ཤཱཀྱ་རྣམས་ཀྱི་རྒྱལ་རབས།

༼ཏ༽

༄༅། །ཤཱཀྱ་རྣམས་ཀྱི་རྒྱལ་རབས་བཞུགས།།

༄༅། །ན་མོ་བུདྡྷཱ་ཡ། ལྷར་བཅས་འགྲོ་བའི་གཙུག་ན་གང་གི་གསུང༌། །མེ་ཏོག་ཐོད་དང་རིན་ཆེན་ཕྲེང་བ་ལྟར། །དུལ་བའི་ཁུར་གྱིས་ཡུན་དུ་འཛིན་བྱེད་པ། །སྐྱེ་བའི་ཆུ་བོ་སྒྲོལ་བར་མཛད་པ་རྒྱལ། །སྲིད་པ་གསུམ་གྱི་བླ་མ་བདེ་བར་གཤེགས་པ། མི་འཇིགས་པའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་མཛད་པའི་གདུང་རྒྱུད། འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་ནང་ན་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་རབས་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ནས། གཞན་ལ་རྒྱ་ཆེར་བསྙད་ན། ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་འཕེལ་བར་བྱེད་དོ། །ཞེས་བདེ་བར་གཤེགས་པ་ཉིད་ཀྱིས་དྲི་མ་མེད་པའི་མདོ་སྡེ་དག་ལས་མངོན་སུམ་དུ་གསུངས་པས་ན་དེ་བརྗོད་པར་བྱའོ། །དེ་ཡང་ཐོག་མར་འཇིག་རྟེན་འདིར་ལྷ་དག་བབས་པ་ལས། རིམ་གྱིས་མིར་གྱུར་ཏེ། དེ་དག་གིས་མི་རྣམས་ཀྱི་རྒྱལ་པོར་བསྐོས་པ་ནི་མང་པོས་བཀུར་བའོ། །དེའི་རྗེས་སུ་འོད་མཛེས། དགེ་བ། དགེ་མཆོག གསོ་སྦྱོང་འཕགས། སྤྱི་བོ་སྐྱེས། ང་ལས་ནུ་སྟེ། དེ་དྲུག་ནི་ཚེའི་ཚད་ཀྱང་དཔག་ཏུ་མེད་པའི་འཁོར་ལོས་སྒྱུར་བ་ཡིན་ནོ། །དེའི་བརླ་གཡས་རོལ་ནས་སྐྱེས་པ་མཛེས་པ་སྟེ། གླིང་བཞི་ལ་དབང་ངོ༌། །དེའི་བརླ་གཡོན་པ་ལས་སྐྱེས་པ་ཉེ་མཛེས་ཏེ། གླིང་གསུམ་ལ་དབང་ངོ༌། །དེའི་རྐང་པ་གཡས་པ་ལས་བྱུང་བ་མཛེས་ལྡན། གླིང་གཉིས་པ་ལ་དབང་ངོ༌། །དེའི་རྐང་པ་གཡོན་པ་ལས་སྐྱེས་པ་ཉེ་བའི་མཛེས་ལྡན། གླིང་གཅིག་པ་ལ་དབང་ངོ༌། །དེ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ལ། འདི་མན་ཆད་ནི་སེམས་ཅན་གྱི་བསོད་ནམས་གྱི་སྟོབས་ཀྱིས་རྒྱལ་ཕྲན་དུ་གྱུར་ཏོ། །ཡང་མཛེས་ལྡན། བཟང་པོ། ལེགས་བཟང༌། བཏང་བ། བཏང་བཟུང༌། ཡན་ལག ཡན་ལག་ཤིང་རྟ། ངན་སྤངས། སྐལ་ལྡན་ཤིང་རྟ། རྒྱ་མཚོ། རྒྱ་མཚོའི་བུ། རྒྱ་མཚོ་ཆེན་པོ། ཤ་ཀུ་ནི། ཤ་ཀུ་ནི་ཆེན་པོ། ཀུ་ཤ ཉེ་བའི་ཀུ་ཤ ཀུ་ཤ་ཆེན་པོ། ལེགས་མཐོང༌། ལེགས་མཐོང་ཆེན་པོ། རབ་ཐོབ། རབ་ཐོབ་ཆེན་པོ། རབ་ཏུ་སྒྲ་བསྒྲགས། རབ་ཏུ་སྒྲ་བསྒྲགས་ཆེན་པོ། འོད་བྱེད། རྟུལ་ཕོད། ལྷུན་པོ་ལྡན། ལྷུན་པོ་ཡོན་ཏན། འོད་ཟེར། འོད་ཟེར་ལྡན། འོད་ཟེར་ཡོད། ཀུན་ནས་འོད་ཟེར། དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་འོད་ཟེར་གྱི་བར། རྒྱལ་རབས་བརྒྱ་ཡུལ་གྲུ་འཛིན་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་མ་ལས་རྒྱལ་བའི་བར་རྒྱལ་རབས་ལྔ་ཁྲི་ལྔ་སྟོང་ཡུལ་དམག་གིས་མི་ཚུགས་པར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་བཟོད་དཀའི་བར། རྒྱལ་རབས་སུམ་ཁྲི་དྲུག་སྟོང་ཡུལ་ཝཱ་རཱ་ཎ་སཱིར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་ཚངས་པ་བྱིན་གྱིས་བར་རྒྱལ་རབས་བརྒྱད་ཁྲི་བཞི་སྟོང་ཡུལ་གྱིམ་བྷི་ལའི་དྲུང་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་གླང་པོས་བྱིན་གྱི་བར་རྒྱལ་རབས་སུམ་ཁྲི་ཉིས་སྟོང་གླང་པོ་ཆེའི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་བལ་སྣ་ཅན་གྱི་བར་རྒྱལ་རབས་ལྔ་སྟོང་ཡུལ་རྡོ་འཇོག་ཏུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་ཆེ་འདུལ་གྱི་བར་རྒྱལ་རབས་སུམ་ཁྲི་ཉི་སྟོང་གྲོང་ཁྱེར་བྲང་གིས་ཉལ་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་རྒྱལ་བྱིན་གྱི་བར་རྒྱལ་རབས་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་རྒྱལ་སྡེའི་བར་རྒྱལ་རབས་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ཀ་ན་ཡ་ཀ་བ་ཛུར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་ཀླུའི་ལྷའི་བར་རྒྱལ་རབས་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙམ་པར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་མེ་ལྷའི་བར་རྒྱལ་རབས་ཉི་ཁྲི་ལྔ་སྟོང་གྲོང་ཁྱེར་ཏ་ལའི་ཕྲེང་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་རྒྱ་མཚོའི་ལྷའི་བར་རྒྱལ་རབས་ཁྲི་ཉིས་སྟོང་གྲོང་ཁྱེར་ཏ་མ་ལིར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་བློ་གྲོས་བཟང་པོའི་བར་རྒྱལ་རབས་ཁྲི་བརྒྱད་སྟོང་བི་སེའི་གྲོང་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་མུན་སེལ་གྱི་བར་རྒྱལ་རབས་ཉི་ཁྲི་ལྔ་སྟོང་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེའི་བར་རྒྱལ་རབས་བརྒྱ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་རྒྱ་མཚོའི་སྡེའི་བར་རྒྱལ་རབས་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་དཀའ་ཐུབ་སྤྱོད་ཀྱི་བར་རྒྱལ་རབས་སྟོང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་སའི་གདོང་གི་བར་རྒྱལ་རབས་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་སའི་བདག་པོའི་བར་རྒྱལ་རབས་འབུམ་ཕྲག་གཅིག་ཝཱ་རཱ་ཎ་སཱིར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་ས་འཛིན་གྱི་བར་རྒྱལ་རབས་འབུམ་ཕྲག་གཅིག་གྲོང་ཁྱེར་དམག་གིས་མི་ཚུགས་པར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་ལྷ་ཆེན་པོའི་བར་རྒྱལ་རབས་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མི་ཐི་ལར་བྱུང་ངོ༌། །དེའི་བུ་ནས་བཟུང་སྟེ། རྒྱལ་པོ་མུ་ཁྱུད་ཀྱི་བར་རྒྱལ་རབས་བརྒྱད་ཁྲི་བཞི་སྟོང་དྲང་སྲོང་གིས་དཀའ་ཐུབ་སྤྱོད་པ་གྲོང་ཁྱེར་མི་ཐི་ལར་བྱུང་ངོ༌། །དེའི་སྲས་བྱུང་བ་དེ་བཞིན་དུ་སྦྱར་ཏེ། སྲ་བའི་མུ་ཁྱུད་ཉེ་བར་རྐོ་བ། རྐོ་བ་ཡོད། ཀུན་ནས་རྐོ། གྱ་ནོམ་སྣང༌། ཐོས་པའི་སྡེ། ཆོས་ཀྱི་སྡེ། རྟོགས་པ། རྟོགས་པ་ཆེན་པོ། རྟོགས་པའི་སྡེ། མྱ་ངན་མེད། མྱ་ངན་བྲལ། བརྟན་པའི་སྡེ། དགའ་བ་སྦྱར། ཀླེན་བར། སྐྱ་རེངས། ཕྱོགས་ཀྱི་བདག་པོ། རྡུལ་ཅན། གཅོད་བྱེད། ཀུན་དགའ། མེ་ལོང་གདོང༌། བསྐྱེད་པ། ཀུན་ནས་བསྐྱེད། སྐྱེ་བོའི་ཁྱུ་མཆོག བཟའ་བཏུང་ཅན། བཟའ་བཏུང་མང་པོ་ཅན། མི་ཐུབ་པ། གཞན་གྱིས་མི་ཐུབ་པ། གནས་པ། ཤིན་ཏུ་གནས་པ། སྟོབས་ཆེན། སྟོབས་ཆེན་ཞོན་པ། ལེགས་པའི་བློ་གྲོས། བརྟན་བཞོན། གཞུ་བཅུ་པ། གཞུ་བརྒྱ་པ། གཞུ་དགུ་བཅུ་པ། གཞུ་རྒྱལ། གཞུ་བཀྲ། གཞུ་སྲ། ཤིང་རྟ་བཅུ་པ། ཤིང་རྟ་བརྒྱ་པ། ཤིང་རྟ་དགུ་བཅུ་པ། ཤིང་རྟ་ཁྲ་བོ། ཤིང་རྟ་རྒྱལ། ཤིང་རྟ་སྲ་བ། དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་ཀྲྀ་ཀཱིའི་བར་རྒྱལ་རབས་བདུན་ཁྲི་བདུན་སྟོང་གྲོང་ཁྱེར་ཀུན་ཏུ་སྣང་དུ་བྱུང་ངོ༌། །དེའི་དུས་སུ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱུང་ངོ༌། །ཀྲྀ་ཀཱིའི་བུ་ལེགས་སྐྱེས་སོ། །དེའི་བུ་ནས་བཟུང་སྟེ། ཐ་མ་རྒྱལ་པོ་རྣ་བ་ཅན་གྱི་བར་རྒྱལ་རབས་བརྒྱ་གྲོང་ཁྱེར་གྲུ་འཛིན་དུ་བྱུང་ངོ༌། །དེ་ལ་སྲས་གཉིས། གཽ་ཏ་མ་དང༌། བྷ་ར་དྷྭ་ཛའོ། །གཽ་ཏ་མས་བུ་རམ་གྱི་ཤིང་གི་ལོ་མ་ལ་ས་བོན་བཞག་པ་ལས་སྲས་གཉིས་ཏེ། དེ་གཉིས་ཀྱི་མིང་ཡང་ཉི་མའི་རིགས་སམ། གཽ་ཏ་མའམ། ཡན་ལག་སྐྱེས་སམ། བུ་རམ་ཤིང་པ་ཞེས་མིང་བཞིར་འཇིག་རྟེན་དུ་གྲགས་སོ། །དེའི་ཆུང་བ་བུ་རམ་ཤིང་པ་ནས་བཟུང་སྟེ། བུ་རམ་ཤིང་ནས་འཕགས་སྐྱེས་པོའི་བར་རྒྱལ་རབས་བརྒྱ་ཡུལ་གྲུ་འཛིན་དུ་བྱུང་ངོ༌། །དེ་ལ་བུ་ལྔ་ལས། ཆེ་བ་བཞི་ནི་སྐར་མདའ་གདོང༌། ལག་རྣ། གླང་པོ་ཆེ་འདུལ། དཀའ་ཐུབ་ཅན། འདི་བཞིས་སེར་སྐྱའི་གྲོང་ཁྱེར་བཟུང་སྟེ། ཤིན་ཏུ་ཕོད་པ་ཆེ་བས་ཤཱཀྱ་ཞེས་གྲགས་སོ། །དེར་མིས་གང་ནས་གྲོང་ཁྱེར་ལྷས་བསྟན་བཟུང་ངོ༌། །བུ་ཕྱི་མ་ནི་རྒྱལ་སྲིད་དགའོ། །གོང་འོག་རྣམས་ལ་བུ་མེད་པར་གྱུར་ནས་ཐམས་ཅད་ཀྱི་རྒྱལ་པོ་དཀའ་ཐུབ་ཅན་གྱིས་བྱས་སོ། །དེའི་བུ་གནས་འཇོག དེའི་བུ་ས་ཁྱིམ། དེའི་བུ་ནས་བཟུང་སྟེ། ཤིང་རྟ་བཅུ་པའི་བར་རྒྱལ་རབས་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱར་བྱུང་ངོ༌། །དེའི་བུ་ཤིང་རྟ་བརྒྱ་པ། དེ་བཞིན་དུ་སྦྱར་ཏེ། ཤིང་རྟ་དགུ་བཅུ་པ། ཤིང་རྟ་ཁྲ་བོ། ཤིང་རྟ་རྒྱལ། བརྟན་པའི་ཤིང་རྟ། གཞུ་བཅུ་པ། གཞུ་བརྒྱ་པ། གཞུ་དགུ་བཅུ་པ། གཞུ་རྒྱལ། གཞུ་བཀྲ། གཞུ་བརྟན་ནོ། །དེ་ལ་བུ་གཉིས་ཏེ། སེང་གེ་ཟ་འགྲམ་དང༌། སེང་གེའི་ང་རོའོ། །འཛམ་བུ་གླིང་གི་གཞུ་ཐོགས་གང་ཇི་སྙེད་པ་དེ་དག་གི་ནང་ནས་ནི་སེང་གེ་ཟ་འགྲམ་མཆོག་གོ །དེ་ལ་བུ་བཞི་སྟེ། ཟས་གཙང༌། ཟས་དཀར། བྲེ་བོ་ཟས། བདུད་རྩིས་ཟས་སོ། །བུ་མོ་ཡང་བཞི་སྟེ། གཙང་མ། དཀར་མོ། བྲེ་བོ་མ། བདུད་རྩི་མའོ། །ཟས་གཙང་གི་སྲས་གཉིས་ནི། བཅོམ་ལྡན་འདས་དང༌། དགའ་བོའོ། །ཟས་དཀར་གྱི་གཉིས་ནི། ཤཱཀྱའི་རྒྱལ་པོ་བཟང་ལྡན་དང༌། རྒྱལ་བའོ། །བྲེ་བོའི་གཉིས་ནི། མ་འགགས་པ་དང༌། མིང་ཆེན་ནོ། །བདུད་རྩི་ཟས་ཀྱི་གཉིས་ནི། ཀུན་དགའ་བོ་དང༌། ལྷས་བྱིན་ནོ། །བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་འཛིན་ནོ། །བཅོམ་ལྡན་འདས་ཀྱི་བརྒྱུད་པ་ནི་གྲོང་ཁྱེར་ལྷས་བསྟན་ན། ཤཱཀྱའི་རྒྱལ་པོ་ལེགས་པར་རབ་སད་ཀྱི་བུ་མོ་ཆེ་བ་སྒྱུ་འཕྲུལ། ཆུང་བ་སྒྱུ་འཕྲུལ་ཆེན་མོའོ། །དེའི་སྲས་ནི་བཅོམ་ལྡན་འདས་ལ། ཆེ་བ་ལ་ནི་དགའ་བོའོ། །དེ་ལྟར་ན་མང་པོས་བཀུར་བའི་འཁོར་བའི་ཕྲེང་བ་ནི་སྒྲ་གཅན་འཛིན་གྱིས་ཆད་དོ། །ཞེས་མངོན་པར་འབྱུང་བའི་མདོ་ལས་འབྱུང་མོད་ཀྱང༌། ཁོ་བོས་ལེགས་པར་བསམས་ན་དེ་ནི་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདིར་བསྐལ་པ་འདི་ཉིད་ལ་སངས་རྒྱས་སྟོང་འབྱུང་བ་ཡིན་ལ། དེ་དག་གི་རིགས་ཀྱང་ལ་ལ་བྲམ་ཟེ། ལ་ལ་རྒྱལ་རིགས་སུ་འཁྲུངས་པར་བསྐལ་པ་བཟང་པོ་ལས་གསུངས་ལ། རྒྱལ་རིགས་སུ་འཁྲུངས་པ་རྣམས་ལ་རྒྱལ་པོའི་རིགས་རྣམས་ཀྱི་ནང་ནས་བླ་མར་གྱུར་པ་མང་པོས་བཀུར་བའི་རྒྱུད་འདི་མེད་པར་གྱུར་ན་རྒྱལ་རིགས་གཞན་གྱིས་དེ་བཞིན་གཤེགས་པའི་རིགས་སུ་མི་རུང་སྟེ། འཁོར་ལོས་སྒྱུར་བའི་རབས་རྒྱུད་མེད་པའི་ཕྱིར་རོ། །གལ་ཏེ་འཁོར་ལོས་སྒྱུར་བའི་རབས་རྒྱུད་དུ་གྱུར་པ་ཅིག་ཡིན་ན་ནི་མང་པོས་བཀུར་བ་ལ་མི་ཐུག་ཏུ་མི་རུང་ངོ༌། །དེས་ན་མངོན་པར་འབྱུང་བ་ལས་གསུངས་པ་དེ་ནི། གཽ་ཏ་མའམ་ཤཱཀྱ་ཞེས་ཡོངས་སུ་གྲགས་པའི་རྒྱུད་དམ། ཡང་ན་ཡ་ཐོག་རིང་མོ་འདི་ལ་དབང་ཕྱུག་ཤིན་ཏུ་ཆེ་བ་དེ་ནི་སྒྲ་གཅན་འཛིན་གྱིས་ཟད་པ་ལ་དགོངས་སོ་སྙམ་དུ་བདག་གི་རྣམ་པར་རྟོག་པ་ལ་བསམ་མོ། །དེ་ལྟ་ན་མང་པོས་བཀུར་བ་ནས་སྒྲ་གཅན་འཛིན་གྱི་བར་ལ་ནི། སྤྱིར་རྒྱལ་རབས་ས་ཡ་ཕྲག་གཅིག་དང་ཁྲི་ཕྲག་བདུན་དང་སྟོང་ཕྲག་བཞི་དང༌། བརྒྱ་ཕྲག་ལྔ་དང་བརྒྱད་སོང་ལ། བྱེ་བྲག་ཏུ་ཉི་མའི་རིགས་དང༌། ཡན་ལག་སྐྱེས་དང༌། བུ་རམ་ཤིང་པ་ཞེས་གྲགས་ནས་རྒྱལ་རབས་ལྔ་ཁྲི་ལྔ་སྟོང་དང་བརྒྱད་ཅུ་སོང་ངོ༌། །དེ་བས་ཀྱང་གཽ་ཏ་མ་མི་རབས་གཅིག་གིས་སྔའོ། །ཤཱཀྱ་ཞེས་གྲགས་ནས་རྒྱལ་རབས་ལྔ་ཁྲི་ལྔ་སྟོང་དང་བཅོ་བརྒྱད་སོང་ངོ༌། །གོང་དུ་དེ་དག་ལས་གྲགས་སོ། །དེ་དག་ལ་ཡང་ཚད་མེད་པའི་འཁོར་ལོས་སྒྱུར་བ་དྲུག་དང༌། གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་ཀྱི་འཁོར་ལོས་སྒྱུར་བ་དང་བཞི་སྟེ། འཁོར་ལོས་སྒྱུར་བ་བཅུ་དང༌། གཞལ་དུ་མེད་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོ་བདེ་བར་གཤེགས་པ་བཅུ་གཅིག་ནི་ཆེ་བའི་ཆེ་བ་ཡིན་ལ། གཞན་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟར་བདེ་བར་གཤེགས་པའི་འཇིག་རྟེན་ལས་འདས་པའི། ཆེ་བའི་ཁྱད་པར་ལྟ་ཞོག་གི་འཇིག་རྟེན་དང་ཐུན་མོང་བའི་སྐུ་ཆེ་བའི་ཁྱད་པར་ལ་ལྟོས། འདི་ལྟ་བུའི་རིགས་དང༌། རུས་དང༌། ཆོ་འབྲང་དང༌། ཕུན་སུམ་ཚོགས་པ་དཔག་ཏུ་མེད་པ་དང་ལྡན་པ་དག་འཁོར་བའི་ཕྲེང་བ་བཅད་ནས། བསོད་སྙོམས་ཀྱི་འཚོ་བས་འཚོ་བར་བྱས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་མཛད་ན། གཞན་དག་ཕྱག་དར་ཁྱོད་ཀྱི་འདམ་རྫབ་ལྟ་བུའི་ཁྱིམ་ལ་ཆགས་ནས། ཀུན་ཏུ་འཛིན་པར་བྱེད། དེས་ན་མྱ་ངན་ལས་འདས་པའི་ཡོན་ཏན་བསྔགས་པ་ལའང་སྦྱར་བར་བྱའོ། །སྐྱོན་བྲལ་དྲི་མེད་ཐུབ་པ་སྐྱེ་དགུའི་གཙོ། །ཉིན་མོར་བྱེད་པའི་གདུང་རྒྱུད་རྣམ་དག་པ། །རྡུལ་བྲལ་མདོ་ཡི་དོན་བཞིན་ཁོ་བོ་ཡིས། །དཔལ་ལྡན་ས་སྐྱའི་དབེན་གནས་དམ་པར་བསྡུས། །དགེ་བ་འདི་ཡིས་བུ་རམ་ཤིང་པའི་གསུང༌། །ལྷམ་མེ་ལྷང་ངེས་ཕྱོགས་མཚམས་ཐམས་ཅད་དུ། །ཡོན་ཏན་མཐོ་ཁྱད་དཔག་ཏུ་མེད་ལྡན་པ། །འགྲོ་བའི་རབ་རིབ་ཡུན་དུ་སེལ་བར་ཤོག །བདེ་བར་གཤེགས་པའི་ཡོན་ཏན་བསྔགས་པ་འདི། །བློ་གསལ་ཁྱོད་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །འགྲོ་བའི་རྣ་བར་གྲགས་པར་གྱུར་ཅིག་དང༌། །ཐུབ་པའི་རྒྱལ་མཚན་མྱུར་དུ་འཐོབ་པར་འགྱུར། །ཤཱཀྱ་རྣམས་ཀྱི་རྒྱལ་རབས་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་བསྡུས་པའོ། །འདི་ཐམས་ཅད་ལ་སྤེལ་བར་ཞུ། བསོད་ནམས་དཔག་ཏུ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*