་རྩ་བརྒྱད་ལ་སོགས་པ་ཐམས་ཅད་ཚར་ནས་བྱད་སྟེམས་ལ་སོགས་པ་བསྐྲད། དེ་ནས་གཏོར་སྐྱེལ་བཟའ་བཅས་ཚིམ་པར་བྱས་ལ། ཡི་དམ་གྱི་ང་རྒྱལ་གྱིས་བསྐྱལ། སྐྱེལ་ཁར་བུམ་པའི་ཆུས་གཏོར་མ་དང་གཟུགས་ལ་གཡོན་སྐོར་དུ་སྦྲེང་ལ། གཏོར་མ་ཁྱེར་བའི་གཡས་ནས་འགྲོ་བའི་མིས་གཏོར་མ་དང་མཉམ་དུ་བུམ་པའི་ཆུ་སྦྲེང་ཞིང་འགྲོ། བདག་ཉིད་ཡི་དམ་གྱི་སྙིང་པོ་བཟླ་ཞིང་ཕྱིར་འགྲོ། གཏོར་མ་དགྲའི་གནས་སམ་ཡུལ་མཐོང་བའམ། ལམ་རྒྱ་གྲམ་མམ། གང་བདེར་མནན་པ་བྱའོ། །དེ་ནས་གོས་རྡུལ་རྡེབ་པ་དང༌། བྲོ་ལ་སོགས་པ་བྱའོ། །ཕ་རོལ་གྱི་བྱད་ཁ་ཟློག་པའོ། །བཞི་པ་གྲི་གུག་ལ་བརྟེན་ཏེ་དགྲ་བསད་པ་ལ་ཡང་གཞན་ཐམས་ཅད་མཐུན་པ་ལས། ཁྱད་པར་དུ་ངར་གླུད་ཁྲུ་གང་པའི་དཔྲལ་བ་སྙིང་ག་མགྲིན་པ་ལྟེ་བར་དགྲའི་ལིངྒ་བྲིས་ལ་གཞུག ཆང་བུ་བརྒྱ་རྩ་བརྒྱད་ལ་དགྲའི་ལིངྒ་བརྒྱ་རྩ་བརྒྱད་བྲིས་ལ་གཞུག དེ་རྣམས་ལ་དགྲའི་རྣམ་ཤེས་དགུག་གཞུག་ཡང་ཡང་བྱས་ལ་གཞུག དེ་ནས་ལིངྒ་ཆེ་བ་ལྕགས་ཀྱི་གྲི་གུག་གིས་གཏུབས་ལ་སྔགས་བཟླས་ཏེ། ཨོཾ་ཆེ་གེ་མོ་མཱ་ར་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་ཨོཾ་ཆེ་གེ་མོ་མཱ་ར་ཡ་ཨ་བ་ལོ་ཀི་ཏེ་ཨོཾ་ཆེ་གེ་མོ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གཟུགས་དང་ཆང་བུ་དགྲའི་ཤ་ཁྲག་ཏུ་བསམས་ལ་སྔགས་དེ་ཉིད་ལ་བདུན་ནམ་ཉི་ཤུ་རྩ་གཅིག་རེས་དབུལ། དེ་ནས་བདེན་པའི་སྟོབས་བརྗོད་པ་ལ་སོགས་པ་གོང་ལྟར་བྱས་ལ། གཏོར་སྐྱེལ་སྔར་བཞིན་བསྲུངས་ལ་གཏོར་མ་ས་གཙང་སར་བསྐྱལ་ལོ། །གྲི་གུག་ལ་བརྟེན་ཏེ་དགྲ་བསད་པའོ། །ལྔ་པ་ཆུ་ཟོར་ལ་བརྟེན་ཏེ་མཁར་བཤིག་པར་འདོད་ན། ལྕགས་མ་ཡིན་པའི་རིན་པོ་ཆེའི་སྣོད་ཞབས་སྟེགས་ཅན་དུ། ནས། གྲོ། སྲན་མ། བྲའོ་རྣམས་བསྲེས་ཏེ། ཆུའི་ནང་དུ་བླུགས་ལ། དེར་རིན་པོ་ཆེ་བདར་ལ། ཆུ་ལ་སྔགས་ལེན་བདུན་བདུན་བཟླས་ལ། མཁར་ལ་བརྡེག་གོ །ཏིང་ངེ་འཛིན་ནི་མཁར་དེའི་ནང་དུ། རིན་པོ་ཆེའི་ཉི་མ་དང་ཟླ་བ་བརྒྱ་ཤིན་ཏུ་ཆེ་བ་རྒྱས་པས་མཁར་དེ་ཚལ་ཚལ་གས་པར་བསྒོམས་ལ། སྔགས་དྲག་ཏུ་བཟླས་སོ། །ཁ་ལ་མེ་འབར་བའི་རྒྱུད་ཀྱི་དགོངས་པ་དོན་ལྔའི་ལག་ཏུ་བླང་བའི་རིམ་པ་ཚོམ་བུ་བཅོ་ལྔ་པ། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཅུང་ཟད་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།འདིའི་བརྒྱུད་པ་ནི། རྡོ་རྗེ་གདན་པ། སཽ་རི་པ། དེས་བླ་མ་བ་རི་བ། དེས་བླ་མ་ཆེན་པོ་འཁོན་ཀུན་དགའ་སྙིང་པོ། དེས་སློབ་དཔོན་རིན་པོ་ཆེ། དེས་བླ་མ་རྗེ་བཙུན་པ། དེས་གན་པ་སོ་སྟོན། དེས་ཤེས་རབ་རྒྱལ་པོ། དེས་རཏྣ་བཛྲ། དེས་པྲཛྙཱ་ཤྭ་ར་ཤྲཱི་བྷ་དྲ་ལ་གནང་ངོ༌། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*