གསོ་དཔྱད་རྒྱལ་པོའི་དཀོར་མཛོད། ༡

༼ཏ༽

༄༅། །གསོ་དཔྱད་རྒྱལ་པོའི་དཀོར་མཛོད་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བ་ཞེས་བྱ་བ་འདི་ལ། རླུང་མཁྲིས་བད་ཀན་གྱི་ནད་རང་རང་གི་གནས་སུ་བྱུང་ན། ནད་རང་དབང་ཅན་གཙོ་བོར་གྱུར་པ་ཞེས་བྱ་སྟེ། སྟོད་བད་ཀན་གྱི་ཡུལ། བར་མཁྲིས་པའི་ཡུལ། སྨད་རླུང་གི་ཡུལ་ལོ། །དེའང་བད་ཀན་གྱི་གནས་སུ། རླུང་ལྟ་བུ་བྱུང་ན། ནད་གཞན་དབང་ཅན་ཞེས་བྱ་སྟེ་གསོ་དཀའོ། །ཡང་སྟོད་མེ་ཡིན་ལ། །སྨད་ཆུ་ཡིན་པས། ཚ་གྲང་གོ་ལོག་པ་དང༌། སྙིང་མེ་མཁལ་མ་ཆུ་ཡིན་ཏེ། ནད་ཚ་གྲང་གོ་ལོག་པ་ལྟ་བུའོ། །སྤྱིར་ནི་འདི་རུ་འབྱུང་མི་སྲིད་དོ། །དེའང་ནད་པགས་པ་ལ་གྲམ་པ་དང༌། རྩ་ལ་ཞུགས་པ་དང༌། ཤ་ལ་ཞུགས་པ་དང༌། རུས་པ་ལ་ཞུགས་པ་དང༌། དོན་སྙིང་ལ་ཞུགས་པ་དང༌། སྣོད་དུ་ལྷུང་བའོ། །དེའང་ནད་ཀྱི་རྒྱུ་བད་ཀན། ནད་ཀྱི་རྟ་རླུང༌། ནད་ཀྱི་དུག་མཁྲིས་པ་ཡིན་ཏེ། ནད་ལོག་པ་ཞེས་བྱ་བ་ཡང༌། རླུང་ལྟ་བུ་བཅོས་པས། དེ་མ་ཞུ་བར། མཁྲིས་པ་སྐྱེས་ནས། གཅིག་མ་ཞི་བར་གཅིག་སྐྱེས་ནས་ལྡན་པར་སོང་བ། གང་མཐོ་མཐོའམ་གཉན་པ་ནས་བཅོས་པའམ། རླུང་ལྟ་བུ་ཞི་ནས། བད་ཀན་དུ་ལོག་ན། རྐྱང་པ་ཞེས་བྱ་སྟེ་རང་བཅོས་སོ། །དེའང་སྙིང་ལ་ནད་ཡོད་ན། ལྕེ་སྐམ། སྦྲེད་པ་མི་ཐོན། གློ་བ་ལ་ནད་ཡོད་ན། སྣ་འགགས། གློ་འོང༌། མཆིན་པ་ལ་ནད་ཡོད་ན། མིག་དམར་ལ་འཚག གཡལ་མི་ཤེས། མཚེར་བ་ལ་ནད་ཡོད་ན། མཆུ་སྨུག མཁལ་མ་ལ་ནད་ཡོད་ན། རྣ་བས་མི་ཐོས་སོ། །དེའང་རླུང་ནད་ཡོད་ན། མགོ་རྩ་རྒོད་པ་དང༌། མཆུ་འདར་བ་དང༌། ལྕེ་སྐྱ་ལ་རྩུབ་ཅིང་རོ་མི་ཚོར་བ་དང༌། སོ་རྡེག་པ་དང༌། རྣ་བ་འུར་འུར། ཏིག་ཏིག ཀྲོག་ཀྲོག་ཟེར་ལ་སྒྲ་མི་ཐོས་པ་དང༌། ཤེས་པ་འཕྱོ་ལ་གཉིད་མི་ཕེབས་པའོ། །ཚད་པ་ཡོད་ན། མིག་དམར་བའམ། སེར་བའམ། མཆུ་ཐུང་ལ་འགས་པ་དང༌། ལྕེ་སེར་བའམ། ནག་ལ་ཐུང་བ་དང༌། སོ་ལ་དྲེག་པ་ཆགས་པ་དང༌། ཤེས་པ་བྱིངས་ལ་གཉིད་ཆེ་བའམ། ཁའི་རྡབ་གྲང་ལ་རིད་པ་ནི་བད་ཀན་གྱི་ནད་ཡོད་པའོ། །རླུང་གི་ནད་ཁ་ཟས་དུས་སུ་མ་ཟོས་པ་དང༌། གཉིད་ཆག་པ་དང༌། ག་ཆད་པ་དང༌། སེམས་གདུངས་པ་དང༌། མྱ་ངན་དང་སེམས་ལས་ཆེས་པ་དང༌། འཁྲུ་སྐྱུག་དྲག་པོ་དང༌། གཏར་ག་དྲག་པོའི་རྗེས་ལ་ན་བ་ནི་རླུང་ནད་ཡིན་ཏེ། ལུས་རྩུབ་ལ་བ་སྤུ་ལྡང༌། བྲང་ལ་གཟེར་འོང༌། མགོ་འཐོམས། ཚིགས་བྱེ་བ་སྙམ་བྱེ། བརླ་དང༌། ཚིགས་པ་དང༌། རྐེད་པ་དང༌། མགུལ་ན། ཟུག་གཟེར་ཆེ། མིག་རྩ་རྒོད་ལ་ལག་པས་བྱ་བྱེད་མང༌། སྨྲ་དཀའ་ལ་ལྕེ་མཆུ་འདར། འབྲེལ་བ་མེད་པའི་གཏམ་མང༌། ཤེས་པ་རྔམ། ཁོང་པ་འུར། ཆུ་དཀར། འཁྲུ་ན་ལྦུ་བ་སྒྲ་དང་བཅས་པ་འབྱུང༌། དེ་རྣམས་གང་བྱུང་ཡང༌། རླུང་གི་རྟགས་ཡིན་པས། ཤ་རྙིང་དང༌། མར་རྙིང་དང༌། རུས་སྙིང་སྣ་ཚོགས་གདུས་པའི་ཁུ་བ་དང༌། ཆང་ནར་ཕྱིན་པ་བླུད་ལ་མལ་ཆས་བྱིབས། སྨན་མར་གཏང༌། རླུང་གསང་བསྲེག་གོ །རླུང་ཁ་ཐལ་བ་དང༌། རླུང་ནད་མི་བཟོད་པ་ལ། སྒོག་སྐྱའི་སྨན་མར་གཏང་ངོ༌། །རླུང་ནད་ཀྱི་རིགས་ལ་དུ་མ་སྨོས་ཀྱང༌། ལག་ཏུ་ལངས་པ་དེ་ལས་མེད། མཁྲིས་པ་བཅོས་པ་ནི། སྒོས་བཅོས་ན་གསལ་ལོ། །བད་ཀན་ལ་རིགས་དུ་མ་སྨོས་ཀྱང༌། སྐྱ་བོ། སྨུག་པོར་འདུས་ཏེ། བད་ཀན་སྨུག་པོ་མ་གཏོགས་པ་ཐམས་ཅད་གྲང་བར་གཏོགས་ཏེ། བད་ཀན་མཆིན་པ་ལ་བབས་ན། ཁོང་ཚ། མིག་རུས་ན། བྱིན་པ་ན། ལུས་པོ་ལྕིའོ། །བད་ཀན་སྨུག་པོ་མཁྲིས་པ་ལ་རྒྱས་ན། ཁྲག་སྐྱུག སྣ་ཁྲག་འཛག་གོ །བད་ཀན་གློ་བ་ལ་བབས་ན། རོ་སྟོད་གཟེར་ལ་ཚིགས་པ་རེངས་པ་དང༌། ཁྲག་ནག་པོ་སྐྱུག་གོ །བད་ཀན་སྨུག་པོ་ཕོ་བ་ལ་བབས་ན། བྲང་ཚ་ལ་ཕོ་བ་ན། ཁྲག་བཙོས་པ་འདྲ་བ་སྐྱུག་གོ །དེ་རྣམས་སུ་བད་ཀན་སྐྱ་བོ་བབས་ན། ཕོ་མཆིན་གང་ཡིན་ཆ་མེད་པར་ན། ཁ་ནས་ཆུ་འོང༌། ཟས་མི་ཞིམ་པར་འཁྲུ་སྐྱུག་བྱེད། ཁོང་དུ་ལྷུང་ན་ཁོང་པ་སྦོ་ལ་འཁྲོག ཁོང་དབུགས་འབྱིན་ཞིང་ཕུས་འདེབས། མཚེར་པ་ལ་བབས་ན། གཉིད་ཆེ་ལ་སྒྱིད་པ་སྐྱུར། དབུགས་རྒོད་ལ་དྲག་ཏུ་འཁྲུ། རྐེད་པ་ལ་བབས་ན་ཆུ་སྲི། དཔྱི་རྐེད་ན། དྲག་ཏུ་འཁྲུ། སྤྱིར་བད་ཀན་ལ་མ་ནུ་བཞི་ཐང་གཏང༌། སྒའི་ཐང་གཏང༌། རྒྱམ་ཚ་གསུམ་པའི་ཐང་གཏང༌། གཞན་ཡང་རོ་ཚ་བའི་ཐང་ཐམས་ཅད་ཕན། ཐང་བསྐོལ་ཐང་དང་ཆུ་སྐོལ་ཕན་ནོ། །ནས་ཆང་ལ་བུ་རམ་བཏབ་ལ་གཏང༌། ཁ་ཟས་དྲོད་ལ་བསྟེན། བཤལ་དང་སྐྱུག་བྱ། ཐམས་ཅད་ལ་གང་ལ་བབས་པའི་གསང་བསྲེག ཅོང་ཞིའི་སྦྱོར་བ་ཟབ་མོ་བསྟེན། འབྲས་བུ་གསུམ་དང་རྩ་བ་ལྔ་པའི་སྨན་མར་ཀུན་ལ་ཤིས། མན་ངག་ལ་མདུན་གྱི་ལྷེན་སྣ་བསྲེག་གོ །བད་ཀན་གྱི་ལག་ལེན་དྲིལ་བ་དེ་ལས་མེད་དོ། །སྙིང་གི་ནད་ཚ་བ་ལས་གྱུར་པ་ལ། ག་པུར་དང་བཟང་དྲུག་གཏང༌། སྙིང་རྩ་གཏར། སྙིང་ལ་གྲང་རླུང་ཞུགས་པ་ལ། སྙིང་དཀར་ནག་གི་མཚམས་དང༌། ཚིགས་པ་བདུན་པ་དང་ལྟག་པའི་བདུད་ཁུང་བསྲེག་གོ །ཞོ་ཤ་གསུམ་གྱི་སྨིན་མར་གཏང༌། ཟས་ཤ་དང་ཆང་དྲོད་ལ་བསྟེན་ནོ། །གློ་བའི་ནད་ཚ་བ་ལས་གྱུར་པ་ལ། བ་ལེ་ཀ་དང༌། ཏིག་ཏའི་ཐང་གཏང༌། བཤལ་གཏང༌། གློ་རྩ་གཏར། ཚ་བ་བྲི་ནས་བྱ་རོག་དམིགས་བསྲེག་གོ །གློ་སྐྱ་རྦབ་གྲང་བ་བྱ་བ་ཕྱོགས་གཅིག་པ་གཅིག་ཡིན་ཏེ། ཉིན་མཚན་མེད་པར་ལུ། ལུད་པ་ལ་རྣག་གམ། རེས་འགའ་དམར་ཚིག་གི་བ་འོང༌། ཁ་གདོང་སྐྲང༌། ཁ་རུལ་བྲོ། བྱ་རོག་དམིགས་གཉིས་བསྲེག སྟར་བུའི་སྨན་མར་གཏང༌། ཤ་སར་དང་སིངས་པོ་གཏང༌། དེས་བདེ་ན་ཆང་དང་ཡིབ་ཤ་གཏང༌། སྤྱིར་ལི་ག་དུར་དང་གླ་སྒང་གང་རུང་ཚ་གྲང་གི་བྱེ་བྲག་གིས་བུར་རམ་མམ་ཀ་ར་སྦྱར་ནས་བཏང་ན་ཅིས་ཀྱང་ཐུབ་པ་ཡིན་ཏེ་མཆོག་ཏུ་འགྱུར་རོ།།  །།མཆིན་པའི་ནད་ཀྱི་གཞི་ནི། དུ་མ་ཞིག་སྨོས་ཀྱང༌། གཞི་ནི་ཤ་ཆང་ལ་སོགས་པའི་ཁ་ཟས་བཅུད་ཅན་བཟའ་བ་དྲགས་པ་དང༌། ངལ་དུབ་དྲགས་པ་དང༌། འདུ་བ་ཆ་མ་སྙོམས་པ་ལས་འབྱུང་སྟེ། ལུས་སྐྲངས་པ་དང༌། སྐྲ་དང་སྨིན་མ་ཟ། ལུས་སྐྱ་བམ་བམ་དུ་འོང༌། ལྕེ་དང་རྙིལ་དཀར། ཅི་ཟོས་ཀྱང་མཆིན་པ་ན་ཆོང་ཆོང་བྱེད། གཡལ་མི་ཐོན། སྒུར་ན་སྐད་ངན་འོང༌། སྐོམ་དད་ཆེ། ཅི་ཟོས་ཀྱང་མཆིན་པ་ལ་གནོད་དོ། །དེ་ལ་གི་ཝང་དང་གུར་གུམ་གྱི་ཐང་བཤལ་གཏང༌། རུ་ཐུང་དང་མཆིན་མཁྲིས་ཀྱི་འདམ་རྩ་གཏར། མཆིན་པ་གླང་སྤུར་ཞེས་བྱ་བ་བསྐྲངས་ཤིང་བྱད་ཟ་བ་དེ་གཏར་དུ་མི་རུང༌། མཆིན་པའི་གསང་བསྲེག བྲག་ཞུན་གྱི་སྨན་མར་གཏང་ངོ༌། །ནད་ཆོམས་ནས་ཚིགས་པ་དགུ་པ་བསྲེགས་པས་ནད་མི་སྐྱེའོ། །མཆིན་པ་ལ་སྐྲན་ཡོད་ན། ཡོད་པ་ངོས་ལ་མི་ཕེབས། གློ་བྱུང་ན་རྩིབ་ལོགས་ན་ཐང་ཐང་བྱེད། ཁ་ཁའོ། །དེ་ལ་གར་ན་བའི་སར་མེ་བཙའ་ཨ་ན་ཚུགས་སུ་གདབ་བོ།།  །།ཕོ་བའི་ནད་ཀྱི་གཞི་ནི། ངལ་དུབ་དང༌། རླན་དང་མ་ཞུ་བ་ལས་འབྱུང༌། གླང་ཐབས་དང་གཟེར་བ་ལ་ལོང་རྩ་གཏར། ཆུ་སྐོལ་གཏང༌། གླང་ཐབས་ཕྱིས་ཡེ་མི་ལྡང་བར་འདོད་ན། ལྟེ་བ་ནས་ཕྱོགས་བཞིར་མཚོན་རེ་བཅལ་བར་མ་བཙའ་གདབ། དེས་ཐུབ་བོ། །ཕོ་བ་སྙོང་བུ་དང་རྒུད་པ་ཞེས་བྱ་སྟེ། གྲང་རླུང་ལས་གྱུར་པ་ལ། ཚ་བའི་རིལ་བུ་དང༌། ཤ་ཆང་དང༌། རྩ་བ་ལྔའི་སྨན་མར་གཏང༌། གོས་དྲོ་བར་བྱའོ། །མཁལ་མ་བཅོས་པ་སྒོས་བཅོས་ན་གསལ། ལོང་ནད་ནི་བད་ཀན་གྱིས་གྲང་བ་བསླང་བའི་རིགས། ཁོང་པ་ལྕི་ཞིང་འཁྲོག ཁོང་དབུགས་དང་བཤུས་འདེབས། དེ་ལ་བྱ་རིལ་བྲ་རིལ་ལ་སོགས་པའི་དུགས་བྱ། ལོང་གསང་བསྲེག བཤུལ་ཤ་གཏང༌། རྩ་བ་ལྔའི་སྨན་མར་གཏང་ངོ༌། །ལོང་ནད་ཚ་བ་ལ། བ་ལེ་ཀ་དང༌། ཨ་རུ་རའི་ཐང་གཏང༌། མཆིན་པ་རློན་པ་གཏང༌། ལོང་རྩ་གཏར། །བསམ་སེའུ་ལ་ཡང༌། ནད་ཚ་གྲང་གཉིས་ལས་གྲང་བ་ནི། ཆུ་སེར་དང་བད་ཀན་ལས་གྱུར་ཏེ། ཁོང་པ་སྦོ། སྒྲེགས་པ་འོང་ཞིང་ཟོས་པ་མི་འཇུ། དེ་ལ་སྣོད་དུ་རྡོ་བསྲོས་པའི་དུགས་བྱ། ལྟེ་བ་ནས་མར་མཚོན་གང་བཅལ་བར་ཁ་གསུམ་དུ་བསྲེག གར་པོ་གསར་པ་ལ་བུ་རམ་བཏབ་ལ་གཏང༌། སྨན་མར་གཏང༌། གྲོ་དང་རི་དྭགས་ཀྱི་ཤ་སྤང༌། གཏར་ག་མི་བྱའོ། །བསམ་སེའུའི་ཚ་བ་ནི། སྣོད་བཞིར་ཚ་བྲེང་བྲེང་བྱས་ནས་སྟོབས་ཆུང༌། དེ་ལ་དོང་གའི་བཤལ་གཏང༌། ལུག་ཤ་གཏང༌། དེ་ལ་གཏར་སྲེག་སྤང་ངོ༌། །མཚེར་ནད་ནི་རླུང་དང་གྲང་གཞི་ལས་འབྱུང༌། ཁོང་པ་སྦོ། །ཁ་ཤ་ལྷོད། གཡོན་གྱི་རྩེའུ་ཐུང་གི་བར་ན་མི་བཟོད། དེ་ལ་མཚེར་རྩ་གཏར། སྟེང་དུ་ཁ་གསུམ་དུ་བསྲེག་གོ །ལུམས་བྱའོ། །ཁོང་འཁྲོག་ཅིང་ཕྱིས་མི་ཐུབ་ན། དེ་ལ་ཡང་ཁ་གསུམ་དུ་བསྲེག་གོ །མེ་ཏོག་སྣ་ཚོགས་པ་དང་དྲོད་ཀྱི་ལུམས་བྱའོ། །མ་ཞུ་བ་ལ་དྭངས་མ་མ་ཞུ་བ་དང༌། སྙིགས་མ་མ་ཞུ་བ་གཉིས་ལས། བཅོས་པ་མཐུན་ཏེ། ཆུ་སྐོལ་གཏང༌། རྒྱམ་ཚ་གསུམ་པའི་ཐང་གཏང༌། དྲོད་བཤལ་གཏང༌། ཞོ་སྐོལ་དང་ཆང་སྐོལ་གཏང༌། སྤྱིར་མ་ཞུ་བ་ཐམས་ཅད་ལ། ཕོ་བའི་གསང་བསྲེག འཁྲུ་བའི་གཞི་ནི། མ་ཞུ་བ་དང༌། མཁྲིས་པ་སྡོངས་ན་ཚ་འཁྲུ་ཡིན་ཏེ། ཐོ་རངས་ཀྱི་ཆུ་གྲང་བླུད། མ་ཞུ་བ་བད་ཀན་དང་བསྡོངས་ན་གྲང་འཁྲུ་ཡིན་ཏེ། དྲོད་འབའ་ཞིག་གིས་བཅོས། སྤྱིར་ཁྲག་དང༌། དུད་ཁུ་ལྟ་བུ་དང༌། ཤ་ཁུ་ལྟ་བུའི་འཁྲུ་བ་ཐམས་ཅད་མཆིན་པ་ནས་འབྱུང་བ་ཡིན་ནོ། །གྲུམ་བུ་ལ་བོང་བུ་དྲེའུ་ཐང་གི་ཁྲག་དྲོན་མོ་ཕུལ་གང་ལ་གླ་རྩི་དང་སྒ་བཏབ་ལ་གཏང༌། དུགས་དང་ལུམས་བྱ། བཤུལ་ཤ་སྣ་ཚོགས་གཏང༌། ཆང་སྤང༌། གཏར་སྲེག་བྱར་མི་རུང་ངོ༌། །ཁ་ཟས་ལ་ནད་ངོས་གཟུང་བ་ནི། ནང་ནུབ་ཟས་ཟོས་མ་ཐག་ན་ན། གང་ན་ཡང་བད་ཀན་ཡིན་ཏེ། བྲང་རྒྱབ་ཚ་ལ་སྟོང་སྒྲེགས་འོང༌། རྐེ་དང་ཕོ་ཁ་གདེངས་ཤིང་ན། ཟས་མི་འཇུ། དེ་ལ་སྐྱུགས་བཏང་ངོ༌། །ཟས་འཇུ་བའི་བར་ལ་ན་ན། མཁྲིས་པའི་ནད་ཡིན་ཏེ། ལུས་ལྕི། མགོ་བོ་འཁོར། མིག་རིབ། མུན་དུབ་དང་ཆུ་དུབ་ལྡང༌། རོ་སྟོད་གཟེར་ཞིང་དབུགས་མི་བདེ། དེ་ལ་བཤལ་གཏང་ངོ༌། །ཟས་ཞུ་བའི་རྗེས་ལན་བ་ནི། རླུང་གི་ནད་ཡིན་ཏེ། གློ་སྙིང་མི་བདེ། རྣ་བ་ཟུག་ཅིང་ན། གཉིད་མི་ཕེབས། ཁོང་ལྕི། ཁ་ནས་ཆུ་འཛག ཁ་ཟས་ཟོས་ན་ཕན་པ་སྙམ་བྱེད། དྲོད་བཤལ་བྱ། ཆང་དང་བཅུད་གཏང༌། རླུང་གསང་བསྲེག་གོ །མ་ཞུ་བ་ནི་ཟས་གང་མ་ཞུ་བ་དེ་རང་ཟོས་ན་ཁྱད་པར་དུ་ནའོ། །ཕྱེ་མ་ཞེས་བྱ་བ་སྨན་གང་དགོས་སོ་སོའི་ཚད་དང་ལྡན་པར་བྱས་ལ། བུངས་ཆེ་བར་བྱ། དེ་རྩི་བཞིན་དུ་བཏགས་ལ། གའུ་གཙང་མར་བླུགས་ལ་གཏང༌། ཁྲག་མཁྲིས་ཅན་ལ་ཆུ་གྲང་གིས་བསིལ་སྨན་དབུལ། བད་ཀན་ལ་ཆུ་སྐོལ་ལམ་ཆང་གིས་དབུལ། གློ་བ་ལ་ཤིང་མངར་གྱི་ཁུ་བས་དབུལ་ལོ། །ཁ་ཆུས་མི་བཤལ། ཁ་རས་ཀྱིས་ཕྱིའོ། །དེ་ནས་མལ་ཆས་བྱིབས། རྔུལ་བའམ་འདར་ཕྲིལ་གྱིས་བྱུང་ན་ཚུགས་པ་ཡིན་ནོ། །རིལ་བུ་ཞེས་བྱ་བ། སྨན་གང་སྦྱོར་ཡང་སྔ་མ་བཞིན་བཏགས་ལ་མགོ་སྡུད་དང་གཉིས་སྦྲུས་ལ་མུར་རོ། །ལྡེ་གུ་ཞེས་བྱ་བ། སྨན་གང་སྦྱོར་ཡང་སྔ་མ་བཞིན་བཏགས་ལ་ལྡེ་གུའི་གྲོགས་མར་ལ་སོགས་པ་དུལ་ལ་མ་ཚིགས་པར་བྱས་ལ་འཁྱགས་སུ་ཆ་བ་ལ་སྦྱར་རོ། །ཁུ་བ་ཞེས་བྱ་བ་ནི། རུས་པ་དང་སྨན་བསྐོལ་བའི་ཐང་ཡིན་ནོ། །དེ་ཡང་སྨན་བུངས་ཆེ་ཆུང་གིས་ཆུ་རན་པར་བྱས་ལ། ཆུ་སུམ་གཉིས་སུམ་ཆ་ལུས་ཙམ་དུ་བཙགས་ལ་གྲང་དྲོ་རན་པ་ལ་གཏང༌། གྲང་ཐང་ནི་ཁྲམ་ཁྲུམ་བརྡུངས་ལ་ཁུ་བ་ཐོན་པ་བགྲུངས་ཏེ་བཙགས་ལ་གཏང་ངོ༌། །སྨན་མར་ཞེས་བྱ་བ་ནི། ཆུ་སྐྱོན་བཞིས་མ་གོས་པ། བ་ཚ་མེད་པ། མ་རུལ་བ། བསྐོལ་གྲང་དུ་མ་སོང་བ། ཁྲོན་པའི་ཆུ་མ་ཡིན་པ་ལ་སྦྱོར་བའི་སྨན་རྣམས་བཙོས་ལ། ཁུ་བ་ལན་གསུམ་གདོན། དེ་དང་འོ་མ་དང༌། འབྲི་མར་རྣམས་གདུས་ལ། ཆུ་ཆོད་དྲགས་ན། སྨན་འཚིག མ་ཆོད་ན་འཇུ་དཀའ་པས། རན་པའི་ཚད་ནི། ཐབ་ཏུ་གཏིགས་པས་སོབ་མི་ཟེར་བར་མེ་འབར། ཚིགས་མ་དྲིལ་དུ་བཏུབ་པ་དང༌། མཛུབ་མོས་ཚུགས་ན་ཆུ་ཆོད་པ་ཡིན་ནོ། །སྦྱོར་བ་དེ་ནི་འོ་མས་སྣ་རིང་བར་བྱེད། ཆུས་ཁང་ཚོས་པར་བྱེད། མར་གྱིས་བཅུད་ལེན་པར་བྱེད། མངར་གྱིས་སྙོམས་པར་བྱེད། དཀྲུགས་པས་འཇུ་སླ་བར་བྱེད་དོ། །འཁྱགས་སུ་ཉེ་ཙམ་ན་ཁ་ཚར་རྣམས་བཏབ་ལ་ཆོད་པར་དཀྲུགས། དེ་ནས་ལུག་ཐང་ཚེར་གྱི་སེར་བ་རུས་ཙམ་རེ་གཏང༌། རྗེས་ལ་ཆུ་མི་བཏུང༌། གྲང་དུ་མི་གཞུག སྤྱོད་ལམ་གནོད་པ་གཞན་ཡང་བསྲུང་ངོ༌། །དེས་གྲང་རླུང་ལས་གྱུར་པའི་ནད་དང༌། ཁྱད་པར་དུ་མིག་ནད་སེལ་ལོ། །བཤལ་དང༌། སྐྱུག་དང༌། འཇམ་རྩི་དང༌། ནི་རུ་ཧ་དང༌། སྣ་བཤལ་རྣམས་ནི། ལས་ལྔ་ཞེས་བྱ་བ་ཡིན་ནོ། །དཔྱད་ལྔ་ཞེས་བྱ་བ། རླུང་ལ་ཡོས་དུགས་ཅན། འབའ་ཆ། རུས་པ་སྣུམ་རྣམས་དཀྲིས་ལ། ཉིན་མོ་དུགས་བྱས་ལ། མཚན་མོ་དགྲོལ། མཚན་མོ་བྱས་ན་ཉིན་མོ་དགྲོལ་ལོ། །ཚད་པ་གསར་བ་དང༌། གམ་འཁྲུགས་གསར་བ་ཐམས་ཅད་ལ། ཆུ་ཡི་ནང་དུ་ཞུགས་པ་དང༌། གྲང་དུགས་ཕན་ནོ། །ཚ་བ་གླང་ཐབས་ལ། ཆབ་བྲམ་དང༌། གྲོད་པ་ཆུས་བཀང་བའི་དུགས་བྱ། གྲང་བའི་ནད་ལ་ཚ་ལྟོ་དང༌། བསྐུ་མཉེ་དང༌། སོ་ཕག་གི་དུགས་བྱའོ། །ལུམས་ཞེས་བྱ་བ་སྨན་གྱི་ནུས་པ་བ་སྤུར་སོང་བས། ནང་གི་ནད་ཐམས་ཅད་འཇོམས་པ་ཡིན་ཏེ། རློན་ཞིང་ཁུ་བ་ཡོད་པ་ཞིག་དགོས་སོ། །ལུམས་ཟིན་ནས་དལ་བུས་མཉེའོ། །ལུམས་ལེགས་ན་ཁོང་དྲོ། ལུས་འཇམ། ན་ཚ་མེད་པར་འགྱུར་རོ། །མེ་བཙའ་ནི་མེའི་དྲོད་ཀྱིས་ཁྲག་དང་རླུང་དྲོས་པས་ཞི་བ་ཡིན་ནོ། །གཏར་ག་ནི་ནད་སྒོ་རུ་འབྱིན་པའོ། །གྲང་བ་ལ་གཏར་ན་མཆིན་ཁྲག་ཕོ་བར་ལྷུང་ནས་གྲང་བ་ལ་བྱས་ཏེ་དེའི་རྟགས་ནི། ཕོ་བ་གཟེར་གྱིས་གང་བ་དང༌། བསྡམས་ཏེ་ན། སྐོམ་དད་ཆེ། དགྱེ་དགུ་མི་ཤེས། ཕོ་བ་གྲིམས་ལ་ཚ་ལམ་ལམ་བྱེད། ལྡང་དུབ་འོང༌། སྐེ་བཀུག་ནས་གསུས་པ་ལ་བལྟ་མི་ཤེས། ཟས་ཡི་གར་མི་འོང༌། ཡང་ཁྲག་ལམ་ཆད་པའི་ཚ་བ་ནི། གཏར་ག་དྲགས་པས་ཚ་བ་མ་ཞི་བར་ཁྲག་ཟད་དེ། རྩ་ནང་གི་རྒྱུ་བ་ཆད་པ་ཡིན་ནོ། །དེའི་རྟགས་ནི། ལུས་མདངས་ཉམས། གང་ན་ཆ་མེད་པར་ལུས་ཐམས་ཅད་ཁྱབ་པར་ན། དབུགས་རྒོད་དོ། །དེ་རྩ་སྤུབས་སྟོང་པ་ཞེས་བྱ་བའི་ནད་ཡིན་ཏེ། གཏར་མི་རུང༌། ཟས་ཡང་ལ་བཅུད་ཡོད་པ་དང༌། སྨན་བསིལ་སྨན་གཏང་ངོ༌། །གྲང་ཡང་མི་བསྲེག་པ་ནི། ནད་གྲང་བ་ཡིན་ཡང་གཉིད་ཆེ་ལ་ཁོང་ལྕི། དྲན་པ་མི་གསལ། ཕོ་བ་ལྟེ་མ། མཆིན་དྲི་ཁ་སྐོར་དང༌། རོ་སྟོད་གཟེར། མགོ་བོ་ན་ལ་གདོང་པ་སྣུམ་པ་ལ་བསྲེག་ཏུ་མི་འདོད་དོ། །བཟང་ཁྲག་དབྱུང་བ་ནི། ངལ་དུབ་དང་དྲག་ཤུལ་བྱས་ནས། ཆང་ངམ་ཆུ་འཐུངས་བས། གློ་བའི་རྩ་སྦུབས་སུ་སོང་བས་ན། གློ་ཆུ་ཤོར་ཞེས་བྱའོ། །དེའི་རྟགས་སུ་གློ་ལུ། རྡུལ་ཁ་སྙི། གློ་སྙིང་མི་བདེ་ལ་དབུགས་རྒོད། དེ་ལ་བཟང་དྲུག་དང༌། བ་ལེ་ཀ་དང༌། ཙན་དན་དཀར་དམར་དང༌། སེ་འབྲུ་དང༌། ཤིང་མངར་རྣམས་ཀ་ར་ལ་སྦྱར་ལ་གཏང༌། རྩེའུ་ཆུང་གཉིས་གཏར་རོ། །མཆིན་པ་ཆུ་ཤོར་ནི། །ས་རློན་ནམ། གྲང་སར་ཉལ་བས། མཆིན་པ་ཞུ་འཁྱགས་སུ་སོང་བས། ལུས་ལྕི། ལྡང་དུབ་ཏུ་ན། ཕོ་སྟོད་ལྕི། སྐབས་སུ་འཁྲུའོ། །དེ་ལ་རུ་ཐུང་གཏར། མཆིན་པའི་ཁྲག་བཤལ་གཏང་ངོ༌། །མཚེར་པ་ཆུ་ཤོར་ནི། ཁོང་པ་སྦོ་ཞིང་འཁྲོག སྟོང་སྒྲེགས་འོང༌། །དེ་ལ་རྒྱ་ཚ་དང༌། ཚ་ལ་མར་ལ་བརྫིས་པ་གཏང༌། བཤལ་བྱ། ཕོ་མཚེར་གྱི་གསང་བསྲེག་གོ །མཁལ་མཆུ་ཤོར་ནི། མཁལ་མའི་དྲོད་འཆོར། མཁལ་རྐེད་མན་ཆད་སྦྲིད་ཅིང་ན། དེ་ལ་ལོང་རྩ་དང་བྱིན་གཞུག་གཏར། རྐང་མཐིལ་རྡོ་ཚན་གྱི་དུགས་བྱ། འབྲས་བུ་གསུམ་གྱི་སྨན་གཏང༌། མཁལ་མའི་གསང་བསྲེག དེ་རྣམས་སྨིན་དུ་གཞུག་མི་དགོས་ཏེ། མྱུར་དུ་གཏར་བས་ཆོག་གོ །ཆུ་ལ་བརྟག་པ་ནི། མི་རྒན་པོའི་ཆུ་ནི་སྦུ་བ་དཀར་པོ་འོང༌། དར་མའི་ཆུ་ནི་སེར་ལ་དངས་པར་འོང༌། བྱིས་པའི་ཆུ་ནི་སྔོ་སྐྱ་དངས་པར་འོང༌། ནད་ཚ་བ་ཡིན་ཡང་ཇ་དང༌། དར་བ་དང༌། སིངས་པོ་མང་པོ་འཐུངས་ན་སྐྱ་བོར་འོང༌། །ནད་གྲང་བ་ཡིན་ཡང༌། ངལ་དུབ་དྲག་པོ་དང༌། མེ་དང་ཉི་མས་བསྲོས་པ་དང༌། སྐོམ་པས་ཡུན་རིང་དུ་མ་འཐུང་ན་དམར་སེར་དུ་འོང༌། ལྟ་བའི་ཐབས་ནི། སྣོད་མི་གཙང་བར་མི་བལྟ། སྐོམ་བག་མེད་འཐུང་ན་མི་བལྟ། རླངས་པ་ཡལ་ནས་མི་བལྟ། ནད་ཀྱི་བྱེ་བྲག་གི་དམིགས་བསལ་བསྟན་པ་ནི། རླུང་ནད་ཀྱི་ཆུ་དཀར་བ་དང༌། ཀུ་ཡ་དམར་སྐྱ་བ་དང༌། གྲང་ཞིང་རླངས་པ་ཆེ་བ་དང༌། འོང་བ་མི་ཚོར་བ་དང༌། ཟས་ངན་པ་ཟོས་པ་དང༌། གྲང་ན་ཆུ་ཁ་སྙི་བའོ། །ཚད་པའི་ཆུ་ནི། སེར་བ་དང༌། དམར་བ་དང༌། དུད་ཀ་དང༌། སྔོ་ལྗང་དང༌། རེག་ན་ཚ་བ་དང༌། ཀུ་ཡ་ཆེ་བ་དང༌། ཚིགས་མ་གནག་པའམ། ཁམ་པར་འོང་བའོ། །སྣག་ཚའམ་དུད་ཁུ་འདྲ་བ་བྱུང་ན། ཚ་བ་རུལ་བ་ཡིན་པས་འཆིའོ། །གྲང་བའི་ཆུ་ནི། རླུང་དང་འདྲ་བ་ལས། རླངས་པ་ཆུད་ལ་རེག་ན་མི་ཚ་བའོ། །ཁ་དོག་ཇི་ལྟར་བྱུང་ཡང༌། ཟ་ཁུར་འཛག་ན་མཁལ་མ་ལ་རྡེའུ་ཡོད་དོ། །རྒྱས་པར་གཞན་དུ་བལྟའོ། །ད་ནི་ཟས་བཅོས་བསྟན་པར་བྱ་སྟེ། མཁྲིས་པ་ལ་བཤུལ་ཤ་མཐའ་དག་དང༌། སྒོག་པའི་རིགས་ཐམས་ཅད། ཟ་དང་སྣེའུ་ལ་སོགས་པ་སྔོ་ངད་ཐམས་ཅད་དང༌། ཤ་རྙིང་མར་རྙིང་ཐམས་ཅད་སྤང་བར་བྱའོ། །སྐམ་ཤ་དང༌། ཤ་བ་དང༌། གཉན་ཤ་དང༌། ཁུར་ཚོད་དང༌། གཡེར་མ་དང༌། གོ་སྙོད། བ་རའི་མར་གསར་པ་རྣམས་བསྟེན་ནོ། །བད་ཀན་སྨུག་པོ་ལ། བཤུལ་ཤ་མཐའ་དག་སྤང༌། རྒོད་གཡག་གི་ཤ་མཆོག་ཏུ་བསྔགས། རྔ་བྲན་ཤ་ཡང་མི་སྟོ། །སྲན་མའི་ཚོད་མས་ཕན། རི་དྭགས་ཀྱི་ཤ་ཐམས་ཅད་མི་སྟོ། །ལོ་བཤུར་དང༌། ཡོས་དང༌། ཡོས་ཆང་སྤང་ངོ༌། །བད་ཀན་སྐྱ་བོ་ལ། སྣུམ་ཁུར་དང༌། གྲོ་ཆང་དང་གྲོ་ཡོས། བསིལ་ཤ །ར་ཤ །རུལ་སུངས། སྲན་མ། གཡེར་མ། གོ་སྙོད། སྐྱུར་པོ། ལོ་བཤུར། ཤ་རུལ། མར་རྙིང་སྤང་ངོ༌། །བསྟེན་པ་ལ་རྒོད་གཡག་གི་ཤ །དྲོད་ཤ །ནས་ཆང༌། བཙོང་སྒོག་ཀྱང་མི་སྟོའོ། །རླུང་ལ་དྲོད་ཤ་དང༌། བུ་རམ་དང༌། ཆང་དང༌། སྒོག་པ་དང༌། ལྒ་དང༌། ཤིང་ཀུན་དང༌། བཤུལ་ཤ་དང༌། སྣུམ་ལ་ལྕི་བ་རྣམས་བསྟེན་ནོ། །བསྐུ་མཉེ་བྱའོ། །སྤང་བ་ནི་བསིལ་ཤ་ཐམས་ཅད་དང༌། གཡེར་མ། གོ་སྙོད་དང༌། སྲོད་ཐོ་རངས་ཀྱི་འགྲོ་འདུག་དང༌། ར་ཤ་དང༌། ཡུངས་ཐུག་དང༌། ལུས་པ་གྲང་བ་རྣམས་སྤང་ངོ༌། །སྙོམས་པའི་ཟས་བཅོས་ནི། གླ་བ། དགོ་བ། རྣ་བའི་ཤ་རྣམས་སྙོམས་པ་ཡིན་ནོ། །བྱང་ཁོག་སྟོད་དུ་མཚོན་ཕོག་པ་ལ། བསིལ་ཤ་དང༌། བསིལ་བའི་ཟས་མཐའ་དག་བསྟེན། དྲོད་ཀྱི་ཤ་དང༌། ཟས་མཐའ་དག་སྤང་ངོ༌། །གློ་ནད་ཅན་ལ་རྔ་བྲན་གྱི་ཤ་དང༌། གཡུང་དང༌། གྲོ་ཆང་མཆོག་ཏུ་བསྔགས་སོ། །ནས་ཆང་གསར་འཇམ་མི་སྟོ། ཤིང་ཀུན་དང༌། གཡེར་མ་དང༌། དྲོད་ཤ་དང༌། བཤུལ་ཤ་མཐའ་དག་སྤང༌། ཆང༌། ལྒ། ཚ་སྐྱུར་དང༌། ཤ་རུལ་དང༌། ཕྱ་སུངས་དང་དྲག་ཤུལ་མཐའ་དག་སྤང༌། དུད་པ་ལ་མི་སྡོད། འགྲམས་ཀྱི་གློ་ལ་གཏར་ག་བསྔགས། སྐམ་གློ་ཐངས་པོ་ལ་གཏར་ག་བསྔགས་སོ། །དམུ་ཆུའི་བཟས་བཅོས་ལ། ཚ་ཆུ་གྲང་ཆུ་གཉིས་ལས། ཆུ་མདོག་དམར་པོར་འོང་ན། ཚ་ཆུ་ཡིན་པས་བསིལ་གྱི་ཤ་དང༌། ཟས་བསིལ་བ་བསྟེན། གྲང་ཆུ་ལ་བ་མར་གསར་པ་དང༌། རྒོད་ཤ་ལ་སོགས་པ་དྲོད་ཤ་དང༌། དྲོད་ཀྱི་ཁ་ཟས་བསྟེན། བསིལ་ཤ་དང༌། བསིལ་ཟས་མཐའ་དག་སྤང༌། སྲིན་ནད་ལ་ར་ཤ་དང༌། སྐམ་ཤ་སྤེལ་ལ་གཏང་ངོ༌། །འབྲས་གསོ་བ་ལ་འབྲས་ཀྱི་འབྱུང་ས་ངན་པ་ནི། བྱིན་དཀྱིལ་དང༌། མཇིང་བ་གཡས་གཡོན་དང༌། ཆུ་བ་མང་ས་དང༌། སྣའི་ཀྲུང་ཀྲུང་ལ་བྱུང་ན་གསོ་དཀའོ། །སོག་པ་དཀར་པོ་ལ་བྱུང་ན་གསོ་རུ་མི་བཏུབ་བོ། །བྱུང་ས་བཟང་བ་ནི། འགྲམ་རུས། བྲང་རུས། རྩིབ་མའི་མགོ་རྣམས་སོ། །དེ་ལ་བ་བླ་དང༌། ལྡོང་རོས། མུ་ཟི། མཚལ། གུ་གུལ་ནག་པོ་རྣམས་བྱིས་པའི་ཆུས་སྦྱངས་ལ་བྱུག སྟེང་དུ་ཤོག་སྦྱིན་གླན། ཞག་གཉིས་ནས་བལྟས་པས་སྔར་ལྟར་མ་འགྱུར་བར་འདུག་ན་འབྲས་ཡིན། འགྱུར་ན་སྐྲང་འབུར་གཞན་ཡིན་ནོ། །ཁམས་རུས་ལེན་ལ། གསེར། མུ་ཟི། གཡེར་མ། སྦྲང་རྒོད་བྱིས་པའི་ཆུས་སྦྲུས་ལ། པར་བུའི་ནང་དུ་བླུགས་ལ། ཁ་ཤོག་བུས་བཅད། འདག་པ་ལ་མེ་གཏང༌། དེའི་སྟེང་དུ་ས་སོར་བཞིས་དགབ། དེའི་སྟེང་དུ་ལྕི་མེ་སུམ་ཡར་དུ་གཏང༌། དེ་ནས་སྨན་དེ་བཀྲུས་པས། རུས་པའི་སྐྱོན་འགོག་གོ །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། འདུ་བ་སྤྱིའི་རྣམ་གཞག སྒྲོན་མ་གསལ་བ་ཞེས་བྱ་བའི་ལེའུ་རྫོགས་སོ།།  །།འདུ་བ་ལ་བརྒྱ་སྨོས་སྟོང་སྨོས་ཀྱང༌། དྲིལ་ནས་ལག་ཏུ་ལེན་པ་ལ་དེ་ལས་མེད་པ་ཡིན་གསུང་ངོ༌། །མན་ངག་འདྲིལ་མ་ཤེས་ན། བྱ་སྤུ་རླུང་གིས་གཏོར་བ་དང་འདྲའོ། །བླ་མ་རྗེ་བཙུན་པའི་གདམས་པའོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱང་ཁོག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་གདམས་ངག་འདི་ལ་གཉིས་ཏེ། མཆིན་དྲི་ཡན་ཆད་བྱང་ཁོག་སྟོད་ཡིན་ལ། མན་ཆད་བྱང་ཁོག་སྨད་ཡིན་ནོ། །སྟོད་ལ་མདའ་དང་མཚོན་ཕོག་ན། རྡོལ་མ་རྡོལ་གྱི་ཕུག་འཚོལ་གཏང་མི་རུང་ངོ༌། །མཚོན་ཕྱུང་མ་ཐག ཚིལ་བུས་ཁྲག་འཆད་དོ། །དེ་ལ་ཕུག་འཚོལ་བཏང་ན། ཁྲག་དང་ཆུ་སེར་ནང་དུ་འཆོར་རོ། །དེ་ཡང་གློ་བའི་མ་ལ་ཕོག་མ་ཐག་ཆང་གསར་པ་དང་དོམ་མཁྲིས་སྦྱར་ལ་གཏང༌། གཏར་ག་མས་འཛག་ཏུ་བྱ། རྩེའུ་ཆུར་ཁ་དབྱེའོ། །རྒྱབ་ཏུ་ཕོག་ན་གློ་བའི་ཟུར་རྩ་གདབ། མདུན་དུ་ཕོག་ན་གློ་བའི་ཨ་སོ་གདབ་བོ། །སྙིང་ལ་ཕོག་ན་འཕྲལ་ལ་འཆི། འཕྲལ་དུ་མ་ཤི་ན་སྙིང་བརྡུངས་ནས་བརྒྱལ་བ་ཡིན་པས། བུད་མེད་ནུ་ཞོ་དྲོད་མོ་ཁར་བླུགས་ལ་རྣ་བར་ཀུས་གདབ། སྙིང་གར་ཆུ་ལྕག་བརྡེག བརྒྱལ་བ་སངས་པ་དང༌། ཙནྡན་དང༌། སྙིང་ཞོ་ཤ་དང༌། གླ་གོར་ཞོ་ཤ་དང༌། ཛཱ་ཏེ་དང༌། ཨ་རུ་ར་རྣམས་བཏགས་ལ་ཆུ་གྲང་དང་སྦྱར་ལ་ལྟོར་གཏང༌། སྙིང་དཀར་ནག་གི་མཚམས་སུ་མེ་བཙའ་བསྲེག རྐང་པའི་མཐེ་བོང་གཉིས་ཀྱི་གཞུང་དང༌། རྐང་མཐིལ་གྱི་གཉེར་མ་རིང་པོ་རྣམས་བསྲེག་གོ །ཟས་བཅོས་སྙིང་སྣ་ཚོགས་གཏང་ངོ༌། །མཆིན་པའི་དཔྱད་ལ། མཆིན་དྲི་དཀར་པོ་ལ་ཕོག་ན་སྐད་ངན་འོང༌། མིག་བར་སྣང་དུ་བལྟ། རྐང་པ་གཡོབ་ཅིང་ས་ལ་བརྡེག ལག་པ་གཡོབ་ཅིང་བྲང་བརྡུང༌། མི་སྦོ་བར་སྒྲེགས་པ་འོང༌། མིག་བཙུམས་སྙིང་འདོད། འོ་དོད་འབོད་པའི་ཚུལ་བསྟན། ཚིགས་པ་བརྒྱད་པ་བསྲེག དོམ་མཁྲིས་དང་རའི་འོ་མ་སྦྱར་ལ་གཏང༌། ཕྱི་ནན་ལ་རྟ་ཁྲག་དང༌། ལྒང་པ་དང༌། བག་ཕྱེ་སྦྱར་ལ་བྱ། གོ་སྙོད་དང༌། གཡེར་མའི་སྐམ་ནན་བྱ། ཟས་བསིལ་དྲོད་ཁྲེའུར་གཏང༌། བུད་མེད་ཀྱིས་གཡོག་མི་བྱ། དེས་ཐུབ་བོ། །མཆིན་དྲི་ནག་པོ་ལ་ཕོག་ནས་རྩ་ཆོད་ན་ཁྲག་ནག་པོ་གཅིག་འོང༌། མགོ་ལྕི། མིག་འཛུམས་ཐག་རིང༌། མཆིན་རྩ་མཆོད་ན། ཁྲག་དམར་པོ་འོང༌། རྩེའུ་ཆུང་བསྣོལ་ལ་གདབ། སྒྱིད་ཁུང་པའི་དཀྱིལ་དུ་བསྲེག ཆུ་འགག་སྲིད་པས་ཆུ་སྨན་གཏང༌། སྐབས་སུ་བུ་རམ་དང༌། སིངས་པོ་སྦྲགས་ལ་གཏང༌། སྤྱི་གཙུག་དང་རྐང་མཐིལ་དུ་བསྐུ་མཉེ་བྱ། མཆིན་པའི་དཔྱད་ལ། མཆིན་པ་ལ་བརྒྱབ་ན་དེ་མ་ཐག་ཏུ་འཆི། མཆིན་པ་བརྡུངས་ན་མིག་དམར་པོར་འགྲོ་བས། དེ་ལ་མཆིན་པ་ཁྲག་གི་མཚོ་ཡིན་པས་རྩ་སྒོ་བཞི་པོ་གཏར། ཚིགས་པ་དགུ་པ་དང༌། བཅུ་པ་དང༌། མཚོག་མའི་གསང་བསྲེགས། བཟང་དྲུག་གཏང༌། བ་ཞོ་དང་ར་འོ་བསྐོལ་བ་གཏང༌། སྐབས་སུ་ཤ་གསར་གྱི་ཚོ་ཁུ་གཏང༌། ཤ་བ། གླ་བ། ལ་སོགས་པ་ཆེ་ཕྱུགས་སྣ་ཚོགས་པའི་མཆིན་པ་གཏང༌། འཇམ་དུགས་བྱའོ། །མཚེར་པ་བཅོས་པའི་ཐབས་ལ། མཚེར་པའི་དབྱིབས་ནི་ཁུར་ལེབ་དང་འདྲ་སྟེ། ཁ་ཆག་ལ་ཕོག་ན་འཆི། དེའི་རྟགས་ལ་སྙིང་འདར་ལ་ལུས་སྤྲིད། ཕོ་བ་སྦོ། རྩ་འགག ཁ་འཛུམས་མི་ཤེས་ཏེ་བཅོས་སུ་མེད་དོ། །མཚེར་བའི་སྲབ་མོ་ལ་ཕོག་ན་དྲག་ཏུ་སྤོ། །རྐང་ལག་གཡོབ། ཉེ་འཁོར་ལ་བལྟ་ཞིང་འཆི་བས་འཇིགས་པས། བཅོས་པ་ཤིན་ཏུ་དཀའ་སྟེ། མཚེར་རྩ་གཏར། གོ་སྙོད་ཀྱི་ཐང་གཏང༌། ཚིགས་པ་བཅུ་གཅིག་པའི་གསང་བསྲེག ལུག་གི་ཚིལ་བུ་དང༌། ཡོས་དུགས་བྱ། མོད་ལ་ཟས་དྲོད་ལ་དབབ་བོ། །ཕོ་བ་བཅོས་པའི་ཐབས་ལ། ཕོ་བ་ལ་དཀྱུས་སུ་མཚོན་ཕོག་ན་འཆི། འཕྲེད་ལ་ཕོག་ན་འཚོ། ཕོ་བ་རྡོལ་ན་མི་སྦོ་ལ་བཙན་ན་སྦོ། ཞག་གསུམ་དུ་ལྟོ་དགུག རུ་ཐུང་གཏར། བུ་རམ་དང་ཀ་ར་སྦྱར་ལ་འཇམ་བཤལ་དུ་གཏང༌། སྤྱིར་ན་ཕོ་བ་དྲོད་ཀྱིས་བཅོས་ཏེ། ལུག་ཤ་གསར་པ་གཏང༌། རྨ་རྩི་དྲོད་ཅན་འོ་མ་དང་སྦྱར་ལ་གཏང༌། ཐང་གཏང་དུ་མི་རུང༌། སྲོག་པ་རྩ་ལ་ཕོག་ན། བཅོས་པའི་ཐབས་མེད། སྲོག་པ་རྩ་བཞེར་བས་ཉེན་པའི་རྟགས་ནི། སུག་བཞི་རེངས་ནས་ལག་པས་ས་ལ་འབྲད། ཁ་རུ་ས་འདེབས་པའི་ཚུལ་སྟོན་ཏེ། བཅོས་ཐབས་ནི་ཚིགས་པ་དྲུག་པ་ཁ་གསུམ་དུ་བསྲེག ཡོབ་ཆེན་གོང་འོག་གཉིས་དང༌། སྒྱིད་ཁུང་གཉིས་བསྲེག སྙིང་ཞོ་ཤ་དང༌། ཨ་རུ་ར། ཕ་འོང་གི་དྲེག་པ་སྔོན་པོ་དང༌། ཀ་ར། ལི་ཤི། འོ་མ་ལ་སྦྱར་ལ་གཏང༌། སྦྲང་རྩི་དང༌། སྒོ་ངའི་སེར་ཐིག བྲག་ཞུན་རྣམས། གླང་དང༌། རའི་ལྕི་བ་ལ་སྦྱར་ལ། ཚིགས་པའི་གཞུང་དུ་ནན་བྱ། དེས་ཐུབ་བོ། །མཁལ་མའི་དཔྱད་ལ། མཁལ་མ་རང་ལ་ཕོག་ན། ཉེན་ཆུང་སྟེ། དེའི་གསེབ་ཀྱི་རྩ་ལ་ཕོག་ན་འཆི། རི་བོང་གི་རིལ་མའི་དུགས་བྱ་སྟེ། མཁལ་ཚིལ་ཧ་ཅང་དྲོས་སུ་མི་གཞུག ཞུ་ན་འཆི། འཁྱགས་ན་ཡང་བམ་ནས་འདྲུལ་ལོ། །རྩ་ཉམས། མིག་བཟློག ཆུ་འགག དབུགས་སྡོམ། རྐང་པའི་རྟིང་པ་ལ་འཛུགས་སྙིང་འདོད། རྣ་བས་མི་ཐོས་སོ། །དེ་ལ་ཡོབ་ཆེན་གོང་འོག་གི་རྩ་གཏར། ཚིགས་པ་དགུ་པ་དང་བཅོ་ལྔ་པའི་གསང་བསྲེག ལུག་གི་ཚིལ་བུ་དང་སློའི་ལུམས་བྱ། དེས་ཀྱང་མ་བདེ་ན། རྟ་ཚོན་པོའི་ཟེ་རྔོག་བྲེགས་ལ་ཆང་གར་མའི་གསེབ་ཏུ་བཙོ། དྲོད་རན་པར་བྱས་ལ། མཁལ་མ་གཡས་གཡོན་ལ་གླན། དེའི་སྟེང་ནས་སྦང་མ་སྐམ་པོའི་དུགས་བྱ། མཁལ་མ་ཆུའི་ཁམས་ཡིན་པས། མྱུར་དུ་ཟས་དྲོད་ལ་དབབ། མདུན་ནས་དུགས་མི་བྱའོ། །རྒྱུ་མ་བཅོས་པའི་ཐབས་ལ། མིའི་རྒྱུ་མ་ཐུན་གསུམ་དུ་ཡོད་དེ། འཕྲེད་གཏུབས་སུ་སོང་ན་འཆི། དཀྱུས་སུ་སོང་ན་མི་འཆི་སྟེ། རྒྱུ་མ་ལ་ཕོག་པའི་རྟགས། འདུག་མི་ཚུགས། ཕོ་བ་སྦོ། ཕོ་མཚན་ལ་ཡང་ཡང་འཇུ། འཕོངས་སུ་མཛུབ་བུ་འཛུད། འཕོངས་ནས་ཁྲག་ཅུང་ཟད་ཡོང་ངོ༌། །དེ་ལ་བཤལ་གཏང་དུ་མི་རུང༌། ཁོང་དུ་དོམ་མཁྲིས་གཏང༌། རྒྱབ་ན་དུགས་མི་དྲག་པ་བྱ། སྦང་མའི་གར་པོ་ལ་བུ་རམ་བཏབ་ལ་གཏང༌། འོ་མ་ལ་མཁྲིས་ཆེན་བཏབ་ལ་གཏང༌། དེས་ཐུབ་བོ། །ལོང་བཅོས་པ་ལ། ལོང་གི་སྨད་ལ་སོང་ན་འཆི། སྦོ་རུ་ཡང་ཡང་འོང༌། འཇམ་བཤལ་བག་གཅིག་གཏང༌། ལན་གསུམ་བཞི་བཤལ་བའི་རྗེས་ལ། ལུག་ཤ་གསར་པའི་ཚོ་ཁུ་ཁྱོར་རེ་ཙམ་སུམ་ཡར་དུ་གཏང༌། སྨན་རྗེས་ཞག་གསུམ་ཙམ་བསྲུང༌། ཚ་བ་སྐྱེས་ཀྱང་ཐང་གཏང་དུ་མི་རུང༌། ལོང་རྩ་དང་ཡོབ་ཆེན་གོང་འོག་གཏར་རོ། །གཉེ་མ་བཅོས་པ་ལ། གཉེ་མ་ལ་ཕོག་ན་འཆི་ཉེན་ཡོད་པས། རྟགས་ནི་ལོང་ནས་སྐད་ངན་འདོན། ཁ་ནས་སྲིན་བུ་དམར་པོ་སྐྱུག བཅོས་ཐབས་ཞག་གསུམ་དུ་སྐམ་བསྲི། མར་གསར་པ་གཏང༌། ཟས་དྲོད་ལ་དབབ། དེས་ཐུབ་བོ། །བྱང་ཁོག་གི་གསོ་ཐབས་ཁྱད་པར་ཅན་བསྟན་ཟིན་ཏོ། །སྙིང་རྩ་སྟོད་ནི་གསེར་ལས་བྱས་ཏེ་མཉེན། སྨད་ནི་ལྕགས་ལས་བྱས་ཏེ་གྱོང༌། སྟོད་ལ་སྙིང་རྩ་གཅིག་ཡོད་དེ། སྙིང་རྩ་གསེར་གྱི་སྲོག་རྟེན་བྱ་བ་ཨོལ་གོང་དང་མིད་པའི་བར་ན་ཡར་རྟ་རྔ་ཙམ་ཅིག་ཡོད་དེ། དེ་ཆོད་ན་ཟས་མི་འདོད། སྐོམ་དད་ཆེ། ཞག་གསུམ་མམ་བཞི་ནས་འདར་དུ་བྱུང་ན་ཞག་བདུན་ནས་ངེས་པར་འཆིའོ། །སྙིང་རྩ་གསེར་གྱི་ཐང་ཤིང་གཉིས་ནི། ནུ་མ་ནས་ནང་དུ་མཚོན་གང་བཅལ་བ་ན་བྲང་གི་གཞུང་རུས་གྲུ་བཞི་ནང་ན་ཡར་ལ་ཐང་ལ་ཁབ་བཏུད་པ་བཞིན་ཡོད་དོ། །སྙིང་རྩ་གསེར་གྱི་མཚོ་མོ་ཞེས་བྱ་བ་གཉིས་ནི། གྲུ་མོའི་ནང་ཁུག་ན་ཡོད་དོ། །སྙིང་རྩ་གསེར་གྱི་ཟམ་པ་ཞེས་བྱ་བ་གཉིས་ནི། བལྟ་རྩ་གཉིས་ཡིན་ཏེ། དེ་ཆོད་ན་མདངས་འཆོར། མིག་གྱེན་ལ་བཟློག སྙིང་གའི་རྩ་ཐམས་ཅད་ནི་འཕར་མི་ནུས་ཏེ། དེ་བཅོས་པའི་ཐབས་ནི། རྩའི་ཡར་སྣ་མར་སྣ་བསྲེག རྩེ་ཆུང་གཏར། ཙནྡན་དཀར་པོ་གཏང༌། ག་པུར་གསུམ་པ་གཏང༌། སྙིང་ཞོ་ཤ་དང་དོམ་མཁྲིས་གཏང༌། ཞག་བརྒྱད་དང་དགུ་ལ་ཁྲག་གིས་མ་བོར་ན་གསོ་རུ་འདོད། སྙིང་རྩ་འཁྱམ་བུ་གཉིས་མཁྲིག་མའི་ཟུར་ཆུ་བ་དང་རྒྱུས་པའི་བར་ན་རྒྱུ་སྟེ། ཆོད་ན་ཁྲག་གིས་བོར་ཏེ་འདར་ཞིང་སྐྲངས། མཆན་འོག་འཕར་རྩ་བསྲེག སྙིང་རྩ་གསེར་གྱི་འབུར་བུ་བྱ་བ་གཉིས་མཐེབ་མཛུབ་བར་ན་ཡོད་དེ། སྨད་ལ་སྙིང་རྩ་བརྒྱད་ཡོད་དེ། སྙིང་རྩ་ལྕགས་ཀྱི་སྲན་མ་ཞེས་བྱ་བ་གཉིས་ནི། གློ་བུའི་ནང་གི་འགུལ་རྩ་ཡིན་ཏེ། དེ་ཆོད་ན་རྩ་འཕར། ཁྲག་མི་ཐུབ། བྱིན་པའི་ནང་ཡུལ་ལོང་བུའི་སོར་དྲུག་གོང་དུ་བསྲེག གཏར་སྲེག་གཞན་ཚོད་དང་སྦྱར། བཅོས་པ་ཉེས་ན་མ་ཤི་ཡང་ཐེང་པོར་འགྲོའོ། །སྙིང་རྩ་ལྕགས་ཀྱི་ཁྱི་མོ་ཞེས་བྱ་བ་གཉིས་ནི། ཡོབ་ཆེན་གྱི་གོང་ན་སྲམ་རྩེ་ལ་འཁྱུད་ནས། ཁྱི་ཉལ་བ་ལྟར་གནས་པས། དེ་ཆོད་ན་འཕྲལ་དུ་འཆིའོ། །སྙིང་རྩ་ལྕགས་ཀྱི་ཀ་བ་ཞེས་བྱ་བ་གཉིས་ནི། པུས་མོའི་མར་སྣ་ནས་མར་ཆག་གང་བཅལ་བ་ན་ཡོད། དེ་ཆོད་ན་རྨེན་བུའི་རྟགས་འབྱུང༌། རླབ་རྡོལ་འོང༌། དེ་ལ་ན་སར་རྨེན་བུ་བསྲེགས་པས་ཐུབ་བོ། །སྙིང་རྩ་ལྕགས་ཀྱི་མཆོག་མ་གཉིས་ནི་སྒབ་ཁུང་ན་ཡོད་དེ། དེ་ཆོད་ན་ལག་པ་སྦྲིད་ལ་འདེགས་མི་ཤེས། གདོང་བར་ཁྲག་འཕུང༌། མུར་གོང་གི་འཕར་རྩ་ཆད་ན་རྩ་དེ་རྣམས་མྱུར་དུ་གཏར་རོ། །གློ་རྩ་གཉན་པོ་བསྟན་པ་ནི། དཔུང་པའི་ཟུར་ནས་མཆན་ཁུང་དུ་ཆག་གང་བཅལ་བ་ན་ཡོད། གློ་རྩ་ཁུག་པ་བྱ་བ་ཡོད་དེ། དེ་ཆོད་པའི་རྟགས་སྐད་ངན་འཇམ་ལ་ཟས་མི་འདོད། མིག་སེར་ལ་ཚ་བ་སྟེ། གཉིད་ཆེ། ཟུག་གཟེར་ཆེ། གློ་བའི་སྦུབས་སུ་རྣག་དང་ཆུ་སེར་འཆོར་བའི་རྩ་ཡིན་པས། དེ་ལ་ཏིག་ཏ་དང༌། པར་པ་ཏ་དང༌། བ་ཤ་ཀའི་ཐང་གཏང་ངོ༌། །གློ་རྩ་འགྲེང་བུ་བྱ་བ་ནུ་མ་དྲང་པོ་ནས་སྒྲོག་རུས་པའི་འོག་ཏུ་འགྲོ་སྟེ། དེ་ཆོད་ན་ནང་དུ་ཆུ་སེར་འབབ་མི་ནུས། ནད་མི་སློང་སྟེ་གློ་ཅུང་ཟད་འོང༌། གློ་རྩ་བསྣོལ་མ་ཞེས་བྱ་བ། ནུ་མ་ནས་ཕར་མཚོན་གང་འཇལ་བ་ན་སྒྲོག་རུས་ཕན་ཆད་རྒྱུ་བ་དེ་གློ་བའི་རྩ་ཡིན་ཏེ། དེ་ཆོད་ན་བྲང་དང་སོག་དབྲག་གཟེར། སྔས་དམའ་ན་ཉལ་མི་ཤེས་པར་གློ་འོང༌། དེ་ལ་རྩའི་ཡར་སྣ་མར་སྣ་བསྲེག་ཅིང་གཏར། བསེ་རུ་བདུན་པ་བཏང་སྟེ། བསེ་རུ། གུར་གུམ། ཅུ་གང༌། བ་ལེ་ཀ སུམ་ཅུ་ཏིག ག་པུར་རོ། །ཚིགས་པ་ལྔ་པ་ནས་ཕན་ཚུན་མཚོན་རེ་འཇལ་བ་ན་གློའི་རྩ་ཡོད། མཆན་འོག་གྲུ་མོའི་བཀུག་མཚམས་ནས་རྒྱབ་ངོས་སུ་ཆག་གང་བཅལ་བ་ན། གློ་རྩ་མགོ་རྡུམ་བྱ་བ་ཡོད་དེ། དེ་ཆད་པའི་རྟགས། ཐལ་གོང་སྐྲངས། ནུ་མའི་འོག་ཏུ་གཟེར་འབྱུང༌། སྦྲིད་པ་མངལ་ཕྱིའི་ཤ་སྐྲངས། བྱད་སྣུམ་ཞིང་བད་ཀན་སྐྱུགས། དཔྱད་མ་བྱས་ན་ཆུ་སེར་དང་ཚ་བ་ནང་དུ་འཁྲིད་པའི་རྩ་ཡིན་ནོ། །སོག་པའི་འདབ་ནས། ཆག་གང་བཅལ་བ་ན་རྩིབ་མ་ཞེ་གསུམ་ཡོད་དེ། དེ་ན་གློ་རྩ་སུར་ཡ་ག་དོར་བྱ་བ་ཡོད་དེ། དེ་ཆོད་ན་རྟག་ཏུ་ཁ་ནས་གློ་ཁྲག་འོང༌། དེ་ལ་རྩའི་ཡར་སྣ་མར་སྣ་བསྲེག དཔུང་པའི་རྩ་གཏར། ནང་དུ་ཆུ་སེར་འཆོར་བའི་དོགས་པ་ཡོད་དོ། །གློ་རྩ་སྔོན་མོ་ཞེས་བྱ་བ། སོག་པའི་མེ་ལོང་གི་དཀྱིལ་ན་ཡོད་དེ། རྩའི་དབྱིབས་ནི་རྟ་རྔ་ཙམ་གཅིག་སྦྲུལ་ལམ་བཞག་བཞིན་གནས་ཏེ། དེ་ཆོད་དམ་བཞེར་བའི་རྟགས། ལུས་པོ་ལྕི་ལ་བྱད་ནག་ཅིང་གློ་འོང༌། ཚད་པ་སྐྱེ། དེ་ལ་ཕོག་ན་རུས་པའི་ནད་དང་བཅས་ནས་འཆི། ཆུ་སེར་ནང་དུ་འཆོར་ཏེ། དེ་བཅོས་ཐབས་ག་པུར་བདུན་པ་བསྟེན། གློ་རྩ་རྐྱང་པ་ཀུན་གཏར། བསེལ་ཐང་དྲག་པོ་ཀུན་གཏང་ངོ༌། །དེ་རྣམས་ནི་གློ་རྩ་གཉན་པ་ཡིན་ཏེ། རྩ་བྲན་གཞན་ཡང་མང་དུ་ཡོད་དོ། །མཆིན་པའི་རྩ་ནི་ཤ་བའི་རྭ་ལྟར་རྒྱས། མཚེར་པའི་རྩ་ནི་སྐྲ་ཤད་འཛིངས་པ་དང་འདྲ་སྟེ། ལུས་ཐམས་ཅད་ལ་ཁྱབ་པས་སྨོས་ཀྱི་མི་ལང༌། མཁལ་མ་ལ་ཕོག་ན་སྐྱིགས་བུ་བཏུད་མར་འོང་ཞིང༌། ཟུག་གཟེར་ཆེ། དྲི་ཆུ་བསྡམས་ཏེ་བཅོས་ཐབས་མེད། ཞག་གཉིས་བཞིན་འཆི། ཕོ་བ་ལ་ཕོ་རྩ་འགྲེང་བུ་བྱ་བ་གཉིས་ཡོད་དེ། མིད་པ་དང་འབྲེལ་ནས་ཨོལ་མདུད་པའི་ནང་དུ་འགྲོ་བས། དེ་ཆོད་ན་ཕོ་བ་སྦོ། སྒྲེགས་པ་ཡོང་བས། མཚོག་སྒོ་བསྲེག་གོ །ཕོ་བའི་ཐེར་ལ་མཚོན་སོང་ན། བཅོས་མི་དགོས་སོ། །རྫེམས་ལ་མ་སོང་ན། རྩམ་པ་ཁ་ལེ་བྱུང་ཡང་མི་འཆི། མཁྲིས་པ་མཆིན་པའི་དབུས་ན་གནས་ཏེ། དེ་ལ་སོང་ན་སྣོད་ཀྱི་དོན་སྣོད་ཡིན་ཏེ། བཅོས་པའི་ཐབས་མེད་དོ། །ལུས་པོ་སེར་ལམ་གྱིས་སོང་ནས་ཁར་རྩང་བརྒྱབ་པའི་དུས་ན་འཆི། ལོང་ལ་སོང་ན་ཡང་རྨ་ཁར་མཁྲིས་པ་འོང༌། འཕོངས་སུ་བྱུང་ན་བཅོས་མི་དགོས། ལོང་གི་རྫེམས་ལ་སོང་ན་ཞག་བཞིའམ་ལྔ་ན་འཆི། ལོང་གི་གཉེ་མ་ལ་སོང་ན་སྐད་ངན་འཚེར་ཞིང་དུད་ཁུར་སྐྱུགས་ནས། ཞག་བདུན་ནས་འཆི། བསམ་སེའུ་བྱ་བ་མིང་ཡོད་ལ་གཟུགས་མེད་པ། དཔེར་ན་ཆུ་ཟླ་དང་འདྲ་སྟེ། དོན་སྙིང་རྣམ་པ་ལྔ་ལ་དབང༌། སྣོད་རྣམ་པ་དྲུག་ལ་གཏོགས་ཟེར། ཟས་ཟོས་པ་བཅུད་དུ་འགྱུར། སྐོམ་འཐུངས་པ་ཁྲག་ཏུ་འགྱུར། ངོ་བོ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་བཞག་གོ །ཁ་གཅིག་ན་རེ་ཁྲག་ཡིན་ཟེར། ཁ་གཅིག་ན་རེ་སྲོག་རྩ་ཡིན་ཟེར། ཁ་གཅིག་ན་རེ་ཤ་ཤ་རྨེན་བུ་ཡིན་ཡང་ཟེར། དེའི་གསང་ཚིགས་པ་བཅུ་གསུམ་པ་ཡིན་ཏེ། ལུས་སྤྱི་ཁྱབ་པའི་གསང་ཡིན་ནོ། རྒྱུ་མ་ལ་སོང་ནས་ཆད་ན་མི་འཚོ། བཤང་གཅི་དང་དབུགས་རང་གི་གནས་འོང་ན་ཐེ་ཚོམ་མེད་པར་འཆི། རྒྱུ་མ་ལུག་ན་དང་པོ་ཆུས་བཀྲུ། དེ་ནས་བའི་འོ་མས་བཀྲུས་ལ། མར་གསར་གྱིས་བསྐུས་ལ། དྲོད་ཕབ་ལ་ཁ་རུ་སྒྲོ་བཅུག་ལ་སྐྱུག་ཏུ་བཅུག དེས་མ་སོང་ན། རྐང་པའི་འོག་ཏུ་གཏན་པ་བཅུག་ལ། སྟེང་དུ་ཐོ་བ་འཕྱར་ལ་རྐང་པ་བཅག་དོགས་བྱས་ལ། དེས་བསྡིགས་ཏེ། དེས་ཚུད་ངེས་སོ། །རང་རང་གི་གནས་སུ་མ་སོང་ན་འཁྲུགས་ནས་འཆི། ནང་དུ་སོང་ནས་ནང་གི་པགས་པ་རྟ་དཀར་པོའི་རྒྱུས་པ་བངས་པར་སྤངས་ལ། མི་སྒྲིལ་བར་བཙེམས། བར་དུ་བཅད་འབྱོར་དང༌། སྨན་བཟང་པོ་དང༌། དོམ་མཁྲིས་ལ་སོགས་པ་གདབ། ཕྱིའི་པགས་པ་དར་སྐུད་དམ་པོར་མི་བཙེམས། ལྷོད་དེ་བྱས་ལ། རྨ་ཁ་དར་གྱིས་བཅད། ཚིལ་བུ་དྲོན་མོས་རྒྱུ་ཞབས་ཁེབས་པར་བྱ། དེ་ནས་རས་བལ་མར་ལ་བཙོས་པ་གླན། རྒྱུ་ཞབས་ཁེབས་པའི་ཕྱིང་བ་སྲབ་ལ་མཁྲེགས་པ་གཏང༌། རོ་སྨད་ཤམ་བུས་བཅིངས། གན་རྐྱལ་དུ་བསྙལ་ལ་ཡན་ལག་སོ་སོར་བརྐྱང་ལ་ཞག་བཅུ་གཅིག་དགྱི་དགུ་མི་བྱ། བླ་འོག་མི་བསྒྱུར། དེ་ནས་ཡན་ལག་ཆ་ཡིས་བསྐུམ། བཅོ་ལྔ་ནས་ལུས་ཆ་ལ་དབབ། ཉེར་གཅིག་ནས་བསླངས་ལ་ཟས་སྐོམ་རན་པར་བཟའོ། །བྱང་ཁོག་སྨད་དུ་རྣག་ཁྲག་ཤོར་བ་མ་ཚོར་ན། ཟས་སྐོམ་བཏང་བས་ཁོང་སྦོ་བའམ། ཆུ་འགགས་པའམ། འཁྲུ་བའམ། ཟུག་གཟེར་ཆེ་ན་ཁྲག་ངན་ནང་ན་ཡོད་པའི་རྟགས་ཡིན། དེ་ལ་ལོང་རྩ་གཉིས་གཏར། ནི་རུ་ཧ་གཏང་ངོ༌། ཕྱིའི་རྨ་བཅོས་ནི། རས་བལ་མར་དུ་བཙོས་པ་དང༌། རྨ་ཁ་སྤང་མས་ནོན་པར་གཏང༌། ཕྱིའི་རྨ་དཀྲིས་རས་མ་སྡིག་པ་འདྲ་བ་གཅིག་བྱས་ལ། རྭ་གཉིས་ཀྱིས་རྐེད་པར་བསྐོར། མཇུག་མ་རིང་དུ་བྱས་ལ་མར་བསྐོར་རོ། །རྣག་ཞུགས་པ་ལ་སླ་ངར་ཆུ་དང་བག་ཕྱེ་སྦྱར་ལ་ལུག་ཞོ་ཙམ་མེ་ལ་བསྲོས་ལ་རྨ་ལ་བསྐུ། དེའི་ཐོག་ཏུ་རི་བོང་གི་སྤུས་མནན། དེའི་སྟེང་དུ་བག་ཕྱེས་མནན། རྨའི་ཐད་ཀར་ཧར་མིག་བྱའོ། །བྱེར་བ་ཀུན་གྱི་རྨ་བཅོས་པ་ཡིན་ནོ། །བཤུལ་ཤའི་རྨ་ལ་བྲག་ཞུན་དང༌། བུ་རམ། བག་ཕྱེ། ཞོ་ལ་སོགས་པའི་སྐམ་ཆས་བྱའོ། །སྦང་མ་བཏབ་ན་བཤུལ་ཤ་འདྲུལ་ལོ། །ལྟག་ཤའི་རྨ་ལ་གར་པོ་དང་མཁན་པ་ཚགས་བྱས་ལ་བཙགས་ལ་སྤོས་དང་མར་ནག་བསྲེས་ལ། སླ་ངར་བསྲོས་ལ་ལྟག་ཤ་འཁྲོས་པ་ལ་གཏང་ཏེ། ཨ་སྤངས་པའི་ནན་བྱའོ། །སྤྱིར་མཆིན་དྲི་ཡན་ཆོད་སྟོད་ཀྱི་རྨ་ལ་སྐམ་ཆས་དང་བསིལ་གྱིས་བཅོས་ཏེ། ཆུ་རྩའི་ཕྱི་མ་ཞོ་དང་སྦྱར་ལ་བྱུག་གོ །སྨད་ཀྱི་རྨ་ཐམས་ཅད་གར་པོ་ལ་སྦོད་བཏབ་པ་དང༌། རེ་བ་ལ་མར་དུ་བཙོས་པ་གཏང་ངོ༌། །མདོར་ན་སྟོད་ཀྱི་རྨ་ལ་བསིལ་ཆས་བྱ། སྨད་ཀྱི་རྨ་རྣམས་དྲོད་བཅོས་བྱའོ། །སྤྱིར་བྱང་ཁོག་སྟོད་དུ་མཚོན་ཕོག་ནས་ཕྱི་རུ་ཁྲག་གཏན་མ་བྱུང་ན་ཕལ་ཆེར་འཆི་སྟེ། གཏར་ཀྱང་ཁྲག་མི་འབྱུང་ངོ༌། །སྟོད་ཀྱི་ཟས་བཅོས་ནི། སྤྱིར་ཡང་བསིལ་དང་སྐོམ་རྩི་བཏང་སྟེ། རའི་མར་གསར་དང༌། དྲུས་ཐུག་དང༌། དར་བ་གསར་པ་དང༌། བ་ཞོ་གཏང་ངོ༌། །སྨད་ལ་ཞོ་དཀྲུགས་དང་ཟན་དྲོན་གཏང༌། གྲང་བ་ཆེ་ན་ཚོ་ཁུ་གཏང༌། ཕོ་བ་དང༌། རྒྱུ་མ་ལ་ཆང་གསར་འཇམ་གཏང༌། སྤྱིར་སྨད་ལ་ཟས་དྲོད་ཅན་དང་འཇམ་པ་གཏང་ངོ༌། །རླུང་གི་རྣག་གཞུག་མ་ཆོད་ན། ཨ་རུ་རའི་འབྲི་རྐང་གཏང༌། གྲང་བས་མ་ཆོད་ན་དྲོད་སྦྱོར་དང༌། སྣག་གསོད་གཏང༌། ཚད་པས་མ་ཆོད་ན། བསེ་རུ་དང༌། གྭ་དོར་གཏང༌། རྩའི་རྣག་ལ་ཐལ་སྨན་གཏང༌། ཐིགས་སྡོད་ལ་མུ་ཟིའི་སྦྱོར་བ་མིན་པས་མི་སྐེམས་སོ། །རྣག་དཀར་ལ་འཇམ་ན་གསོ་བ་སླ། ཆུ་དངས་ན་གསོ་རུ་འདོད། མཚལ་མདོག་འདྲ་ན་བླ་རྩ་ཆད་པས་སྤོང་ངོ༌། །དེ་ཡང་ཞག་ལྔ་ཚུན་ཆད་ཁྲག་གི་དུས། བཅུ་གཅིག་ཚུན་ཆད་ཆུ་སེར་གྱི་དུས། དེ་ལས་འདས་ན་རྣག་ཏུ་འགྱུར་རོ། །དང་པོ་ཆུ་སེར་གྱི་དུས་སུ། ཆུ་སེར་ནག་པོ་རོལ་དུ་གསོད་པ་ཞེས་བྱ་སྟེ། བསེ་རུ་དང༌། ཤ་བའི་གྭ་དོར་བཞུར་བ་དང༌། ག་པུར་དང༌། ཅུ་གང༌། བ་ལེ་ཀ ཏིག་ཏ། བ་ཤ་ཀ རྒུན་འབྲུམ། སུག་སྨེལ། མཚལ། དོམ་མཁྲིས། ཙནྡན་དཀར་པོ། ཀ་རར་སྦྱར་ཏེ། ཆུ་གྲང་གིས་ཕུལ་ལ་ཁྱེ་སུས་ལ་བཏང་ན། ཆུ་སེར་རོལ་དུ་གསོད་པའི་མཆོག་ཡིན་ནོ། །སྨན་དང་ཟས་མི་འཛོལ་བར་གཏང་ངོ༌། །ནད་པ་སྲོག་གི་མདངས་ཉམས་པ་དང༌། ལུས་ཟུངས་ཤོར་བ་དང༌། ཚད་པ་འབར་བ་ནི་འཆི་བའི་རྟགས་སོ། །དབང་པོ་འཁྲུལ་པ་དང༌། ཡན་ལག་འདར་བ་དང༌། མིག་འབྲས་གྱེན་ལ་བཟློག་པ་ནི་འཆི་བའི་རྟགས་ཡིན་ནོ། །མདོར་ན་དོན་སྙིང་ལྔ་དང༌། སྣོད་གཉེན་པོ་དྲུག་ལ་བཅོས་པའི་ཐབས་མེད་དོ། །དེ་རྣམས་བཞེར་བ་དང༌། བརྡུངས་པ་དང༌། ཉེན་པ་རྣམས་བཅོས་སུ་འདོད་དོ། །རྣག་ངོས་མ་ཟིན་ན། གང་དགོས་པའི་སར། ཆུས་ཁ་ཕྲུ་བཏབ་ལ་ཉི་མ་ལ་བསྲོ། རྣག་དང་ཆུ་སེར་གང་ན་ཡོད་པ་བ་སྤུ་ཉལ་ལོ། །དང་པོ་ཁོང་གི་ཚད་པ་གདར་ཤ་བཅད་པའི་སྨན་ནི། ག་པུར། ཅུ་གང༌། བ་ཤ་ཀ བསེ་རུ། དོམ་མཁྲིས་རྣམས་མེད་ཐབས་མེད་པའི་སྨན་ལྔ་ཡིན་ཏེ། ཀ་ར་དང་སྦྱར་ན་བཏང་བས་ཚད་པ་གདར་ཤ་ཆོད་དོ། །གློ་སྐམ་རྟག་ཏུ་འོང་བ་ལ། སྐྱེས་པའི་ལག་པ་གཡས་ཀྱི་མཐེབ་གཉིས། བུད་མེད་ཀྱི་གཡོན་བསྲེགས་ན་ཕན་ནོ། །གློ་བ་ལ་རྣག་འོང་བ་ལ། དབྱི་མོང༌། རྒྱ་ཚ། པོ་སོན་འཆའ། ཚ་བ་གསུམ་ཀར་སྦྱར་ཏེ་བཏང་ན་རྣག་སྐྱུགས་ཏེ། འཕྲལ་དུ་བན་ནོ། །ཐུར་མའི་དབྱིབས་ནི། གློ་སྙིང་གི་ཐུར་མ་ནས་འདྲ་བ། མཆིན་པ་དང༌། མཚེར་པའི་ཐུར་མ་ཁ་ལེབ་སྦལ་མགོ་འདྲ་བ། བཤུལ་བའི་ཐུར་མ་ཆུ་གྲི་ལྟ་བུར་སྲབ་པར་བྱ། ཚིགས་ཐུར་ཁབ་འདྲ་བར་བྱ། དམུ་ཆུའི་ཐུར་མ་སྨྱུ་གུ་ཁ་ཕྲ་ལ་གསང་བའོ། །མགོ་བོའི་ཐུར་མ་སོག་ཁའོ། །མིག་ཐུར་སོར་ལྔ་བྲ་བོ་འདྲ་བའོ། །དེ་ནས་བྱང་ཁོག་གི་གསང་ལེགས་པོར་ཕྱེ་ལ། རྨ་ཁ་སྐྱེད་པའི་སྐྱེད་ཐེམས་ཤུ་དག་དང་ཡུངས་མ་གཞུག སྡོམ་ཐེམས་དར་མན་གྱིས་བྱ། འཕྲུལ་ཐེམས་ཉ་རེ་དང༌། སྒྲོ་རྩ་དང༌། གྲོ་ག་གསུམ་ལས་བྱ་སྟེ། མཆོག་གྲོ་ག་ཡིན་ནོ། །རྣག་ཤ་གཅོད་པའི་སྨན་གཏང༌། འཚོ་བའི་དུས་འཆར་ལུགས་གཅིག་བྱུང་ནས། སྔོ་ལོ་འབུས་པ་དང༌། རྩ་སྐམ་ཐག་ཆད་ནས། འཁྱག་པ་ཆམ་ཆམ་འཆད་དུས་གཅིག་ཡིན་ནོ། །བྱང་ཁོག་ནས། དཔྱད་ཀྱིས་ཁྲག་རྡོལ་ན། མཁྲིས་པ་སྣ་ཚོགས་ཁོང་དུ་གཏང་ངོ༌། །བསྡུ་བའི་རྣག་གི་ཁ་དོག་རྒྱ་སྐྱེགས་ཀྱི་ཁུ་བ་འདྲ་ན། ཟླ་བ་གསུམ་ན་འཆིའོ། །དོན་སྙིང་གི་འོ་མ་ལུས་ཕྱེད་ཀྱི་རྟེན། སྲོག་ཕྱེད་ཀྱི་གནད་མཆིན་པ་ལ་ཐུར་མ་ཐད་དུ་སྤངས་ཏེ། གལ་ཏེ་མཚོན་ཕོག་ན་ཡང༌། རྐང་ལག་སྡུད་མི་ཤེས། ཁ་སྣ་ནས་ཁྲག་འོང་སྟེ། ཟན་གཅིག་བཟའ་རན་ན་འཆིའོ། །མཆིན་པའི་ཡོལ་བ་མཆིན་དྲི་ལ་ཕོག་ན་ཆུ་མ་བུ་འདྲེ། སྲིད་པའི་སུམ་འཁྲུགས་ཞེས་བྱ་སྟེ། སྟོད་ཁྲག་སྨད་དུ་ལྷུང་ནས་འཆིའོ།།  །།མཁལ་མ་ནི་སྲོག་པ་རྩའི་དཔྱང་རྡོ། །དོན་སྙིང་གི་ཐེན་ཐག་ཡིན་ཏེ། ཐུར་མ་ཐམས་ཅད་དུ་སྤང༌། མཚོན་ཕོག་ན་ཡང་བོང་བྲེང་གིས་བཏང་ནས་ལུས་ཀྱོག་པོར་སོང་ནས་འཆིའོ། །སྤྱིར་ནད་ལྡོག་པའི་དུས་ནི། མགོ་བོའི་ཞག་བཅུ་གསུམ་ཡིན། སྐེའི་ཞག་དགུ་ཡིན། བྱང་ཁོག་སྨད་ཀྱི་ཞག་བཅོ་བརྒྱད། ཚིགས་གཞིའི་ལྡོག་དུས་ཞག་གྲངས་གཅིག་ཡིན། ཚིགས་ཁོལ་བུའི་ཞག་ལྔ་ཡིན། གདམས་ངག་འདི་ནི་ཆུའི་ནང་ནས་ལན་ཚྭ་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་བྱང་ཁོག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ལེའུ་རྫོགས་སོ།།  །།འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་གདམས་པ་འདི་ལས་འཕྲོས་པས་བྱང་ཁོག་ལ་མིང་བཏགས་པ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་ཀྱང༌། འདིར་འདུས་པ་ཡིན་གསུང་ངོ༌།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚད་པ་བཅོས་པའི་གདམས་ངག་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་འདི་ལ་ལྔ་སྟེ། མ་སྨིན་པའི་ཚ་བ་ཆུ་ལྟར་རྙོག་པ་དང༌། རྒྱས་པའི་ཚ་བ་མེ་ལྟར་འབར་བ་དང༌། སྟོངས་པའི་ཚ་བ་མདའ་ལྟར་གཟེར་བ་དང༌། གབ་པའི་ཚ་བ་མུན་ལྟར་གཏིབས་པ་དང༌། རྙིང་པའི་ཚ་བ་རྩི་ལྟར་ཞེན་པའོ། །དང་པོ་ཆུ་ལྟར་རྙོག་པ་ནི། མ་སྨིན་པའི་ཚད་པ་སྟེ། གྲང་ཤུམ་བྱེད། ཚིགས་གཞི་ན། ཟ་ཟི་མང༌། མེ་དང་ཉི་མ་འདོད། སེམས་ལས་ཆེ་བའོ། །དེ་ནི་རླུང་དང་བད་ཀན་གྱི་དུས་སུ་སྨིན་དུ་མ་སྟེར་བའོ། །ནད་དྲག་པོ་དང་མཁྲིས་པ་ཤས་ཆེ་བ་དང༌། ནམ་ཟླ་སྟོན་གྱི་དུས་དང༌། ཁ་ཟས་དྲོད་ཅན་ཟོས་པ་དང༌། སྤྱོད་ལམ་དྲག་ཤུལ་བྱས་ན་སྨིན་པ་སླའོ། །མ་སྨིན་པར་སྨིན་པ་བྱ་བ་ནི། འབྲས་བུ་གསུམ་གྱི་ཐང་དང༌། སྐྱུ་རུ་རའི་ཚིག་ཐང་དང༌། མ་ནུ་བཞི་ཐང་གིས་སྨིན་པར་བྱའོ། །སྨིན་པའི་རྟགས་ནི། སྔར་གྱི་རྣམས་ཆད་ནས་གཟེར་དུ་འདྲིལ་ནས་འོང་སྟེ། སྙིང་ལ་ཟས་བསིལ་བ་འདོད་པ་དང༌། རྩ་འཕར་དམའ་ལ་གྲིམས་པ་དང༌། ཆུ་མདོག་དམར་པོར་འོང་བའོ། །དེ་ལྟར་སྨིན་པ་དེ་ལ་སླེ་ཏྲེས་ཀྱི་ཐང་གིས་ནད་དྭངས་སྙིགས་དབྱེ། བསིལ་གྱི་ཐང་བཏང་ཞིང་རྩ་རྣམས་གཏར་རོ། །སྨིན་པའི་དུས་སུ་ཞག་གྲངས་ལ་ངེས་པ་མེད། དཔེར་ན་ནད་སྨིན་པ་ནི། ཆུ་རྙོག་པ་དྭངས་པ་དང་འདྲའོ། །ནད་མ་སྨིན་པར་གཏར་ན། ཟུག་གཟེར་སླར་ལ་སྐྱེའོ། །ལ་ལ་ཤེས་པ་བྱིངས་ནས་འགྲོ། ལུས་ཀྱི་ཟུངས་འཛད། ཚ་བ་རྙོག་པ་ཡིན་པས་ཆུ་སེར་སྐྱེ། སྲོག་འདོར་ཏེ། ནད་ཁྲག་དང་ཟུངས་ཁྲག་ཆུ་མ་འདྲེས་པ་ལྟར་གྱུར་ནས། སྨན་པས་ཚ་གྲང་གང་ཡང་ངོ་མི་ཤེས་ཏེ། དེ་ལ་འཇམ་ཐང་གཏང༌། ཁ་ཟས་དྲོད་ཅན་གྱི་བཅུད་ལ་བསྡུས་ལ་དེ་ནས་གཏང༌། བསིལ་སྨན་གཏང༌། ཁ་ཟས་བ་ལང་གི་ཤ་གཏང༌། བྱུག་པ་བག་རེ་ཡང་བྱའོ། །རྒྱས་པའི་ཚ་བ་མེ་ལྟར་འབར་བ་ནི། ལུས་ཀྱི་དཔྱད་ལ་དྲག་ཤུལ་དང༌། རྒྱུ་འཁྲུགས་པ་དང༌། རྩ་འཁྲུགས་པ་དང༌། དྲག་ཤུལ་བྱས་པས་རླུང་སྐྱེས་ནས། རླུང་གི་ཁྲག་ཆུར་གྱུར་པ་དང༌། ཆང་འཐུངས་ནས་མེ་དང་ཉི་ཚན་ལ་གཉིད་ལོག་པ་དང༌། མདོར་ན་དྲག་ཤུལ་གྱི་ལས་མི་འཚམ་པ་བྱས་པས་འཇུག་པ་ཡིན། དེ་ལ་ཁྲག་དང་མཁྲིས་པ་གཉིས་ཚ་བ་ཡིན་པར་དོན་གཅིག་སྟེ། རྒྱས་ན་ཡང་རྒྱས་པར་མཐུན། སྟོངས་ན་ཡང་སྟོངས་པར་མཐུན་ནོ། །འདི་ཡི་རྟགས་ནི་སྤྱི་དང་མཐུན་པ་ལས། ཁྱད་པར་དུ་རྩ་དྲག་ལ་མཁྲང་བ་དང༌། གཟེར་མི་འཕོ་བར་ཐོང་ངེ་ཡོད་པ་དང༌། ཆུ་དམར་བ་དང༌། ཁྲག་ལ་རྣག་དང༌། མཁྲིས་པ་ལ་ཆགས་པ་དང༌། དབུགས་རྒོད་ལ་ལུས་ཀྱི་དྲོད་ཆེ་བའོ། །དེ་ལ་དང་པོ་བསིལ་ཐང་བཟང་པོས་ཁྲག་རྣམས་རྩ་རུ་བསྡུས་ལ། རོ་སྟོད་ན་ན་སྟོད་ཀྱི་རྩ་རྣམས་གཏར། མགོ་བོ་ན་ན་དཔྲལ་བའི་གསེར་མདུང་གཏར། སྙིང་ལ་སྙིང་གི་ཨ་སོ་གཏར། གློའི་ནད་ལ་རྩེའུ་ཆུང་དང་སྒང་རྩ་གཏར། ཕོ་བ་དང་མཆིན་པ་ན་ན་སྣོད་ཁ་དང་རུ་ཐུང་གཏར། མཁལ་མ་ན་ན། ལོང་རྩ་དང་བྱིན་གཞུག་གཏར། ལོང་ལ་ཡང་ལོང་རྩ་གཏར། བསིལ་སྨན་ཅི་རིགས་པ་གཏང་ངོ༌། །དེ་ཡང་རྩའི་རྒྱལ་པོ་རྩེའུ་ཆུང་དང༌། སྨན་གྱི་རྒྱལ་པོ་ག་པུར་ལ་བརྟེན་ནས། རྒྱས་པའི་ཚ་བ་ཐོག་བབས་སུ་བསད། རྩའི་བློན་པོ་གློ་རྩ་གལ་མདོ་དང༌། སྨན་གྱི་བློན་པོ་ཅུ་གང་གུར་གུམ་ལ་བརྟེན་ནས་ཚ་བ་རྐྱང་ཁྲིད་དུ་བསད། རྩའི་ཕྱག་ཚང་བ་མཁྲིས་རྩ་དང༌། སྨན་གྱི་ཕྱག་ཚང་བ་ཏིག་ཏ་ལ་བརྟེན་ནས་ཚ་བ་ཟག་བཅད། གོ་རིམ་དེ་ལྟར་མ་བཅོས་ན། ལུད་པ་སེར་པོར་འགྲོའོ། །སྤྱོད་ལམ་གསེང༌། ཉིན་པར་དང་སྲོད་ལ་གཉིད་བསྲུང༌། ཤེས་པ་གསེང༌། ཟས་དྲོད་བག་བསྲུང༌། ཆབ་ཆེ་དང༌། དར་བ་ཆུས་བསླད་པ་དང༌། རའི་འོ་མ་སྐོལ་གྲང་དང༌། ཁུར་མའི་ཚོད་མ་གཏང་ངོ༌། །ན་ཚོད་རྒན་པ་དང༌། རླུང་ཤས་ཆེ་བ་རྣམས་ལ། སྐམ་ཤ་དང་བསིལ་ཤ་གཏང་ངོ༌། སྙིང་ལ་ཚད་པ་ཁམ་ཆེན་བྱུང་ན། བསིལ་སྨན་འཚོགས་ཚད་དང༌། བཤལ་གྱིས་བཅོས། ཆུ་བཞི་ཡང་བསྟེན་ནོ། །ཡེན་ལ་གཏད་པ་ཟས་ཀྱི་ཆུ་དང༌། རྩ་འདྲེན་བ་ཁྲག་གི་ཆུ་དང༌། བསིལ་སར་སྡོད་པ་སྤྱོད་ལམ་གྱི་ཆུ་དང༌། བསིལ་དགུ་བསྟེན་པ་སྨན་གྱི་ཆུ་རྣམས་བསྟེན་པས་ཚད་པ་བྱང་བའི་རྟགས་རྣམས་འབྱུང་སྟེ། དེ་ནས་ཁ་ཟས་རིམ་གྱིས་ཀློད་དོ། །ཚད་པ་བྱང་བའི་རྟགས་ཁ་ཟས་འཇུ་སྟོབས་ཆུང་བ་དང༌། སྔར་གྱི་གོས་ཀྱིས་མི་དྲོས་པ་དང༌། གདོང་པ་སྐྱ་སེང་ངེ་འོངས་པ་དང༌། ཆུ་ཡང་སྔོ་དྭངས་འོངས་པ་དང༌། ཉི་མས་མི་སྡང་ཙམ་ན་ཚད་པ་ཟད་པ་ཡིན་པས་ཁ་ཟས་ཀློད། ཚད་པ་བྱང་བའི་རྟགས་ཁ་ཟས་ཟོས་པའི་རྗེས་ལ། ཟས་ཀྱིས་ཚད་པ་ལྡང་མི་ནུས་ཏེ། དཔེར་ན་ཐལ་ཚན་གྱི་དྲོད་དང་འདྲ། བསིལ་སྦྱོར་དྲགས་པས་ཉེས་པ་བསྐྱེད་པའང་ཡོད་དེ། དེ་བས་ན་ཞུས་འཁྱགས་པར་གྱི་སྨན་པ་ནི་རྒྱུན་ཤེས་བུ་དང་འདྲ་ཡང་གཟབས་གསུང་ངོ༌། །སྟོངས་པའི་ཚད་པ་མདའ་ལྟར་གཟེར་བ་བཅོས་པ་ནི། གཞི་རླུང་ཤས་ཆེ་བ་ལ་ལུས་ངག་ཡིད་ཀྱི་ལས་ཆེས་པ་དང༌། སྐད་མཐོན་པོས་བོས་པ་དང༌། ཆོ་ཇེ་དྲག་པོས་བཏབ་པ་དང༌། ཡིད་ཀྱིས་མྱ་ངན་དྲགས་པ་དང༌། སེམས་ལས་ཆེན་པོ་བྱས་པ་དང༌། མི་མཐུན་པའི་བསམ་མནོ་སྐྱེས་པ་ལས་འབྱུང༌། གཞན་ཡང་འཁྲུགས་ཆུང་ངུ་དང༌། རིམས་ཕྲ་མོ་ལ་གཏར་ག་དང༌། བསིལ་སྨན་དྲགས་པ་ལས་འབྱུང་ངོ༌། །ཡང་ན་གོང་གི་ཚད་པ་རྒྱས་པའི་ཚ་བ་བཅོས་རྡུགས་དྲགས་པའི་རྗེས་ལ་ཡང་འབྱུང་ངོ༌། །ཡང་གཞི་རླུང་དུ་ཡོད་པ་ལ་ག་པུར་དང་བསིལ་སྨན་དྲགས་ན་གཟེར་ནད་དྲག་པོ་འབྱུང་སྟེ། དེའི་རྟགས་ལུས་ངག་ཡིད་གསུམ་བྱ་བ་སྤང་བ་དང༌། རྩ་སྟོང་རྒྱུག་ཏུ་འོང༌། ཁ་སྐམ། དབུགས་རྒོད། གཡལ་དང་སྦྲིད་པ་མང༌། ལུས་ཀྱི་གཟེར་འཕོ། རྐང་ལག་བརྐྱང་བསྐུམ་མང༌། ཆུ་འཐུངས་ཀྱང་སྐོམ། མ་འཐུངས་ཀྱང་བསྲན་ཐུབ། ཆུ་མདོག་དམར་སེར་མེ་དང་འདྲ་བ། དྲག་ཅིང་རྩུབ་པའི་ནད་དེ་འདྲ་གཅིག་བྱུང་ན་གསོ་རུ་མི་བཏུབ་བོ། །དེ་ལ་ཡང་སྣ་ལ་གསུར་གྱིས་བདུག བསྐུ་མཉེ་བག་རེ་བྱ། དེས་ལྕེ་རློན་དུ་སོང་ན། དེ་ལ་ངེས་པ་བསྐྱེད་ལ་ཚོ་ཁུ་དང༌། བུ་རམ་ཆང་གཏང༌། བ་ཕྲན་གྱི་ཤ་གཏང༌། སྐོམ་དུ་དར་བ་གསར་འཇམ་གཏང༌། ཡང་ན་བུ་རམ་རྙིང་པ་དང་སྦྲང་རྩི་གཡུང་གཏང༌། ཏིག་ཏའི་སྨན་མར་བཏང་བས། རླུང་དང་ཁྲག་མཁྲིས་དུས་གཅིག་ལ་སེལ། ཨན་ཆེན་སྟོང་རུས་དང༌། སྤྱི་གཙུག་དང༌། ཚིགས་པ་དྲུག་པ། བདུན་པ་དང༌། མདུན་གྱི་སྙིང་དཀར་ནག་གི་མཚམས་རྣམས་སུ་མེ་བཙའ་གདབ། རུས་ཁུའི་ནང་དུ་སྒོག་སྐྱ་གདུས་ལ་གཏང༌། དེའི་རྗེས་ལ་རྡུལ་དབྱུང༌། དེས་ཚད་པ་འཇིལ་བར་འགྱུར་རོ། །གཟེར་ཞིང་ན་ནས་ཅུང་ཟད་མཇུག་ལུས་པ་འདྲ་ན། སླེ་ཏྲེས་དང་སྐྱུ་རུ་རའི་ཐང་བཏང་བས་ཞི་བར་འགྱུར་རོ། །དེས་ཀྱང་ཞི་བར་མ་ནུས་ན་གུར་གུམ་བདུན་པ་གཏང༌། ཡང་རླུང་ལེགས་པར་ཞི་བ་དང༌། ཅུང་ཟད་གཏར་ལ་སེམས་ལས་བསྐྱུངས་ཏེ། ཡིད་དང་མཐུན་པའི་གྲོགས་བསྟེན། མེ་དང་ཉི་མ་ལ་མི་འདུག་གོ །གཞན་ཡང་སྟོངས་པའི་ཚ་བ་ཞེས་བྱ་བ། རྐང་ལག་དང་རུས་པ་ན་བ་དང༌། གཉིད་མི་འོང་ལ། ཆོ་འཕྲུལ་མང་བ་དང༌། ལུས་དཔལ་སྐྱ་ལ་སྐྲ་འཐས། འདར་ན་རིམས་ནད་སྟོངས་པའི་ཚ་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་གཏར་དུ་མི་རུང༌། གྲིབ་མ་ལ་གཉིད་དུ་གཞུག ལུག་ཤ་དང༌། ཆང་གཏང༌། བསྐུ་མཉེ་བག་རེ་བྱའོ། །འདི་དྲོད་བཅོས་འབའ་ཞིག་གིས་ཐུབ་པར་ངེས་སོ། །གཞན་ཡང་ཁྲག་སྟོངས་པའི་ཚ་བ་ཞེས་བྱ་བ། ཉིན་མཚན་མེད་པར་གཉིད་ཆེ་བ་དང༌། གཉིད་བསླངས་ན་གྲོགས་ལ་རྒོལ་བའོ། །དེ་ལ་ཆང་གཏང་དུ་མི་རུང༌། ཤ་གསར་པ་གཏང༌། བསྐུ་མཉེ་བག་ཙམ་བྱ། ཉིན་མོ་གཉིད་དུ་མི་གཏང་ངོ༌། །མེ་བཙའ་མི་བྱ། འཇམ་ཐང་གཏང་བས་ཐུབ་པར་འགྱུར་རོ། །མཁྲིས་པ་སྟོངས་པའི་ཚ་བ་ཞེས་བྱ་བ། གཉིད་མི་འོང་བར་བླ་འཆོལ་སྨྲ་བ་དང༌། ལུས་དཔལ་སྐྱ་ལ་མིག་དང་ལྕེ་སེར་བའོ། །དེ་ལ་ཤ་ཆང་བསྡམས་ལ་གཉིད་བསྲུང༌། བསྐུ་མཉེ་བྱ། བསིལ་ཐང་གཏང༌། བཤལ་བྱ། དེས་ཐུབ་པར་འགྱུར་རོ། །ཡང་བད་ཀན་སྟོངས་པའི་ཚ་བ་ཞེས་བྱ་བ། གཉིད་ལོག་ན་ཟ་ཟི་མང༌། ཤིན་ཏུ་ཉོན་མོངས་ཤིང་མི་བདེ་ལ། རྡུལ་ཆུ་བཞིན་དུ་འོང་ངོ༌། །དེ་ལ་འབྲས་བུ་གསུམ་གྱི་ཐང་གཏང༌། བསྐུ་མཉེ་བྱ། དེས་ཐུབ་པར་འགྱུར་རོ། །ཡང་ཆུ་སེར་སྟོངས་པའི་ཚ་བ་ཞེས་བྱ་བ་ཉིན་མཚན་མེད་པར་གཉིད་མི་ཁུག་ལ་མིག་སྔར་ཟ་ཟི་མང་བ་དང༌། སྐབས་སུ་དབང་པོ་འཁྲུལ་བ་དང༌། དངངས་པ་དང༌། སྨྱོ་ཚུལ་སྟོན་པའོ། །དེ་ལ་ཤ་རྙིང་མར་རྙིང་ཁུ་བ་གཏང༌། གཉིད་འོང་ཚད་ལོག་ཏུ་གཞུག འབྲས་བུ་གསུམ་གྱི་སྨན་མར་གཏང༌། ཚིགས་པ་ལྔ་པ་དང༌། བདུན་པ་བསྲེག དེས་ཐུབ་པར་འགྱུར་རོ། །གློ་སྙིང་སྟོངས་པའི་ཚ་བ་ཞེས་བྱ་བ། སྐབས་སུ་ལུས་རེངས་པ་དང༌། སོ་འཐོམས་ནས་མི་ཕྱེད་པ་དང༌། སྐབས་སུ་བླ་འཆོལ་འོང་བ་དང༌། གཉིད་ཆུང་བའོ། །དེ་ལ་ཐང་རྣམས་གཏང་དུ་མི་རུང་སྟེ། རུས་པ་རྙིང་པའི་སྐོལ་ཐང་བཏང༌། བསྐུ་མཉེ་བྱ། གཉིད་མི་བསྲུང་པར་ལོག་ཏུ་གཞུག ཚིགས་པ་ལྔ་པ་དང༌། བདུན་པ་བསྲེག དེས་ཐུབ་པར་འགྱུར་རོ། །འོན་ཀྱང་དེ་རྣམས་ཀྱི་ནང་ནས་གསོ་དཀའ་བ་ནི། མིག་རི་ལ་ལྟ་བ་དང༌། ཁ་ཁུ་ཡིས་འདེབས་པ་དང༌། འདི་རྣམས་ཀྱང་སྟོངས་པའི་ཚ་བ་ཡིན་ཏེ་གསོ་དཀའོ། །ཡང་དར་ལ་བབས་པ་རྣམས་ལ་འཁྲུགས་སམ་རིམས་བྱུང་བའི་མཇུག་ལ། རྩ་དུས་ཉེ་བར་འབར་ཞིང༌། ཤ་སེར་ལ་སྐོམ་དད་ཆེ་བ་དང༌། ལུས་ཀྱི་དྲོད་ཆེ་ལ་ཉམ་ཆུང་བ་དང༌། དབུགས་ཐུང་ལ་སྐྲ་འདབ་འདར་བ་ནི། ནད་ཀྱི་ཚ་བ་ཡིན། སྨན་རྩུབ་མོས་ཉམས་སླད་ནས་དཔྱད་ཀྱིས་མེ་བུས་པ་བྱ་བ་ཡིན་ཏེ། ནད་ཀྱི་མཚན་ཉིད་མ་ཤེས་པས་འཁྲུལ་ནས་ཚད་པ་ཞུ་འཁྱགས་ཀྱི་བར་དུ་གསད་པ་མང་བ་ཡིན་པས་དེ་ལ་བསྐུ་མཉེ་བྱས་པས་གཟེར་འཇོམས། ཚིགས་པ་དྲུག་པ་བདུན་པ་ལ་མེ་བཙའ་བྱ། རྡུལ་ཅུང་ཟད་གདོན། དེ་ནས་གཉིད་ཕེབས་ནས་འོང་ངོ༌། །སྤྱིར་ཚ་བ་འཆོས་པ་ལ། དཀའ་དུས་གསུམ་ཡོད་དེ། ཞུ་འཁྱགས་ཀྱི་བར་དུ་ནོར་ནས་གསད་པ་མང་བས་འདིར་གཟབས། རླུང་དང་བད་ཀན་གཉིས་གཞི་ཆེ་ན། ཞུ་འཁྱགས་ཀྱི་མཚམས་གསལ་བ་ཡིན་ཏེ། ཟས་འཇུ་སྟོབས་ཆུང༌། སྔར་གྱི་གོས་ཀྱིས་མི་དྲོས། རྩ་དལ་དུ་འགྲོ། དབུགས་སྣ་རིང་དུ་འགྲོ། ཁྲག་གི་གཟེར་འབྲི། སྐོམ་དད་ཆུང་དུ་འགྲོ། དེ་ལས་ཐལ་ན་མིག་ཕུག་སྐྲངས་པས་དེ་ལ་ཤ་ཆང་དང༌། དྲོད་བཏང་བས་བཟློག་པར་འགྱུར་རོ། །དེ་ལས་ཐལ་བ་དང༌། གཏར་ག་མང་ནས་དམུ་ཆུར་སོང་བ་ཡང་ཡོད་དེ་འདི་བག་འཁྲུལ་པ་ཆུང༌། རླུང་ཤས་ཆེ་ན། འདི་ལ་འཁྲུལ་པ་མང་པས་སྐབས་སུ་ཚོ་ཁུ་ཚ་མེད་གཏང་ངོ༌། །ཟས་སྔ་རུ་ཀློད་ལ་སྨན་གཞུག་བསྲིང༌། ཡང་སྟོངས་པའི་ཚ་བ་སྙིང་ལ་ཤོར་ན། བྱ་བ་གློ་སྙིང་གི་ཚ་བ་སྟོངས་པ་དང་འདྲ་བ་ལས། གཙོ་བོར་རིམས་འཁྲུགས་པ་ལས་འབྱུང་སྟེ། ལུས་མདངས་ཆུང་ལ། སྣ་ལྕེ་སྐམས་ལ། རྔམ་པ་ཆེ། ཚིག་འཆོལ་འཁྲུལ་འོང༌། སྐབས་སུ་ཤེས་པ་དྭངས། མཁུར་བ་སྨུག་ལ་ཟས་མི་ཚུད་ན། དེ་ལ་ཇི་ལྟར་ཚ་ཡང་གཏར་དུ་མི་རུང་སྟེ། ཚིགས་པའི་རུས་པ་ཁྲལ་ཁྲོལ་དུ་བརྡུངས་ཤིང་བཙོས་ལ། ཚང་ར་ལ་དུགས་བྱའོ། །དེའི་ཁུ་བ་ངད་ཡལ་བ་ལ་སྦྲང་རྩི་ཅུང་ཞིག་བཏབ་ལ་བླུད། དེ་ནས་ཕྱིབས་ལ་རྡུལ་དབྱུང༌། རྒོད་ཤའི་ཚོད་མ་གཏང༌། སྦང་མ་ཆང་འགག་གི་ཉེའུ་ལ་བུ་རམ་བཏབ་ལ་གཏང༌། དེས་ཁ་ལྕེ་རློན་ལ་དབང་པོ་གསལ་བར་གྱུར་ན། ཚིགས་པ་ལྔ་པ་བདུན་པ་བསྲེག ཆང་གཏང༌། ལུག་ཤ་གཏང་དུ་མི་བཏུབ་བོ། །དེས་ཐུབ་པར་འགྱུར་རོ། །གབ་པའི་ཚ་བ་མུན་ལྟར་གཏིབས་པ་བཅོས་པའི་ཐབས་ནི། འདིའི་ནད་ཀྱི་རྒྱུ་ནི། མཆིན་པ་ལས་གྱུར་པ་ཡིན་ཏེ། ཚ་བ་གྲང་རླུང་གིས་སྦས་པའོ། །འདིའི་མན་ངག་མེད་པའི་སྨན་པ་རྣམས་ཀྱིས་ངོས་མི་ཟིན་ཏེ། སྙིང་ལ་གབ་ན་ཉི་མ་ལ་མི་ཚུགས་པར་གྲིབ་མ་ལ་སྙེགས་པ་དང༌། སྲོད་ལ་གཉིད་མི་ཁུག་པ་དང༌། སེན་མོ་དཀར། སྙིང་གར་ཤ་ཁྲ་བོ་འོང༌། བྱད་ལ་སྲིན་ཐོར་དམར་པོ་རྒྱུན་མི་ཆད་པར་ཡོང༌། ཆང་རྙིང་འཐུངས་ན་ནད་དེ་ལྡང་ངོ༌། །དེས་ཀྱང་ཡིད་མ་ཆེས་ན། སྙིང་རྩ་ལ་ཁྲག་གཅིག་ཕྱུང་ལ་བལྟས་པས་ཁྲག་ངན་ན་ཡིན་ནོ། །མཁལ་མ་ལ་གབ་ན། མཁལ་མའི་ཟག་ཆུ་རྟག་ཏུ་ཡོང་ངོ༌། །ཆུ་བཞག་ན་དམར་ནག་ཏུ་འགྲོ། འགྲོ་འདུག་བྱས་ན་ཆུ་སྡོམ་ཞིང་ན། ལས་དང་འགྲོ་འདུག་བྱས་ན་རྐང་པ་ལྕི་རུ་འགྲོ། མཁལ་རྩ་གང་ན་ཡོད་པའི་ས་ཐམས་ཅད་ན། ཆང་བཟང་པོ་འཐུངས་པས་རྐང་པ་ལྕི་རུ་འགྲོ། དེས་ཀྱང་ཡིད་མ་ཆེས་ན། ལོང་རྩ་ཅུང་ཞིག་གཏར་ལ་གཏང༌། རྣག་ཏུ་བྱུང་ན་ངེས་པར་ཡིན་ནོ། །ཕོ་མཆིན་ལ་གབ་ན། ལུས་གྲང་ནན། དྲོས་ན་ཡང་ཕུར་པ་བཙུགས་པ་བཞིན་འདྲིལ་ནས་ཡོང༌། ཁ་ཟས་དང་སྐོམ་ཡང་འཇམ་ཙམ་བྱས་ན་ཕན། གྲང་དྲགས་པ་དང༌། ཚ་དྲགས་པ་དང་གཉིས་ཀ་གནོད་པར་འགྱུར་རོ། །དེས་ཀྱང་ཡིད་མ་ཆེས་ན། རུ་ཐུང་གཏར་ལ་བལྟ། ཁྲག་ལ་རྣག་ཆགས་པ་ན་ངེས་པར་ཡིན་ནོ། །ལུས་ལ་གབ་པའི་ཚད་པ་ནི། ལུས་པོ་ལྕི་ལ་ཤེད་ཆུང༌། རྔུལ་ཁ་སྙི། ཟས་ཀྱི་རོ་མི་ཚོར། དེས་ཀྱང་ཡིད་མ་ཆེས་ན། རྩེའུ་ཆུང་དང༌། རུ་ཐུང་གཏར་ནས་བལྟས་པས། རྣག་བྱ་ཝང་རྒྱབ་འདྲ་བ་གཅིག་ཆགས་ན་ཡིན་ངེས་སོ། །འདི་ཐམས་ཅད་ཀྱི་རྩ་མཐུན་པར་རུས་པའི་སྟེང་ན། རྟ་རྔ་ཙམ་གཅིག་མཁྲང་ལ། གྲིམས་ཤིང་བྱིངས་ལ་རྒྱུག་ན་ཡིན་ནོ། །འདིའི་བཅོས་ཐབས་ནི། གང་དུ་བབ་ཀྱང་ཚབས་ཆེ་ན་རྩ་ཡས་བབས་སུ་གཏར། དེ་ནས་གང་དུ་བབ་པའི་སར་གཏར། གང་དུ་བབ་ཀྱང་རུ་ཐུང་མི་གཏར་དུ་མི་རུང་ངོ༌། །སྨན་སྦྱར་ཐབས་ནི། སྙིང་ལ་བབས་ན། ག་པུར་ཙནྡན་ཤིས། ཕོ་བ་དང་མཆིན་པ་མཁལ་མ་ལ་གུར་གུམ་བྲག་ཞུན་གཏང་ངོ༌། །སྤྱིར་གང་གབ་པའི་ཚ་བ་ལ་འཇམ་བཤལ་ཤིས་པ་ཡིན། ཚད་པ་ཆོགས་ནས་སོ་སོའི་གསང་དུ་མེ་བཙའ་གདབ་བོ། །འདིར་རྒྱས་པའི་ཚ་བ་དང་མི་འདྲ་སྟེ། ཚད་པ་ཟད་ཟད་གཏར་མི་རུང་ངོ༌། །ཁ་ཟས་སྔ་རུ་ཀློད་དགོས་ཏེ། སྙིང་ལ་ཟས་ཀློད་པ་བྱིས་ན། སྙིང་རླུང་འཇུག ཕོ་མཆིན་ལ་ཟས་ཀློད་པ་ཕྱིས་ན། སྐྲན་དང་དམུ་ཆུར་འགྲོ། མཁལ་མའི་ནད་ལ་ཟས་ཀློད་པ་ཕྱིས་ན་ཆུ་བསྡམས་པ་དང༌། རྐང་ལག་ཞ་བ་དང༌། སྒུར་པོར་འགྲོའོ། །རྙིང་པའི་ཚ་བ་རྩི་ལྟར་ཞེན་པ་ནི། ཚད་པ་ལྐུགས་པ་བྱ་བ་ཡིན་ཏེ། འདིའི་རྒྱུ་རྐྱེན་ནི། དང་པོའི་ཚད་པ་ཡིན་པ་ལ། བཅོས་པ་ཕྱིས་ན་རྙིངས་པ་ཡིན་ཏེ། དེ་ལ་ཁ་ཟས་དང༌། སྤྱོད་ལམ་དང༌། སྨན་དང༌། དཔྱད་ཀྱིས་རྙིངས་ཏེ། བསྟེན་མ་ལེགས་པས་ཚ་བ་ལུས་ལ་འདྲིལ་ནས་ཞེན་པ་ཡིན་ཏེ། དེས་ན་མ་སྨིན་པ་གཏར་ག་སྔས་ན་དཔྱད་ཀྱིས་རྙིངས་པ་ཡིན་ཏེ། ཚད་པ་བྱ་ཤོར་བའོ། །སྨན་གྱིས་རྙིངས་པ་ནི། སྨན་རྩུབ་མོ་སྔས་དྲགས་པ་ལས་འབྱུང་ངོ༌། །གཉིད་མ་བསྲུངས་ན་སྤྱོད་ལམ་གྱིས་རྙིངས་པ་ཡིན་ཏེ། ཁ་ཟས་ཀྱིས་རྙིངས་པ་ནི། ནམ་ཟས་ཀྱི་དུས་ཚོད་མ་ཟིན་པར་ན་བ་ལ་སོགས་པ་སྔས་པ་ལས་འབྱུང་ངོ༌། །ཚ་བ་རྙིངས་པའི་རྟགས་ནི། རྩ་ཕྲན་རྒྱུན་རིང་བ་དང༌། རྔུལ་ཁ་སྙི་ལ་ཉམ་ཤེད་དམའ་བ་དང༌། གྲིབ་མ་ལ་སྙེག་ཅིང༌། མེ་དང་ཉི་མ་ལ་འདུག་ན་ཤེས་པ་ལྕི། ལྕེ་ཆུང་གི་སྟེང་དུ་དྲག་པ་འཆགས། དང་ག་བདེའོ། །དེ་ལ་འཇམ་ཐང་ཡུན་རིང་དུ་གཏང༌། ཁྲག་ལ་ནད་བབས་མ་བབས་ཡུན་རིང་དུ་བལྟས་པས། རྣག་བྱ་ཝང་རྒྱབ་འདྲ་བ་གཅིག་ཆགས་ན་བཅོས་སླ་བ་ཡིན། རྩ་ཁ་མང་དུ་དབྱེ། ཉམས་དང་སྦྱར་ལ་བག་རེ་དབྱུང་ངོ༌། །སྨན་ག་པུར་ཉི་ཤུ་རྩ་ལྔ་པ་གཏང༌། «དཔེ་གཉིས་ལ་འབྲས་བུ་གསུམ་བྱུང༌།་་་་་»འབྲི་ཏ་རྒྱུན་དུ་གཏང༌། བྲག་ཞུན་བཏུལ་མ་གཏང༌། ཁ་ཟས་བ་ཤ་གསར་པ་དང་དར་བ་གཏང༌། དེས་ལུས་པོ་ཇེ་ཡང་ཇེ་ཡང་འགྲོའོ། །བཤལ་བཏང་ན་ཡང་དགའ། དེས་ཚད་པ་ཞེན་པ་ཐོན་ངེས་སོ། །ནད་འཆོས་པ་ལ། དོས་དྲགས་ལ་གཉུག་ཐུང་ན་སྐྱོན་གསུམ། ཞེན་པའི་ནད་མི་ཐོན། ཕོ་བའི་མེ་དྲོད་འཆི། ཐོར་བུའི་རླུང་སྐྱེའོ། །འདི་ནི་རྩ་དང༌། དོན་སྣོད་དང༌། རུས་པ་ལ་ཞེན་པས་སེལ་དཀའོ། །མཇུག་གུར་གུམ་བདུན་པའམ། ཏིག་ཏའི་སྨན་མར་གཏང་ངོ༌། །ཁྲག་ལ་རྣག་མ་ཆགས་པར་བསེ་རྙིང་པ་ལྟ་བུར་བྱུང་ན། ནད་ལྕི་བས་མང་པོ་གཏར་དུ་མི་རུང་ངོ༌། །དེ་ལ་ག་པུར་ཉི་ཤུ་རྩ་ལྔ་པ་མང་དུ་སྦྱར་ལ་གཏང༌། ཁ་ཟས་སྔར་དང་འདྲ། འདི་ལ་བཤལ་མཆོག་ཏུ་ཤེས་པ་ཡིན། དེ་ལ་བཅོས་ཀ་ལན་འགའ་བྱས་པས་མ་ཕན་ཀྱང༌། ཡིད་མ་གསད་པར་ཡུན་རིང་དུ་བཅོས་སོ། །དཔེར་ན་དབྱར་གྱི་སྡོ་ལོ་འགྱུར་བ་དང་འདྲ་སྟེ། ལོ་ཟླ་འདས་ནས་ནམ་སོས་ཆ་མེད་པ་འོང་ངོ༌། །ནད་རྙིང་པ་ཤེད་ཆུང་བ་ལ་ལུག་ཤ་སིལ་བུ་དང༌། ཆང་འཇམ་པོས་ཤེད་བསྐྱེད་ལ་བཤལ་གཏང་ངོ༌། །ཚ་བ་རྒན་པོ་ལ་ཚིགས་པ་བཅུ་པ་བསྲེག དེས་ཚ་བ་འདུས་པ་དང་ལྡན་པ་ལ་ཕན། ཁ་ཟས་ཕྱོགས་མེད་ལ་བསླབས་ལ། ཚད་རོ་ལྡང་ངམ་མི་ལྡང་བརྟག་གོ །ཚ་བ་སྤྱི་བཅོས་པའི་མན་ངག་ཚ་བ་སྡེ་ལྔ་ཞེས་བྱ་བ་བསྟན་ཟིན་ཏོ། །མདོར་ན་རྒྱས་པའི་ཚད་པ་ཞེས་བྱ་བ་དྲག་པོ་དེ་ལ་བསིལ་སྨན་ཙམ་གཏང༌། ཚ་བ་སྡེ་ལྔ་ཆར་ལ་བཤལ་སྨན་དེ་ཁྱད་པར་དུ་རྩ་བཤལ་ཤིས་སོ། །རྩེ་ཆུང་ལ་སོགས་པ་རྩ་ཆེན་གཏར། ནད་གང་ལ་བབས་པ་དང༌། གང་གཟེར་བའི་རྩ་གཏར། ཁྲག་གང་ངན་པའི་རྩ་གཏར། དེ་ནི་ཚ་བ་ཀླད་བཅག་པའོ། །ནད་བསྒྱུར་བ་ནི། ག་པུར། གུར་གུམ། ཅུ་གང་དང་གསུམ་ཀར་དང་སྦྱར་ལ་གཏང༌། དེའི་སྟེང་དུ་བ་ལེ་ཀ ཨུཏྤལ་སྔོན་པོ། པུ་ཤེལ་ཙེ། ཨ་རུ་ར། ཀ་ར་དྲུག་འགྱུར་སྦྱར་བ་ག་པུར་བདུན་པ་ཞེས་བྱ་སྟེ། དེ་གཏང་ངོ༌། །དེ་ཡང་གུར་གུམ་བདུན་པ་ཞེས་བྱ་བ་ནི། གུར་གུམ། བ་ལེ་ཀ ཕ་འོང་གི་དྲེག་པ། ཨུཏྤལ་སྔོན་པོ། སུག་སྨེལ། མཚེའི་ཚིགས་པ་རྣམས་དང་ཀ་ར་དྲུག་འགྱུར་སྦྱར་ལ་གཏང་ངོ༌། །དེ་ཡང་ནད་དང་བསྟུན་དགོས་ཏེ། སྙིང་ལ་ཚ་བ་ཤོར་ན། ག་པུར་བདུན་པ་གཏང༌། གློ་བ་ལ་ཤོར་ན་ཤིང་མངར་བདུན་པ་གཏང༌། མཆིན་པ་ལ་ཤོར་ན་གུར་གུམ་བདུན་པ་གཏང༌། མཚེར་བ་ལ་ཤོར་ན་སུག་སྨེལ་བདུན་པ་གཏང༌། ཕོ་བ་དང་མཁྲིས་པ་ལ་ཤོར་ན་གསེར་གྱི་མེ་ཏོག་བདུན་པ་གཏང༌། བཤལ་བྱ། མཁལ་མ་ལ་ཤོར་ན་ཨ་རུ་ར་བདུན་པ་གཏང་ངོ༌། །ཡང་ཚ་བ་རོལ་དུ་གསད་པ་ནི། ལས་སོ་སོ་ཡིན་ཏེ། གློའི་འཁྲུགས་ལ་བ་ལེ་ཀའི་ཐང་གཏང༌། སྙིང་གི་འཁྲུགས་ལ་སྐྱུ་རུ་རའི་ཐང་གཏང༌། མཆིན་པ་ལ་བ་ཤ་ཀའི་ཐང་གཏང༌། མཁྲིས་པ་ལ་ཏིག་ཏ་དང་གསེར་གྱི་མེ་ཏོག་གི་ཐང་གཏང༌། གལ་ཏེ་རླུང་གིས་འཁྲུགས་ན་རུས་ཁུ་མཆོག་ཏུ་ཕན་ནོ། གློ་འགོག་ཏུ་མི་འདོད་པ་ལ། ག་པུར་གྱི་སྟེང་དུ་སྟར་བུ་བསྔགས་སོ། །ལུད་པ་ཁམ་སེར་བྱུང་ན། ག་པུར་དང༌། གླ་རྩིས་ཕན་ནོ། ལུད་པ་ཁྲག་ཏུ་སོང་ན། ག་པུར་གྱི་སྟེང་དུ་མཚལ་བཟང་པོ་བསྔགས། ལུད་པ་རྣག་ཏུ་འོང་བ་ལ། ག་པུར་སྟེང་དུ་བསེ་རུ་བསྔགས། གུར་གུམ་ཅུ་གང་སྟར་བུ་དང༌། ཤིང་མངར། རྒུན་འབྲུམ། པུ་ཙེ་ཤེལ། ཙནྡན་དཀར་དམར། ཨ་རུ་ར། ཀ་ར་དྲུག་འགྱུར་སྦྱར་ལ་གཏང༌། གློའི་སྨན་ལ་ལུད་པ་ནག་པོ་འོང་ན། གཏར་བ་འཕྲོ་བཅད་ལ། སྨན་གྱིས་གསོའོ། །པུ་ཙེ་ཤེལ་བདུན་པ་ནི། པུ་ཙེ་ཤེལ་དང༌། ཨ་རུ་ར། ལི་ག་དུར་དང༌། སླེ་ཏྲེས་དང༌། ཨ་བི་ཥ་དང༌། ཀྱི་ལྕེ་བ། རྒུན་འབྲུམ། དེ་རྣམས་བསྐོལ་བའི་ཁུ་བ་ནི་རིམས་སྣ་ཚོགས་དང༌། གློ་དང༌། མཆིན་པའི་ཚ་བ་དང༌། ཁྲག་མཁྲིས་ཚ་བ་ཀུན་ལ་ཕན། སྤྱིར་ཧོང་ལེན་དང༌། པར་པ་ཏ། སླེ་ཏྲེས། ཀཎྜ་ཀ་རི་བཞིའི་ཐང་སྤྱི་ཁྱབ་ཏུ་གཏང་ངོ༌། །ཐང་མ་བཏང་བར་རྩ་གཏར་ན། ཉེས་སྐྱོན་བསམ་གྱིས་མི་ཁྱབ་སྟེ། སྲོག་ཁྲག་ནད་ལ་འཆོར་རོ། །སྔོན་ཁ་ཟས་མ་བཏང་བར་ཡང་རྩ་མི་གཏར་རོ། །རྩུབ་ཐང་ཞེས་བྱ་བ་ནི། བ་ལེ་ཀ ཨ་རུ་ར། ཏིག་ཏ། ལི་ག་དུར། ཨ་བི་ཥ། སླེ་ཏྲེས། ཀྱི་ལྕེ་བ། དུག་མོ་ཉུང༌། པུ་ཙེ་ཤེལ། དེ་རྣམས་ཀུན་གྱི་ཁུ་བ་བཏང་ན། ཚད་པ་མཐའ་དག་སེལ་ངེས་སོ། །མཁྲིས་པ་ཕོ་བར་ལུད་ནས་སྐྱུགས་པས། གསེར་གྱི་མེ་ཏོག་ཉི་ཤུ། དུག་མོ་ཉུང་བཅུ། ཞིབ་པར་བཏགས་ལ་ཆུ་ལ་ཐང་དུ་བསྐོལ་ལ་གཏང་ངོ༌། །དེས་ཕན་ངེས་སོ། །རླུང་ཚད་བསྡོངས་ན་ཆུའི་ལམ་ནས་ཁྲག་ཏུ་འོང་ངོ༌། །བྲག་ཞུན། སྟར་བུ། ལྕམ་པའི་ལོ་མ། བྱི་བའི་རིལ་མ་རྣམས་ཆང་གསར་པ་ལ་སྦྱར་ལ་གཏང་ངོ༌། །དེས་སེལ་ལོ། །ད་ནི་གློའི་ནད་བཅོས་ཐབས་བསྟན་པར་བྱ་སྟེ། ནད་ཀྱི་རྒྱུ་ནི་ཁྲག་ལས་གྱུར་པའི་ནད་ཡིན་ཏེ། རྐྱེན་ལུས་ཀྱིས་སྟོབས་དྲག་ཏུ་ཕྱུང་བ་དང༌། མྱ་ངན་དང་སེམས་ལས་ཆེས་པ་དང༌། ནད་གཞི་གསུམ་འཁྲུགས་པའམ། འབྱུང་པོའི་གདོན་གྱིས་བསླང་བ་རྣམས་སོ། །དེ་ཡི་རྟགས་ནི། རྒྱས་པའི་ཚ་བ་དང་མཐུན་པ་ལས། ཁྱད་པར་དུ་མགོ་ན་བ་ལ་ཕྲུམ་སེར་ཁྱེར་བའོ། །དེ་ལ་ལུད་པ་ཕལ་ཆེར་ཁྲག་ཏུ་འོང་བས། དེ་ལ་གཏར་ག་མི་བྱ། བསེ་རུ་བདུན་པ་སྦྱར་ལ་གཏང་ངོ༌། །རྒྱ་སྐྱེགས། ལྡུམ་བུ་རེ་རལ། སྐྱུ་རུ་ར། བ་ཤ་ཀ དེ་རྣམས་བསྡུས་པའི་ཐང་གཏང༌། ནས་དྲུས་མའི་ཐུག་པ་དང༌། འབྲས་ཐུག ཞོ་གཏང༌། ཁ་ཟས་བཅུད་ཅན་ཐམས་ཅད་སྤང་ངོ༌། །དང་པོ་རང་དུ་ལུད་པ་སེར་པོ་དང༌། དུད་ཁ་ལ་སོགས་བྱུང་ན། རྩེའུ་ཆུང་དང༌། རྩ་ཆེན་རྣམས་ཡས་བབས་སུ་གཏར། ག་པུར་བདུན་པ་གཏང་ངོ༌། །ཡང་ན་ག་པུར། གུར་གུམ་དང༌། ཨུཏྤལ་སྔོན་པོ། བ་ལེ་ཀ མཚལ། ཙནྡན་དཀར་དམར་དང༌། བསེ་རུ། དེ་རྣམས་ཆ་བསྙམས་ལ། ཀ་ར་དྲུག་འགྱུར་དང་སྦྱར་ལ། གངས་ཆུས་ཕུལ་བ་གཏང་ངོ༌། །དེས་ལུད་པ་སེར་པོ་དང༌། དུད་ཀ་རྣམས་སོས་ཁའི་འཁྱག་པ་བཞིན་དུ་འཇོམས་སོ། །ཨུར་ཤི་དང༌། ཏིག་ཏ། སྐྱུ་རུ་རའི་ཐང་ནང་མ་གཅིག་བཞིན་གཏང་ངོ༌། །སྙིང་ལ་ཚ་བ་ཞུགས་ན། ཁ་དང་ལྕེ་སྐམས་ལ། མིག་སྤྲིན་དམར། དྲན་པ་ཉམས་ཤིང༌། རྩ་ཕྲ། ཆུ་དམར་ལ་སྐ་ན། ག་པུར་ཙནྡན་དཀར་པོ་དང༌། ཅུ་གང༌། གུར་གུམ། ཛཱ་ཏི་རྣམས། ཀ་ར་དྲུག་འགྱུར་སྦྱར་ཏེ་གཏང༌། རྔུལ་བྱུང་ན། སྙིང་གི་ཚད་པ་མྱུར་དུ་འཇོམས་སོ། །ཡང་གློ་བ་ལ། ཙནྡན་དཀར་པོ། ཨ་ག་རུ་ནག་པོ། གི་ཝང༌། སྤང་རྒྱན་དཀར་པོ། ཅུ་གང༌། གུར་གུམ། རྒུན་འབྲུམ། ཤིང་མངར། འབུ་སུ་ཧང༌། སྲོ་ལོ་དཀར་པོ་རྣམས་ཞིབ་པར་བཏགས་ལ། ཀ་ར་བརྒྱད་འགྱུར་དང་སྦྱར་ནས། བཏང་ན་གློའི་ཚད་པ་འཇོམས། ཡང་ན། ལི་ཤི །ལིག་དུར། ཨུར་ཤི་གསུམ་པོ་བསྐོལ་ཐང་ལ། ཅུ་གང་དང་གུར་གུམ། ཀ་ར་གསུམ་བཏབ་ནས་བཏང་ཡང་གློ་ཚད་འཇོམས། སྤྱིར་བདོ་པའི་དུས་སུ་ཕྱེ་མའི་སྦྱོར་བ་ཐམས་ཅད་པས། ག་པུར་རྒྱུག་དགའ་བ་ཡིན་ནོ། །དེའི་རྗེས་ལ་ག་པུར་དང་ཅུ་གང༌། གུར་གུམ་གསུམ་གཏང་ངོ༌། །གློ་ཚས་ཁ་ལྕེ་སྐམ་པ་ལ། སོ་ཕག་གི་ཐང་བཏང་ན་དང་ག་འགྲིབས་པས་མི་གཏང་ངོ༌། །དེ་ལ་ལྡུམ་བུ་རེ་རལ་བསྡུས་པའི་ཁུ་བའི་གྲང་ཐང་ཤིས་སོ། །གུར་གུམ། ཅུ་གང༌། ཀ་རའི་ཟག་ཐུན་གྱིས་ཁ་ལྕེ་སྐམ་པ་སེལ། དེ་རྣམས་ཤིན་ཏུ་ཕན་པར་བཤད་དོ། །ཡང་གློ་ཚ་བཞབ་པོ་ཞེས་བྱ་བ་ལུད་པ་གཏིང་དུ་འཁྱིམས་པ་ཡིན་ཏེ། དང་ག་མི་བདེ། ཁ་ལྕེ་སྐམ། རོ་སྟོད་དང༌། བྲང་རྒྱངས་ནས་ན། ཚ་བ་ཆེ་ལ་ལུས་པོ་ལྕི། གློ་མི་ཐོན་པར་ཐང་ཐང་ལུ། བག་རེ་ཁོག་པའི་གསེབ་ཏུ་རྣག་ཁྲག་ཏིལ་འབྲུ་ཙམ་སོང་ན། དེ་ལ་གློ་སྐྱུགས་གཏང་ངོ༌། །དེའི་ལུད་པ་འབྱིན་པའི་སྨན་ནི། ཅུ་གང༌། སུག་སྨེལ། བ་ལེ་ཀ ནཱ་ག་གེ་སར། ནཱ་ག་པུཥྤ། ཨུཏྤལ་སྔོན་པོ། ཨུར་ཤི་དང༌། ལྡུམ་བུ་རེ་རེ་ལ་རྡོ་དྲེག་རྣམས། ཀ་ར་བརྒྱད་འགྱུར་དང་སྦྱར་ནས་བཏང་ན་བདུད་རྩི་དང་འདྲའོ། །དེ་ལྟར་སྨན་བཏང་བས། ལུད་པ་གཙང་དུ་སོང་བ་དང༌། རོ་སྟོད་ཀྱི་ཟུག་གཟེར་ཆག་ནས། གཏར་གའི་ཁྲག་དམར་དུ་སོང་བ་དང༌། རྩ་དལ་ལ་སྙོམས་པ་དང༌། སྐོམ་དད་ཆུང་ལ་ཁ་ལྕེ་རློན་དུ་སོང་ན་སོས་པར་འགྱུར་རོ། །གློ་ཚའི་ཞག་དུས་ཕལ་ཆེར་བདུན་དང༌། དགུ་དང༌། བཅུ་གཅིག་ཡིན་ནོ། །མི་སོས་པའི་རྟགས་ནི། སྨན་དད་དཔྱད་བྱས་པ་ལ་སྐྱེད་མེད་པ་དང༌། ལུད་པ་ནག་པོར་སོང་བ་དང༌། ལྕེ་ཕུགས་སུ་ནག་པོ་ཆགས་པ་དང༌། སོལ་དྲེག་པ་ཆགས་པ་དང༌། སྐོམ་དད་ཆེ་བ་དང༌། ཟུག་གཟེར་ཆེ་བ་དང༌། དང་པོ་ནས་སྐེའམ། ལྟོང་ལྟོང་བ་ནས་སག་སག་ཟེར་བ་དང༌། ཁྲག་དམར་པོ་དང༌། ནག་པོའམ། སེར་པོ། ཆུ་རྩིགས་ཅན་ཁ་རུ་ཆགས་པ་དང༌། རྩ་བྱིང་བ། ཆུ་གཞུག་ཆད་པ་འདྲ་བ་དང༌། ཆུ་ལྡོང་རོས་མཉེས་པ་འདྲ་བ་དང༌། ཕྱི་ས་སེར་ལ་སླ་བ་འོང་བ་དང༌། དེ་རྣམས་མཁས་པས་མྱུར་དུ་སྤོང༌། ཅིས་ཀྱང་སྐྱེད་མེད་པ་ལ་བཤལ་བྱའོ། །རླུང་སྐྱེས་པའི་མཚན་ཉིད་ནི་རེག་ན་རྩུབ་པ་དང༌། ལུས་པོ་འཁྱོར་བ། བ་སྤུ་རིང་ལ་ཟིང་བ་གཏམ་ཅལ་ཅོལ་འོང་བ། མདོག་ཧམ་སྐྱར་འདུག་པ། མཆིལ་མ་དཀར་ལ་རྣ་བ་འུར་བ་གཉིད་ཆུང་དུ་སོང་བའོ། །དེ་ལ་ཉེ་འུ་དང་ཤ་ཆང་གིས་བསྡུའོ། །བསྡུ་བ་ཕྱིས་ན་རླུང་འབྱམས་ནས་འགྲོ་བས། དུས་སུ་བསྡུ་ཤེས་པར་བྱའོ། །དང་པོ་ལུད་པ་ཁྲག་ཏུ་འོང་དུས་སུ་མཚལ་དང་རྒྱ་སྐྱེགས་ཀྱི་སྦྱོར་བ་བྱ། ལུད་པ་ཁམ་པའི་དུས་སུ་ག་པུར་བདུན་པ་གཏང༌། ལུད་པ་སེར་བའི་དུས་སུ་ག་པུར་རྒྱལ་བློན་གསུམ་པ་གཏང༌། ལུད་པ་དུད་ཀའི་དུས་སུ་ག་པུར་རྐྱང་རྒྱུག་གཏང༌། ལུད་པ་ནག་པོའི་དུས་སུ་ཕལ་ཆེར་གཤིན་རྗེའི་ལག་ཏུ་འགྱུར་བ་ཡིན་ནོ། །གློ་ཚའི་སྒོས་བཅོས་ཟབ་མོ་བསྟན་ཟིན་ཏོ། །སྨན་དཔྱད་ཕྱོགས་རེ་ཙམ་ལ་བརྟེན་ནས་ངོ་མཚར་ཆེ་རུ་རེ་བའི་མིང་སྣ་ཚོགས་བཏགས་པའི་གསོ་དཔྱད་མང་པོ་བྱས་ཀྱང་ནད་ཀྱི་གཉེན་པོར་མི་འགྱུར་ཏེ། སྨན་པའི་བློ་ཡང་སྟོར་ནས་འགྲོ་སྟེ། སྨན་གྱི་སྦྱར་ཐབས་དང༌། དཔྱད་མང་པོ་བློ་ལ་ཡོད་ཀྱང་ནད་ཐོག་ཏུ་མི་འབབ་པས། དང་ལ་ཚ་བ་ངོས་ཟིན་པ་གལ་ཆེའོ། །ནད་ལ་བརྒྱ་སྨོས་སྟོང་སྨོས་ཀྱང༌། ཚ་གྲང་གཉིས་སུ་འདུས། སྨན་སྣ་སྟོང་རྩ་གཉིས་ཀྱང་བསིལ་དྲོད་གཉིས་སུ་འདུས། ཚ་བ་ངོས་ཟིན་ན། གྲང་བ་ཤུགས་ལས་ཤེས་པར་འགྱུར་རོ། །དེ་ལྟར་དུ་འདྲིལ་ཤེས་ན། འཚོ་བྱེད་སྨན་པའི་མཆོག་ཡིན་ནོ། །གསོ་དཔྱད་འདི་ནི་སའི་ནང་ནས་གསེར་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་ཚད་པ་བཅོས་པའི་མན་ངག་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་རྫོགས་སོ། །དྲང་སྲོང་གི་རྒྱུད་པ་བར་མ་ཆད་པའི་གསོ་རིག་འདི་ལས་འཕྲོས་པའི་མིང་འདོགས་མི་འདྲ་བ་དུ་མ་ཅིག་ཡོད་ཀྱང་འདི་ཁོ་ནའོ། །ནད་པ་འདི་ནི་འཆི་འཚོ་དང༌། །ནད་དང་སྨན་ནི་འདི་ཡིན་ཞེས། །མི་སྨྲ་བ་ནི་དམ་ཚིག་ཡིན། །ནད་ངོས་ཟིན་ནས་མི་འཆོར་བར། །སྨན་དཔྱད་མྱུར་དུ་བྱེད་པ་སྦྱང༌། །འཆི་བར་ཤེས་ནས་སྤང་བ་སྦྱང༌། །འབྲོས་ཐར་ཤེས་པ་ཤིན་ཏུ་དཀོན། །བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཕྱག་དཔེ་ལས་བྲིས་སོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚད་པ་གསོ་བའི་གདམས་ངག་བདུད་རྩི་ཡང་ཐིགས་ཞེས་བྱ་བ་འདི་ལ་གསུམ་སྟེ། གློ་བའི་ཚ་བ་བཅོས་པ་དང༌། ཁྲག་གཟེར་བཅོས་པ་དང༌། གཟེར་ཐུང་གཉན་ནད་བཅོས་པའོ། །དང་པོ་རྒྱུའི་ཚད་པ་ཞེས་བྱ་བ། མཁྲིས་པའི་མེ་དྲོད་ཚད་ལས་ལྷག་པ་ཡིན་ཏེ། དེ་ནི་ཁ་ཟས་དང༌། སྨན་དང༌། སྤྱོད་ལམ་བསིལ་བས་བཅོས། དོན་སྣོད་གང་ལ་བབས་པའི་རྩ་གཏར་བས་འཚོ་བར་འགྱུར་ཏེ། དེའི་ནད་ཀྱི་མཚན་ཉིད་ནི། དང་པོ་མ་སྨིན་བར་ལ་ལུས་ཐམས་ཅད་ཕྲུམ་སེར་ཁྱེར་ཞིང་གྲང་ཤུམ་བྱེད། ཚིགས་གཞི་ན། ལུས་ཐམས་ཅད་ཚ་ཞིང་ཁོལ། དང་ག་མི་བདེ། རྨི་ལམ་སེམས་ལས་ཟ་ཟི་མང༌། འདར་ཞིང་མགོ་དང་ཡན་ལག་ན། ཉིན་པར་གཉིད་ཆེ། མཚན་མོ་མི་འོང༌། དེ་རྣམས་ཚད་པ་སྤྱིའི་རྟགས་སོ། །དེ་ལ་མ་ནུ། ཀཎྜ་ཀ་རི། སླེ་ཏྲེས། སྒ་སྐྱའི་ཐང་གཏང༌། ཡང་ན་འབྲས་བུ་གསུམ་གྱི་ཐང་གཏང༌། དེས་ནད་མྱུར་དུ་སྨིན་པར་བྱེད་དོ། །སྨིན་པའི་རྟགས་གཟེར་འོང༌། ལུས་ལྕི། ལུས་སྒུལ་ཐབས་མེད། སྐད་ངན། སྙིང་ལ་བསིལ་བ་དང༌། གྲང་བ་འདོད། རྩ་གྲིམས། ཆུ་དམར། གོང་གི་ཁོལ་བ་ལ་སོགས་པའི་རྟགས་འཆད། ལུད་པ་སྨུག་པའམ། སེར་པོ་ལ་སོགས་པ་འབྱུང༌། དབུགས་ཐུང༌། ཤེས་པ་རྔམ། རྩ་དྲག ཆུ་དམར། ཁྲོ་སྙིང་འདོད། ནུ་མཆིན་དང༌། སྙིང་གར་གཟེར་འོང༌། གློ་མང༌། ཁ་ལྕེ་སྐམ། སོ་དྲེག་ཆགས། ལྕེ་གཞུང་དུ་སེར་པོའམ་ནག་པོ་འབྱུང༌། དེའི་དུས་སུ་བརྩོན་འགྲུས་བསྐྱེད་དོ། །འདི་ཡི་དུས་སུ་ནད་རླངས་དང༌། སྨན་གྱི་དྲི་གཉིས་འཐབ་པས། ཅུ་གང༌། གུར་གུམ། ལི་ཤི་དང༌། ཨུཏྤལ་སྔོན་པོ། ཙནྡན། ཏིག་ཏ་སྦྱར། ཚད་པ་ཆེ་ན་ག་པུར་དང་གི་ཝང་བསྣན། ཀ་ར་བརྒྱད་འགྱུར་སྦྱར་ལ་གཏང༌། དེས་ནི་དཔེར་ན་མེ་ལ་ཆུ་བླུགས་པ་དང་འདྲ་སྟེ། ཚད་པའི་རིགས་ཐམས་ཅད་ངེས་པར་སེལ་བར་བྱེད་དོ། །ཡང་ཚད་པ་ཁ་ཅིག་མདའ་ལྟར་གཟེར་བ་དང༌། ལུད་པ་ཁམ་ནག་དུད་པ་འདྲ་བ་དང༌། ལྕེ་སེར་ལ་སྐམ་ཞིང་ཐུང་བ་དང༌། མཆུ་དང་སོ་ལ་དྲེག་པ་ཆགས་པ་དང༌། དེ་རྣམས་ནི་རྟ་གཡག་འཐབ་པ་ལྟར་སྲོག་ལ་གཏོད་པའི་ནད་ཡིན་པས། འདི་ལ་སྨིན་པ་དང་མ་སྨིན་པ་བྱ་བ་མེད་དེ། ནད་དང་དཔྱིད་གཉིས་གང་མགྱོགས་བྱེད་པས། དང་ལ་རྩ་ཆུང་ངུ་ནས་རྩ་ཁ་དབྱེ། གཞན་རིག་པའི་མདས་དཔྱད་དོ། །དེ་ཡང་དོན་སྙིང་ལ་བབས་ན། གཟེར་ཆེན་ཞེས་བྱ་སྟེ། གདོང་པ་ནག་ལ་ཟུག་གཟེར་ཆེ། ཁྱི་ཉི་མས་ཚིག་པ་ལྟར་འོང་བས། དེ་ཡང་དང་པོ་ཏིག་ཏ། སྐྱུ་རུ་ར་སྲོ་ལོའི་ཐང་གིས་གསད། དེ་ནས། ག་པུར། གི་ཝང༌། ཅུ་གང་དང༌། གུར་གུམ། ཙནྡན། གླ་རྩི། དོམ་མཁྲིས། ཀ་ར་སྦྱར་ལ་གཏང༌། དེ་ནི་ཚ་བ་རོལ་དུ་གསད་པའོ། །གཏར་གྱིས་རྩ་རུ་དྲངས། ཟས་ཀྱིས་ལུས་ཟུངས་གསོ། གཟེར་ཆེན་ནད་ལ་བདུད་རྩི་འདྲ། གཟེར་ཆུང་ཞེས་བྱ་བ་སྣོད་ལ་བབས་པ་ནི། ལུས་ལྕི། ཟུག་གཟེར་བག་ཆུང༌། རྩ་གྲིམས། ཆུ་དང་མིག་སེར། ལུད་པ་ཡང་ཕལ་ཆེར་སེར་པོར་འོང་ངོ༌། །དེ་ལ་བོང་ང་དཀར་པོ། དུག་མོ་ཉུང༌། ལི་ག་དུར་དང༌། དོམ་མཁྲིས་དང༌། གུར་གུམ། བྲག་ཞུན། ཀ་ར་རྣམས་སྦྱར་ལ་བཏང་བས་ཚ་བ་རོལ་དུ་གསོད། དེས་མ་སོད་ན་བཤལ་མིན་པ་གཞན་གྱིས་མི་ནོན་པས། དུར་བྱིད། ཁྲོན་བུ། ལྕུམ་རྩ་དང༌། བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་ལ་གཏང༌། ཟུག་པ་དང་ཆུ་སྐོལ་གྱི་ལྕག་གིས་བརྡེག་གོ །ཅུང་ཟད་ཚད་པ་ལྷག་མ་སྣོད་དུ་ལུས་པ་ལ་གང་གི་ཕྱེ་མ་གཏང༌། གཟེར་ཆུང་ནད་ལ་བདུད་རྩི་འདྲའོ། །དེ་ནས་རླུང་བརྟག ལུས་ཡང་བ་དང༌། མིག་རྩ་ཧུར་བ་དང༌། ཚིག་པ་ཟ། ཆོ་འཕྲུལ་དང༌། ཟ་ཟི་མང༌། ལུས་འདར། ཟས་ཀྱི་རོ་མི་ཚོར་བ་བྱུང་ན་ཤ་གསར་ཆང་གསར་གཏང༌། སྲེ་ལང་པ་ལྔའམ་བདུན་གདུས་པའི་ཐང་གཏང༌། ཡིད་མ་ཆེས་ན། བུ་རམ་དང་ཞོ་སྦྱར་ལ་གཏང༌། བླ་འཆོལ་མང་ན་ཚིགས་པ་ལྔ་པའམ་བདུན་པ་བསྲེག་གོ །འདི་ལ་བཅོས་ཐབས་ལྔ་ཡོད་དེ། དོན་སྙིང་གི་ཚད་པ་ལ་ཕྱེ་མའི་སྨན་གཅེས། སྣོད་ཀྱི་ཚད་པ་ལ་བཤལ་གཅེས། རྩའི་ཚད་པ་ལ་གཏར་ག་གཅེས། ཤའི་ཚད་པ་ལ་ཆུ་མདའ་གཅེས། རུས་པའི་ཚད་པ་ལ་རྡུལ་དབྱུང་བ་གཅེས་སོ། །ཡང་མཁས་པས་བྱ་བ་ནི། ནད་སྟོབས་ཆེ་ལ་ལུས་སྟོབས་ཆུང་ན་ཡང༌། ནད་སྟོབས་ཆུང་ལ་ལུས་སྟོབས་ཆེ། ནད་ཚོད་དང་སྦྱར་བའི་དཔྱད་ཀྱི་མཆོག ནད་སྟོབས་དང་ལུས་སྟོབས་གཉིས་ཀ་ཆེ་ན། དཔྱད་ཀྱི་སྟོབས་བསྐྱེད་པ་གལ་ཆེ། ནད་སྟོབས་དང་ལུས་སྟོབས་གཉིས་ཀ་ཆུང་ན། ཟས་དང༌། སྨན་དང༌། དཔྱད་ཐམས་ཅད་འཇམ་པོས་བྲིས་ལ་བྱ། འདི་ལ་དཔྱད་ཁམ་ཆེས་ན་འཆིའོ། །རྗེས་ལ་འཇམ་བཤལ་གྱི་བཀྲུའོ། །རྩ་འགྲམས་གཏར། རྩ་འཁྲུགས་སྦྱང༌། ཚ་རིམས་སྨན་དུ་ཤེས་པར་བྱའོ། །དེ་ནས་ཕོ་བའི་མེ་དྲོད་གསོ་སྟེ། དང་པོ་སེ་འབྲུ་དང༌། རྒྱམ་ཚའི་ཐང་གཏང༌། དེ་ནས་ཚོ་ཁུ་ལ་སྤོས་བཏབ་ལ་གཏང༌། དེ་ནས་དྲུས་ཐུག་ལ་ལྒ་བཏབ་ལ་གཏང༌། ཡང་ན། སེ་འབྲུ། ཤིང་ཚ། པི་པི་ལིང༌། སུག་སྨེལ། ཀ་ར་དྲུག་འགྱུར་དང་སྦྱར་ལ་ཆུ་སྐོལ་གྱིས་ཕུལ་ལ་གཏང༌། དེས་ཕོ་བའི་མེ་དྲོད་སྐྱེ་བར་འགྱུར་རོ། །སྤྱིར་མ་སྨིན་པའི་གཏར་ག་སྔས་ན། རླུང་དང་ལྡན་པའི་ཚད་པ་མི་ཟད་པ་སྐྱེ། ལུས་ཟུངས་འཛད། དམུ་འོར་དང་སྐྲན་སྐྱེ། ཡང་ན་གྲང་བ་ལ་མེ་དྲོད་འཆི་བས་སྤང་ངོ༌། །རུས་ཚད་གཏིང་དུ་ཞེན་པ་ཞེས་བྱ་བ། ལུས་པོ་སྔོ་ལ་གྱོང༌། དང་ག་མི་བདེ། དྲག་ཤུལ་གང་ཡང་གནོད། ཁྱད་པར་དུ་ཧམ་སྐྱུར་གནོད། ཇ་དང་ཆུ་སྐོལ་ཕན་ནོ། །དེ་ལ་འབོལ་སྟན་བཏིང་བའི་སྟེང་ནས་ཐུལ་པ་དྲོ་བས་བྱིབས། ཆུ་སྐོལ་ཚན་དེ་བྲང་གི་འོག་ཏུ་བཅུག་ལ་མགོ་བོ་བཅུག་ནས་བསྟིབས་པས་རྡུལ་དབྱུང་ངོ༌། །མ་བྱུང་ན་ཆུ་སྐོལ་ཁོང་དུ་ཡང་གཏང༌། ཡང་སྐྱར་ལ་གཞུག རྡུལ་དང་པོ་མ་ཕྱིས་པས་རྡུལ་ཁ་སྙི། ལན་གསུམ་མམ་ལྔའམ་བདུན་གྱི་ཐ་མ་ཕྱིས་ན་ཚད་རླུང་འདོམ་ནས་མི་འཆད་དོ། །ཤིན་ཏུ་རྔུལ་ཁ་སྲན་སྤང་མ་དང༌། ཤུག་པ་དང༌། མཁན་པ་རྣམས་ལ་སིངས་པོའི་ཁ་ཕྲུ་བཏབ་ལ་བཙོ། དེའི་རླངས་པས་བདུག་གོ །ཚད་པ་རྙིངས་པ་ཕྱི་བཤལ་གྱི་མན་ངག་གོ །དེ་རྣམས་ནི་གློ་ཚད་སྤྱིའི་བཅོས་ཐབས་སོ། །གཉིས་པ་ཁྲག་གཟེར་ཞེས་བྱ་བ། རྐྱན་སྤྱོད་ལམ་དྲག་ཤུལ་བྱས་པ་དང༌། ཉིན་མོ་གཉིད་ལོག མཚན་མོ་གཉིད་ཆག་པ་དང༌། ཆང་སྐྱུར་འཐུངས་པ་དང༌། མྱ་ངན་སེམས་ལས་ཆེས་པ་དང༌། བགེགས་ཀྱིས་ཀྱང་རྐྱེན་བྱས་ནས་འབྱུང་ངོ༌། །ནད་ཀྱི་མཚན་ཉིད་ནི། དང་པོ་མ་སྨིན་པ་ལ་ལུས་པོ་ཐམས་ཅད་ཕྲུམ་སེར་ཁྱེར་ཞིང༌། གྲང་ཤུམ་བྱེད། ཚིགས་གཞི་ན། དང་ག་མི་བདེ། ལུས་པོ་ཐམས་ཅད་ཚ་ཞིང་ཁོལ། རྨི་ལམ་སེམས་ལས་ཟ་ཟི་མང༌། ཉིན་པར་གཉིད་ཆེ། མཚན་མོ་མི་འོང༌། འདར་ཞིང་ལྕི། མགོ་དང་ཡན་ལག་ན། དེ་རྣམས་སྤྱིའི་རྟགས་སོ། །དེ་ལ་སྨིན་པར་བྱེད་པའི་ཐབས་ནི། སྐྱུ་རུ་རའི་ཐང་གིས་དྭངས་སྙིགས་དབྱེ། དེ་ནས་གཏར་བས་ཉེས་པ་མེད་དོ། །སྟོད་དུ་གཟེར་དྲག་པོ་མི་འཕོ་བ་འབྱུང༌། ལུས་ལྕི། ཁྱད་པར་དུ་མགོ་བོ་ན། ལུད་པ་ཁྲག་ཏུ་འོང༌། རྩ་དྲག ཆུ་དམར། སྐོམ་དད་ཆེའོ། །དེ་ལ་ག་པུར་གྱིས་རྟ་བྱས་ལ། གི་ཝང༌། གུར་གུམ། བཟང་དྲུག བསིལ་གསུམ་ཀ་ར་དང་སྦྱར་ལ་གཏང་ངོ༌། །སྟོད་དུ་གཟེར་ན། གློ་རྩ་དང༌། སྙིང་རྩ་གཏར། རུ་ཐུང་དང༌། མཁྲིས་པའི་གཤའ་རིངས་གཏར། སྨད་དུ་གཟེར་ན་མཁལ་མ་ལ་བྱིན་གཞུག ལོང་ལ་ལོང་རྩ་གཏར། ཟུག་མ་ཆོགས་ན་ཁྲག་གདོན། དཀར་གསུམ་ཡང་སྤང་མི་དགོས། ཟས་དང་སྤྱོད་ལམ་བསིལ་ལ་བརྟེན། ཁྲག་གཟེར་བཅོས་པའོ། །ས་མཱཔྟ་མི་ཐི།།  །།གསུམ་པ་གཉན་གཟེར་བཅོས་པ་ནི། རྒྱུ་ནི་ལྟ་བ་ལོག་པ་དང༌། མི་གཙང་བ་དང༌། ལྷ་འདྲེ་ཁྲོས་པ་དང༌། གཉན་སར་ཉལ་བ་ལ་སོགས་པས་གདུག་པ་གཉན་གྱི་ནད་འབྱུང་ངོ༌། །དེ་ཡང་སྟོད་དུ་བྱུང་ན་གཟེར་ཐུང༌། རྒྱུ་མ་ལ་བྱུང་ན་རྒྱུ་གཟེར། གྲེ་བ་ལ་བྱུང་ན་གག་པ། ཕྱི་རུ་བྱུང་ན་ལྷོག་པ་བྱ་བ་ཡིན་པས། རྟགས་ནི་གང་དུ་སྨོས་པ་དང་མཐུན་པ་ལས། ཁྱད་པར་དུ་བྱ་རྨྱང་བྱེད་སྙིང་འདོད། སྙིང་མི་དགའ། བ་སྤུ་ལྡང༌། བྱིན་པའི་ཉྭ་ན། ཚིག་པ་ཟ། ལུད་པ་དམར་པོ་འོང་བས། སྔོན་དུ་ག་པུར་དང་གཏར་ག་སྤང༌། དེས་ནད་མགོ་གཏུམས་ནས་ཁོང་དུ་འཁྲིད་དོ། །དེ་ལ་མ་ནུ། ཀཎྜ་ཀ་རི། སླེ་ཏྲེས། ལྒ་སྐྱའི་ཐང་གཏང༌། ཡང་ན་འབྲས་བུ་གསུམ་གྱི་འཇམ་ཐང་གཏང༌། དེས་ནད་སྨིན་པར་བྱེད་དོ། །སྨིན་པའི་རྟགས་གཟེར་འོང༌། ལུས་ལྕི། ལོས་པོ་སྒུལ་ཐབས་མེད། རྩ་གྲིམས་ལ་ཆུ་དམར། གོང་གི་ཁོལ་བ་ལ་སོགས་པའི་རྟགས་རྣམས་འཆད། ལུད་པ་སྨུག་པོའམ། སེར་པོའམ། དུད་ཀ་འོང༌། །ཁྱད་པར་དུ་དབུགས་ཐུང༌། ཤེས་པ་རྔམ། ཁྲོ་སྙིང་འདོད། སྙིང་ག་གཟེར། ལྕེ་གཞུང་ནག་པོར་འོངས་པས། གཉན་ནད་ལ་ཁྱད་པར་དུ། བགེགས་བཅོས་བྱ། དཀོན་མཆོག་མཆོད། སྔགས་གདབ། གཉན་རིགས་ཀྱི་ནད་ཐམས་ཅད་ལ། ཧོང་ལེན། བ་ཤ་ཀ ཏིག་ཏ། དུག་མོ་ཉུང༌། གླ་སྒང༌། འབྲི་མོག་རྣམས་ཀྱི་གྲང་ཐང་གཏང༌། སློང་བྱེད་ཀྱི་སྨན། གླ་རྩི་དང༌། ཤུ་དག་དུ་མ་ཅིག་གཏང༌། དེ་ནས་ཀ་རའམ། མངར་གསུམ་གང་རྙེད་མཐེ་བོང་ཙམ་ཅིག་བཏང་ལ་ནད་བསྡུ། དེ་ནས་དངོས་གཞིའི་སྨན་ཞི་སྦྱང་གཉིས་གང་རུང་གཏང་ངོ༌། །གཙོ་བོར་ཐར་ནུ་འོ་མར་བཏུལ་བ་དང༌། ཆུ་རྩ། དུར་བྱིད། ཁྲོན་བུ། ཧོང་ལེན་གཏང༌། དེ་ལ་གློ་མང་ལ་ལུད་པ་དམར་ན་སྨན་གྱི་སྟེང་ཏུ་མཚལ་དང༌། རྒྱ་སྐྱེགས་ཁུ་བ་གཏང༌། ལུད་པ་སེར་ན། སྐྱེར་པ། ཡུང་བ། གི་ཝང༌། གུར་གུམ་བསྣན་ལ་གཏང༌། ལུད་པ་ཁམ་ནག་བྱུང་ན། དོམ་མཁྲིས། བྲག་ཞུན། གླ་བ་བསྣན། ལུད་པ་ནག་པོ་བྱུང་ན། བསེ་རུ་བསྣན། མི་འགོག་ན་སྟར་བུ་བསྣན། སླད་གཟེར་ལ། ཏིག་ཏ་དང༌། རུ་རྟ་བསྣན། གག་པ་ལ་ཤུ་དག་དང༌། དབྱི་མོང་བསྣན། གང་བཏང་ཡང༌། ཨ་རུ་ར་དུམ་རེ་གཏང༌། སྐྱུག་ཏུ་མི་གཞུག་གོ །ཕོ་བ་ན་ན་སོ་ཕག་གམ། ཡོས་དུགས་བྱ། དེས་ནད་ཐམས་ཅད་འཁྲུ་བར་འགྱུར། འཁྲུས་ནས་ཆུ་སྐོལ་གཏང༌། འཁྲུ་བ་དྲགས་ནས་རླུང་སྐྱེས་ན། སྲེ་ལོང་བསྡུས་པའི་ཁུ་བ་དང་རུས་ཁུ་མར་གསར་རྩེག་བཅད་ལ་གཏང༌། འཁྲུས་ཞན་ནས་ཚད་ལྷག་ལུས་ན། ཅུ་གང༌། ལི་ཤི། གི་ཝང༌། གུར་གུམ། ཙནྡན་དཀར་པོ་རྣམས་ཞིབ་བར་བཏགས་ལ་གཏང༌། ཀ་ར་མི་གཏང༌། ནད་སློང་ཡིན་ནོ། །བཤལ་ཁྲག་ཏུ་འབྱམས་ན། གུར་གུམ། ལི་ཤི། དོམ་མཁྲིས། པདྨ་རཀྟ། ཤིང་ཚ། མཁན་པ་དཀར་པོ་རྣམས་ཞིབ་པར་བྱས་ལ་སྦྲང་རྩིས་མགོ་བསྡུས་ལ་གཏང༌། དེས་ངེས་པར་འཚོའོ། །ནས་དཀར་མོའི་ཟན་སྦྲུ་མ་དང༌། དྲུས་ཐུག་གཏང༌། མཇུག་ཏུ་ཤ་གསར་མར་གསར་གཏང༌། དཀར། སྐྱུར། མངར། ཚ། སྒོག་བཙོང༌། ཉིན་པར་གྱི་གཉིད། བྲག་ཤུལ་རྣམས་མ་བརྟས་པར་དུ་སྤང་ངོ༌། །ནད་པ་སྟོད་གཟེར་ལ་རྩ་ཞན། ལུད་པ་སྐྱ་སོབ་ཏུ་འོང༌། དབུགས་ཐུང༌། གྲེ་བ་སོག ནམ་ཚང་མི་བདེ་བ་དང༌། སྣ་ནས་ཆུ་སེར་འོང་བ་དང༌། མིག་གྱེན་ལ་བལྟ་བ་དང༌། ཁ་ཁུ་ཡིས་འདེབས་ན། སྲོག་པ་རྩ་ལ་ཤོར་བ་ཡིན་ནོ། །ཤེས་པ་འཁྲུལ་བ་དང༌། རྒྱུ་མ་རུལ་ནས་དུད་ཁུར་འཁྲུ། གཅོད་སྨན་བཏང་ན་སླར་ལ་འཁྲུ་བ་རྣམས་འཆི་བདག་གི་ཁ་རུ་ཚུད་ངེས་པ་ཡིན་པས་སྤང་ངོ༌། །དེ་ལ་སྨན་བཏང་ན། གཞན་ལ་མི་འགོས་སོ། །གཟེར་ཐུང་གསོ་བའི་གདམས་ངག་ཁྱད་པར་ཅན་བདུད་རྩི་ཡང་ཐིགས་རྫོགས་སོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དང་པོ་མཁྲིས་པའི་ནད་ཀྱི་གཞི་ནི། མཆིན་པའི་ཁྲག་ཚད་ལས་ལྷག་པ་དང༌། ངལ་དུབ་དྲག་པོ་དང༌། མེ་ཚན་དང༌། ཉི་ཚན་ལ་གཉིད་ཆེར་ལོག་པ་དང༌། ཆང་སྐྱུར་མང་པོ་འཐུངས་པས་མཁྲིས་པ་ཐང་ལ་ལྷགས་པའོ། །དེ་ལ་མཁྲིས་ནད་སྤྱིའི་མཚན་ཉིད་ནི། མིག་སྤྲིན་དང༌། ལྕེ་འོག་གི་རྩ་དང༌། རྣ་རྒྱབ་དང༌། ལག་མཐིལ་དང༌། མཆན་འོག་དང༌། སྣ་རྩེ་རྣམས་སེར་བ་དང༌། ཆུ་དམར་ནག་འདྲ་བ་དང༌། ཕྱི་ས་དཀར་པོ་བག་ཟན་འདྲ་བ་དང༌། སྐོམ་དད་ཆེ་ལ་ཁ་ཁ་བ་དང༌། ཕོ་བ་ཅུང་ཟད་གྱོང་ཞིང༌། སྒྱིད་པ་ཤིན་ཏུ་སྐྱུར་པའོ། །མཁྲིས་པ་གཤལ་ཡ་ནག་པོ་ནི། རྟགས་དེ་རྣམས་ཀྱི་སྟེང་དུ་སེན་མོ་ནག་པོར་འགྲོ་བ་དང༌། ལུས་པོ་ལ་ཕྲུག་པས་ཚིམ་པ་མེད་པ་དང༌། སྐྲ་དང་སྨིན་མ་འབྱི་བའོ། །མཁྲིས་པ་རྩ་རྒྱུག་ནི། སྤྱི་རྟགས་རྣམས་ཀྱི་སྟེང་དུ། རོ་སྟོད་གྱོང་ཞིང་ཅུང་ཟད་སེར། ལུས་པོ་དང་སྣབས་ལ་ཡང་ཅུང་ཟད་སེར་པོ་འབྱུང༌། ཟས་དང་གར་མི་འོང་ལ། ཁ་ཁ། མིག་སྔར་སྔོན་དམར་དུ་འོང༌། མཁྲིས་པ་ཟ་བྱེད་ནི། ཟ་ཞིང་ཕྲུག་ན་ཆུ་སེར་འོང༌། འབྲུམ་པ་སེར་པོ་འོང༌། རླུང་གི་སྟོབས་ཀྱིས་ཞུགས་པ་ནི། སྤྱི་རྟགས་རྣམས་ཀྱི་སྟེང་དུ་རྣ་བ་འུར་བ་དང༌། གཉིད་ཆུང༌། ཤེས་པ་འཕྱོ་བར་འོང༌། བད་ཀན་གྱི་སྟོབས་ཀྱིས་ཞུགས་ན། སྤྱི་རྟགས་རྣམས་ཀྱི་སྟེང་དུ་ཕོ་བ་ལྡེམ་པ་དང༌། ཤེད་ཆུང་བ་དང༌། ཕྱི་ས་བག་ཟན་ལྟ་བུར་འབྱུང༌། སྣོད་ཀྱི་མཁྲིས་པ་ཁ་ལུད་པ་ནི། སྤྱི་རྟགས་ཀྱི་སྟེང་དུ་མགོ་བོ་ལ་ལུད་ན། མགོ་བོ་འཁོར་ཞིང་ཀླད་པ་ན། མཚོག་མ་རྡོལ་བ་སྙམ་བྱེད། ཉི་མ་ལ་འདུག་ན་ན་བའོ། །མཆིན་པ་ལ་ལུད་ན། མཆིན་པའི་སྟེང་དུ་ན། ལུད་པ་སྐྱུར་ན་ཁ་ལ་འཁྲི། གློ་བ་ལ་ལུད་ན་ཁ་ཁ་ལ། གློ་མང༌། ཕོ་བ་ལ་ལུད་ན་གསུས་པ་ཆེ། ཁྲག་སླ་མོ་འཁྲུའོ། །ཐམས་ཅད་ལ་མཁྲིས་པ་ཅུང་ཟད་སྐྱུག་གོ །ལུས་ཟུངས་ཀྱི་མཁྲིས་པ་གནས་གྱུར་པ་ནི། རྩ་ལ་ལུས་གྲང་ཤུམ་བྱེད་དོ། །མཁྲིས་པ་ཤ་སེར་ནི། ཉམ་ཤེད་ཆུང༌། ཁོང་སྦོ། །ཆུ་འཐུངས་ཀྱང་ཁ་ཁ། རྫས་དཀར་པོ་ཡང་སེར་པོར་མཐོང༌། སྔ་དྲོ་དང༌། དགོངས་ཀ་བསིལ་དུས་བག་རེ་བདེའོ། །དེ་ལ་མཁྲིས་པ་བཅོས་པ་ལ་གསུམ་སྟེ། དང་པོ་བསྡུ། བར་དུ་སྦྱང༌། ཐ་མ་བརྟས་པར་བྱའོ། །བསྡུ་བ་ནི་གསེར་གྱི་མེ་ཏོག དོམ་མཁྲིས། ཨ་རུ་ར། དུག་མོ་ཉུང་གི་ཐང་ཡང་ཡང་གཏང༌། དེས་ཕོ་བ་མི་བདེར་སོང་ན་འདུས་པ་ཡིན་པས་སྦྱང་བར་བྱའོ། །གཉིས་པ་སྦྱང་བ་ནི། ཨ་རུ་ར་ལ་དུར་བྱིད་ཀྱི་ཁུ་བ་བསྟིམ་ལ། དེ་བཙོས་ནས་བསྐམས་པ་དང༌། ཨ་རུ་ར་ཟན་གྱི་ནང་དུ་གཏུམས་ལ་ལྕི་མེ་ལ་བསྲེགས་ཏེ། ཟན་ཚོས། ཨ་རུ་ར་མ་ཚིག་པ་སེར་ཙམ་སོང་བ་གཅིག་དང༌། ཨ་རུ་ར་མཆུ་སྙུང་ཅིག དུར་བྱིད། ཐར་ནུ་དང་གསེར་གྱི་མེ་ཏོག་རྣམས་ཞིབ་ཏུ་བཏགས་ཏེ། བ་ཡི་ཆུ་ལ་བཏབ་སྟེ་གཏང་ངོ༌། །རྗེས་ལ་སོགས་པ་བཤལ་སྤྱི་དང་འདྲའོ། །འདི་ནི་ཨ་རུ་ར་བཙོ་བསྲེགས་རྗེན་གསུམ་གྱི་སྦྱོར་བ་ཞེས་བྱ་བ་སྟེ། མཁྲིས་པ་དང༌། དུག་ལ་འདི་ལས་ལྷག་པ་མེད་དོ། །གསུམ་པ་བརྟས་པར་བྱ་བ་ནི། ཆང་གསར་པ་དང༌། བ་མར་གསར་པ་དང༌། དར་བ་གསར་པ་རྣམས་ཕོ་བའི་མེ་དྲོད་དང་སྦྱར་ལ་ཅི་རིགས་སུ་གཏང་ངོ༌། །ལུས་པོ་བརྟས་ནས་ཡུན་རིང་དུ་ལོན་པ་དང༌། དགོས་ན་ཡང་བསྐྱར་ལ་གཏང༌། བཤལ་རྗེས་མ་ཡིན་པ་ལ་ལུག་ཤ་དང་ཆང་སྤང༌། ར་ཤ་དང་གཡག་ཤ་སྤང་ངོ༌། །དཀར་དང་བ་ཤ་གསར་པ་བསྟེན། སྒོག་ཆུ་ཚ་མེད་ལ་ཟན་སྦགས། རླན་དང་ཉི་མ་སྤང༌། མེ་བཙའ་བྱ་རུ་མི་རུང་ངོ༌། །སྤྱིར་ཐམས་ཅད་ལ་རྩེའུ་ཆུང་དང་རུ་ཐུང་གཏར་ལ། བ་ལེ་ཀ་དང༌། ཏིག་ཏ་གཏང་ངོ༌། །ཞི་བྱེད་ཀྱི་སྨན་ལ་གསེར་གྱི་མེ་ཏོག བོང་ང་དཀར་པོ། །གུར་གུམ། དུག་ཉུང༌། བག་ཞུན། ཨུཏྤལ། བ་ཤ་ཀ ཡུང་བ་རྣམས་གཏང་ངོ༌། །ཁ་ཅིག་མཁྲིས་པའི་རིགས་མི་འབྱེད་པར། བསིལ་སྨན་དང༌། གཏར་ག་འབའ་ཞིག་བྱེད་དེ། དེ་ནི་བུད་ཤིང་ཟད་པའི་མེ་བཞིན་དུ་ནད་དང་ལུས་ཟུངས་གཉིས་ཀ་འཛད་དོ། །མཁྲིས་པ་གྲང་བའི་རིགས་ལ། དང་པོར་རྒྱམ་ཚ་གསུམ་པའི་ཐང་གཏང༌། བར་དུ་ད་ལིས་བདུན་པ་བུངས་བསྐྱེད་ལ་གཏང༌། སེ་འབྲུ། ཚ་བ་གསུམ། སུག་སྨེལ། ཤིང་ཚ། ཀ་ཀོ་ལ། རྒྱམ་ཚ། ཀ་ར་སྦྱར་ལ་གཏང་ངོ༌། །མདོར་ན་དྲོད་སྨན་འབའ་ཞིག་གིས་བཅོས་སོ། །དྲོད་སྨན་བཏང་བས་ཁམས་མི་བདེ་ཉོག་པ་སྙམ་བྱེད་ན། བྲེད་མི་དགོས་སོ། །དེའི་རྗེས་ལ་བགས་ཀྱིས་ལྕེ་བདེ་ལ། མིག་དང༌། ལྕེ་མི་སེར་དུ་འགྲོའོ། །སྤྱིར་མཁྲིས་པ་ལ་མན་ངག་ཏུ་བྱས་པ་ལ། གྲང་བའི་དུས་དང༌། ཚ་བའི་དུས་གཉིས་ཡོད་དེ། དང་པོ་ཟླ་བ་ཕྱེད་ནས་ཞག་ཉི་ཤུའི་བར་དུ་ཆུ་དམར་བ་དང༌། མིག་སེར་བ་ཚོར་མ་ཐག་ནི་བར་དུས་ཞེས་བྱ་སྟེ། ད་ལིས་བདུན་པ་འབའ་ཞིག་བཏང་བས་འཚོའོ། །འདིའི་དུས་སུ་གཏར་ག་དང༌། བསིལ་བཏང་ན་ངེས་པར་འཆི་བར་འགྱུར་རོ། །དུས་ཡུན་རིང་པོ་ལོན་ཏེ། སྐྲ་འབྱི་བ་དང༌། སེན་མོ་ནག་པོར་སོང་ནས། དྲོད་གནོད་པས་བཤལ་གྱིས་བཅོས་པ་མན་ངག་ཡིན་ནོ། །གཏར་ག་བྱས་ན་ཁྲག་མཁྲིས་པར་འོང་སྟེ། གང་ལ་ཡང་ཕུགས་སུ་གནོད་དོ། །སྣོད་ཀྱི་མཁྲིས་པ་ཁ་ལུད་པ་ལ། བག་ཙམ་གཏར་ཡང་དྲག་སྟེ། ཕལ་ཆེར་གཏར་ན་འཆིའོ། །སྤྱིར་ཡང་མ་ཞུ་བས་རྒྱུ་བྱས་པའི་མཁྲིས་པ་ཁོང་ན་སོང་བས་དྲོད་བཅོས་བྱའོ། །ད་ལིས་བདུན་པ་ནི་བ་ལུའི་ལོ་མ། ན་ལེ་ཤམ། སྒ་སྐྱ། པི་པི་ལིང༌། དང་པོའི་ཆ་རེས་གང་ནས་གང་དུ་སྐྱེད། ཤིང་ཚ་དང༌། སུག་སྨེལ། བ་ལུའི་ལོ་མའི་ཕྱེད། པི་པི་ལིང་གི་བརྒྱད་འགྱུར་ཀ་ར་གཏང་ངོ༌། །མཁྲིས་པ་སྐྱེ་བའི་ཁ་ཟས་ཤ་རུལ་སུངས་དང༌། མར་རྙིང༌། ཐུང་རུལ། སྣུམ་ཁུར། མར་ནག སྒོག་པ། ཆང་ཉེས། སྐྱུར་པོ། ཞོ་སྐྱུར། མདོར་ན་དྲོད་ལ་འཇུ་དཀའ་བའི་ཟས་ཟོས་ནས། ཉིན་པར་གཉིད་ལོག་པ་དང༌། མེ་དང་ཉི་མ་ལ་འདུག་དྲགས་པ་དང༌། ལས་དྲག་ཤུལ་བྱས་པས་མཁྲིས་པ་འཁྲུགས་ཏེ་མིག་གི་ནད་དུ་གྱུར་པའོ། །དེ་དག་ནི་མཁྲིས་པ་ཚ་བའི་ནད་དོ། །དང་པོ་རླུང་སྐྱེ་བའི་རྒྱུ་འགའ་ཞིག་གི་རྐྱེན་གྱིས་མཁྲིས་པ་ཡུལ་བཏོན་ཏེ། ཕྱིར་གྲམ་ནས་མིག་ལ་སོགས་པ་སེར་པོར་བྱས་པ་དང༌། གཉིས་པ་བད་ཀན་སྐྱེད་པའི་ཟས་སྣུམ་འཐུངས་པའམ། ཚིལ་བུ་ཟོས་པ་དང༌། ཆང་མ་ཞུ་བ་དང༌། མཁྲིས་པའི་ལམ་བཀག་ནས། ཕྱིར་ཡན་ལག་དང་མིག་ལ་སོགས་པ་སེར་པོར་འགྱུར་བའོ། །འདི་གཉིས་མཁྲིས་པ་གྲང་བ་ལས་གྱུར་པའོ། །མཇུག་ཚ་བ་ཆོམ་པའི་ཚེ་ཚིགས་པ་བཅོ་ལྔ་པ་ལ་མེ་བཙའ་བྱས་ཀྱང་བཏུབ། འདི་ནི་ཁྱད་པར་མཆོག་ཏུ་གྱུར་པའི་མན་ངག་ཡིན་ནོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་མཁྲིས་པ་སྒོས་བཅོས་ཀྱི་ལེའུ་རྫོགས་སོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མཁལ་མ་སྒོས་བཅོས་ཀྱི་མན་ངག་འདི་ལ། དང་པོ་མཁལ་མ་སུརྻ་ཞེས་བྱ་བ་ལས་དྲག་ཤུལ་བྱས་པ་ལས་བྱུང་སྟེ། མཁལ་རྐེད་ལྕི་ཞིང༌། དང་ག་འགྲིབ། རྣ་བ་མི་གསང༌། ཤ་སྐམ་མོ། །དེ་ལ་དང་པོ་དུགས་བྱ། བར་དུ་ཐང་གཏང༌། ཐ་མ་གཏར་གྱིས་ཚ་རེངས་གདུལ་ལོ། །དེས་མ་ཕན་ན། ཟས་བསིལ་གྱིས་བཅོལ། རྩ་བཤལ་བྱ། རྗེས་ལ་གུར་གུམ་བདུན་པ་གཏང༌། རྩ་བ་ལྔའི་སྨན་པར་གཏང༌། མཁལ་གསང་བསྲེགས། མཁལ་མ་ཐག་ཁུ་ཞེས་བྱ་བའི་ཁུ་བ་རྣག་དང་བཅས་པ་ཆུའི་ནང་དུ་སྔོན་ནམ། རྗེས་ལ་འཛག ན་ཟུག་ཆེའོ། །དེ་ལ་རྩ་བཤལ་གཏང༌། འཇམ་རྩི་བསྟེན། རྩ་བ་ལྔའི་སྨན་མར་བསྟེན། སྔོ་ངད་དང་ཟད་བཅུད་མེད་སྤང༌། རྟ་རྒྱུག་པ་དང༌། བང་དང༌། མཆོངས་དང༌། ཉལ་པོ་རྣམས་མཁལ་མའི་དགྲ་ཡིན་པས་སྤང༌། མཁལ་མད་རྒན་ཞེས་བྱ་བ། ཚིགས་དང་བཤུལ་ཤ་ཐམས་ཅད་ན། བརྡུངས་པའམ། བཙིར་ན་ཕན་པ་སྙམ་བྱེད། སྐབས་སུ་རྐེད་པ་ན། རྒྱབ་ལག་བྱས་ན་བདེ་བ་སྙམ་བྱེད། མཇུག་ཚིགས་འཐོན་ནས་སྒུར་པོར་འགྲོ། དེ་ལ་བདུད་རྩིའི་དུགས་བྱ། བསྐུ་མཉེ་བྱ། རྩ་བཤལ་གཏང༌། མེ་བཙའ་བྱ། ཟས་བཅུད་ལ་བསྟེན། ད་བྱིད་དང་རྩ་བ་ལྔ་བསྟེན་ནོ། །མཁལ་མ་ཆུ་ཤོར་ཞེས་བྱ་བ། ཚིགས་པ་བཅོ་བརྒྱད་པ་མན་ཆད་ན། སྤྱི་བོའི་འཕོགས་མཚམས་གཡོ་ཞིང་ན། བརླ་སུལ་དང༌། བྱིན་སུལ་འཕྲོ་ཞིང་ནའོ། །དེ་ལ་དང་པོ་དུགས་ཡང་ཡང་བྱ། སྐྱུ་རུ་ར་དང༌། སླེ་ཏྲེས་ཀྱི་ཐང་གིས་བསྡུས་ལ་མཁལ་རྩ་གཏར། ལག་པས་སླེབ་པའི་བརླ་སུལ་དུ་ཐུར་མ་རྒྱབ་ལ་ཆུ་སེར་དབྱུང༌། མཁལ་གསང་གི་ན་སར་མེ་བཙའ་བྱའོ། །མཁལ་མ་རྡེའུ་ཞེས་བྱ་བ་འབྲས་བུ་དང༌། སྦུ་ལྟག་ན་ཕྱིས་ན་ཕན་པ་སྙམ་བྱེད་དོ། །དེ་ལ་དཔྱིད། ལྕམ་པ། རམ་ཉེ་བ། སྡིག་སྲིན། རམ་བུ་རྣམས་བརྒྱད་འགྱུར་དུ་སྦྱར་ལ་ཆང་གིས་ནུས་པ་བསྐྱེད་ལ་རི་བོང་གི་རིལ་མ་ཙམ་ལྟོ་སྟོང་ལ་གཏང་ངོ༌། །དེས་རྡེའུའི་ནད་སེལ་ལོ། །སྐྲན་ཡོད་ན་ལུས་བསྒྱུར། ལངས་ན་ཚ་ཤགས་ཤགས་བྱེད་དོ། །དེ་ལ་རྡོ་མེ་ལ་བསྲེགས་པ་དམར་པོ་རེ་བ་ལ་དང༌། ཕ་ཚེ་ཆུ་རུ་བཙུག་ནས་ལྷོད་ལྷོད་མང་དུ་བྱས་ལ། ན་སར་སྣམ་བུས་གཅུད་ལ་ཡུན་རིང་དུ་བདུག་གོ །ཡང་ར་དང་ཁྱི་མ་གཏོགས་པའི་རུས་པ་ཡིབ་མ་སྣ་ཚོགས་མཐེ་བོང་ཙམ་དུ་བརྡུངས་པ་ལ་ཡུན་རིང་དུ་བཙོ། དེ་དོང་དུ་མེ་དུ་བ་མེད་པའི་སྟེང་དུ་བཞག་ལ། མཚམས་རྣམས་འདག་པས་བྱུག ཕྲུ་བའི་ཁ་ཕད་ཧྲུལ་གྱིས་མཐུག་ཏུ་བཀབ་སྟེ། དེ་ལ་སྐྲན་བརླན་ལ་བདུག དེ་སྟེང་ནས་མལ་ཆས་བསྟིབས། སྐྲན་རིགས་ཐམས་ཅད་ལ་དེ་ལྟར་བྱའོ། །སྤྱིར་དབྱེ་བཤལ། མཁལ་རྐེད་ན། རྐང་པ་སྦྲིད། གཡལ་དང་སྦྲིད་པ་བྱུང་ན་སྐད་ངན་འཆོར། དེ་ཐམས་ཅད་ལ་ལུག་གི་མཁལ་མ་མར་དུ་བཙོས་ལ་གཏང༌། ལོང་རྩ་གཉིས་དང༌། མཇུ་གུ་ཆུང་གཏར། མཁལ་གསང་བསྲེག་གོ །གསོ་དཔྱད་བདུད་རྩི་ཐིགས་པ་ལས་མཁལ་མ་སྒོས་སུ་བཅོས་པའི་ལེའུའོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན་ཞེས་བྱ་བ་འདི་ལ། ཁྲག་དང་མཁྲིས་པའི་ཟུག་རྔུ་ཕྱིར་འབྱིན་ཏེ། གཡེང་བ་མེད་པར་བསྙལ་ཐག་ལེགས་པར་བསྡམ། ཆུ་གྲང་དང་རྡོ་གྲང་ལ་སོགས་པ་བསོགས་ལ། ནད་པ་ལུས་པོ་དྲོས་པ་ཤེས་པ་མ་བྲེད་པར་བྱས་ལ། གཙག་བུ་ཚད་དང་ལྡན་པ་རྣོན་པོ་བརྡར་ཏེ། གདབ་ལུགས་དུམ་ཡོད་ཀྱང༌། གཉིས་ལེན་དང༌། དོལ་ཆོད་དང༌། གློ་ཕུག་བྱ་སྟེ། རྩ་ཆེན་པོ་རྣམས་སྒང་གཤག་བྱ། བྱིན་པོ་དོལ་ཆོད་བྱ་སྟེ། སྨན་པ་ལག་འདྲིས་པ་གལ་ཆེའོ། །དེ་ཡང་རྩ་ཆེན་པོ་རྣམས་སུ་སུམ་ཆ་བླང༌། འབྲིང་པོ་ཕྱེད་བླང༌། ཕྲ་མོ་རྣམས་སུ་མ་གཉིས་བླང་ངོ༌། །མགོའི་རྩ་དོལ་ཆོད་བྱ་སྟེ། ཆོད་ཀྱང་སྐྱོན་མེད་དོ། །མགོའི་ཤ་མཐུག་པོ་དང༌། ཤ་ལས་བྱེད་དང༌། འཕར་རྩ་མ་གཏོགས་པ་རྣམས་གཏར་རོ། །རྐང་པའི་སྣེ་ས་དང༌། ཉྭ་དང་ཆུ་བ་དང༌། འགུལ་རྩ་ལ་མི་གདབ་བོ། །དང་པོ་ནད་ལ་ཡིད་མ་ཆེས་ན། སྣོད་ཁ་བག་ཙམ་གཏར་ལ་ཁྲག་ལྟ་སྟེ། ཁྲག་བཟང་ན་བཞག ཁྲག་ངན་ལ་ཡབ་ཆེན་མང་དུ་དབྱུང་ངོ༌། །དེ་ཡང་དར་དམར་པོ་བཞིན། དམར་ལ་གསལ་ན་ཁྲག་བཟང་བ་ཡིན་ཏེ། དེ་ལ་ལུས་བརྟེན་ནས་ཟུངས་ཁྲག་ཅེས་བྱའོ། །མདོར་ན་ནད་རྙིང་པ་ལ་སོགས་པ། དོན་སྣོད་གང་ལ་བབས། ངོ་ཤེས་ན་དེ་རང་གི་རྩ་ལ་གདབ་བོ། །ཁྲག་སྦ་བྱུང་ན་རྡོ་བ་ཆུར་བཅུག་ལ་མཉེ། ཁྲག་མཆོད་ན་རྡོ་གྲང་མོ། ཆེ་བྱའི་ཕོང་རྨ་ཁར་གླན། ཁྲག་རྗེས་བག་རེ་ལུས་ཀྱང་སྨན་བཏང་བས་འབྱངས་ཏེ་ཉམ་ང་མི་དགོས་སོ། །ད་ནི་གཏར་བའི་བྱེ་བྲག་བསྟན་པར་བྱ་སྟེ། སྤྱི་གཙུག་གཏར་བ་ནི། རྣ་བ་གཉིས་མདུན་དུ་བལྟ་བ་ལ་སྲད་བུ་གཏང༌། ལྟག་པའི་བདུད་ཁུངས་ནས། སྣ་རྩེར་སྲད་བུ་བཏང་བའི་རྒྱ་གྲམ་ལ་གཏར་ན་རྩ་བྱེད་ཆེན་པོ་བྱུང་བ་དང༌། མགོ་ལྕི་ཞིང་འཁོར་བ་དང༌། ལྟག་དགྱེར་སོང་བ་རྣམས་ལ་ཕན་ནོ། །གལ་ཏེ་ཁྲག་མ་ཆོད་ན། རྐང་མཐིལ་དུ་མེ་བཙའ་གདབ་བོ། །དཔྲལ་བའི་སྐྲ་མཚམས་ན་ཡར་སོར་བཞི་འཇལ་བར་གཏར་ན། མཚོག་མ་ལྕི་ལ་མིག་ཕུགས་སུ་ཟུག་ཅིང་ན་བ་དང༌། བད་མཁྲིས་ལས་གྱུར་པའི་རིམས་ཀྱིས་མགོ་འཁོར་ཞིང་ན་བ་ལ་ཕན་ནོ། །རྣ་བའི་ཕྱི་ངོས་སྣའི་རྩ་ན་སྤུ་འཇམ་པོ་གྱེན་དུ་འཁྱིལ་བ་ཡོད་དེ། གཏར་ལ་མེས་ཁ་བསྲུང༌། ལྟག་ཁུང་གཡས་གཡོན་སྐྲ་མཚམས་ནས་གྱེན་ལ་སོར་བཞི་བཅལ་བའི་གདོང་ན། ལྟག་རྩ་ནག་པོ་བྱ་བ་གཉིས་ཡོད་དེ། གཙག་ཁ་གྱེན་ལ་བསྟན་ལ་གཤགས། དེས་གཉའ་བ་རེངས་པ་དང༌། མཇིང་བ་འགྱུར་མི་ཤེས་པ་དང༌། ཆུ་རྒྱུད་སྣད་ནས་ལྟག་པ་དགྱེ་བོར་སོར་བ་ལ་ཕན་ནོ། །དཔྲལ་བ་ལ་རྩ་གསུམ་ཡོད་དེ། དབུས་མ་ལ་མཁྲིས་པ་གསེར་མདུང་ཞེས་བྱ་བ། དེ་གཏར་བས་མཁྲིས་པ་རྒྱས་པ་དང༌། སྟོན་དཔྱིད་མགོ་བོ་དང༌། ཉི་མས་དྲོས་ན་མཚོག་མ་ལྕི་བ་དང༌། ཆང་ནད་དྲག་པོ་ཀུན་ལ་ཕན་ནོ། །མིག་གཉིས་ཀྱི་གོང་ན་འཕར་རྩ་རེ་གནས་པས། སྐྲ་མཚམས་སུ་གཏར་ན། མིག་ཚགས་པའི་ནད་ཐམས་ཅད་སེལ་ལོ། །སྣའི་རྩེ་མོ་ནས་སྤྱི་གཙུག་ཏུ་སྲད་བུ་བཏང་ལ། དེ་བལྟབ་པའི་སར་སྐྲ་མཚམས་ཕྱེ་ལ་གཏར། དེས་ཀྱང་མིག་གི་ནད་ལ་ཕན་ནོ། །མིག་ཕུགས་ཀྱི་རྩ་གཉིས་གཏར་ན། ཁྲག་གི་ལིང་ཏོག་གིས་མིག་ཁེབས་པ་དང༌། ཟུག་གཟེར་ཆེ་བ་ལ་ཕན་ནོ། །རྣ་བའི་རྩེ་མོ་ནས་སོར་བཞི་གྱེན་ལ་བཅལ་བར་གཏར་ན་མགོ་ཕྱེད་ན་བ་ལ་ཕན་ནོ། །ལྕེ་འོག་གི་རྩ་གཉིས་གཏར་ན་ཁ་ཁ་བ་དང༌། ཁ་སྐམ་པ་དང༌། ལྕེ་ཕུགས་སུ་བྲོས་པ་ལ་ཕན་ནོ། །རྒྱལ་མོ་གབ་རྩ་སྙིང་གི་ལུང་ཐག་ཅེས་བྱ་སྟེ། མཆུ་འཐེམས་སུ་བཅུག་ལ། རྩ་ནག་ཆུར་བྱུང་བ་ལ་གཏར། དེས་མཆུའི་བད་ཀན་དང༌། མཚེར་བའི་ནད་ལ་ཕན་ནོ། །དེ་ལྟར་རྣ་བའི་ནད་ལ་རྣ་བའི་རྩ་གཏར། སྣའི་ནད་ལ་སྣའི་རྩེ་གཏར་ན། མིག་སྐམ་ཚགས་ལ་ཕན་ནོ། །སྤྱིར་སྐྲ་མཚམས་ཡན་ཆད་ཀྱི་འཕར་རྩ་རྣམས་ལ་གཏར་ན་གཏར་བའི་ཉེས་པ་མི་འབྱུང་ངོ༌། །རོ་སྟོད་ཀྱི་གཟེར་ཐམས་ཅད་ལ་རྩེའུ་ཆུང་གཡས་གཡོན། སྐེལ་མས་ཡར་སོར་བཞི་བཅལ་བར་གཏར་ན་ཕན་ནོ། །གློ་བའི་ཨ་སོ་ལི་ག་གཉིས་ན་གྲུ་མོའི་ཁུག་ན་རྩ་གཉིས་ཡོད་དེ། དེ་ལ་གློ་དྲུག་མགོ་ཡང་ཟེར། དེ་གཉིས་བསྣོལ་ཏེ་གཏར་བས་གློ་ལ་རྣག་ཁྲག་འོང་བ་དང༌། གློ་ལ་ཁྲག་རྒྱས་སྟེ་སྨུག་རྦབ་ཏུ་སོང་བ་དང༌། སྟོད་ན་ཞིང་གཟེར་བ་དང༌། ཉིན་གུང་ནམ་གུང་ལ་ལྕི་ཞིང་དབུགས་མི་བདེ་བ་དང༌། གློའི་དབུགས་མི་བདེ་བ་ལ་ཕན་ནོ། །གློ་བའི་དཔུང་རྩ་གཡས་གཡོན་གཉིས་གཏར་ན། རིམས་ལས་གྱུར་པའི་སྟོད་གཟེར་དྲག་པོ་དང༌། གློ་རྩ་ཁྲག་གིས་རྒྱས་ཏེ་གཟེར་བ་དང༌། གློ་རྩ་ཁྲག་གིས་རྒྱས་པའི་སྐྱོན་གྱིས་འགྲམ་པ་གཡས་གཡོན་དུ་གཟེར་བ་དང༌། མགོ་ལ་ལྷ་འཐེམས་བྱུང་བ་ལ་ཕན་ནོ། །དེའི་རྒྱུད་གྲུ་མོའི་ཁུག་ཀྱི་ཟུར་ན་གློ་བའི་ཟུར་རྩ་ཞེས་བྱ་བ་ཡོད་དེ། དེ་གཏར་ན། གློ་དང༌། མཆིན་པ་དང༌། སྟོད་ཀྱི་ཚད་པ་དང༌། ལག་པ་སྦྲིད་ཅིང་ན་བ་དང༌། རྟག་ཏུ་སྣ་ཁྲག་འཛག་པ་དང༌། ཟས་ཡི་གར་མི་འོང་བ་དང༌། གློ་ལ་ཁྲག་མཚལ་ལྟ་བུ་འོང་བ་དང༌། དབུགས་མི་བདེ་བ་དང༌། བྱང་ཁོག་ལ་ནད་ཕོག་པ་རྣམས་ལ་ཕན་ནོ། །མཆན་འོག་ནས་འཁྲིས་ནས་གྲུ་མོའི་ནང་དུ་བྱུང་བ་དེ་ལ། དྲུག་མགོ་ཆེན་པོ་ཞེས་བྱ་སྟེ། དེ་ལས་གྱེས་པའི་རྩ་ལྔ་ཡོད། ཕྱིར་འཁྱུག་པ་རུ་ཐུང་ཞེས་བྱ་སྟེ། དེའི་གྱེས་མཚམས་ནས་སོར་བཞི་བཅལ་བར་གཏར་ན་མཆིན་པ་ཁྲག་གིས་རྒྱས་པ་དང༌། མཆིན་ཁྲག་པོ་བར་ལྟུང་བ་དང༌། ཚ་བ་ལས་གྱུར་པའི་རྒྱུ་གཟེར་དང༌། མཆིན་པ་འཁྲུགས་པའི་སྐྱོན་གྱིས་མིག་ཚགས་པ་དང༌། འགྲམ་པར་ཟུག་གཟེར་འོང་བ་དང༌། རྩིབ་ལོགས་གཟེར་ཞིང་མཆིན་དྲི་ཁ་སྐོར་ན་བ་དང༌། དུག་གིས་མཆིན་པ་རྒྱས་པ་དང༌། བད་ཀན་སྨུག་པོ་མཆིན་པ་ལ་ཞུགས་ཏེ། ཁྲག་རྒྱས་པ་ལ་ཕན་ནོ། །དེ་ནས་མར་སོར་བརྒྱད་བཅལ་བར་གཏར་ན། དུག་ནད་རྙིང་པ་ལ་ཕན་ནོ། །རུ་ཐུང་གི་རྩེ་མོ་མཁྲིག་མའི་ཕྱི་རོལ་ལོང་བུའི་གདོང་དུ་གཏར་ན། མའི་ཁོང་དུ་རྒྱུད་ཆད་པར་སོང་ནས་མའི་རུམ་ནས་མིག་ཚགས་པ་ལ་ཕན་ནོ། །དེའི་ནང་ངོས་སུ་གྱེས་པའི་རྩ་དེ་ནི་མཆིན་པའི་ཟམ་པ་ཞེས་བྱ་སྟེ། མཆིན་པའི་ནད་ལ་ཕན་ནོ། །དེའི་ནང་གི་རྩ་དེ་མཁྲིས་པའི་གཤའ་རིའམ་ཞེས་བྱ་བ་ཡིན། དེ་གཏར་བས་མཁྲིས་པ་ཕོ་བར་ལུད་པ་དང༌། མིག་སེར་བ་དང༌། མཁྲིས་པ་ལས་གྱུར་པའི་རིམས་ནད་དང༌། བལ་ནད་མིག་སེར་དང༌། མཁྲིས་པའི་སྐྱོན་གྱིས་མགོ་བོ་ན་བ་དང༌། མིག་སེར་བ་དང༌། ལིང་ཏོག་གསར་པ་དང༌། མཁྲིས་པ་ལས་གྱུར་པའི་ཚད་ནད་ཡུན་རིང་གིས་དང་ག་འགགས་པ་རྣམས་ལ་ཕན་ནོ། །དེའི་ནང་ངོས་ཀྱི་རྩ་སྣོད་ཁ་ཞེས་བྱ་སྟེ། དེ་གཏར་ན་སྣོད་ཀྱི་ཚ་བ་སེལ་ལོ། །དེའི་ནང་དུ་བྱུང་བའི་རྩ་དེ་ནི། སྙིང་གི་ཨ་སོ་ལི་ག་ཞེས་བྱ་སྟེ། དེ་གཏར་བས་སྙིང་རྩ་ཁྲག་གིས་ཁེངས་པ་དང༌། སྟོད་ལྕི་ཞིང་ཡི་ག་མི་བདེ་བ་དང༌། རིམས་ནད་སྙིང་ལ་ཞེན་པ་དང༌། དབུགས་མི་བདེ་བ་དང༌། སྟོད་ལྕི་ཞིང་ནུ་མཆིན་གཟེར་བ་དང༌། སྙིང་གི་ནད་ཐམས་ཅད་ལ་ཕན་ནོ། །དེ་སྙིང་གི་འཕར་རྩའི་སྟིང་ན་གནས་པས་ཤིན་ཏུ་གཟབ་བོ། །ཨ་སོ་དང༌། གློའི་ཟུར་རྩ་འདོམ་པའི་རྩ་ལ་གཏར་ན། གློ་སྙིང་གཉིས་ཀའི་ནད་ལ་ཕན་ནོ། །ལག་པའི་མཁྲིག་མའི་རྒྱབ་ན་རྩ་གཉིས་ཡོད་དེ། གཅིག་རྒྱབ་རྩ་དྲུག་འདུས་ཞེས་བྱ་སྟེ། དེ་གཏར་ན་རོ་སྟོད་རྒྱས་པ་དང༌། རྒྱབ་ཏུ་གཟེར་བ་དང༌། ཁྲག་རོ་རྙིང་པ་ལ་ཕན་ནོ། །དེའི་ཕྱི་ངོས་རྒྱབ་རྩ་ཆེན་པོ་ཞེས་བྱ་སྟེ། དེ་གཏར་བས་རྒྱབ་སྨད་དང༌། སྲོག་འདབ་ན་བ་ལ་ཕན་ནོ། །དེའི་ཕྱི་ངོས་རྩ་ཕྲན་ཡིན་ཏེ། རྒྱབ་རྩ་འཁུན་བུ་ཞེས་བྱ་སྟེ། དེ་གཏར་ན་མཆིན་པ་སྙོང་བུ་དང༌། མཆིན་པ་སྐྱེད་འཁོར་གྱི་ནད་དང༌། མཆིན་པ་ཀླད་གྲངས་ཀྱི་ནད་དང༌། རོ་རྒྱབ་འབྱར་ཞིང་ན་བ་དང༌། མཆིན་པ་ན་ཏིང་བྱེད་པ་དང༌། ཁ་ཟས་ཡི་གར་མི་འོང་བ་ལ་ཕན་ནོ། །མཐེབ་མཛུབ་བར་ན་ཡང་མཚོན་གང་བཅལ་བ་ན་གློ་བའི་སྐྱོར་གོང་ཞེས་བྱ་བ་ཡོད་དེ། དེ་གཏར་ན་གློ་བའི་ལུད་པ་དམར་བ་དང༌། གྲེ་བ་འཛེར་བ་དང༌། སྐད་འགགས་པའི་ནད་ལ་ཕན་ནོ། །མཐེ་བོང་གི་རྒྱབ་ངོས་ན། སྙིང་རྩ་ཡོད་དེ། དེ་གཏར་བས་སྙིང་གི་ཚ་བ་སེལ་ལོ། །མཛུབ་མོའི་རྒྱབ་ན་གློ་རྩ་ཡོད་དེ། དེ་གཏར་བས་གྲེ་བ་མི་བདེ་བ་སེལ་ལོ། །གུང་མོའི་རྒྱབ་ན་མཚེར་པའི་རྩ་ཡོད་དེ། དེ་གཏར་བས་མཆུའི་བད་ཀན་དང༌། མཚེར་པའི་ནད་ལ་ཕན་ནོ། །སྲིན་ལག་གི་རྒྱབ་ན་མཁལ་རྩ་ཡོན་པོ་ཞེས་བྱ་བ་ཡོད་དེ། དེ་གཏར་བས་མཁལ་ནད་ལ་ཕན་ནོ། །མཐེའུ་ཆུང་གི་རྒྱབ་ན། མཆིན་པའི་རྩ་ཡོད་དེ། དེ་གཏར་བས་མཆིན་ནད་ལ་ཕན་ནོ། །ཐམས་ཅད་ལ་འཕར་རྩ་གཏར་བ་གལ་ཆེའོ། །ལྕེ་རྩ་གཡས་གཡོན་གཉིས་ལ་གཏར་ན་རིམས་ནད་ཚ་བ་བྱིང་བ་དང༌། ལྕེ་སྐམ་ཞིང་སྐོམ་དད་ཆེ་བ་དང༌། ཟས་ཡི་གར་མི་འོང་བ་དང༌། བད་ཀན་གྱི་དྭངས་མ་སྙིང་གར་བྲོས་ཏེ། ལྕེ་མི་བདེ་བ་ལ་ཕན་ནོ། །ཁ་དང༌། ལྕེ་དང༌། མཆུའི་ནད་ལ་ཡང་བད་ཀན་གྱི་རྩ་ལ་གཏར་ན་ཕན་ནོ། །རིམས་ནད་ལ་དཔྲལ་བའི་རྩ་ལ་གཏར་ན་ཁྱད་པར་དུ་ཕན་ནོ། །འཁྲུགས་དང༌། རིམས་དང༌། ཚད་པ་སྙིང་ལ་ཤོར་བ་ལ་ཨོལ་གོང་གི་ཐོག་གི་སྙིང་རྩ་འགྲེང་བུ་ལ་གཏར་བས་ཕན་ནོ། །མཐེབ་མཛུབ་ཀྱི་བར་གྱི་སྐྱོར་གོང་པའི་སྟེང་ནས། མཁྱིད་གང་བཅལ་བར་གློ་སྙིང་འདོམ་པའི་རྩ་ལ་གཏར་ན། གློ་སྐམས་པོ་འགོག་ཏུ་མི་བཏུབ་པ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་རྣམས་ལ་ཕན་ནོ། །དེས་སྟོད་ཀྱི་རྩ་ཆེ་ཕྲན་གྱི་གདབ་པའི་གནས་བསྟན་ཟིན་ཏོ། །ད་ནི་སྨད་ཀྱི་གཏར་ས་བསྟན་པར་བྱ་སྟེ། མཚེར་པ་ལ་རྩ་སུམ་བརྒྱ་དྲུག་ཅུ་ཡོད་དེ། སྦོམ་ཕྲ་ཕལ་ཆེར་རྟའི་རྔ་མ་ཙམ་ཡོད། དེ་རྣམས་ཀྱང་རྩ་ཆེན་དྲུག་ཏུ་འདུས་ཏེ། སྟོད་ཀྱི་རྩ་ཐམས་ཅད་ཆེ་ཆུང་གཉིས་ལ་འདུས། རྒྱལ་པོ་གཏར་བས་ཀུན་ལ་ཕན་ཞེས་བྱའོ། །སྨད་ལ་རྩ་ཐམས་ཅད་ལོང་རྩ་གཉིས་ལ་འདུས་ཏེ། དེ་གཏར་བས་ལོང་ནད་ཀུན་ལ་ཕན་ནོ། །ཤ་ལྤགས་ཀྱི་རྩ་ཐམས་ཅད་ངར་གདོང་གཉིས་ཀྱི་མཆིན་དྲི་ནས། གཡས་གཡོན་དུ་ཡུ་མོ་ཐུར་དུ་རྒྱུག་པ་འདྲ་བ་གཅིག་ཡོད་དེ། ལྡང་བའི་གདོང་ནས་མཁྱིད་གང་བཅལ་བའི་ས་དེ་གཉིས་གཏར་ན། མཚེར་པ་འགྲམས་པ་དང༌། སྣད་པ་དང༌། སྦོ་བ་དང༌། མཚེར་བ་ལ་བད་ཀན་སྨུག་པོ་ཡོད་པ་དང༌། ཤ་སེར་བ་དང༌། མིག་སེར་བ་དང༌། མཁྲིས་པ་གཤའ་ཡས་ཐེབས་པ་དང༌། མཛེ་དང༌། ཤུ་བ་དང༌། གཡེན་པ་དང༌། ཟ་ཀོང་དང༌། རྨ་དང༌། སེར་ག་སོས་སུ་མི་བཏུབ་པ་དང༌། པུས་མོའི་ཚིགས་དང༌། རྐང་པ་ལ་ཆུ་སེར་འཁོར་བ་དང༌། སྟོད་སྨད་དུ་ལྷུང་བ་དང༌། མཁལ་མའི་ནང་དང༌། འོར་དང༌། རྐང་པའི་བོལ་གོང་སྐྲངས་པ་དང༌། ཆུ་སེར་གྱི་ནད་དུ་གྱུར་པ་ཙམ་ལ་རྩ་འདི་གཏར་ཏེ། ཆུ་སེར་ནག་པོའི་གདོང་རྩ་ཞེས་ཀྱང་བྱ། མཚེར་མཁྲིས་འདོམ་པའི་རྩ་ནག་ཅེས་ཀྱང་བྱའོ། །ངར་གདོང་པའི་མར་སྣ་ནས་སོར་བཞི་བཅལ་བ་དེ། ཚིགས་ཀུང་ཀུང་པོ་གཡས་གཡོན་གཏར་ན། མཚེར་པ་ལས་གྱུར་པའི་ནད། ཕོ་བ་སྐབས་སུ་འཁྲུ་བ་དང༌། ཟས་མི་ལེན་པ་ལ་ཕན་ནོ། །སྨད་དུ་ཆུ་སེར་རྒྱས་པ་ལ་ཆུ་སེར་གྱི་གདོང་རྩ་དང༌། ཡོབ་ཆེན་གོང་འོག་གཏར་ན་ཕན་ནོ། །མཁལ་མའི་རྩ་ལ་བྱིན་རྩ་ནག་གུ་གཡས་གཡོན་གཉིས་དང༌། ལག་པའི་མཐེའུ་ཆུང༌། མཁྲིས་པའི་རྩ་གཉིས་ཀ་གཏར། ལ་ལ་དག་བྱིན་གཞུག་ཟེར། བྱིན་པའི་ཉྭའི་དཀྱིལ་ན་སྦྲུལ་འཁྱིལ་པ་ལྟ་བུ་ཅིག་ཡོད་དེ། རྟིང་པའི་དཀྱིལ་ནས་མཁྱིད་གང་བཅལ་བར་གཏར། དེའི་ཕྱི་རོལ་ན་མར་རོང་བུའི་སྟེང་ན་མར་བྱིན་ཀྱོག་གཏར་རོ། །དེས་རྐེད་པ་ཆག་པ་སྙམ་བྱེད་པ་དང༌། མཁལ་ཁུང་གཡས་གཡོན་དུ་མཆིན་ཁྲག་ལུད་པ་དང༌། མཁལ་མ་སུར་ཡ་དང༌། མཁལ་མ་སྐྱེད་འཁོར་གྱི་ནད་དང༌། དཔྱིའི་འཁྲུལ་དམིགས་མཚམས་སུ་ཟུག་ཅིང་གཟེར་བ་དང༌། བུད་མེད་མངལ་ཁྲག་གིས་བུ་མི་འོང་བ་ལ་ཕན་ནོ། །བརླའི་རྩ་བོ་ཆེ་ནི། མས་ཡར་མཐོ་གང་བཅལ་བར་གཏར་རོ། །སྒྱིད་ཁུང་པའི་སྒབ་རྩ་སོར་བཞིའི་འོག་ཏུ་གཏར་ཏེ། དེས་མཆིན་ཁྲག་ལོང་དུ་འཐུམས་པ་དང༌། ཕྱི་ཐེན་སྐྱེད་ས་འཁོར་གྱིན་འོར་དུ་བབས་པ་དང༌། མངལ་ཁྲག་རྟག་ཏུ་འཛག་པ་རྣམས་ལ་ཕན་ནོ། །རྐང་པའི་མཐིལ་རྩ་གཏར་བ་ནི། གཉེར་མ་གསུམ་གྱི་དབུས་མ་ལ། རྐང་པའི་གུང་མོ་ནས་རྟིང་པའི་དཀྱིལ་དུ་སྲད་བུ་ཐེན་པ་དེ་བལྟབ་པར། གར་སླེབ་དུ་གཙག་བུ་སོར་གཅིག་འཕངས། ཁྲག་དབྱུང༌། བསྐུ་མཉེ་བྱ། མེ་བཙའ་སྤྲ་རྡོག་གསུམ་གྱིས་བསྲེག་གོ །ཁྲག་མ་ཆོད་ན་སྤྱི་གཙུག་གི་རྩ་ལ་མེ་བཙའ་གདབ་བོ། །དེས་ནི་སྙིང་བརྡུང་ཞིང་ན་བ་དང༌། གཟེར་དྲག་པོ་དང༌། གཏར་ག་གཞན་གྱིས་མ་ཐུབ་པ་དང༌། མགོ་བོ་རྩའི་ཆུ་སེར་སྙིང་ལ་བབས་པ་ལ་ཕན་ནོ། །རྐང་པའི་རྟིང་པའི་དྲེག་མཚམས་སུ་གཙག་ཁ་ཐུར་ལ་བསྟན་ནས་དེར་བརྡེག སྟེང་དུ་སྤྲ་རྡོག་སྲན་མ་ཙམ་གསུམ་གྱིས་བསྲོ། དེས་མིག་ནད་མ་ལུས་པ་ཐམས་ཅད་ལ་ཕན་ནོ། །ལོང་རྩ་གཡས་གཡོན་རུས་པའི་ཐེར་ལ་གདབ་པས་ལོང་གི་ནད་དང༌། མཁལ་རྐེད་ཀྱི་ནད་དང༌། མཆིན་པའི་ནད་ཐམས་ཅད་དང༌། ཟླ་མཚན་རྟག་ཏུ་འཛག་པ་རྣམས་ལ་ཕན་ནོ། །རྐང་པའི་མཐེ་བོང་གཉིས་ཀྱི་བར་ནས་མཚོན་གང་བཅལ་བའི་སར་གཙག་པུ་སོར་ཕྱེད་དང༌། གཉིས་འཕངས་ནས། རོ་སྨད་ཆེ་བ་དང༌། གྲུམ་བུ་ལ་ཕན་ནོ། །མཆིན་པ་འཕྲལ་དུ་སྣད་པ་ལ་རུ་ཐུང་གཏར། མདུན་ན་ན་ཨ་སོ་གཏར་རོ། །རྒྱབ་ན་ན་རྒྱབ་རྩ་གཏར་རོ། །རུས་པ་ན་ན་མཁལ་རྩ་གཏར་རོ། །བུད་མེད་སྦྲུམ་མ་ལ་ལོང་རྩ་དང༌། རུ་ཐུང་གཏར་དུ་མི་རུང་ངོ༌། །ཨ་སོ་དང་མཁྲིས་རྩ་གཏར་རོ། །མིག་གི་དབང་པོའི་རྩ་གཉིས། རྣ་བའི་དབང་པོའི་རྩ་གཉིས། སྙིང་རྩ་གཉིས་ཏེ་དྲུག་ལ་གཏར་དུ་མི་རུང་ངོ༌། །རྩ་སྒོ་བཞི་ཞེས་པ་རྩེའུ་ཆུང་གཉིས་དང༌། ལོང་རྩ་གཉིས་ཡིན་ནོ། །རྩ་གཉན་པོ་བཞི་ནི་སྙིང་རྩ་གཉིས། བརླའི་རྩ་བོ་ཆེ་གཉིས་ཡིན་ནོ། །མདོར་བསྡུ་ན། རོ་སྟོད་ན་ན་རྩེའུ་ཆུང་གཉིས་གཏར། ནུ་མཆིན་དུ་ཟུག་ན་ཨ་སོ་གཉིས་གཏར། རྒྱབ་ཏུ་གཟེར་ན་གློ་བའི་སྒང་རྩ་གཏར། རྩིབ་རིངས་འཁྲིས་ན་མཆིན་པའི་རུ་ཐུང་གཏར། རྒྱུ་ཞབས་སུ་གཟེར་ན་ལོང་རྩ་གཏང༌། རྐང་པ་བཤལ་ན་བྱིན་གཞུག་གཏར་རོ། །གདམས་ངག་འདི་ནི་འབྲུ་བཅུད་ཀྱི་ནང་ནས་ཆང་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན་ཞེས་བྱ་བའི་ལེའུ་རྫོགས་སོ།།  །།བླ་མ་རྗེ་བཙུན་ས་སྐྱ་པའི་གདམས་པའོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ་ཞེས་བྱ་བ་འདི་ལ་ལྔ་སྟེ། རྒྱབ་དང༌། མདུན་དང༌། སྟ་ཟུར་ཡན་ལག་གོ །དེ་ཡང་རླུང་གིས་ཁྲག་འཁྱགས་ནས་ན་བའི་མེ་བཙའ་དམིགས་སུ་བསྲེགས་པས་རླུང་ཁྲག་དྲོས་ནས་ཞི་བར་འགྱུར་རོ། །དམིགས་ལ་གཉིས། ནད་ཀྱི་གསང་བཙལ་བ་ནི། ཤ་ཁོལ་བུར་ན་བ་དང༌། སྐྲངས་པ་དང༌། ཆུ་སེར་གྱི་འོར་དང༌། རྩའི་སྒོ་དང༌། མནན་ན་མི་བཟོད་པ་དང༌། མནན་ན་རྗེས་འོངས་པ་དང༌། གང་ན་ན་བའི་སར་བསྲེག་གོ །སྤྲ་རྡོག་ཆེ་ཆུང་དང༌། གྲངས་མང་ཉུང་ནི། མིའི་ཁམས་དང༌། ནད་ཀྱི་བྱེ་བྲག་དང༌། དོན་སྣོད་ཀྱི་ཤ་སྲ་སྙི་དང༌། དོན་སྙིང་གི་ཤ་སྲ་སྙི་དང༌། རྩ་རྒྱུས་ཀྱི་བྱེ་བྲག་དང་སྦྱར་བར་བྱའོ། །གཉིས་པ་གང་གི་ནད་བཙལ་བ་ནི། སྤྱིར་དུ་མ་ཅིག་ཡོད་ཀྱང༌། མགོ་ལ་གདབ་པའི་གནས་ནི། སྤྱི་གཙུག་གནམ་རྟེན་དང༌། མཛོད་སྤུ་མཚོག་མ། དཔྲལ་བའི་སྐྲ་མཚམས། ཁ་འགྲམ་གཡས་གཡོན། ཀོས་ཀོའི་འོག་གི་ཀུང་ཀུང་པོ་དང༌། སྐེའི་རྩ་གཉིས། རྣ་བའི་མདུན་གྱི་འཕར་རྩ་གཉིས་རྣམས་སོ། །རྒྱབ་ཀྱི་ཨན་ཆེན་སྟོང་རུས། རླུང་གི་གསང༌། གཉིས་པ་མཁྲིས་པའི་གསང༌། གསུམ་པ་བད་ཀན་གྱི་གསང༌། བཞི་པ་གློ་བའི་གསང༌། ལྔ་པ་གློ་བ་མའི་གསང༌། དྲུག་པ་སྲོག་པ་རྩའི་གསང༌། བདུན་པ་སྙིང་གི་གསང༌། བརྒྱད་པ་མཆིན་དྲིའི་གསང༌། དགུ་པ་མཆིན་པའི་གསང༌། བཅུ་པ་མཁྲིས་པའི་གསང༌། བཅུ་གཅིག་པ་མཚེར་པའི་གསང༌། བཅུ་གཉིས་པ་ཕོ་བའི་གསང༌། བཅུ་གསུམ་པ་བསམ་སེའུའི་གསང༌། བཅུ་བཞི་པ་མཁལ་མའི་གསང༌། བཅོ་ལྔ་པ་གློ་ལོང་འདྲེས་པའི་གསང༌། བཅུ་དྲུག་པ་ལོང་གི་གསང༌། བཅུ་བདུན་པ་རྒྱུ་མའི་གསང༌། བཅོ་བརྒྱད་པ་ལྒང་བའི་གསང༌། བཅུ་དགུ་པ་དང་ཉི་ཤུ་བ་རླུང་གི་གསང༌། རྩ་གཅིག་པ་གཞང་གི་གསང༌། རྩ་གཉིས་པ་མཇུག་ཏོའོ། །ཐམས་ཅད་ལ་ཁ་གསུམ་དུ་ཡོད་དོ། །མདུན་གྱི་གདབ་ས་ནི། སྐེའི་ཏོང་ཏོང་པོ་དང༌། དེ་ནས་ཐུར་དུ་མཚོན་གང་དུ་གདབ་པའོ། །དེ་ནས་ཐུར་དུ་མཚོན་ཕྱེད་དང་དོ་བཅལ་བར་བསྲེག་གོ །དེ་ནས་ཐུར་དུ་མཚོན་གང་བཅལ་བར་ཁ་གསུམ་དུ་གདབ། དེ་ནས་ཡང་ཐུར་དུ་མཚོན་ཕྱེད་དང་དོ་བཅལ་བའི་གཡས་གཡོན་དུ་མཚོན་ལྔར་གདབ། ལྟེ་བ་ཁུང་གི་གཡས་གཡོན་མཚོན་རེ་ཕུན་རེར་གདབ། དེ་ནས་ཐུར་དུ་མཚོན་གང་བཅལ་བའི་གཡས་གཡོན་དུ་མཚོན་གང་ཕུན་གང་དུ་གདབ་བོ། །དེ་ནས་ཐུར་ལ་མཚོན་གང་དུ་ཁ་གསུམ་དུ་གདབ་བོ། །ཟུར་གྱི་དམིགས་ནི། མཆན་ཁུང་གི་སྤུ་གསེབ་ཏུ་གདབ་ན་གློའི་རྣག་འཆད་དོ། །ནུ་མ་གཉིས་ཀྱི་རྩེ་མོ་ནས་ཐུར་དུ་མཚོན་བཞི་བཅལ་བར་གདབ། ཚིགས་པ་བཞི་པ་ནས་གཡོན་དུ་མཁྱིད་གང་བཅལ་བ་མཁལ་མའི་ཕུག་ཡིན་ནོ། །རྐང་པའི་དམིགས་ནི་ལངས་ནས་གུང་མོས་སླེབ་པའི་བརླའི་ཕྱི་སུལ་དང༌། ལྷ་ང་ནས་སོར་བཞི་དང༌། པུས་མོའི་ཚིགས་གཉིས་དང༌། སྒྱིད་ཁུང་པ་ནས་མཚོན་བཞི་ཐུར་དུ་བཅལ་བ་དང༌། ལོང་བུའི་ནང་ངོས་ནས་གྱེན་ལ་སོར་བཞི་འཇལ་བ་དང༌། རྟིང་པའི་དཀར་ནག་མཚམས་ནས་དང༌། མཐེ་བོང་དང༌། མཛུབ་མོའི་བར་ནས་ཡར་མཚོན་གང་བཅལ་བའོ། །ལག་པའི་དམིགས་ནི། ལག་པ་བཏེག་པའི་དཔུང་པའི་གཤོལ་དང༌། སོག་པ་གཉིས་ཀྱི་དཀྱིལ་དང༌། གྲུ་མོ་གཉིས་དང༌། པུས་མོ་གཉིས་བཀུག་པའི་མཚམས་ཀྱི་སྣ་བཞིར་གདབ་བོ། །མདོར་ན་རླུང་ནད་ཀྱི་སོ་མཚམས་ན། རྣ་བའི་འོག་གི་ཤོར་བུ་ལྡད་མཚམས་སུ་བསྲེག ཁ་སོ་ན། མིག་མི་གསལ་བ་སྡུད་སྒོ་བསྲེག མགོ་འཐོམས་ནས་སྣ་ཁུང་ན་ན། སྤྱི་གཙུག་དང་མཆོག་གནས་ལ་གདབ་བོ། །མཇུག་ཚ་བ་གོམས་པའི་ཚེ། ཚིགས་པ་བཅོ་ལྔ་པ་ལ་མེ་བཙའ་བྱས་ཀྱང་བཏུབ། སྲུབས་བསྲེག ཁ་སོ། ཡོབ་ལ་གཡས་སུ་ཡོ་ན། གཡོན་གྱི་ལྡད་མཚམས་བསྲེག གཡོན་དུ་ཡོ་ན་གཡས་བསྲེག སྤྱིར་རླུང་ནད་ཆེན་པོ་ཡོད་པ་དང༌། རིགས་ཆེན་པོ་ལ་ཨན་ཏོང་རུས་བསྲེག ཚིགས་པ་བཞི་མན་ཆད་བསྲེག་ན་ཕན། སྙིང་གི་ནད་ལ་ཚིགས་པ་གཉིས་པ་བསྲེག མཆིན་དྲི་ལ་བརྒྱད་པ། མཆིན་པ་ལ་དགུ་པ། མཁྲིས་པ་ལ་བཅུ་པ། མཚེར་པ་ལ་བཅུ་གཅིག་པ་བསྲེག་གོ །ཕོ་བའི་ནད་ལ་བཅུ་གཉིས་པ་དང༌། མཁལ་མའི་ནད་གྲང་རླུང་གི་ནད། ཡང་གྲང་རླུང་གིས་ཆུ་འགགས་པ་རྣམས་ལ་བཅུ་གསུམ་པ་དང་བཅུ་བཞི་པ་བསྲེག གློ་བ་དང་ལོང་འདྲེས་པའི་ནད། རྩ་རྒྱུན་འགགས་པ་ལ་བཅོ་ལྔ་པ། རྟག་ཏུ་ས་བོན་འཛག་པ་དང༌། ལུས་ཟུངས་ཟད་པ་ལ་བཅུ་དྲུག་པ་བསྲེག ལུས་ཀྱི་སྨད་སྦོ་བ་དང༌། གོམ་པ་མི་བརྟན་པ་དང་རྐང་པ་རེངས་པ་ལ་བཅོ་བརྒྱད་པ་དང༌། བཅུ་དགུ་པ་དང༌། ཉི་ཤུ་པ་གསུམ་བསྲེག་གོ །བད་ཀན་གྱི་ནད་ལ་ལྷེན་སྣ་བར་མཚོན་གང་བཅལ་བར་ཁ་གསུམ་དུ་བསྲེག་གོ །དེ་རྣམས་ནི་མདོར་བསྡུས་པའི་མན་ངག་གོ །མེ་བཙའ་བྱས་ནས་གོམ་པ་བདུན་ཙམ་བཅག དེའི་ནུབ་མོ་ཆུ་མི་བཏུང༌། གནོད་པའི་ཟས་བསྲུང༌། བསྲེག་ཏུ་མི་རུང་བའི་ཚིགས་པ་བཅུ་པ་ཡིན། མིག་གི་འབྲས་བུ་གཉིས། ཕོ་མོའི་རྟག་གཉིས། ཕོའི་ཚིགས་པ་བཅུ་དྲུག་པ། མོའི་གཉེར་མ་རིང་པོ་གཉིས། མིག་གི་རྩ། ཆུ་བ་ལས་བྱེད་པ་སྤོང་ངོ༌། །ལེགས་པའི་ཚད་བྱ་ཐི་བའི་མདོག་འདྲ་བ་དང༌། ཆུ་སེར་ཅུང་ཟད་འབྱུང་བ་དང༌། ཆུ་བུར་འཕྲེད་ན་འབྱུང་ན་ནད་མྱུར་དུ་འཚོའོ། །མེ་བཙའ་རིན་ཆེན་ཐིགས་པའོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བཤལ་གྱི་གདམས་ངག་རིན་པོ་ཆེའི་ཆུ་རྒྱུན་ཞེས་བྱ་བ་འདི་ལ་དོན་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་མོ། །སྦྱོར་བ་ནི། དང་པོ་བསོད་ནམས་ཀྱི་ཚོགས་བསགས། ལུས་དལ་བ་དང༌། མི་འཁྱགས་པ་དང༌། གཉིད་བདེ་བར་ལོག་པ་དང༌། དུགས་བྱ་བ་དང༌། རུས་པ་དང༌། བཤུལ་ལ་བསྐུ་མཉེ་བྱ་བ། ནད་ལ་མི་གནོད་ཙམ་དུ་ལྟོ་ཆས་བྱ། །བསྙུང་བར་འདུག་གོ །ནང་པར་གཏང་བའི་ནུབ་མོ། །སྣུམ་བག་ཟོས་ན་སྣུམ་འདྲེད་དུ་འགྲོའོ། །སྔོན་འགྲོ་མ་བྱས་པར་བཤལ་བཏང་བ་ནི། དཔེར་ན་ཤིང་སྐམ་པོ་འགུགས་པ་དང་འདྲའོ། །དངོས་གཞི་ནི། དགེ་བའི་བཤེས་གཉེན་གདན་ལ་བཞུགས་པའི་སྦྱོང་ཞེས་བྱ་སྟེ། བཅོས་ཀ་གཞན་གྱིས་མ་ཕན་པ་དང༌། ཁོང་པ་ལྡེམ་པ་དང༌། རྐང་ལག་སྦྲིད་པ་དང༌། རྩེ་ཆུང་རེངས་ཤིང་གཟེར་པ་ལ་ཕན་ནོ། །དན་ད་བཞི། ལྕུམ་རྩ་མཐེ་བོང་ཙམ་གཅིག དུར་བྱིད་མཐེ་བོང་ཙམ་གཅིག ཟངས་རྩི་བ་བྱེ་སྒོང་གང༌། རྒྱ་ཚ་རིལ་མ་ཙམ་གཅིག ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་གཏང་ངོ༌། །མི་རྒོད་ཀྱི་རྒྱུན་སྦྱོར་ཞེས་བྱ་སྟེ། སྲིན་ནད་དང༌། མ་ཞུ་བ་དང༌། ཕོ་བའི་ལྕགས་དྲེག་དང༌། ཟས་ཟོས་མངལ་དུ་ཞུགས་པ་དང༌། ན་བ་ལ་ཕན་ནོ། །ཤུ་དག་རིལ་མ་ཙམ་གཅིག དུར་བྱིད་མཐེ་བོང་ཙམ་གཅིག ཟངས་རྩི་བ་བྱེ་སྒོང་གང༌། པི་པི་ལིང་གསུམ། སེ་རྒོད་ཀྱི་བར་ཤུན་བྱེ་སྒོང་གང༌། རྒྱ་ཚ་རིལ་མ་ཙམ་གཅིག བུར་ཆུ་ལ་བཏབ་ལ་གཏང་ངོ༌། །མགྲོན་པོ་ལམ་དུ་ཞུགས་པའི་སྦྱོང་ཞེས་བྱ་སྟེ། གཟེར་ནད་དང༌། མཚེར་བའི་ནད་དང༌། ལྕི་ཞིང་བྲང་ཚབ་དང༌། ཚིགས་པ་ཁོལ་ཞིང་ན་བ་ཐམས་ཅད་ལ་ཕན་ནོ། །དབྱི་མོང་ཞོ་ཕྱེད། ཤི་རི་ཁཎྜ་རྡོག་པོ་གཅིག ཁྲོན་བུ་མཐེ་བོང་ཙམ་གཅིག གུར་གུམ་ཐུན་གཅིག གུ་གུལ་དཀར་པོ་བྱེ་སྒོང་གང༌། ཚ་བ་གསུམ་ཐུན་རེ་རེ། དེ་རྣམས་ཆང་ངམ་ཆུ་སྐོལ་ལ་སྦྱར་ལ་གཏང་ངོ༌། །རྒྱལ་པོ་ཆིབས་གོང་གི་བཤལ་ཞེས་བྱ་སྟེ། མགོ་ན་བ་དང༌། ཕོ་བ་ན་བ་དང༌། བད་ཀན་གློ་མིག་ཏུ་ཤོར་བ་དང༌། ཆུ་སེར་པགས་པའི་ནད་དང༌། ལོང་གི་ནད་ཐམས་ཅད་ལ་ཕན་ནོ། །རྒྱ་ཚ་རིལ་མ་ཙམ་གཅིག ལིག་དུར་ཐུན་གཅིག ཨ་རུ་ར་མཆུ་སྙུང་གཅིག སྔོན་བུ་བྱེ་སྒོང་གང༌། བ་སྦྲུ་བ་མཐེ་བོང་ཙམ་གཅིག ལྕམ་པའི་འབྲས་བུ་ཐུན་གཅིག དེ་རྣམས་ཞིབ་པར་བཏགས་ལ་ཆུ་སྐོལ་ལ་གཏང་ངོ༌། །རྨ་རྙིང་གི་རེད་བཤལ་ཞེས་བྱ་སྟེ། རྨ་རྙིང༌། མཆིན་ནད་བཤུལ་པ་ལ་ཞེན་པ་དང༌། དུག་ནད་རྙིང་པས་འབྱང་དུ་མི་བཏུབ་པ་དང༌། རྐང་ལག་ལྷུ་ཚིགས་ན་བ་ཐམས་ཅད་ལ་ཕན་ནོ། །སྟག་ཤ་བ་བྱེ་སྒོང་གང༌། ཅུ་གང་ཐུན་གཅིག རྒྱ་ཚ་ཞོ་གང༌། གུ་གུལ་དཀར་པོ་ཐུན་གཅིག ཤི་རི་ཁཎྜ་ཐུན་གཅིག སུག་སྨེལ་ཐུན་གཅིག དེ་རྣམས་བུ་རམ་དང་སྦྱར་ལ་གཏང༌། བྱིས་པའི་འཇམ་བཤལ་ཞེས་བྱ་སྟེ། བུ་ཆུང་གི་ནད་འབྱང་དུ་མ་བཏུབ་པ་དང༌། མཆིན་པ་སྙོང་བུ་དང༌། བུ་ཆུང་གི་ནད་སྐྱེ་རུ་མ་འདོད་པ་དང༌། རེས་ན་རེས་དྲག་བྱེད་པ་ལ། འདི་ནི་མན་ངག་ཁྱད་པར་ཅན་མཆོག་ཏུ་གྱུར་བ་ཡིན་ནོ། །ཁ་རུ་ཚ་རིལ་མ་ཙམ་གཅིག དང་ག་འཕང་ལོ་ཙམ་གཅིག སྟར་བུ་ཞོ་གང༌། སྒ་ཞོ་གཅིག བྲག་ཞུན་ཐུན་གཅིག སྒྲོན་ཤིང་རིལ་མ་ཙམ་གཅིག ཞིབ་པར་བཏགས་ལ་མར་དཀར་ལ་ལྡེ་གུ་བྱས་ལ་གཏང་ངོ༌། །དྲག་པོ་འདུས་པའི་སྦྱོང་ཞེས་བྱ་སྟེ། ནད་གཞི་ཆེ་བ་དང༌། སྨད་གཞན་གྱིས་འབྱུང་དུ་མ་བཏུབ་པ་དང༌། རླུང་མཁྲེས་བད་ཀན་འཁྲུགས་པ་དང༌། མཆིན་ནད་གྲུམ་བུ་དང༌། སྐྲན་ནད་དང༌། མཛེ་དང༌། ཆུ་སེར་གྱི་ནད་ཐམས་ཅད་ལ་ཕན་ནོ། །བསེར་བུ་བག་ཙམ་ཡང་མི་རུང་ངོ༌། །དན་ད་བཞི། དུར་བྱིད་མཐེ་བོང་ཙམ་གཅིག ཁྲོན་བུ་མཐེ་བོང་ཙམ། སྔོན་བུ་བྱེ་སྒོང་གང༌། ཤི་རི་ཁཎྜ་རིལ་མ་ཙམ་གཅིག དོང་ག་འཕང་ལོ་ཙམ་གཅིག་ཞིབ་བར་བཏགས་ལ་བུ་རམ་དང་སྦྱར་ནས་བཏང་ན་ནད་གཞི་ཐམས་ཅད་ལ་ཕན་ནོ། །བཙུན་མོ་པང་ན་བུ་ཐོགས་ཀྱི་བཤལ་ཞེས་བྱ་སྟེ། ཕོ་བ་ན་བ་དང༌། རྒྱུ་ལོང་གི་ནད་ཐམས་ཅད་དང༌། བུད་མེད་ཀྱི་ཚ་བའི་ནད་ཐམས་ཅད་དང༌། བུ་སྣོད་གྲང་ནས་བུ་མི་ཆགས་པ་དང༌། སྨད་དུ་ནད་ཞུགས་པ་ཐམས་ཅད་ལ་ཕན་ནོ། །ཁ་རུ་ཚ་རིལ་མ་ཙམ་གཅིག ཅུ་གང་ཐུན་གཅིག ཨ་རུ་ར་མཆུ་སྙུང་གཅིག གུར་གུམ་ཐུན་གཅིག སེ་རྒོད་བར་ཤུན་བྱེ་སྒོང་གང༌། དེ་རྣམས་ཆུ་ཕུལ་གང་ཙམ་ལ་བསྡུས་ལ། ནང་པར་ལྟོ་སྟོང་ལ་གཏང་ངོ༌། །དེས་མོ་ནད་ཐམས་ཅད་ལ་ཕན་ནོ། །རྐང་རྗེན་དང༌། བསེར་བུ་མི་རུང་ངོ༌། །སྐྲན་གྱི་གཅོད་བཤལ་ཞེས་བྱ་སྟེ། སྐྲན་གསར་པ་དང༌། ཕོ་བ་ལྕགས་དྲེག་དང༌། མ་ཞུ་བ་དང༌། དམུ་ཆུ་དང༌། བད་ཀན་དང༌། རིམས་ཐམས་ཅད་དང༌། སྦྱོང་གཞན་གྱིས་མ་ཕན་པ་དང༌། འཁྲུགས་རྙིང་པ་ལ་ཕན་ནོ། །དན་ད་བཞི། ཤུ་དག་རིལ་མ་ཙམ་གཅིག དབྱི་མོང་ཞོ་ཕྱེད། རྒྱ་ཚ་རིལ་མ་ཙམ་གཅིག སྟག་ཤ་བ་བྱེ་སྒོང་གང༌། ཁ་རུ་ཚ་རིལ་མ་ཙམ་གཅིག ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་གཏང༌། རྐང་རྗེན་བག་ཙམ་ཡང་མི་རུང་ངོ༌། །གློའི་འཁྲུལ་བཤལ་ཞེས་བྱ་སྟེ། གློ་བ་ལ་ཁྲག་དང་རྣག་འོང་བ་དང༌། རོ་སྟོང་ཚ་བ་རྒྱས་པ་དང༌། གློ་མཆིན་དང༌། མཁྲིས་པའི་ནད་འབྱང་དུ་མ་བཏུབ་པ་དང༌། ཚ་བའི་ནད་ཐམས་ཅད་ལ་ཕན་ནོ། །ལྕུམ་རྩ་མཐེ་བོང་ཙམ་གཅིག དུར་བྱིད་མཐེ་བོང་ཙམ་གཅིག ཤི་རི་ཁཎྜ་རྡོག་པོ་གཅིག ལི་ག་དུར་ཐུན་གཅིག ཅུ་གང་ཐུན་གཅིག སྟར་བུ་ཐུན་གཅིག ཀ་རའམ། སྦྲང་རྩི་དང་སྦྱར་ལ་གཏང༌། ཉི་མ་ལ་སྡོད་དུ་མི་འདོད་དོ། །ཕོ་བའི་དྲོད་བཤལ་ཞེས་བྱ་སྟེ། ཕོ་བ་ན་བ་དང༌། མ་ཞུ་བ་དང༌། སྐྲན་དང༌། ལུས་ཀྱི་ཤ་ཆུང་དུ་སོང་བ་དང༌། བད་ཀན་རྒྱས་པ་དང༌། མཁལ་རྐེད་ཀྱི་ནད་ལ་ཕན་ནོ། །ཡ་བ་ཀྵར་ཐུན་གཅིག ཟངས་རྩི་བ་བྱེ་སྒོང་གང༌། ཁྲོན་བུ་མཐེ་བོང་ཙམ་གཅིག ཨ་རུ་ར་མཆུ་སྙུང་གཅིག རྒྱ་ཚ་ཞོ་གཅིག སྒ་ཞོ་གཅིག་ཞིབ་པར་བརྡུངས་ལ་ཆུ་སྐོལ་གྱིས་ཕུལ་ལ་གཏང་ངོ༌། །དེ་ལ་སེ་རུ་དང༌། རྐང་རྗེན་བག་ཙམ་ཡང་མི་རུང་ངོ༌། །མཆིན་པའི་ཁྲག་བཤལ་ཞེས་བྱ་སྟེ། མཆིན་པའི་ནད་དང༌། ཁྲག་ནད་རྙིང་པ་དང༌། ཚ་བ་འོར་དུ་ལྷུང་བ་དང༌། མིག་ཚགས་པ་དང༌། མིག་ལ་བད་ཀན་དང༌། ཁྲག་རྒྱས་པ་དང༌། རྐང་ལག་གི་ཚིགས་ན་བ་ལ་ཕན་ནོ། །མཚལ་ཞོ་གཅིག པི་པི་ལིང་གསུམ། སྔོན་དུ་བྱེ་སྒོང་གང༌། གུར་གུམ། བྲག་ཞུན། གུ་གུལ་དཀར་པོ་གསུམ་ཐུན་རེ་རེ། བ་ཤ་ཀ་ཐུན་གཅིག་གི་ཐང་ལ་བསྐྱོན་ལ་གཏང་ངོ༌། །ཆུ་སེར་གྱི་འདྲེན་བཤལ་ཞེས་བྱ་སྟེ། ཆུ་སེར་དང་ཆུ་ཤོར་གྱི་ནད་ཐམས་ཅད་དང༌། མ་ཞུ་བའི་ནད་ཐམས་ཅད་དང༌། ཁ་གདོང་དང༌། རྐང་ལག་སྐྲངས་པ་དང༌། ལུས་པོ་རེངས་པ་དང༌། ཕོ་བ་སྐྲངས་པ་ཐམས་ཅད་ལ་ཕན་ནོ། རྒྱ་ཚ་རིལ་མ་ཙམ་གཅིག སེ་རྒོད་ཀྱི་བར་ཤུན་བྱེ་སྒོང་གང༌། གུ་གུལ་དཀར་པོ་བྱེ་སྒོང་གང༌། བ་སྦྲུ་བ་མཐེ་བོང་ཙམ་གཅིག ཤི་རི་ཁཎྜ་རིལ་མ་ཙམ་གཅིག་ཞིབ་པར་བཏགས་ལ་བུ་རམ་དང་སྦྱར་ལ་གཏང་ངོ༌། །མཁལ་མའི་དྲོད་བཤལ་ཞེས་བྱ་སྟེ། རྩ་འཁྲུགས་ཀྱིས་རྐང་པ་མི་བཟོད་པར་ན་བ་དང༌། དྲི་མ་སྡོམ་ཞིང་རྒྱུ་སྨད་རྣམས་གྲིམས་ཤིང་ཆུ་སྲི་བ་ལ་ཕན་ནོ། །ཨ་རུ་ར་མཆུ་སྙུང་གཅིག རྒྱ་ཚ་རིལ་མ་ཙམ་གཅིག ཚ་བ་གསུམ་ཐུན་རེ་རེ། ལྕམ་པའི་འབྲས་བུ་སུག་སྨེལ་གཉིས་ཐུན་རེ། དོང་ག་འཕང་ལོ་ཙམ་གཅིག་ཞིབ་པར་བཏགས་ལ་ཆང་ངམ། ཆུ་བསྐོལ་བའམ། བུ་རམ་ལ་སྦྱར་ལ་རིལ་བུ་བྱས་ལ་གཏང་ངོ༌། །ཤེད་ཆེ་བ་རྣམས་ལ། སྨན་རྣམས་ཐུན་ཆེ་བར་གཏང༌། ཤེད་འབྲིང་པོ་ལ། ཐང་བཤལ་ལ་སོགས་དཔྱད་ལ་གཏང་ངོ༌། །ཤེད་ཆུང་བ་རྣམས་ལ་བཤལ་སྨན་མང་དུ་སྦྱར་ལ་གཏང་ངོ༌། །རླུང་ཤས་ཆེ་བ་རྣམས་ལ། སྨན་སྣུམ་པ་དང༌། དྲོད་ཆེ་བ་དང༌། ལན་ཚྭ་གཏང་ངོ༌། །མཁྲིས་པ་ཆེ་བ་རྣམས་ལ་སྨན་ཁ་བ་དང༌། མངར་བ་གཏང་ངོ༌། །བད་ཀན་ཆེ་བ་རྣམས་ལ་ཚ་བ་དང་སྐྱུར་བ་དང་རྩུབ་པ་གཏང་ངོ༌། །གཏང་བའི་ཐབས་ནི། དུག་དང༌། གླང་ཐབས་དང༌། གློ་བུར་བ་རྣམས་ལ་མི་རྒོད་ཀྱི་རྒྱུག་བཤལ་ཞེས་བྱ་སྟེ། དུས་དང་སྔོན་འགྲོ་མི་དགོས། ལྟོ་སྟོང་ཙམ་ལ་གཏང་ངོ༌། །སྐྱུགས་ན་མཚོག་མ་ནས་མནན། དབུགས་བསྡམ་མོ། །སྟོང་མིད་བྱ། བྱད་ལ་ཁ་ཕྲུ་བཏབ། གློ་ཕུགས་སུ་མ་ཤོར་བར་བྱ། ལུས་པོ་དྲོ་རུ་བྱིབས་སོ། །ཕོ་བར་འདྲིལ་ནས་མ་ཕིགས་ན་ཡོས་དུགས་བྱ། མར་ཕགས་ན། ཡང་མ་ནུའི་ཐང་གཏང༌། ཆུ་སྐོལ་གཏང༌། རུས་ཁུ་གཏང་ངོ༌། །འཁྲུ་བའི་བར་ལ་ལུས་པོ་གྲང་དུ་མི་གཞུག བད་ཀན་བེའུ་སྣབས་ལྟ་བུ་འཁྲུ་བ་ན་བཅད་རེན། འཁྲུ་བའི་གྲངས། རབ་བཅུ་དྲུག འབྲིང་བཅུ་གསུམ། ཐ་མ་བཅུ་འཁྲུས་པས་ཆོག་གོ །སྨད་བཤལ་ལ་བད་ཀན་སྨུག་པོའི་མཚོ་རྡོལ་བ་ངན། འཁྲུ་བ་དྲགས་ན་བད་མཁྲིས་ཟད་ནས་ཆུ་སྐྱ་བོའམ། ཤ་བཙོས་པའི་ཁུ་བ་ལྟ་བུའམ། ཆུ་སེར་རམ་ཚིལ་བུ་འདྲ་བ་འོང་ན། མིག་ཕུགས་སུ་འབྲོས་སོ། །བཅད་པའི་དུས་ནི་རླུང་སྐྱེ་བའམ། ཤེས་པ་འཕྱོ་བའམ། སྐྲ་ཅན་ནམ། སྣུམ་ཅན་ནམ། དྲི་མ་སྣོམ་པའམ། ཤིན་ཏུ་གྲངས་མང་བ་བཅད་དེ། ལུག་ཤ་སྐམ་པོའམ། བ་གླང་གི་ཤ་ཚིལ་བུ་མ་ཡིན་པའི་ཚོ་ཁུ། ཕྱེ་དང༌། ཆ་མེད་པ་དང༌། ཤིན་ཏུ་གདུས་པ་ཁྱོར་གང་གཏང་ངོ༌། །གཉན་ཐོག་ཏུ་གཉན་ཕེབས་པ་ནི། ཚ་བ་འབྱམས་པ་ཡིན་པས་རྩམ་པ་དང༌། ཞོ་བཙོས་པ་ལ་བག་ཕྱེ་བཏབ་ལ་གཏང༌། ད་ཏྲིག་ཞོ་དང་སྦྱར་ལ་གཏང༌། ལོང་རྩ་གཏར་རོ། །རླུང་གིས་འབྱམས་ན། ཤ་ཆེན་དང་བུ་རམ་གཏང༌། ལུས་ལ་བསྐུ་མཉེ་བྱ། བེའུ་སྣབས་སུ་འཁྲུ་བའམ། བད་ཀན་གྱི་མཚོ་རྡོལ་བའམ། སྐྱུགས་ན་མ་ནུའི་ཐང་གཏང༌། སྐོམ་དུ་སྟར་བུའི་ཐང་གཏང༌། ཆུ་སྐོལ་གཏང༌། ཚིགས་པ་བརྒྱད་པ་དང་བཅུ་བདུན་པ། ལྟེ་བ་ནས་མཚོན་གང་བཅལ་བའི་སར་བསྲེག ནད་མ་ཕྱིན་ན། བཤལ་ཡང་ཡང་བསྐྱར་རོ། །བཤལ་རྗེས་བསྲུང་བ་ནི། རྩ་ཆུ་དང་བསྟུན་ལ། ཟས་སྐོམ་ནད་དང་འཕྲོད་པ་གཏང༌། གཟུགས་པོ་གྲང་དུ་མི་གཞུག་གོ །དྲག་ཤུལ་མི་བྱ། ལྷམ་གོན་ལ་བཅག ཕོ་མོའི་འདུ་འཕྲོད་སྤོང༌། གྲང་བའི་ནད་ལ་བཤལ་གཏང་དགོས་པ་ནི། སྣོད་དུ་བད་ཀན་གྲང་བ་ཞུགས་པ་དང༌། དམུ་ཆུ་དང༌། གྲང་བའི་ནད་འོང་དང༌། སྐྲན་དང༌། ལྷེན་དང༌། བུ་སྣོད་དུ་གྲང་བ་ཞུགས་པ་དང༌། གྲང་བ་རྙིང་པ་རྣམས་སོ། །བཤལ་གྱིས་ནད་གདོན་པ་ནི་གོས་དྲི་མ་ཅན་འཁྲུད་པ་དང་འདྲ། འདིར་ནི་བཤལ་རིགས་མི་འདྲ་བ་བཅུ་བཞི་བསྟན་ཏེ། འཁོར་ལོར་བྱས་ན་ཁྲས་མིག་གི་ལུགས་ཡིན་ནོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། བཤལ་གྱི་མན་ངག་རིན་པོ་ཆེའི་ཆུ་རྒྱུན་ཞེས་བྱ་བའི་ལེའུའོ། །ཆོས་རྗེ་ས་སྐྱའི་གདམས་པ། ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །སྟོད་སྐྱུགས་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ལ། ནད་ཀྱི་རིགས་ནི་བད་ཀན་གྱིས་ཕོ་བ་ན་བ་དང༌། ཟས་མི་འཇུ་བར་ལྷེམ་མེ་ན་བ་དང༌། མཆིན་ཁྲག་ཕོ་བར་ལུད་པ་དང༌། རོ་སྟོང་རྒྱངས་ཤིང་ན་བ་དང༌། ཟས་ཡི་གར་མི་འོང་བར་ཁ་ཁ་བ་དང༌། བད་ཀན་གློ་མིག་ཏུ་འཚང་ནས་གློ་ལུ་ཞིང་གྱེན་ལ་འགྲོ་མི་ནུས་པ་དང༌། ལྷེན་སྣ་ནས་ཕོ་སྟོད་ཀྱི་ནད་ལ་གཏང་བར་བྱ་སྟེ། དེ་ལ་སྔོན་འགྲོ་ལྟོ་ཆས་བྱ། རུས་པ་དང༌། བཤུལ་བལ་ཡང་བསྐུ་མཉེ་བྱ། ནང་པར་གཏང་བའི་མཚན་མོ་སྔར་གང་གནོད་པའི་ཟས་བསྟེན། བཀྲ་ཤིས་གསོལ་ལོ། །དངོས་གཞི་ནི། པི་པི་ལིང་བདུན་བཏང་སྟེ། དེས་ཟུག་འཇོམས་སོ། །དུར་བྱིད་མཐེ་བོང་ཙམ་གཅིག དེས་སྨན་ཚིགས་ཐམས་ཅད་འཁྲུད། པོ་སོ་འཆས་གྱེན་ལ་འདྲེན་པར་བྱེད། ལྕམ་པའི་འབྲས་བུ་ཚུམ་གཅིག ཁ་མི་སྐོམ་པར་གྱིས། སྦྱང་ཚེར་རྩ་བས་འཁྲུད་པར་བྱེད། ཤུ་དག་རིལ་མ་ཙམ་གྱིས་ནད་ཀྱི་སྲ་བ་ཐམས་ཅད་གཅོད། རྒྱམ་ཚ་མཐེ་བོང་ཙམ་གཅིག་གིས་རྩམ་པ་འཛིན། སུམ་ཅུ་ཏིག་གིས་ཚ་བ་འཇོམས་སོ། །ཁྱད་པར་དུ་མཁྲིས་ནད་ལ་གསེར་གྱི་ཕུད་བུ་བདུན་གཏང༌། རྟ་ནི་བའི་འོ་མ་བཞོས་མ་ཐག་ལ་བཏབ་པ་ཕྱེད་གཏང༌། ནད་དང་ཅུང་ཟད་འཐབ་ཏུ་གཞུག ཡང་ཟན་གཅིག་བཟའ་རན་ན་ཕྱེད་གཏང༌། འཐབ་ཡུན་རིང་ན་སྨན་གཏོར་ཉེན་ཡོད་པས་སྐྱུགས་པ་འདྲ་ན་ལན་གཅིག་བཟློགས་ཏེ་དེ་ནས་གཏང༌། སྐྱུགས་སྙིང་མི་འདོད་པར་མི་སྐྱུགས། སྐྱུགས་ན་མི་དགའ། སྐྱུགས་སུ་མི་འདོད་པར་དང་གར་འཁྱིལ་ནས་མཆིལ་མ་མང་ན། བྱའི་སྒྲོས་གྲེ་བ་མ་སྣད་བར་བྲད་ལ་སྐྱུག་གོ །ཅུང་ཟད་ཐོགས་པ་ལ་རུ་རྟ་དང༌། རྒྱ་ཚ་རིལ་མ་ཙམ་རེ་བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་ལ་གཏང༌། དེས་འདོད་ཚད་སྐྱུགས་པར་བྱེད་དོ། །ཡང་ན་དུག་མོ་ཉུང་དང༌། པོ་སོ་འཆའི་འབྲས་བུ་གཉིས་རྟིང་ལ་བཏང་བས་ཀྱང་ལྕག་ཏུ་འགྱུར་རོ། །མ་ཕིགས་པའམ། ནད་མ་ཕྱིན་པའམ། ཟུག་ཆེ་བའམ། རླུང་སྐྱེས་ན་བསྐྱར་ལ་གཏང་ངོ༌། །དང་པོ་བད་ཀན་སྐྱུགས། བར་དུ་མཁྲིས་པ། ཐ་མ་རླུང་གི་ཚུལ་དུ་སྦུ་བར་སྐྱུགས་ན་ལེགས། གྲངས་ནི་ལན་བརྒྱད་སྐྱུགས་ན་བཟང༌། འབྲིང་དྲུག བཞི་སྐྱུགས་ན་ཐ་མའོ། །སྟོད་སྐྱུགས་ལ། སྨད་སྲིན་བྱུང་ན་ངན་ནོ། །སྐྱུགས་པ་འཆད་དུ་མ་འདོད་ན། སྙིང་གར་ཆུ་ལྕགས་བརྡེགས། གྲང་དུགས་བྱའོ། །བད་ཀན་སྨུག་པོ་སྐྱུགས་ན་བཙོད་དང་འུ་སུའི་ཐང་གཏང༌། རླུང་གིས་སྐྱུགས་ན། ཆོ་ཁུ་ཁྱོར་གང་གཏང༌། ཟན་དྲོན་ཅིག་གཏང༌། ཆང་གསར་བུ་ཁྱོར་གང་གཏང་ངོ༌། །ཞོ་དཀྲུགས་ཁྱོར་གང་ཡང་གཏང་ངོ༌། །ཟས་མ་ཞུ་བ་དང༌། ལྷེན་དང༌། སྐྲན་དང༌། སྙིང་དང༌། ལྐོག་མ་ན་འཕར་བ་དང༌། མཁྲིས་པའི་རིགས་ཙམ་ལ་ཕན་ནོ། །ཡང་རི་ཤོ་བའི་རྩ་བ་དུས་སུ་བརྐོས་པ་རྩི་བཞིན་དུ་བཏགས་ལ། བྱེ་སྒོང་གང་བཏང་ན་ནད་ཀྱི་རྣམ་པ་དེས་ཀྱང་འདྲེན་ནོ། །ཡང་སག་རམ་རྩི་ཤ་བའི་རིལ་མ་ཙམ་གཅིག གླ་རྩི། ཤུ་དག་གསུམ་བཏང་ན། དེས་ཀྱང་ནད་ཀྱི་རྣམ་པ་འདྲེན་ནོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། སྟོད་སྐྱུགས་འདྲེན་པའི་ལྕགས་ཀྱུ་ཞེས་བའི་ལེའུ་རྫོགས་སོ།།  །།ནི་རུ་ཧ་འདྲེན་པའི་འཁོར་ལོ་ནི། གལ་ཏེ་རྩ་འགགས་པའམ། ཕོ་བ་འགྱིངས་པའམ། བཤལ་ཐོགས་པའམ། ཕོ་བ་དང༌། རྒྱུ་མའི་ནད་འབྱིན་པར་བྱེད་པ་ཡིན། དུར་བྱིད། བུལ་ཏོག དུད་པ། ལྕུམ་རྩ། ཨ་རུ་ར། ཚྭ། སུག་པ་རྣམས་རྩི་བཞིན་དུ་བཏགས་ལ་སིངས་པོ་དང་སྦྱར། འོ་དྲོད་ཙམ་བསྲོལ་ལ་འབྲུ་མར་ཀྱུ་གང་བླུགས་ལ། གྲོད་པར་བླུགས་པ་གཅེའུ་ཚད་ལྡན་བཅུག་སྟེ་སྐུད་པས་བཀྱིགས་ལ་ནད་པ་སྔས་དམད་ལ་འཕོངས་བསྟོད་དེ་གྲོད་པའི་དབུགས་བཏོན་ལ་རྩེ་མོ་ལ་མར་བསྐུས་ཏེ། གཅེའུ་འཕོངས་སུ་སོར་བཞི་ག་ལེ་མ་སྣད་པར་གཞུག གཅེའུའི་ཁ་གཞང་གི་ལོགས་ལ་རྡུགས་ཏེ། འགྲོ་རུ་མ་འདོད་ན་གཅེའུ་སྟེང་འོག་གཡས་གཡོན་དུ་ཁ་གཅུས་ལ་བཏང་སྟེ་བྲོད་པའི་སྨན་བཙིར་ལ་བཏང་ལ་ལྷག་མ་ཅུང་ཟད་ཅིག་རླུང་ཡོད་པས་མི་གཏང་བར་བཞག་ལ་གཅེའུ་བཏོན་ལ་འཕོངས་རས་མས་བཀག འཕོངས་ལ་ཐལ་ལྕག་ལན་བཞི་ལྔ་ཞིག་བརྡེག དེ་ནས་རྐང་པའི་མཐེ་བོ་ཆེ་གཉིས་ནས་བཟུང་ལ་གནམ་དུ་བཏེག་གིན་བསིགས། དེ་ནས་གཞོགས་གཡོན་འོག་ཏུ་བཅུག་ལ་ཉལ་མི་ཐུབ་པ་འཆོར་བ་འདྲ་ན། ལན་གཉིས་སམ་གསུམ་དུ་བཟློག དེ་ནས་བཟློག་དྲགས་ན་ལ་རྒལ་འགྲོ་སྲིད་པས་སླ་ང་ལ་སོགས་སུ་བཏང༌། སྐྱོ་འདུར་གོང་བུ་ཆོ་ལེ་བྱུང་ན་ཐེབས། ཆུ་ཟངས་རྐྱང་དུ་བྱུང་ན་མ་ཐེབས་པས་སྨད་ཀྱི་ནད་ཐམས་ཅད་འདྲེན་པའི་མཆོག་ཡང་བསྐྱར་ལ་གཏང༌། སྨན་རོ་འདོན་ཕྱིར་རྒྱམ་ཚའི་ཆུ་སྐོལ་གཏང༌། ཞག་གཅིག་ལྟོ་བསྐྱུངས་པས་སྨད་ཀྱི་ནད་ཐམས་ཅད་འདྲེན་པའི་མཆོག་ཡིན་ནོ། །ནི་རུ་ཧ་འདྲེན་པའི་འཁོར་ལོ་ཞེས་བྱ་བ་ས་མཱཔྟ་མི་ཐི།།  །།སྣ་བཤལ་འགུགས་པའི་ཕོ་ཉ་ཞེས་བྱ་བ་ནི། ནམ་ཚང་ཡན་ཆད་ཀྱི་ནད་སེལ་བ་ཡིན་ཏེ། དཔྲལ་བ་ལ་ཡོས་དུགས་བྱ། མགོ་ལ་མར་བསྐུ། སྣབས་སྐམ་པོ་ཕྱིས་ལ། རླུང་མེད་པའི་སར་འཕོངས་བསྟོད། སྔས་ཅུང་ཟད་སྨད་ལ་གན་རྐྱལ་དུ་ཉལ། དེས་ལྟག་པ་དགྱེས་བྱས་ལ། སྨན་ཁུ་སྣ་རུ་བླུགས་ལ་རྔུབ་ཏུ་གཞུག དེ་ཡང་གཅེའུ་ཁ་ཕྲ་མོ་སོར་དྲུག་པར་བླུགས་ལ་ཕུས་གདབ་བོ། །སྨན་ནི་གསེར་གྱི་མེ་ཏོག་དང༌། སོ་མ་ར་ཛ་དང༌། ཐལ་ཀ་རྡོ་རྗེ་དང༌། ཡུང་བ་དང༌། སུག་པ་དང༌། པི་པི་ལིང་དང༌། ཚ་ལ་དང་སྐྱེར་པའི་རྩ་བ་རྣམས། རའི་འོ་མའམ་དྲི་ཆུ་ལ་སྦྱར་ལ་གཏང༌། དེ་ལྟ་བུ་ཉི་མ་ལྔ་ཙམ་གཏང་ངོ༌། །གལ་ཏེ་བརྒྱལ་ན་བྲང་དང་གདོང་པ་ལ་ཆུ་ལྕག་བརྡེག་གོ །དེ་ནས་ཆུ་སྐོལ་གྱིས་ཁ་བཤལ་ལ་གསུར་དུད་གཏང༌། དེས་ནི་མགོ་བོའི་ནད་དང༌། མིག་ཚད་དང༌། ཁྱད་པར་དུ་ཚ་བ་མིག་ལ་བྲོས་པ་དང༌། སྣ་བུག་ཅིང་སྣ་ནས་ཆུ་སེར་འཛག་པའི་ནད་སེལ་བར་བྱེད་དོ། །འདིས་ནི་དཔེར་ན་ཆང་སྦུ་གུ་ནས་འདྲེན་པ་དང་འདྲའོ། །སྣ་བཤལ་འགུགས་པའི་ཕོ་ཉ་ཞེས་བྱ་བའི་ལེའུ་རྫོགས་སོ། །ས་མཱཔྟ་མི་ཐི།།  །།འཇམ་རྩི་བདུད་རྩི་སེལ་བྱེད་ཅེས་བྱ་བ་འདི་ནི། གཞང་ལུག་པ་དང༌། སྨད་ལ་དྲོད་འཆད་པ་དང༌། མཁལ་མ་འོར་དུ་ལྷུང་བ་ལ་གཏང་ངོ༌། །སྔོན་འགྲོ་ལུས་པོ་བརྡལ། ལྟོ་ཆས་བྱ། སྤྱོད་ལམ་གཟབས། དུགས་དང་བསྐུ་མཉེ་བྱ། བཤང་གཅི་བདེ་བར་བསལ། ཆུ་དྲོན་གྱིས་ཁྲུས་བྱའོ། །སྨན་ནི་མར་སྲང་གཉིས་པ་ཙག་བཅད་ལ། ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ། སུག་སྨེལ་ལྕམ་པ་སྲིན་བུ་གསུམ། རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ་གསུམ། དགུ་པོ་ཞིབ་པར་བྱས་ལ་མར་ལ་གདབ། མར་འཇམ་པ་ལ་ཕོ་བའི་ནང་དུ་བླུགས་ལ། ཕོ་བའི་ཁར་གཅེའུ་ཆུང་བཅུག་ལ། སྐུད་པས་སོར་བཞིའི་མཚམས་སུ་བཀྱིགས། སོར་བཞི་ནང་དུ་བཏང་ལ་གློ་བ་བརྐྱངས་པ་བཞིན་བྱའོ། །དེ་ནས་བལ་ལམ་འཕྱིང་པས་འཕང་དགག ནད་པ་གཡས་འོག་ཏུ་བཅུག་ལ་ཟུར་ལ་ཉལ་དུ་གཞུག གན་རྐྱལ་དུ་མི་ཉལ། སྔས་སྨད། སྐབས་སུ་བཙག རྗེས་བཤལ་དང་འདྲའོ། །ཕན་པ་འདྲ་ན་ཡང་ཟླ་བ་ཕྱེད་ཙམ་ན་གཏང༌། དེས་ཁོང་བ་འཇམ་ཞིང་སྣུམ་པར་བྱེད་དོ། །འཇམ་རྩི་བདུད་རྩི་འཕེལ་བྱེད་ཀྱི་ལེའུའོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྩ་ལྟོ་སྦྲག་མའི་བཤལ་གྱི་མན་ངག་ལ། སྔོན་དུ་ཚིགས་པ་དང༌། ཡན་ལག་ལ་བསྐུ་མཉེ་བྱ། ཆུ་སྐོལ་སུམ་ཡར་གཏང༌། དེ་ནུབ་གཏང་བའི་སྲོད་ལ་ལྕམ་པའི་ཐང་གཏང༌། ལྟོ་སྣུམ་བག་ཏུ་བཏང་ན་སྣུམ་འདྲེད་དུ་འགྲོ་བས་མི་གཏང༌། དེའི་ནུབ་མོ་ལྟོ་དགུག་གོ །སྨན་སྦྱར་བ་ནི། དུར་བྱིད་མཐེབ་ཚིགས་ཙམ་གཅིག ཁྲོན་བུ་དེའི་ཕྱིར། ཨ་རུ་ར་རྡོག་པོ་ཆེ་བ་གཅིག རྒྱམ་ཚ་དུམ་གཅིག པི་པི་ལིང་རྡོག་མ་བདུན། དེ་རྣམས་ཇི་ལྟར་ཞིབ་བ་ལྟར་དུ། བཤལ་རྒྱུག་མགྱོགས་སོ། །དེ་ནི་ལྟོ་བཤལ་གྱི་མན་ངག་ཁྱད་པར་ཅན་ནོ། །དེའི་སྟེང་དུ་རྩ་བཤལ་གྱི་མན་ངག་ལ། བྱང་བ་མགོ་ལུས་ཚང་བ་དུག་བཏོན་པ་ལྔའམ་བདུན། ལྕམ་པའི་འབྲས་བུ་ཚུམ་གཅིག རྒྱ་ཚ་རིལ་མ་ཙམ་གཅིག མཚལ་རིལ་མ་འབྲིང་པོ་ཙམ་གཅིག དེ་རྣམས་སྦྱར་བ་ནི། དང་པོར་མཚལ་ཞིབ་པར་བཏགས། དེ་ནས་གཞན་རྣམས་བཏགས་ལ་ཆུ་ལ་སྦྱར་ལ་གཏང༌། ནད་པ་ལུས་ཙོག་པུར་འདུག་ལ་རྐང་པ་བརྐྱང་དུ་མི་གཞུག སྐྱུགས་ན་ཁ་ཕྲུ་དང༌། ཕུ་ཡིས་གདབ། དེས་དང་པོ་ལྟོ་འཁྲུ། དེ་ནས་རྩ་ནས་འཁྲུ་སྟེ། སྔོན་ལ་དྲི་ཆུ་མང་པོ་འབྱུང་སྟེ། དེ་ནས་དྲི་མ་དང༌། ལྗན་ལྗིན་འབྱུང༌། དེ་ནས་ཆུ་སེར་དང་ཁྲག་འབྱུང༌། ཁྲག་ཐིགས་པ་རེ་ལ་ཟུག་ཤིན་ཏུ་ཆེ་བར་འབྱུང་སྟེ། འཇིགས་པར་མི་བྱ། ཁྲག་ཤས་འགགས་ན་རྡོ་རྗེ་མཉེ། སྨད་དུ་ན་ན་ཡོས་དུགས་བྱ། ཟུངས་ཁྲག་དམར་ལ་དངས་པར་བྱུང་ན་གཅད་པར་བྱ་སྟེ། དོམ་མཁྲིས་ཆུ་གྲང་ལ་སྦྱར་ལ་གཏང༌། མར་ཁུ་བཞུ་བ་གཏང་བས་འབོལ་གྱིས་འགྲོ། རྗེས་ལ་ཤ་ཚིལ་བུ་མེད་པའི་ཚོ་ཁུ་བཏང༌། ཟན་དྲོན་ཁུ་ཚུར་ཙམ་གཅིག་གཏང༌། དེ་ནས་ལྟོ་ཆ་ཡིས་བསྐྱེད། ནད་པ་ཉོག་གིས་སོང་ནས་ཟས་མི་ཟ་ན། རུས་པ་བཅུད་ཅན་བརྡུངས་པའི་ཁུ་བ་བཏང༌། དེས་སངས་ཀྱིས་འགྲོ། ནད་པ་བསྐུ་མཉེ་བྱས་ལ་ཅུང་ཟད་བཅག རླུང་དང༌། སེར་བུ་དང༌། རྐང་རྗེན་བག་ཙམ་ཡང་མི་རུང༌། སྐོམ་བག་མེད་མི་བཏུང༌། ལྟོ་ཡང་ག་ལེར་སྦྱང༌། འདིས་ནི་རྩ་ནད་དང༌། འབྲས་དང༌། ནད་རྙིང་པ་ཞེན་པ་ཐམས་ཅད་ལ་ཕན་པར་འགྱུར་རོ། །རྩ་ལྟོ་སྦྲག་མའི་བཤལ་གྱི་གདམས་པ་ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་བྱ་བ་འདི་ལ། དང་པོ་རིམས་བསྲུང་བའི་གདམས་ངག་ནི། རྒྱུ་རྣམ་པར་རྟོག་པ་ཡིན་པས་སེམས་བསྐྱེད། རྣམ་རྟོག་གི་འཁྲི་བ་གཅོད་པ་ཡིན་པས་སྔགས་དང་རྫས་ལ་ནན་ཏན་བསྐྱེད་དེ། གླ་རྩི་དང༌། ཤུ་དག རྒྱ་སྣག་སུམ་སྦྱར་ཏེ། གཟུངས་འདི་བྲི། ཏདྱ་ཐཱ། ཨ་ལི། མ་ཏ་ལི། ཧ་ལ་ཧ། ཆེ་གེ་མོ་ལ། ཛྭ་རན། ཙན་དྷ་ལི། ཨ་ཀ ཧ་ཧི་ཏི། ཀན་ཏེ་ཧི། ཀན་ཙ་དུ་ག ཐ་གུ་ནི། ཨདྱ་སྭཱ་ཧཱ། ཞེས་པ་རང་གིས་བྲིས་ན་ལེགས། འདྲི་མཁན་མ་ལངས་པར་དྲིལ་ལ་མགུལ་དུ་གདགས། ཟླ་བ་གསུམ་ནས་སྤོས་ན་ལེགས་སོ། །རིམས་ནད་ཐམས་ཅད་དང༌། ཁྱད་པར་དུ་གག་ལྷོག་རྒྱུ་གཟེར་ཐུབ། ཕྱུགས་ནད་ཐམས་ཅད་ཀྱང་ཐུབ་བོ། །འདི་ལ་ཐེ་ཚོམ་མ་བྱེད། ཤིན་ཏུ་ཟབ་བོ་ཨི་ཐི།།  །།མགོ་ལ་སྲིན་རིགས་གཉིས་ཡོད་དེ། ཡ་མ་དཀར་པོ་དང༌། ཡ་མ་ནག་པོའོ། །དཀར་པོ་ནི་མགོ་བྱེད་ན། ལྡང་དུབ་ཏུ་ཡོད་དེ། དེ་ལ་སྐྲ་བཞར་ལ་བྱི་ཏང་ག་དང༌། ཤིང་ཀུན་ཞོ་རེ་རེ། བག་ཕྱེ་ཞོ་དང་སྦྱར་ལ་མགོ་ལ་ཁྱབ་པར་བྱུགས། རས་ཀྱིས་རྒྱ་ཆིངས་བྱས་ལ་ཞག་ལྔ་བཞག དེའི་བར་ལ་ཁྲག་གམ། ཆུ་སེར་ཅིག་རྣ་བ་ནས་འབྱུང༌། མ་བྱུང་ན་རྣ་ལྟག་པའི་ཀུང་ཀུང་པོ་སྤྲ་བ་ལྔས་བསྲེག་གོ །ཡ་མ་ནག་པོ་ནི་མགོ་ཐམས་ཅད་ལ་ཟུག་གཟེར་ལྡང་སྟེ་སྙིང་མི་ཐུབ། ལུས་འདར། ཡན་ལག་མི་ཚུགས་སོ། །དེ་ལ་སྤྱི་གཙུག་དང་མཚོག་སྒོ་བསྲེག རྩེ་ཆུང་གཉིས་གཏར། དཔུང་རྩ་གཉིས་གཏར། སྙིང་རླུང་གི་དཔྱད་ལ་ཚིགས་པ་དྲུག་པ་དང་སྙིང་རྩ་གཉིས་བསྲེག འབྲས་བུ་གསུམ་གྱི་སྨན་མར་གཏང༌། སྙིང་རྩ་གཉིས་གཏར་ན་ཕན་ནོ།།  །།ཀླད་པ་རྒྱ་འཁྲུགས་པའི་དཔྱད་ནི། སྐྲ་སངས་ཀྱིས་བཞར་ལ། བག་ཕྱེ་དང་ཞོ། སྦང་མའི་གར་པོ། །སྒོ་ང་རྣམས་སྦྱར་ལ་སྐྲ་མཚམས་ཡན་ཆད་ཁྱབ་པར་བྱུག རས་ཀྱིས་རྒྱ་ཆིངས་བྱས་ལ་བསྡམས། སྣ་ནས་ཁྲག་དང་ཆུ་སེར་བྱུང་ན་ཐུབ། མ་བྱུང་ན་སྣ་བཤལ་བཏང་ངོ༌། །ཐོད་རྩ་གཉིས་གཏར་བས་ཕན་ནོ། །མཁྲིས་པ་མལ་ནས་ཤོར་ནས་སྐྱུགས་པ་ལ་ཚིགས་པ་བཅུ་གཉིས་པ་སྤྲ་བ་གཅིག་གིས་བསྲེག མཚོག་སྒོར་སྤྲ་རྡོག་བདུན་གྱིས་བསྲེག་གོ །དེས་ཕན་ངེས་སོ། །མིག་ལ་ལིང་ཏོག་བྱུང་བ་ལ། མིག་དམར་ན་མཆིན་པ་ལ་ཁྲག་ལུད་པ་ཡིན་པས། ཚིགས་པ་དགུ་པ་བསྲེག བཤལ་དྲག་པོ་བྱས་ན་ཕན་ནོ། །མིག་སྐྱ་ན་རླུང་དང་བད་ཀན་སྐྱ་བོའི་ནད་ཡོད་པས། ཚིགས་པ་དགུ་པ་ལ་སྤྲ་བ་བཞག བ་སྤུ་འཁྱིལ་པའི་རླུང་དམིགས་སུ་སྤྲ་རྡོག་བདུན་བཞག མིག་དམར་ལ་ཚགས་ན། མཚེར་པ་ལ་ཁྲག་ལུད་པ་ཡིན་པས། ལག་པའི་སྲིན་ལག་གི་མཚེར་རྩ་ཁུག་པ་གཉིས་གཏར་ན་ཕན། མིག་སྐམ་ཚགས་སུ་སོང་ན། མུར་གོང་གི་འཁྱུག་རྩ་གཉིས་གཏར་ལ། རྨ་ཁར་སྤྲ་རྡོག་གསུམ་གྱིས་གདབ། མིག་སེར་པོ་མཐོང་བ་སེལ་སྙིང་འདོད་ན། མཁྲིས་པ་ལྷགས་པ་ཡིན་པས། རྐང་པའི་མཐེ་བོང་ན་མཁྲིས་རྩ་རུ་འདུ་བྱ་བ་ཡོད་དེ། དེ་གཏར་ན་ཐུབ་བོ། །ཡང་མིག་ལ་གློ་བུར་དུ་རྡོ་དང༌། དབྱུག་པ་དང༌། མཚོན་ལ་སོགས་པས་བཞེར་བ་དང༌། སྣད་པ་དང༌། བཙན་པ་ལ་སོགས་པ་ལ། ཕ་འོང་གི་དྲེག་པ་དཀར་པོ་དང༌། ཁྱེའུ་ནུ་འཐུང་གི་ནུ་ཞོ་དང་སྦྱར་ལ་བྱུག ནང་དུ་བླུགས། པུག་ཤུད་མིག་སྨན་ཞེས་བྱ་སྟེ་ངེས་པར་འཚོའོ། །མིག་ལ་སྐྱ་རིབ་ཀྱིས་ནག་པོ་ལང་ལོང་གིས་ཁེབས་ན། ཨ་རུ་ར་གསེར་མདོག་ཆུ་ལ་བརྡར་ལ། སྒ་སྐྱ། ཡུང་བས་མདོག་འགྱུར་ཙམ་བྱས་ལ། བག་ཕུར་ལ་ཐིགས་རེ་ཐིགས་གཉིས་བླུགས་ལ། ལུག་རེ་བཤའ་ཡུན་ཙམ་དུ་ཉལ་ལ། དེའི་རྗེས་ལ་ཆུ་གཙང་གིས་བཀྲུའོ། །ཡང་འདི་ཡིན་མེད་པར་མཐོང་བྱེད་ཉམས་ནས་རེ་རེ་ལ་གཉིས་གཉིས་སུ་མཐོང་བ་དང༌། ནག་པོ་ལང་ལོང་བྱུང་ན། ཨ་རུ་ར། སྐྱུ་རུ་ར། ལྕགས་ཕྱེ། པི་པི་ལིང༌། ཤིང་མངར་རྣམས་སྨན་མར་གྱི་ཚུལ་དུ་སྦྱར་ལ། རྩྭ་ཨ་པ། གུར་གུམ། ཀ་ར། སྦྲང་རྩི་རྣམས་ཁ་ཚར་བཏབ་ལ་བསྟེན་ན་ཕན་ནོ། །དེ་མ་འབྱོར་ན། ཨ་བ། གོ་སྙོད། གུར་གུམ། ཁྱིམ་བྱའི་བྱ་ཐལ་རྣམས་གཏང་ངོ༌། །ཡང་མིག་འཕེལ་འགྲིབ་བྱེད་པ་ལ། ཕག་ཚིལ། གོ་སྙོད། འབྲི་མར་རྣམས་རྐང་མཐིལ་ལ་བྱུགས་ན་ཕན་ནོ།།  །།སྣ་ཁྲག་འཛག་པའི་དཔྱད་ལ། ཀླད་པ་ནས་འོང་ན། ཁྲག་མདོག་སྐྱ་ལ་སེར་ཏེ། སྨིན་མཚམས་སུ་སྤྲ་རྡོག་ལྔས་བསྲེག སྤྱི་བོའི་རྩ་རྣམས་གཏར་བས་ཕན་ནོ། །རྩ་ནས་འོང་ན་ཁྲག་གི་མདོག་དམར་པོར་འོང་བས། སྐེའི་འབོག་མཚམས་སུ་རྩེའུ་ཆུང་གཉིས་ལ་སྤྲ་བ་ལྔ་ལྔས་བསྲེག ནད་པ་ལ་གཞུ་ལན་གསུམ་འགེངས་སུ་གཞུག རྐང་མཐིལ་དུ་ཤིང་ལེབ་སོས་བརྡབས་པས་ཕན་ནོ། །སྒྲེལ་བཞི་ནས་འོང་ན། ཁྲག་མདོག་ནག་པོར་འོང་བས། དེ་ལ་ཕོའི་རླིག་པ་དང༌། མོའི་ནུ་རྡོག་དམ་པར་བཅིང༌། རོ་སྟོད་ལ་ཆུ་ལྕག་བརྡེགས། གྲང་དུགས་བྱའོ།།  །།རྣ་བ་སྒྲ་ཆེ་ལ་འུར་ན། མཁལ་མ་ལ་རླུང་ཞུགས་པ་ཡིན་པས། དེ་ལ་རྟིང་པ་ནས་སོར་གཉིས་བཅལ་བར། ཐུར་མ་རུས་པ་ལ་ཐུག་པར་འཕངས་ལ། རྨ་ཁ་སྤྲ་རྡོག་བདུན་གྱིས་བསྲེགས་ན་ཕན་ནོ། །རྣ་བ་ཚ་འོན་དུ་སོང་ན། མཁལ་མའི་ཁྲག་ལྷགས་པ་ཡིན་པས། ལག་པའི་མཐེའུ་ཆུང་གི་མཁལ་རྩའི་ཁུག་པ་གཉིས་གཏར། རྣ་བའི་བུ་ག་རྔབ་རུས་གཞིབས་ན་ཕན་ནོ། །རྣ་བ་ནས་རྣག་འཛག་སྟེ་འོན་པ་ལ། རྣ་རྩ་སྦུ་གུ་ཅན་གཉིས། སྤྲ་བ་བདུན་བདུན་གྱིས་བསྲེགས་ན་ཕན་ནོ།།  །།གློ་ལ་ཁྲག་ཏུ་འོང་བ་ནི། གློ་རྩ་ཆད་པའམ། འགྲམས་པའི་སྐྱོན་ཡིན་པས། སོག་པའི་མེ་ལོང་གཉིས་སྤྲ་རྡོག་བདུན་བདུན་གྱིས་བསྲེགས་ན་ཕན་ནོ། །རོ་སྟོད་རླུང་གིས་གང་སྟེ་ན་བ་ལ། གློ་རྩ་གཉིས་གཏར། ཚིགས་པ་ལྔ་བསྲེགས་ན་ཕན་ནོ།།  །།མཆིན་པ་ད་རྒན་དུ་སོང་ན། ཚིགས་པ་བརྒྱད་པ་དང་དགུ་པ་འབུར་ཏེ་འོང༌། དེ་ནི་མཆིན་པ་ཚིགས་པ་ལ་འབྱར་ནས་ཡོད་པ་ཡིན་ཏེ། དེ་ལ་དང་པོ་བྱ་བྲའི་ལུམས་དྲག་པོ་བྱ། ལུམས་ནས་བཏོན་ནས། གྱེན་ནམ་སྐས་ལ་ཁུར་ཆེན་པོ་ཁུར་ན་ཕན། དེས་མ་ཕན་ན། ཁུར་མི་འཚམ་པ་ཅིག་བཀུར་ལ། ཁུར་པོ་དེ་མིས་བཏེག་ལ་གྱེན་དུ་བལྟས་ཏེ་གཞུ་འགེངས་སུ་གཞུག་གོ །ཁེངས་པ་དང༌། མིས་བཏེག་པ་བཏང་ན། མཆིན་པ་དང༌། ཚིགས་པ་བྱེ་ནས་འགྲོའོ། གློ་ད་རྒན་དུ་སོང་ན། གློ་བ་དང་ཚིགས་པ་འབྱར་ན་སྐམ་པ་ཡིན་ཏེ། དེ་ལ་ཆང་མང་པོ་བཏང་ལ་བཟི་རུ་གཞུག ཟངས་ཆུས་བཀང་ལ། མེས་བསྐོལ་ཏེ། དེའི་ཁ་ཕུབ་ཀྱིས་བཅད་དེ། སྒལ་ཚིགས་ཕུབ་ལ་གཏད་ལ་གན་སྐྱལ་དུ་བཞག་ནས་ཇི་ཙམ་བཟོད་བཟོད་དུ་བཞག མ་བཟོད་ན་བཞག་ལ། གཞུ་འགེངས་སུ་གཞུག རྐྱལ་པ་བུས་པ་ཅིག་མ་ཚོར་བར་རྒྱབ་ནས་ལན་གསུམ་བརྒྱབ་ན། གློ་དང་ཚིགས་པ་བྱེ་ན་འགྲོའོ། །སྙིང་ད་རྒན་དུ་སོང་སྟེ། སྙིང་ལ་ཆུ་ཤོར་བས། སྙིང་ཚིལ་ཚིགས་པ་ལ་འབྱར་ན་རྐྱལ་པ་བཞི་བུས་ལ། ས་སྟེངས་ཤོད་དུ་བྱས་ལ་རྐྱལ་པ་སྐས་ཐེམ་བཞིན་དུ་བྱས་ལ། རྐྱལ་བའི་འོག་ཏུ་དོང་ཆུས་བཀང་བ་བྱས་ལ། ནད་པ་དྲག་ཤུལ་དུ་ཁྲིས་པས། རྐྱལ་བ་ལ་འདྲེད་ནས་ཆུར་ལྷུང་བ་དང༌། སྙིང་ཚིལ་དང་སྒལ་ཚིགས་འབྲལ་ལོ། །ཆུ་སེར་རྩ་ལ་གྲམ་ནས་འགྲོ་བས། ཨོལ་གོང་གི་འཕར་རྩ་གཉིས་ལ་སྤྲ་བ་གསུམ་གསུམ་གྱིས་བསྲེག་གོ །མཁལ་མའི་ནད་ཀྱིས་ལྟག་པ་དགྱེ་བོར་སོང་ན། མཁལ་རྩ་ནག་པོའི་ཚིགས་པ་བཅོ་ལྔ་པ་ནས་ཉེར་གཅིག་པའི་མཆན་ན་གནས་པས། དེ་གཉིས་བསྲེགས་ན་ཕན་ནོ། །མཁལ་མའི་རྩ་འགྲམས་ན་བྱིན་གཞུག་གཏར་ལ་རྨ་ཁ་སྤྲ་བ་བདུན་གྱིས་བསྲེག་གོ །དཔྱི་མིག་གཉིས་བསྲེག་གོ །ཚིགས་པ་བཅུ་བཞི་པ་དང༌། བཅུ་དྲུག་པ་གཉིས་བསྲེགས་ན་ཕན་ནོ། །མཚེར་པ་ལ་ཚ་བ་སྐྱེས་ནས། སྐྱུགས་བྲོ་ནས་ཟས་མི་འདོད་ན། བར་གདོང་གི་མཚེར་རྩ་གཏར། ལག་པའི་སྲིན་ལག་གི་ཚིགས་པའི་བར་གཉིས་བསྲེགས་ན་ཕན་ནོ། རྩ་ནག་བསྲེགས་ན་ཡང་ཕན་ནོ། །མཚེར་པ་གྲངས་ཏེ་སྐྱིགས་བུ་འོང་བ་ལ། མཚོག་སྒོ་སྤྲ་བ་ལྔས་བསྲེགས་ན་ཕན་ནོ། །མཚེར་པ་ཚ་བའི་སྐྱོན་གྱིས་སྦུ་བར་སྐྱུགས་ན། པུས་མོ་ནས་མར་སོར་བཞི་བཅལ་བར་བསྲེགས་པས་ཕན་ནོ། །ཚིགས་པ་བཅུ་གསུམ་པ་ལ་སྤྲ་བ་བཅོ་ལྔ་བཞག་ན་ཕན་ནོ། །མ་ཞུ་བའི་རིགས་གསར་རྙིང་ཐམས་ཅད་ལ་བཤལ་གྱིས་སྦྱངས་ན་ཕན་ནོ། །ཕོ་ཁར་སྤྲ་བ་བརྒྱད་ཀྱིས་བསྲེགས་ན་ཕན་ནོ། །ཕོ་བ་རླུང་གིས་གང་བ་ལ། འཇམ་རྩི་ལན་ལྔའམ་བདུན་གཏང༌། ཚིགས་པ་བརྒྱད་པ་དང་བཅུ་གསུམ་པ་བསྲེག་གོ །རྒྱུ་ཞབས་སུ་ཁྲག་སྐྲན་བྱུང་ན། ཚ་སྣ་དྲུག་ཁོང་དུ་བཏང་ལ་ཁྲུས་དྲག་པོ་བྱས་ན་ཕན་ནོ། །ལྒང་པ་སྐྲངས་པ་ལ་ཚིགས་པ་ཉི་ཤུ་པའི་གཡས་གཡོན་མཚོན་རེ་བཅལ་བར་སྤྲ་བ་བདུན་བདུན་བཞག་ན་ཕན་ནོ། །ལྒང་པའི་ནང་ན་རྨེན་བུ་ཡོད་པ་དེ་ལ། རྨེན་གུང་མོའི་ཁར་བླངས་ལ་ཐུར་མ་བརྡེག དེ་གཉིས་ནས་རྩ་འཁྲུས་དྲག་པོ་གཏང་ངོ༌། །ལྒང་པའི་ནང་ན་རྡེའུ་ཡོད་པ་ལ། གུང་མོའི་ཐོར་ཏོས་རྡེའུ་བླངས་ལ་ཐུར་མ་བསྲེགས་པ་རྒྱབ་པས་ཕྱེད་མར་བཏང་ལ། དེ་ནས་སྐྲ་བསྲེགས་པའི་ཐལ་བ་དང༌། སྐྱེས་པའི་ས་བོན་དང་རྒྱ་ཚ་བྱེ་སྒོང་གང༌། བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་ནས་བཏང་ན། རྡེའུ་ཕྱེད་མར་ཐོན་ཏེ་མྱུར་དུ་སོས་སོ། །ཆུ་རླུང་གིས་སྲིན་ཚིགས་པ་བརྒྱད་པ་ཁ་གསུམ་དུ་བསྲེགས་ན་ཕན་ནོ། །མཁལ་མ་ཞོ་ཤ་དང༌། ཀ་ཀ་རུའི་སྨན་མར་སྦྱར་ན་ཕན་ནོ། །ཆུ་ཁྲག་གིས་སྲི་བ་ལ། ནང་འདྲ་གཉིས་གཏར་ལ། ཨ་འབྲས་དང་འཇམ་འབྲས་སྲ་འབྲས་གསུམ་སྡིག་སྲིན་རྣམས་ཆུ་གྲང་ལ་སྦྱར་ནས་བཏང་ན་ཕན། རྒྱུ་ཞབས་སུ་དུགས་དྲག་པོ་བྱས་ན་ཡང་ཕན་ནོ། །ཚད་པས་ཁྲག་ཏུ་འཁྲུ་བ་ལ། ཁྱེའུ་ལོ་བརྒྱད་པའི་ཆུ་ལ། ཀ་ར་དང་ཞོ་བཙོས་པ་འོ་མ་ལ་བཏབ་ནས་བཏང་ན་ཕན་ནོ། །ཚད་པས་སེར་པོར་འཁྲུ་ན། ལྕུམ་རྩ་དང༌། དུར་བྱིད། ཤི་རི་ཁཎྜ། ཆུ་གྲང་ལ་བཏབ་ནས་བཏང་ན་ཕན་ནོ། །བེའུ་སྣབས་སུ་འཁྲུ་བ་ལ། ཐ་རམ་པ་དང༌། ད་ཏྲིག་ཞོ་ལ་བཏབ་ནས་བཏང་ན་ཕན་ནོ། །བད་ཀན་སྐྱ་རྦབ་ཏུ་སོང་བ་ལ། གདོང་རྩ་ཡུ་མོ་ཐུར་དུ་རྒྱུག་པ་དང་འདྲ་བ་དེ་གཉིས་བཅད་ན་ཆུ་འབྱུང་སྟེ། སྐྱ་རྦབ་འཕྲལ་དུ་སོས་སོ། །ཆུ་སྐེམས་པ་ལ། མི་ཐོད་སྐམ་པོ། ལྕི་བ་སེར་ཀ་མ། དབྱི་མོང་སྐམ་པོ་དང་གསུམ་བསྲེགས་པའི་ཐལ་བ། ཡ་བ་ཀྵར། དངུལ་ཐལ། ཟངས་ཐལ། ལྕགས་ཐལ། གསེར། མུ་ཟི། དེ་རྣམས་ཞིབ་པར་བཏགས་ལ། དར་ཚགས་ནས་གདོན། དེ་ནས་ཚ་བ་གསུམ་དང་སྦྱར་ནས་བཏང་ན་འཕྲལ་དུ་སོས་སོ། །སྲིན་ན་དྲ་དེ་ནི། མཚོག་མ། མུར་འགྲམ་དང་སོ་ལ་ཟུག་ནས་ན་ན། རྩི་བོ་ཆེ། སྒོག་སྐྱ། དྷ་དུ་ར་ནག་པོ། སྒ། དེ་རྣམས་ཤ་བའི་ཚིལ་བུ་ལ་སྦྱར། སླ་ངར་ཆུ་བླུགས་ལ་གཡོམ་བའི་སྟེང་དུ། འཁར་གང་བསྲེགས་ལ་བཞག་ལ། དེ་ལ་སྨན་རིལ་མ་ཙམ་རེ་བསྲེགས་ལ་ཁ་བཅད་དེ་དུ་བ་མ་ཤོར་བར་བྱས་ལ་མལ་ཆས་བྱིབས། ལན་གསུམ་བྱའོ། །དེས་མ་ཕན་ན། སྲིན་ལག་གི་ཐོར་ཏོ་སྤྲ་བ་གསུམ་གྱིས་བསྲེགས་ན་ཕན་ནོ། །སྣ་ཁྲག་ཡུན་རིང་དུ་འཛག་ན་སྐྱ་རྦབ་ཏུ་འགྲོ་ཉེན་ཡོད་པས། གུར་གུམ། ཙནྡན། མར་རྙིང་ལ་སྦྱར་ནས་བདུགས་ན་ཕན་ངེས་སོ། །སྙིང་ལ་རླུང་ཞུགས་ནས་སྤྲུགས་པ་ལ་རྐང་པ་གཉིས་ཀྱི་མཐེབ་སྙིང་ལ་སྤྲ་བ་ལྔ་ལྔ་བསྲེགས་ན་ཕན་ནོ། །འབྲུམ་བུ་ནག་པོ་ནི་མཚེར་མ་ལ་མཁྲིས་པ་ལུད་པ་ཡིན་པས། རྩུབ་ཁྲུས་དྲག་པོ་བཏང་ན་ཕན་ནོ། །དམར་པོ་ནི་མཆིན་པ་ལ་ཁྲག་ལུད་པ་ཡིན་པས། རྩེ་ཆུང་གཉིས། མཆིན་རྩ་གཉིས། སྙིང་རྩ་གཉིས། ནང་འདྲ་གཉིས། ཉིན་རེ་ལ་གཉིས་གཉིས་གཏར་བས་ཐུབ་བོ། །དཀར་པོ་ནི། གློ་བ་ལ་བད་ཀན་དཀར་པོ་ལུད་པ་ཡིན་པས། བ་ཤ་ཀ ར་ཤ། ར་ཁྲག་རློན་པ་དང༌། དྲོན་མོ་བཏང་ན་ཐུབ་བོ། །སྣ་ཆམ་ལ་ཀ་ར་དང༌། རྒྱ་སྤོས་སྦྱར་ཏེ་སྣ་ནས་བདུགས་ན་ཅིས་ཀྱང་ཐུབ་བོ། །གློ་ཆམ་ལ། ཨ་ཀྲོང་དང༌། འདམ་བུ་ཀ་ར་ཁྱེའུ་ལོ་བརྒྱད་པའི་ཆུ་ལ་སྦྱར་ནས་འཐུངས་ན་མྱུར་དུ་སོས་སོ། །བུ་ཆུང་ཤམ་མ་ཐོན་པ་ལ། རི་བོང་རིལ་མ་བདུན། རྒྱ་རུ་དུམ་གཅིག ཁྱིམ་བྱའི་བྲུན་དཀར་པོ། རྩངས་པའི་ཤ རྒྱ་ཚ། འོལ་མ་སེ། སེ་ལྡོ་བ་ཚུམ་གཅིག ཁྱིའི་འབྲས་བུ་རྣམས་ཞིབ་ཏུ་བཏགས་ལ་ཆང་ལ་བཏབ་ནས་ཁོང་དུ་གཏང༌། རྒྱུ་ཞབས་ནས་སྨད་དུ་དུགས་བྱ། བྲེའི་ཞབས་ལ་མཚལ་གྱིས་ཡི་གེ་ཉ་གཅིག་བྲིས་ལ་མིག་བལྟ་རུ་གཞུག་གོ །མི་ཐོན་མི་སྲིད་དོ། །གཞང་དང་བུ་སྣོད་ལུག་ན་འོ་མ་འཇམ་པོས་བཀྲུས་ལ། སྦར་སྦུར་དང༌། ས་དང༌། དྲི་མ་མེད་པར་བྱས་ཏེ། དྲོད་ཕབ་ལ་མར་དང་ཏིལ་མར་བྱུག རྐང་པ་ལ་ཐག་པ་བཏགས་ལ་འཐེན། དེ་ལ་དབྱུག་པ་བརྒྱབ་པས་ཚུད་པར་འགྱུར་རོ། །ཡང་ན་ལག་པའི་སེན་མོ་བྲེགས་ལ་དག་པར་བཀྲུས་ལ་མར་གྱིས་བྱུག གཞང་དང་བུ་སྣོད་ཀྱང་བྱུགས་ལ། ལག་པས་གཞང་དང་བུ་སྣོད་རང་སློང་དུ་གཞུག ཚུད་པ་དང༌། འཕོངས་དང༌། མོ་མཚན་ལ་ཕྱིང་པ་ལ་མར་གྱིས་བྱུགས་ལ་བསྲོས་ལ་གླན། རྡོའམ། སླུ་གུ་བསྲེགས་ལ་བདུག་གོ །སོ་སྲིན་གྱིས་ཟོས་པའི་ཨོག་ཕོར་དུ་བོང་ང་ནག་པོ་བཅུག་ནས་སྤྲ་ཚིལ་གྱིས་ཁ་བཅད་ན་ཕན་ནོ། །ཆུ་མ་ཐོན་ནས་འགགས་ན་སྐྲ་ཤད་བསྲེགས་པའི་ཚིགས་མ་ཁྱོར་ཕྱེད་ཙམ་ཆུ་སྐྱོགས་ཕྱེད་ཀྱི་ནང་དུ་བླུགས་ལ་གཏང་ངོ༌། །དེས་ཕན་ནོ། །མཇེའི་བུ་གར་བཙོང་བཙུགས་ཏེ་བུས་ན་ཕན་ནོ། །ཡང་ན་སྦུར་པ་ནག་པོ་སླང་རུ་བརྔོས་ཏེ། ཤུན་པ་ནག་པོ་སྐྱུར་ལ་ནང་གི་དཀར་པོ་མར་དང་སྦྱར་ནས་བཏང་ན་ཕན་ནོ། །ཁྱི་རྔོའི་སྨན་ལ་ཤོ་མོང་གི་རྩ་བ་བརྡུངས་ལ། མར་དང་བརྫིས་ཏེ་ལུས་ལ་བྱུགས་ནས་ཉི་མ་ལ་གདུང༌། དེ་ལྟ་བུ་ལན་གཉིས་གསུམ་བྱས་ན་ཕན་ནོ། །རྣ་བ་ནས་རྣག་འཛག་པ་ལ་ར་རོག་པོའི་ཆུའི་ནང་དུ་རྒྱ་ཚ་ལུག་ཤིག་ཙམ་བཅུག་ལ། འཇམ་བསྲོས་ལ་རྣ་བར་བླུགས་ཏེ་ཅུང་ཟད་བཞག་ལ་དབོ། རྣག་རུལ་སྦྱང་བའོ། །དེ་ནས་རྩ་བའི་ལྔའི་སྨན་མར་སྦྱར་ལ་བཏང་ལ། ཞུན་མར་དང་བཅུད་བཟང་དུ་བསྟེན། ཆང་སྐྱུར་སྤངས། རྣ་བའི་ནང་དུ་ལུག་ཤིག་དང་རྩྭ་ཤིག་སོང་ན། ཆང་ངམ་ཞོ་སྐྱུར་མོ་བླུགས་ན་ཕན་ནོ། །མཛེར་པའི་དཔྱད་ལ་ལམ་རྒྱ་གྲམ་གྱིས་བླངས་ལ་ཟླ་བ་ཉ་བའི་དུས་སུ་ས་དེས་ཕྱིས། རང་གི་དྲི་ཆུས་བཀྲུས་ན་ཕན་ནོ། །ཡང་ན་སྤང་སྤོས་ཞིབ་ཏུ་བཏགས་ནས། བ་དམར་མོའི་འོ་མ་དང༌། བའི་ཆུས་ལྡེ་གུ་བྱས་ལ། སྲོད་ལ་ཉལ་ཁར་ལག་པ་བཀྲུས་ལ་བསྐུ། དེ་མེ་ལ་བསྲོས་ལ་བསྐམས་པ་དང༌། ལག་པ་རང་གི་ཕུར་ལ་བཞག ནང་པར་ལག་པ་མི་བཀྲུ། དེའི་ནུབ་མོ་ཡང་སྔར་བཞིན་བྱ། དེའི་ནང་པར་ལག་པ་དག་པར་བཀྲུས་ལ། དེ་ལ་ཚྭ་བསྐུས་ལ་བ་ལང་ལ་བལྡག་ཏུ་གཞུག་གོ །དེ་ལྟ་བུ་ལན་གསུམ་བྱས་ན་མཛེར་པ་ཐམས་ཅད་ལ་ཕན་ནོ། །བུད་མེད་བུ་དབྱུང་བར་དཀའ་ན་ཁོང་དུ་མར་ཁུ་སླུད། ལྟོ་བ་པགས་པ་རློན་པས་དཀྲི། མི་ཅིག་གིས་ཕྲག་པ་གཡས་གཡོན་ན་བཙིར་ན་ཕན་ནོ། །ཡང་བུད་མེད་བུ་མེད་པ་ལ། བའི་འོ་མ་དང༌། རྟའི་འོ་མ་དང༌། བུད་མེད་ཀྱི་འོ་མ་ཆ་མཉམ་ལ་བསྲེས་ལ་དཀྲོགས་པའི་མར་དེ་རའི་འོ་མར་བསྐོལ་ཏེ་བཀྲུ་སྨན་དང་སྦྱར་ཏེ་འཐུངས་ན་མངལ་རྡོ་རྗེ་བཞིན་བརྟན་ཏེ་བུ་ཆགས་པར་འགྱུར་རོ། །སྐྲངས་པའི་རིགས་ཙམ་ལ་སྟེང་དུ་བག་ཟན་གྱི་ར་བ་འཕང་ལོ་ཙམ་བྱས་ལ། དེའི་ནང་གཡེར་མ་ཕྱེ་མས་དགང༌། དེའི་སྟེང་དུ་བག་ཟན་ལེབ་མས་དགབ་ལ། དེའི་སྟེང་དུ་མེ་བཙའ་གདབ། ཁོང་དུ་ཚ་བ་ཚོར་ན་མོད་ལ་ཕན་ནོ།།  །།བུད་མེད་ཟླ་མཚན་མ་ཆོད་ན། རྐང་པའི་ལོང་བུའི་ནང་གི་རྩ་ལ་སྤྲ་རྡོག་གསུམ་བཞག དེས་ཆོད་པར་འགྱུར་རོ། །ཡང་རྒྱ་སྐྱེགས་དང༌། དོམ་མཁྲིས་སྦྱར་ནས་བཏང་ན་ཕན་ནོ།།  །།སྣ་ཁྲག་མ་ཆོད་ན། དུང་དང་འགྲོན་བུ་འདྲ་སྟེ། བསྲེགས་པའི་ཐལ་བ་ཆང་ལ་སྦྱར་ནས་འཐུངས་ན་ཕན་ནོ། །ཡང་ན་ཕོའི་རླིག་པ་དང༌། མོའི་ནུ་རྡོགས་བཅིངས་ན་ཕན་ནོ། །ཟབ་ཆེན་གྱི་དུད་པ་སྣ་རུ་བདུགས་ན་ཕན་ནོ། །རྨ་ཁྲག་མཆོད་པ་ལ་རྟ་སྤངས་ཀྱི་ཕྱེ་མ་རྨ་ཁར་གླན་ཏེ་བསྡམས་ན་ཕན་ནོ། །མིའི་དྲི་ཆེན་སླ་ངར་བསྲེགས་ནས་ཞིབ་པར་བཏགས་ལ་རྨ་ཁར་གླན་ན་ཕན་ནོ། །དོམ་མཁྲིས། གུར་གུམ། ཀ་ར་གསུམ་རྒྱ་སྐྱེགས་ཁུ་བས་ཕུལ་ནས་བཏང་ན་བད་ཀན་སྨུག་པོ་བྱེར་བ་སྡུད་པའི་མཆོག་ཡིན་ནོ། །དབྱི་མོང་ལོ་མ་གཅིག་ཚུགས་སུ་གཏང་བའི་ཡོན་ཏན་ནི། དམུ་རྫིང༌། འོར་དུ་སྐྲངས་པ། ལྟོ་བ་ན་བ། ཟས་མི་འཇུ་བ། རྟུག་སྐམ་ཀྱིས་བཏབ་པ། གཅིན་འགགས་པ་དང༌། ད་རྒན་དང་མཁལ་རྐེད་ན་བ་ལ་ཕན་ཏེ། ཐུན་ཚོད་ཞོར། ཁྱེ་སུས་ལ་ཆང་དང་སྦྱར་ནས་གཏང༌། ལན་བདུན་ནམ་དགུ་ལ་སོགས་པ་ཉམས་དང་སྦྱར་ལ་གཏང༌། དང་པོ་སྦྱར་བའི་ཐབས་ནི། དབྱི་མོང་ལོ་མ་བྲེ་གང་ཙམ་དེ་བསྐམས་ལ། དགེ་སློང་གི་དྲི་ཆུས་བངས་ཙམ་དུ་སྦངས་ལ་ཡང་བསྐམས་ལ་ཞིབ་པར་བཏགས་སོ། །དེ་ནས་ཁ་རུ་ཚ་ཆུ་ལ་སྦྱར་བས་བངས་ཙམ་དུ་བཏབ་ལ། དེ་ཡང་དེ་མ་ཐག་ཏུ་བསྐམས་ལ་བཏགས་སོ། །ཀྱི་ལྕེ་བའི་མེ་ཏོག་དང༌། ལོ་མ་བརྡུངས་པའི་ཁུ་བ་བཙིར་ལ། སྐྱོགས་བཅུ་ཙམ་བསྐོལ། གང་ཙམ་དུ་སོང་བ་དེ། ཉི་མ་ལ་བསྐམས་ལ། དེའི་རིལ་བུ་ནས་ཙམ་དེ་ཟོས་པའི་ཡོན་ཏན་ནི། རིམས་གསར་བུ་དང༌། ཚ་བའི་རིམས། རུས་པ་ལ་རིམས་ཞུགས་པ་ལ་ཕན་ནོ། །ལྟོ་བ་སྲ་བ་སྙི་བར་བྱེད་དོ། །ཡང་ཟངས་རྩི་བའི་ལོ་མ་རློན་པའི་ཁུ་བ། ཀྱི་ལྕེ་བའི་ཐབས་བཞིན་བྱས་ཏེ། རིལ་བུ་བཏང་ན་ཆུ་སེར་དམར་པོ་ལས་གྱུར་པའི་རིམས་ནད་ཐམས་ཅད་ལ་ཕན་ནོ། །ལྟོ་བ་སྙི་བར་བྱེད་དོ། །སོ་ཕག་རྙིང་པ་བསྡུས་པའི་ཐང་གཏང་ན། ཁ་ལྕེ་དང་གྲེ་བ་སྐམ་པ་སེལ་ལོ། །སྤང་རྒྱན་དཀར་པོ་དང༌། ཤིང་མངར་གཉིས་བསྡུས་ལ། ཅུ་གང༌། ཀ་ར་བཏབ་ལ། ཅུང་ཟད་ངད་ཡལ་བ་ལ་བཏང་ན། གྲེ་བའི་ནད་ཐམས་ཅད་སེལ་ལོ། །མ་ནུ། ཀཎྜ་ཀ་རི། སླེ་ཏྲེས། སྒ་བཞི་ཐང་དུ་བསྐོལ་ནས་བཏང་ན་ཁྲག་ནད་ཐམས་ཅད་དང༌། ཁྱད་པར་གཟེར་ནད་ཐམས་ཅད་ལ་ཕན་ནོ། །སྐྱུ་རུ་རའི་ཚིག་ཐང་གིས་ཁྲག་ངན་པ་དྭངས་སྙིགས་འབྱེད་པའི་མཆོག་ཡིན་ནོ། །ལི་ག་དུར་བསྐོལ་བའི་ཐང་ལ། ཅུ་གང༌། གུར་གུར། ཀ་ར་བཏབ་ནས་བཏང་ན་གློའི་ཚད་ནད་སེལ་ལོ། །ལི་ག་དུར་དང༌། གླ་སྒང་གཉིས་རྒྱུ་དང་ནུས་པ་གཅིག་ཡིན་ཏེ། གློ་བའི་ནད་ལ་ཆིག་ཐང་གིས་ཐུབ་བོ། །མཆིན་སྨན་ཚི་གུ། གུར་གུམ་གཉིས། ཐང་ངམ་ཡང་ན་མར་དང་སྦྱར་ཏེ་བཏང་ན་མཆིན་པ་རྒུད་པའི་ནད་སེལ་བར་བྱེད་དོ། །ཨ་རུ་ར་དང༌། རྒྱམ་ཚ། སྒའམ་པི་པི་ལིང་སྦྱར་ནས་ཐང་དུ་བཏང་ན་གྲང་བའི་ནད་སེལ་ལོ། །ཁྱད་པར་དུ་མ་ཞུ་བ་སེལ་ལོ། །སེ་འབྲུ། ཤིང་ཚ། སུག་སྨེལ། པི་པི་ལིང༌། ཆ་བསྙམས་ལ། ཀ་ར་བཞི་འགྱུར་དང་སྦྱར་ནས་བཏང་ན་བད་རླུང་ཐམས་ཅད་སེལ་ལོ། །ལྷག་པར་ནད་གཞི་གང་ཡིན་ཀྱང་དང་ག་འབྱེད་པའི་མཆོག་ཡིན་ནོ། །བཙོད། ལ་ཕུག ནཱ་ག་པུཥྤ། ནཱ་ག་གེ་སར། པི་པི་ལིང༌། སྒ་རྣམས་ཆ་བསྙམས་ལ་ཞིབ་པར་བཏགས་ནས་ཀ་ར་བཞི་འགྱུར་དང་སྦྱར་ན། བད་ཀན་སེལ་ཏེ། ཁྱད་པར་དུ་སྐྱུགས་པའི་ནད་སེལ་ལོ། །ཤིང་ཀུན་དང༌། སྒ་གཉིས་ཞིབ་ཏུ་བསྡུས་ལ་ཁ་རུ་ཚ་ཁ་ཚར་བཏབ་ནས་བཏང་ན་སྙིང་རླུང་སེལ་ལོ། །ཨ་ཤོ་ཀན་དྷ། ལྕ་བ། ར་མོ་ཤག ཨ་རུ་ར། བ་རུ་ར། སྒ་རྣམས་བསྲེས་ལ། ཁུ་བ་འདོན། ལན་གསུམ་མམ། དགུ་ལ་སོགས་པ་ཅི་རིགས་པར་གདོན། དེའི་ཁུ་བ་དང༌། མར་དང༌།    རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*