༼ཏ༽
༄༅། །དུས་ཚོད་བཟུང་པའི་རྩིས་ཡིག་བཞུགས།།
༄༅། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལོ་གང་ལ་ཟླ་བའི་ལྷག་མ་ཡོད་པ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཁ་ཅིག་སྟག་སྤྲེལ་ཕག་སྦྲུལ་ལ་ཡོད་ཟེར། དེ་ཀུན་ཕྱོགས་རེ་ལས་མ་གོ་བ་ཡིན། ད་ལྟ་ཤིང་ཕོ་བྱི་བ་འདི་ལ་སྦྲུལ་གྱི་ཟླ་བ་གཉིས། མེ་ཕོ་སྟག་ལ་གླང་གི་ཟླ་བ་གཉིས། ས་མོ་སྦྲུལ་ལ་ཁྱིའི་ཟླ་བ་གཉིས། ཆུ་ཕོ་སྤྲེའུ་ལ་རྟ་ཡི་གཉིས། ཤིང་མོ་ཕག་ལ་ཡོས་བུའི་གཉིས། མེ་མོ་གླང་ལ་ཕག་གི་གཉིས། ལྕགས་པོ་འབྲུག་ལ་སྤྲེའུའི་གཉིས། ཆུ་མོ་ལུག་ལ་འབྲུག་གི་གཉིས། ཤིང་མོ་བྱ་ལ་གླང་གི་གཉིས། ས་ཕོ་བྱི་བ་ལ་གླང་གི་གཉིས། ལྕགས་མོ་ཡོས་ལ་རྟའི་གཉིས། ཤིང་ཕོ་སྟག་ལ་སྟག་གི་གཉིས། མེ་ཕོ་སྤྲེའུ་ལ་ཕག་གི་གཉིས། ས་མོ་ཕག་ལ་ལུག་གི་གཉིས། ཆུ་མོ་ཕག་ལ་འབྲུག་གི་གཉིས། ཤིང་ཕོ་འབྲུག་ལ་བྱི་བའི་གཉིས། མེ་མོ་ལུག་ལ་བྱའི་གཉིས། ལྕགས་ཕོ་ཁྱི་ལ་སྦྲུལ་གྱི་གཉིས། ཆུ་མོ་གླང་ལ་རྟའི་གཉིས། ཤིང་མོ་ཡོས་ལ་ཁྱིའི་གཉིས། ས་ཕོ་རྟ་ལ་ལུག་གི་གཉིས། ལྕགས་མོ་བྱ་ལ་ཡོས་བུའི་གཉིས། ཆུ་མོ་ཕག་ལ་བྱའི་གཉིས། དེས་དྲུག་ཅུ་སྐོར་ཆར་ཏེ། དེ་བཞིན་དུ་བརྩིས་པས་ཟླ་ལྷག་གང་བྱུང་བ་དེ་སོང་ནས་དེའི་རྗེས་ལ་བརྩིས་པའི་ཟླ་བ་སུམ་ཅུ་སོ་གཉིས་སོང་ནས་ཟླ་ལྷག་གཅིག་འོང་བས། མེ་ཕོ་རྟ་ལ་སྤྲེའུའི་གཉིས་འོང༌། དེ་བཞིན་དུ་དེ་ནས་མགོ་བཟུང་ནས་ཟླ་བ་སུམ་ཅུ་སོ་གསུམ་ནས་ས་མོ་སྦྲུལ་གྱི་གཉིས་འོང༌། དེ་བཞིན་དུ་ཟླ་བ་སུམ་ཅུ་སོ་གཉིས་པ་ལ་ལྷག་གཅིག་འོང༌། དེ་བཞིན་དུ་སུམ་ཅུ་སོ་གཉིས་པ་དང༌། སོ་གསུམ་པ་གཉིས་སྤེལ་ཞིང་བསྐལ་པའི་བར་དུ་བརྩི་གསུང༌། དེ་ལ་སྤྱིར་ཟླ་ལྷག་འོང་བའི་རྒྱུ་མཚན་ཡང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། བྱི་བཞིན་ཞེས་བྱ་བ་སྟེ། བྱ་སྦོ་ལ་ཆུ་ཚོད་བཞི་ལས་མེད། ཉི་ཤུ་རྩ་བདུན་པོ་ལ་ཆུ་ཚོད་དྲུག་ཅུ་དྲུག་ཅུ་ཡོད་པས་ཉི་ཤུ་རྩ་བདུན་དུ་བྱེད། དེ་ལ་རྒྱུ་སྐར་ཉི་ཤུ་རྩ་བདུན་པོ་གཉིས་གཉིས་ལ་ཁྱིམ་རེ་རེ་ཡོད་པ་ལ། ལྷག་མ་གསུམ་ཡོད་པ་ལ། ཟླ་བས་སྐར་མ་མ་སླེབ་པས་དེའི་ཕྱིར་ཟླ་བ་ལྷག་མ་འོང་བ་ཡིན་ནོ། །དེ་ཡང་སྨིན་དྲུག་སྣར་མ་གཉིས་གང་ལ་ཉ་ཡང་ཟླ་བ་གཅིག མགོ་དང་ལག་གཉིས་གཅིག རྒྱལ་སྟོད་རྒྱལ་སྨད་གཅིག སྐག་སྟ་ཆེན་གཅིག སྟ་ཆུང་ཁྲ་གཅིག བྱ་མ་བྱའུ་གཅིག ས་ག་ས་རི་གཅིག ལག་སོར་ལྡེའུ་གཅིག ཆུ་སྟོད་ཆུ་སྨད་གཅིག མཆུ་སྦོ་གཞུང་གསུམ་གཅིག སྒྲོག་ཁྲུམས་སྟོད་སྨད་གསུམ་གཅིག ཤེ་དབྱུག་བྲ་ཉེ་གསུམ་གཅིག དེ་ལྟར་བྱས་པས་ཟླ་བ་སུམ་ཅུ་སོ་གཉིས་སམ། སོ་གསུམ་ལ་ཟླ་ལྷག་འོང་བར་ཤེས་པར་བྱས་ལ། གང་ལ་ལྷག་པར་ངོས་བཟུང་སྟེ། དེ་ཡང་སྨིན་དྲུག་ཉ་བའི་རྗེས་ལ་སྣར་མ་ལ་ཉ་ན་སྨིན་དྲུག་གི་ཟླ་བ་གཉིས་འབྱུང་བར་ཤེས་པར་བྱའོ། །དེ་བཞིན་དུ་ཉ་ཁྱིམ་ལྷག་གཅིག་བྱུང་ན་དེ་གཉིས་ཡོད་པ་ཡིན་ནོ། །དེ་ལ་ཉ་ངོས་བཟུང་བ་ནི། ཉི་མ་ལྷོ་བགྲོད་ཀྱི་ནམ་རིང་བའི་དུས་ན་ས་ག་རྒྱུག་ན་ཟླ་བ་འཆར་གསུང༌། བྱང་བགྲོད་ཀྱི་ནམ་ཐུང་བའི་དུས་སུ་དེ་བས་བག་སྔ་བར་འཆར། ཉིན་མཚན་མཉམ་པའི་དུས་སུ་དེ་བས་བག་ཙམ་འཕྱི་བ་ན་འཆར། ཚེས་བཅུ་བཞི་ལ་ནམ་དང་ཟླ་བ་ཁད་ཆད་རྒས་འགྲོ། བཅོ་ལྔ་ལ་ནམ་ལངས་ནས་རྒས་འགྲོ་སྟེ། དེས་ཉ་ཁྱིམ་ངོས་འཛིན་པ་ཡིན། ཟླ་བའི་མིང་ནི་རྒྱ་གར་གྱི་ལུགས་ཀྱིས་ཁྲའི་ཟླ་བ་ལ་དཔྱིད་ཟླ་ར་བར་བྱས་ལ། དེ་བཞིན་དུ་བརྩི། རྒྱ་ནག་གི་ལུགས་ཀྱིས་སྟ་ཆེན། བྱ་མཆུས་ཉ་བ་ལ་དཔྱིད་ཟླ་ར་བར་བྱས་ལ་དེ་བཞིན་དུ་བརྩི། རྒྱལ་གྱིས་ཉ་བ་ལ་དཔྱིད་ར་བར་བྱས་པ་དེ་ནི། རྒྱ་བོད་འཐབས་པའི་དུས་སུ་བརྫུན་བྱས་པ་བལྟས་པ་ཡིན་པས་དེ་ནོར་བ་ཡིན་ནོ། །ཟླ་བའི་མིང་ནི་བྱའུ་ནག་པས་ཉ་བ་ལ་ནག་པའི་ཟླ་བ་ཞེས་བྱའི། མིང་མེད་པར་བྱས་ནས་ནག་པའི་ཟླ་བ་ལ་ནམ་མཐོང་གི་ཟླ་བར་བཏགས། ནམ་མཐོང་གི་ཟླ་བ་ལ་ལག་སོར་གྱི་ཟླ་བར་བཏགས་པ་ནོར་བ་ཡིན། མདོར་ན་རྒྱ་ནག་གི་ལུགས་ཀྱིས་དཔྱིད་ཟླ་ར་བ་སྟ་པས་ཉ་བ་ལ། སྟག་གི་ཟླ་བར་བྱེད། ཁྲའི་ཉ་བ་ལ་འབྲིང་པོ་ཡོས་བུར་བྱེད། བྱའུ་ནག་པས་ཉ་བ་ལ་ཐ་ཆུངས་འབྲུག་ཏུ་བྱེད། ནམ་མཐོང་སྦྲུལ། ལྡེ་གུ་རྟ། གྲ་བྲེ་ལུག བྱ་སྦོ་གཞུག་སྤྲེའུ། སྒྲོག་ཁྲུམས་བྱ། དེ་མན་ཆད་ཟླ་བ་བཞི་པོ་ཐམས་ཅད་མཐུན་པར་སྣང་ངོ༌། །ཉི་མ་ལྡོག་པའི་དུས་ཚོད་བསྟན་པ་ནི། དགུ་ཟླ་ཞེས་པ་ཆུ་སྟོད་ཀྱི་གནས་ནས་ལྡོག་པ་ཡིན་ཏེ། དེ་ཡང་གཞུ་ཞེས་པ་སྨལ་པོའི་མཇུག་ཏུ་ལྡོག་པ་གཅིག་ཀྱང་ཡོད་དེ་ཟླ་ལྷག་བྱུང་ཙ་ན་སྨལ་པོ་ལ་ལྡོག ཟླ་ལྷག་མེད་པའི་ལོ་གཉིས་པོ་རྒྱལ་སྟོད་ལ་ལྡོག དེའང་སྐར་མ་ལ་བརྟག་པར་བྱ་སྟེ། ཞག་བཅུ་བཞི། བཅུ་བཞི་ནས་རྒྱུ་སྐར་གསར་པ་རེ་འཆར་ཏེ། ལྡེ་གུ་ཤར་ནས་ཞག་བཅུ་ཚུན་ཆད་དུ་གཉན་སྲུང་མི་དགོས། དེ་ནས་ཞག་བརྒྱ་ཙམ་ན་ཉི་མ་ཁྱིམ་ནས་འཐོན་པ་ཡིན། འདི་བརྩིས་པ་གཉན་སྲུང༌། ཞག་བརྒྱད་རིང་དུ་བྱས་པ་ཡིན། ཡང་དག་པར་ན་ལྡེ་གུ་ཤར་ནས་ཞག་བཅུ་ཚུན་ཆད་གཉན་སྲུང་མི་དགོས། དེ་ནས་ཞག་གསུམ་བསྲུངས་པས་ཆོག ཉི་མ་ལོག་ནས་ཟླ་བ་གསུམ་ན། ནམ་དང་ཉི་མ་མཉམ་པ་ཡིན། ཉི་མ་ལོག་ནས་ཞག་དགུ་བཅུ་ཐམ་པས་དབྱར་གྱི་ནམ་ཟད་པ་ཡིན། ནམ་གཞུག་རིང་ན་ནམ་རོ་ཡོད་པ་ནི་མ་གཏོགས་ཏེ། ཚད་ནི་དེ་ལས་མེད་དོ། །ཡང་ཉི་མ་ལྡོག་པའི་དུས་ཚོད་སྐར་མ་ལ་མི་ལྟ་བར་འཛིན་ན། ཁང་པའི་བུ་ག་ཉི་མ་འཆར་བའི་སར་ཉི་མ་ལྡོག་པར་རི་མོ་བྲིས་ན། གང་ནས་ལོག་པའི་ཚེས་དེ་ངོས་བཟུང་ལ། ཟླ་བ་དྲུག་དང་ཞག་ལྔ་ན་ཉི་མ་ལྡོག་པ་ཡིན་ནོ། །མདོར་ན་ལོ་གཅིག་དང༌། ཞག་བཅུ་གཅིག་བཅུ་གཅིག་ན་ཉི་མ་ལྡོག་སྟེ། ལོ་རེ་ལ་ཞག་བཅུ་ལྷག་མ་འོང་བ་ཡིན། ལོ་གསུམ་ཅུང་མ་སླེབ་པར་ཟླ་ལྷག་གཅིག་འོང་བ་ཡིན། ལྷག་མ་འོང་བའི་རྒྱུ་མཚན་ནི་སྔར་སྨོས་པ་བཞིན་སྐར་མ་མ་སླེབ་པས་ཚེས་ཆད། དེས་ཞག་ལྷག་འོང་སྟེ། ཉི་ཤུ་དགུ་ལ་གནམ་སྟོང་དུ་སོང་བའི་སྟོབས་ཀྱིས། གནམ་སྟོང་ལ་ཚེས་གཅིག་བྱ་དགོས། དེའི་གུས་བརྩིས་པས། ལོ་གཅིག་པ་ཟླ་བ་བཅུ་གཉིས། དེ་ལ་ཞག་སུམ་བརྒྱ་དྲུག་ཅུ་སོང་བར་རིགས་པ་ལ། ཟླ་བ་བཅུ་གཉིས་སོང་ཙམ་ན། ཞག་སུམ་བརྒྱ་བཞི་བཅུ་ཞེ་དགུ་ལས་མི་ཡོང༌། དེའི་སྟོབས་ཀྱིས་སུམ་བརྒྱ་དྲུག་ཅུ་སོང་ཙམ་ན། ཚེས་བཅུ་གཅིག་གི་ཟླ་བའོ། །དེས་ན་ཟླ་བ་ལ་ཞག་ཆད་པས། ལོ་གཅིག་ལ་ཞག་ལྷག་པའི་རྒྱུ་མཚན་དེས་ཤེས་པར་བྱའོ། །དེ་ཡང་དཔེར་ན། ནས་བྲེ་བཅུ་གཉིས་བྲེ་ཁ་དམའ་མོ་བྱས་ནས། བཅུ་གསུམ་དུ་བྱས་པ་ལྟ་བུའོ། །ཟླ་བ་གང་ལ་ཞག་ཆད་པ་ནི། ཕོ་ལོ་ཤར་ནས་ཕོ་ཟླས་ཚེས་ཐུབ། མོ་ཟླས་མི་ཐོབ། ཤིན་ཏུ་ཞིབ་པར་བརྩིས་ན། ཕོ་ལོ་ཤར་ནས་སྟག་གི་ཟླ་བ་ནས་བྱའི་ཟླ་བ་ཡན་ཆད་ཕོ་ཟླས་ཚེས་མི་ཐུབ། མོ་ཟླས་ཚེས་ཐུབ། དེ་ནས་མོ་ལོའི་ནུས་པ་ཅུང་ཟད་སྐྱེས་པས་བྱི་བས་མི་ཐུབ། ཕག་དང་གླང་གིས་ཐུབ་བོ། །མོ་ལོ་ཤར་བའི་ཚེ་སྟག་ནས་བྱ་ཡན་ཆད་ཀྱི་ཕོ་ཟླས་ཚེས་མི་ཐུབ། མོ་ཟླས་ཚེས་ཐུབ་བོ། །དེ་ནས་ཕོའི་ནུས་པ་ཅུང་ཟད་སྐྱེས་པས་ཁྱི་དང་བྱི་བས་ཐུབ། ཕག་དང་གླང་གིས་མི་ཐུབ་བོ། །འདི་ནི་ངེས་པ་སྟེ་ཅི་ནས་ཀྱང་དེ་བཞིན་དུ་འབྱུང་ངོ༌། །ལོའི་མགོ་གང་ནས་འཛིན་པའི་རྩིས་ནི་དུས་འཁོར་བ་ནག་པ་སྟེ། བྱ་འུས་ཉ་བ་ལ་དཔྱིད་ཟླ་འབྲིང་པོར་བྱས་ནས་དེ་ནས་ལོ་མགོ་འཛིན་ཏེ། ཤིང་ལོ་རྙིང་པ་ལྷུང་ནས་གསར་པ་སྐྱེ་བ་ལ་ལོ་མགོར་བྱེད། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་གདན་བཞི་པ། སྨལ་པོའི་བཅུ་དྲུག་ནས་ལོ་མགོ་འཛིན་ཏེ། ཉི་མ་བྱང་དུ་ལྡོག་པ་ལ་ལོ་མགོར་བྱེད། རྒྱ་ནག་པ་རྒྱལ་གྱི་མཇུག་ལ་ས་བདག་གི་སྐྱས་རྫོགས་ནས་སྟ་པས་ཉ་བ་ལ་དཔྱིད་ཟླར་བར་བྱས་ནས་དེ་ནས་ལོ་གསར་དུ་བྱེད་དོ། །སྤྱིར་དབྱར་ཟླ་དང་དཔྱིད་ཟླ་ལ་སོགས་པ་སྤྱི་མིང་བས་ཀྱང༌། རྒྱལ་གྱི་ཟླ་བ་དང༌། སྨལ་པོའི་ཟླ་བ་ལ་སོགས་པ། སྐར་མས་ཟླ་བའི་མིང་འདོགས་པ་ནི། རྒྱ་གར་ནག་གཉིས་ཀ་ན་ཡོད་པས་འདི་ལྟར་བྱས་ན་དག་གོ །དུས་ཚོད་ངེས་པར་བཟུང་བའི་ཡི་གེ་འདི། དཔལ་ས་སྐྱའི་དགོན་པར་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་བྲིས་པའོ། །འདིས་རྩིས་པ་ལ་སོགས་པ་ཐམས་ཅད་ལ་ཕན་ཞིང༌། དེས་ཤེས་རབ་ཆེན་པོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་ལམ་གྱི་བར་ཆད་ཐམས་ཅད་ཞི་ནས་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply