ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།

༼ཐ༽

༄༅། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།

རྒྱ་གར་སྐད་དུ། སུ་བྷཱ་ཥི་ཏ་རཏྣ་ནི་དྷི་ནཱ་མ་ཤསྟྲ། བོད་སྐད་དུ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །ལྷ་ཡི་མཆོག་དང་ཀླུ་དབང་གྲུབ་པ་རིག་འཛིན་གཙོ། །དྲང་སྲོང་རྒྱས་པ་གྲོག་མཁར་བ་དང་རྐང་མིག་སོགས། །ཀུན་ནས་དགའ་བའི་གཙུག་གི་ནོར་བུས་ཞབས་མཆོད་པ། །འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ལ་བདག་ཕྱག་འཚལ། །རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང༌། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །ལེགས་བཤད་མཁས་པས་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསད་པར་ནུས་ཀྱི་ཁྭ་དས་མིན། །བློ་གྲོས་ཆེན་པོ་རྒུད་ན་ཡང༌། །ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །རི་དྭགས་རྒྱལ་པོ་བཀྲེས་པ་ན། །གླང་ཆེན་སྤྱི་བོ་མྱུར་དུ་འགེམས། །མཁས་པ་བརྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུ་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པ་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །མཁས་པ་ཡོན་ཏན་ཀུན་བསླབས་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །བློ་ངན་ཤེས་པ་མང་ན་ཡང༌། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །མཁས་པ་ཡོན་ཏན་དཔག་མེད་ཀྱང༌། །གཞན་གྱི་ཡོན་ཏན་ཆུང་ངུ་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །མཁས་པ་ཤེས་རབ་ཀྱིས་བསྲུངས་ན། །དགྲ་བོ་མང་ཡང་ག་ལ་ཚུགས། །འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །གཅིག་བུས་དགྲ་བོའི་ཚོགས་ཀུན་བཅོམ། །བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ། །བློ་ལྡན་ཐབས་ཀྱིས་བདེ་བར་གསོ། །ཆུ་ཀླུང་རྙོག་པས་ཆུད་གསན་པ། །ཆུ་འདང་ནོར་བུས་དང་བར་བྱེད། །མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང༌། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་སྡོད་བྱེའུ་སྐོམ་ན་ཡང༌། །ས་ལ་འབབ་པའི་ཆུ་མི་འཐུང༌། །ཤེས་རབ་ལྡན་པ་མགོ་བསྐོར་ཡང༌། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། །མིག་ལྡན་གཞན་པས་ལྷག་པར་མགྱོགས། །བློ་གྲོས་ལྡན་པ་གཉིས་བགྲོས་ན། །བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །ཡུང་བ་དང་ནི་ཚ་ལ་ལས། །ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། །ཁོང་མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །རི་དྭགས་རྒྱལ་པོ་སེང་གེ་དང༌། །འཁོར་ལོས་སྒྱུར་ལ་གྲོགས་མི་དགོས། །ཐབས་ལ་མཁས་ན་ཆེན་པོ་ཡང༌། །བྲན་དུ་བཀོལ་བ་ག་ལ་དཀའ། །མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང༌། །གོས་སེར་ཅན་གྱིས་བཞོན་པར་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་གྱི། །བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །བྲན་བཟངས་འདི་དང་ཕྱི་མར་བསྐྱབས། །དཔའ་ཞིང་མཐུ་རྩལ་ཆེ་ན་ཡང༌། །མཁས་པ་མིན་པས་དཔལ་མི་ཐོབ། །འབྱོར་པ་ཐོབ་པར་གྱུར་ན་ཡང༌། །བསོད་ནམས་མེད་ན་ག་ལ་རྟག །ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །འདྲེས་པ་འབྱེད་ཤེས་མཁས་པ་ཡིན། །ཆུ་ལས་འོ་མ་ངང་པས་ཕྱེད། །བ་ལ་འོ་མ་ཀུན་གྱིས་ལོང༌། །སྨྲས་ཤིང་བསྐུལ་བར་གྱུར་པ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེ། །མ་བསྐུལ་གཞན་གྱིས་མ་སྨྲས་པར། །བསམ་པ་ཤེས་ན་མཁས་པ་ཡིན། །བློ་དང་ལྡན་ན་མ་སྨྲས་ཀྱང༌། །རྣམ་འགྱུར་ཉིད་ལ་བསམ་པ་གོ །བལ་བོའི་སེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས། །མཁས་པ་རང་གི་ཡུལ་ལས་ཀྱང༌། །ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། །མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །བློ་དང་ལྡན་ན་ཉམ་ཆུང་ཡང༌། །སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང༌། །རི་བོང་བློ་དང་ལྡན་པས་བསད། །སེམས་ཅན་གཞན་དང་རྗེས་མཐུན་པའི། །སྤྱོད་པ་ཤེས་ན་མཁས་པ་ཡིན། །དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས། །ཁྱུ་གཅིག་ཏུ་ནི་མི་གནས་སམ། །ངེས་པར་འབྱུང་བའི་བྱ་བ་འགའ། །མ་གྲུབ་པ་ན་དཔྱོད་པའི་ཚེ། །མཁས་རྨོངས་གཉིས་ཀྱང་ཁྱད་པར་ཤེས། །གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ། །མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །ཤེས་བྱ་ཤེས་ན་མཁས་པར་བགྲང༌། །བ་ལང་རྒན་གཞོན་དཔྱོད་པ་ལ། །བླུན་པོ་མཁས་ཀྱང་ཡོན་ཏན་མིན། །རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང༌། །རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །འདོད་ཡོན་སྤྱད་པས་མི་ངོམས་ཏེ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །ལེགས་བཤད་བྱིས་པ་དག་ལས་ཀྱང༌། །མཁས་པ་རྣམས་ནི་ཡོངས་སུ་ལེན། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་མཁས་པ་བརྟག་པ་སྟེ་རབ་ཏུ་བྱེད་པ་དང་པོའོ།།  །།རྟག་ཏུ་དམ་པའི་ཡོན་ཏན་རྣམས། །སྐྱེ་བོ་དམ་པ་ལྷག་པར་སྒྲོགས། །མ་ལ་ཡ་ཡི་ཙནྡན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། །དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་མཁས་རྣམས་སྒྲོགས། །རྒྱལ་ངན་གཞན་གྱིས་གཙེས་པ་ན། ལྷག་པར་ཆོས་རྒྱལ་དྲན་པར་འགྱུར། །རིམས་ཀྱིས་བཏབ་པའི་སེམས་ཅན་རྣམས། །གངས་ཆུ་འབའ་ཞིག་ཡིད་ལ་བྱེད། །སྡིག་སྤྱོད་རྒྱལ་པོས་གཙེས་པ་ན། །མི་དབང་ཆོས་རྒྱལ་ལྷག་པར་སྐྱོང༌། །འབྱུང་པོའི་གདོན་གྱིས་བཏབ་པ་ལ། །གསང་སྔགས་གྲུབ་པ་རྗེས་སུ་འཛིན། །དམ་པ་སྡིག་པ་བྱུང་ཡང་སྤོང༌། །དམན་རྣམས་ཆེན་པོའང་དེ་ལྟ་མིན། །ཞོ་ལ་རྡུལ་ཕྲན་འབྱར་བ་སེལ། །ཆང་ལ་ཕབས་ཀྱང་ལྷག་པར་འདེབས། །སྐྱེ་བོ་དམ་པ་རྒུད་གྱུར་ཀྱང༌། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །མེ་ནི་ཐུར་དུ་ཁ་བསྟན་ཀྱང༌། །མེ་ལྕེ་གྱེན་ལ་འབར་བར་མཐོང༌། །དམ་པ་རྒྱང་ན་གནས་ན་ཡང༌། །འཁོར་འདབ་ཕན་པས་རིང་ནས་སྐྱོང༌། །མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། །ས་ཡི་ལོ་ཏོག་ཁྱད་པར་འཕེལ། །གསོན་ཚེ་སྙན་གྲགས་དགའ་བའི་རྒྱུ། །འཇིག་རྟེན་གཞན་དུ་བསོད་ནམས་དགའ། །དེ་གཉིས་མེད་པའི་ནོར་ཙམ་གྱིས། །མཁས་རྣམས་དགའ་བ་བསྐྱེད་མི་ནུས། །ཕྱི་རྗེས་རིང་དུ་བལྟ་བ་དང༌། །བག་ཡོད་པ་ལ་བཟོད་སྲན་ཆེ། །བརྩོན་འགྲུས་ཆེ་ཞིག་བརྟན་ལ་གྲིམས། །བྲན་གཡོག་ཡིན་ཡང་དཔོན་དུ་འགྱུར། །སྦྱིན་ལ་རྟག་ཏུ་སེམས་སྤྲོ་བ། །དེ་ཡི་གྲགས་པ་རླུང་བཞིན་ལྡང༌། །ཕོངས་པ་སློང་བ་འདུ་བ་བཞིན། །འབུལ་བར་འདོད་རྣམས་དེ་བས་མང༌། །བྱིན་ནས་སླར་ཡང་མི་ལེན་ལ། །དམན་པའི་བརྙས་པ་དང་དུ་ལེན། །ཕན་པ་ཆུང་ངུའང་མི་བརྗེད་པ། །བདག་ཉིད་ཆེན་པོའི་ཆེ་རྟགས་ཡིན། །དམ་པའི་ཡོན་ཏན་སྦས་གྱུར་ཀྱང༌། །འཇིག་རྟེན་ཀུན་ལ་ཁྱད་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང༌། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །རྒྱལ་པོ་རང་ཡུལ་ཆེ་བ་ཙམ། །དམ་པ་གང་དུ་ཕྱིན་པར་བཀུར། །མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན། །གཙུག་གི་ནོར་བུས་གང་དུའང་མཆོད། །ལྗོན་ཤིང་དུད་པ་འབྲས་བུ་མང༌། །རྨ་བྱ་དུལ་བ་མཇུག་སྒྲོ་བཟང༌། །རྟ་མཆོག་དུལ་བ་འགྲོ་མགྱོགས་ཏེ། །དམ་པ་དུལ་བ་མཁས་པའི་རྟགས། །དམ་པ་རྣམས་དང་ཕལ་པ་ལ། །བྱས་པ་མཉམ་ཡང་དྲིན་མི་འདྲ། །ཞིང་ལ་ས་བོན་ཁྱད་མེད་ཀྱང༌། །ལོ་ཏོག་ཁྱད་པར་དཔག་ཏུ་མེད། །བདག་ཉིད་ཆེ་ལ་ཕན་བཏགས་ན། །ཅུང་ཟད་ཙམ་ཡང་འབྲས་བུ་འབྱིན། །སྐྱུ་རུ་ར་ཅིག་བྱིན་པ་ལ། །ཆོས་རྒྱལ་བུ་དང་སྙོམས་ལ་ལྟོས། །བཟང་པོའི་ཆོ་རིགས་སྤྱོད་པས་བསྲུང༌། །སྤྱོད་པ་ཉམས་ན་རིགས་དོན་མེད། །ཙནྡན་དྲི་བཟང་སྐྱེ་བོ་དགའ། །དེ་བསྲེགས་སོལ་བ་སུ་ཞིག་ལེན། །ཆེན་པོ་རེ་ཞིག་རྒུད་གྱུར་ཀྱང༌། །དེ་ལ་གདུང་བ་བསྐྱེད་མི་དགོས། །ཟླ་བ་རེ་ཞིག་གཟས་ཟིན་ཡང༌། །དེ་མ་ཐག་ཏུ་གྲོལ་བར་འགྱུར། །ཆེན་པོས་དགྲ་ལ་བྱམས་བྱས་ན། །དགྲ་ཉིད་དེ་ཡི་དབང་དུ་འགྱུར། །མང་པོས་བཀུར་པས་ཀུན་བསྐྱངས་པས། །ཀུན་གྱིས་རྒྱལ་པོར་དབང་བསྐུར་རོ། །དམ་པ་ཇི་ལྟར་རྒུད་གྱུར་ཀྱང༌། །སྡིག་དང་འདྲེས་པའི་ཟས་མི་ཟ། །སེང་གེ་བཀྲེས་ཀྱང་མི་གཙང་བའི། །ངན་སྐྱུགས་ཟ་བར་མི་བྱེད་དོ། །དམ་པ་སྲོག་ལ་བབ་ན་ཡང༌། །རང་བཞིན་བཟང་པོ་ག་ལ་དོར། །ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང༌། །དེ་ཡི་ཁ་དོག་ཉམས་མི་འགྱུར། །སྐྱེས་མཆོག་རྣམས་ལ་དམན་པ་རྣམས། །ཁྲོ་ཡང་ལན་དུ་ག་ལ་ཁྲོ། །ཅེ་སྤྱང་དྲེགས་པའི་སྐད་འབྱིན་ཡང༌། །རི་དྭགས་རྒྱལ་པོ་སྙིང་རྗེས་སྐྱོང༌། །བདག་ཉིད་ཆེ་ལ་སྐྱེ་བོ་རྣམས། །སྐྱོན་ཚོལ་འགྱུར་གྱི་དམན་ལ་མིན། །འཕན་ཟེལ་རིན་ཆེན་ལ་ལྟ་ཡི། །འགལ་དུམ་ལ་ནི་སུ་ཞིག་སྤྱོད། །བསྟོད་པས་དགའ་བར་མི་འགྱུར་ལ། །སྨད་པས་མི་དགར་མི་འགྱུར་ཞིང༌། །རང་གི་ཡོན་ཏན་ལེགས་གནས་པ། །སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །སྡིག་པ་དང་ནི་མཐུ་རྩལ་ལས། །བྱུང་བའི་ལོངས་སྤྱོད་ལོངས་སྤྱོད་མིན། །ཁྱི་དང་བྱི་ལ་འགྲངས་ན་ཡང༌། །ངོ་ཚ་བོར་བའི་རྣམ་ཐར་ཡིན། །འཁོར་ལ་ཕུན་སུམ་ཚོགས་གྱུར་ན། །རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན། །རྟ་ལ་རྒྱན་དུ་བྱས་པ་དེ། །བདག་པོ་ཉིད་ལ་མི་མཛེས་སམ། །ཇི་ལྟ་ཇི་ལྟར་རྗེ་དཔོན་གྱིས། །འཁོར་ལ་དྲིན་གྱིས་བསྐྱབས་གྱུར་པ། །དེ་ལྟ་དེ་ལྟར་འཁོར་གཡོག་རྣམས། །རྗེ་དཔོན་ཉིད་ཀྱི་བྱ་བ་བསྒྲུབ། །བདག་ཉིན་ཆེན་པོ་གནས་པའི་སར། །མཁས་པ་གཞན་དག་སུ་ཡིས་བརྩི། །མཁའ་ལ་ཉི་མ་ཤར་བ་ན། །རྒྱུ་སྐར་མང་ཡང་མཐོང་མི་འགྱུར། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། ཡ་རབས་བརྟག་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།།  །།སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང༌། །ལྷག་པར་སྤྱོད་པ་ངན་པར་འགྱུར། །འབབ་ཆུ་ཇི་ལྟར་བཟློག་གྱུར་ཀྱང༌། །ཐུར་དུ་འབབ་པ་ཁོ་ནར་འདོད། །དམན་ལ་སྤྱོད་པ་བཟང་བྱུང་ཡང༌། །དེ་ནི་བཅོས་མའི་རྣམ་ཐར་ཡིན། །ཤེལ་ལ་ནོར་བུས་ཁ་བསྒྱུར་ཡང༌། །ཆུ་དང་འཕྲད་ན་རང་མདོག་སྟོན། །བླུན་པོས་བྱ་བ་ལེགས་གྲུབ་ཀྱང༌། །སྟེས་དབང་ཡིན་གྱི་བསྒྲུབས་པས་མིན། །སྲིན་བུའི་ཁ་ཆུ་དར་སྐུད་དུ། །འགྲོ་བ་མཁས་ནས་བྱུང་བ་མིན། །ཆེན་པོས་འབད་ནས་བསྒྲུབས་པའི་གྲོས། །ངན་པས་སྐད་ཅིག་གཅིག་ལ་འཇོམས། །ཞིང་པས་ལོ་ཟླར་འབད་པའི་ཞིང༌། །སེར་བས་སྐད་ཅིག་རྡུལ་དུ་རློག །ངན་པ་ཕལ་ཆེར་རང་གི་སྐྱོན། །གང་ཡིན་གཞན་ལ་སྒོད་པར་བྱེད། །ཁྭ་དས་མི་གཙང་ཟོས་པའི་མཆུ། །ས་གཙང་གཞན་ལ་འབད་ནས་འཕྱིད། །བླུན་པོ་བྱ་བ་ལ་སྦྱར་ན། །དོན་ཉམས་དེ་ཡང་ཉམས་པར་འགྱུར། །ཝ་སྐྱེས་རྒྱལ་པོར་བསྐོས་པ་ཡིས། །འཁོར་སྡུག་རང་ཡང་བསད་ཅེས་གྲགས། །རྨོངས་པ་བདེ་བ་འདོད་བཞིན་དུ། །བྱ་བ་སྡུག་བསྔལ་འབའ་ཞིག་སྒྲུབ། །གདོན་གྱིས་བཏབ་པའི་སྐྱེ་བོ་འགའ། །སྡུག་བསྔལ་སྤང་ཕྱིར་ལྕེབ་པ་མཐོང༌། །བློ་ངན་དྲང་པོ་ལ་ལས་རང༌། །བརླག་འགྱུར་ལ་ལས་གཞན་ལ་གནོད། །ནགས་ཀྱི་ཤིང་དྲང་རྩད་ནས་གཅོད། །མདའ་ཡི་དྲང་པོས་ཕ་རོལ་གསོད། །རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང༌། །བསྒྲུབ་པར་ནུས་པ་མ་ཡིན་ནམ། །ཕན་དང་མི་ཕན་མི་དཔྱོད་ཅིང༌། །བློ་དང་ཐོས་པ་མི་སྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །བླུན་པོའི་དབུས་ན་དགའ་ཞིང་རྩེ། །མཁས་པའི་མདུན་ན་ཞུམ་ཞིང་འཛུར། །ནོག་དང་ལྐོག་ཤལ་མེད་ན་ཡང༌། །ཡ་སོ་ཅན་གྱི་བ་ལང་ཡིན། །གང་ན་བཟའ་བཏུང་ཡོད་དེར་རྒྱུག །དགོས་པའི་བྱ་བ་བཅོལ་ཡང་འབྲོས། །གཏམ་དང་བཞད་གད་ཤེས་ན་ཡང༌། །མཇུག་མ་མེད་པའི་ཁྱི་རྒན་ཡིན། །རྨིག་རྗེས་ཆུ་ཡིས་དགང་སླ་སྟེ། །མཛོད་ཆུང་ནོར་གྱིས་དགང་བར་སླ། །ཞིང་ཆུང་ས་བོན་གདབ་སླ་སྟེ། །བློ་ཆུང་རིང་པ་མགུ་བ་སླ། །དྲེགས་བཅས་བླུན་པོ་ཁས་ལེན་ཅན། །ཆེན་པོ་ཡིན་ཡང་ཉམས་པར་འགྱུར། །གོམ་པ་གང་གི་ས་བྱིན་པས། །སྟོབས་ལྡན་གྱིས་ནི་ས་གསུམ་ཤོར། །བློ་ཆུང་སེམས་ལ་ཁོན་འཛིན་ཅན། །གནོད་པ་བས་ཀྱང་རྣམ་འགྱུར་སྔ། །ཁྱི་ངན་དགྲ་བོ་མཐོང་ན་ཡང༌། །རྨུགས་པའི་ཐོག་མར་ཀུ་ཅོ་འདོན། །བླུན་པོས་སོགས་པའི་སྡུག་བསྔལ་ཉིད། །མྱོང་གི་སྤྱོད་པའི་བདེ་མི་མྱོང༌། །ཡང་ཡང་ཉུལ་ཞིང་ལྟ་བ་ཡི། །འཇུངས་པའི་ནོར་ནི་བྱི་བ་འདྲ། །བླུན་པོའི་གྲོང་དུ་མཁས་པ་པས། །སྤྲེའུ་འཛིན་པ་ཁྱད་པར་འཕགས། །སྤྲེ་འཛིན་ཟས་དང་ནོར་གྱིས་མཆོད། །མཁས་པ་ལག་པ་སྟོང་པར་འགྲོ། །ཡོན་ཏན་མེད་པའི་སྐྱེ་བོ་རྣམས། །ཡོན་ཏན་ཅན་ལ་ལྷག་པར་སྡང༌། །གངས་ཀྱི་ཡུལ་དུ་དགུན་སྐྱེས་པའི། །ལོ་ཏོག་ལྟས་ངན་ཡིན་ཞེས་སྒྲོགས། །ཡོན་ཏན་ལོག་པར་སྦྱངས་པ་འགའ། །ལེགས་པར་སྦྱངས་པ་ཁྱད་དུ་གསོད། །ལྦ་བ་མེད་ན་གླིང་ཕྲན་འགར། །ཡན་ལག་ཉམས་པའི་སྐྱོན་དུ་བྱེད། །ཆོ་ག་ཉམས་པ་བྱེད་པ་རྣམས། །ཆོ་ག་ཚང་བར་བྱེད་ལ་བརྙས། །ཙུ་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །ཆོ་ག་ལོག་པར་སྒྲུབ་པ་འགའ། །ཡང་དག་ཆོ་ག་བྱེད་ལ་གཤེ། །སྐྱེས་བུ་ཁྱི་ཡི་མགོ་ཅན་རྣམས། །བཞིན་བཟངས་བུད་མེད་ཡིན་ཞེས་བརྙས། །ལོག་འཚོའི་ཟས་ནོར་རྙེད་པ་འགའ། །མཁས་པ་དབུལ་པོ་ཁྱད་དུ་གསོད། །སྤྲེའུ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །དེས་ན་ལས་ཀྱིས་མནར་བས་ན། །མཁས་པ་བླུན་པོའི་ནང་དུ་འཁྱམ། །རླུང་གིས་བདས་པའི་མ་ལི་ཀ །དྲི་ཞིམ་ཕྱག་དར་ཁྲོད་ན་རྫི། །སྐྱོན་རྣམས་འབད་པས་འཛིན་བྱེད་ཅིང༌། །ཡོན་ཏན་རྩ་ནས་མི་ཆགས་པ། །སྐྱེས་བུ་ངན་པ་ཆུ་ཚགས་བཞིན། །ངན་པ་འཛིན་གྱི་བཟང་པོ་འཆོར། །ལེགས་ཉེས་དཔྱོད་པའི་བློ་གྲོས་མེད། །མཁས་པའི་མདུན་སར་ཕྱིར་ཕྱོགས་སྐྲོད། །ཟས་ནོར་ཁོ་ནའི་གཏམ་གྱིས་འདའ། །རྐང་གཉིས་པ་ཡི་ཕྱུགས་སུ་བཤད། །བློ་ཆུང་མང་དུ་འདུས་ན་ཡང༌། །བྱ་བ་ཆེན་པོ་སྒྲུབ་མི་ནུས། །རྩི་སྐྱང་མང་དུ་བསྡོམས་ན་ཡང༌། །ཁང་པའི་གདུང་མ་བཟོད་པར་དཀའ། །མ་དཔྱད་པ་ལས་དོན་གྲུབ་པ། །བྱུང་ཡང་མཛངས་པར་སུ་ཞིག་རྩི། །སྲིན་བུ་དག་གིས་ཟོས་པའི་རྗེས། །ཡི་གེར་བྱུང་ཡང་ཡིག་མཁན་མིན། །བློ་གྲོས་ཞན་པའི་འདོད་གཏམ་དང༌། །ཅང་ཤེས་མིན་པའི་རྟ་མཆོག་དང༌། །གཡུལ་ངོར་ལྷུང་བའི་རལ་གྲི་རྣམས། །སུ་ཡི་གྲོགས་འགྱུར་ངེས་པ་མེད། །ཤེས་རབ་མེད་པའི་བླུན་པོ་རྣམས། །མང་ཡང་དགྲ་ཡི་དབང་དུ་འགྲོ། །གླང་ཆེན་སྟོབས་ལྡན་ཁྱུར་ལོངས་པ། །རི་བོང་བློ་ལྡན་གཅིག་གིས་བཏུལ། །ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང༌། །ཕལ་ཆེར་རང་ལ་ཕན་པ་ཉུང༌། །འདོད་འཇོ་བ་ཡི་འོ་མ་ཡང༌། །བེ་འུས་འཐུང་པ་བརྒྱ་ལམ་ཡིན། །བླུན་པོ་རྣམས་ཀྱིས་མཁས་པ་ཡང༌། །མཆོད་པར་འགྱུར་པའི་ངེས་པ་མེད། །ཉི་མ་ཤིན་ཏུ་འོད་གསལ་ཡང༌། །འབྱུང་པོའི་གདོན་རྣམས་མི་འབྲོས་སམ། །བླུན་པོ་ལོངས་སྤྱོད་སོག་རྣམས་ལ། །གཉེན་གྱི་བསམ་པ་ག་ལ་ཡོད། །སྡིག་སྡུག་གཏམ་ངན་ཁོ་ན་ཡིས། །བྱི་བ་བཞིན་དུ་བསགས་ནས་འཆི། །སྐྱེ་བོ་ངན་པའི་ཚོགས་ནང་དུ། །ཡོན་ཏན་ལྡན་ཡང་ག་ལ་འཁུར། །སྦྲུལ་གདུག་གནས་པའི་ས་ཕྱོགས་སུ། །སྒྲོན་མ་གསལ་ཡང་འོད་མི་འབྱིན། །ལོངས་སྤྱོད་ཡོད་ཀྱང་ལས་ངན་གྱིས། །འཇུངས་པས་སྤྱོད་པའི་རང་དབང་མེད། །རྒུན་འབྲུམ་སྨིན་པ་ཟ་བའི་ཚེ། །ཁ་ལ་མཆུ་ནད་རྒྱུན་ཏུ་འབྱུང༌། །རྒྱུན་དུ་གཞན་གྱིས་བསྐྱང་དགོས་པའི། །སྐྱེ་བོ་ནམ་ཞིག་ཅི་ནས་ཉམས། །བྱ་རོག་གིས་ནི་བཟུང་བ་ཡི། །རུས་སྦལ་ས་ལ་ལྷུང་ཞེས་གྲག །བཟང་ངན་མི་ཤེས་དྲིན་བྱས་བརྗེད། །ངོ་མཚར་གཏམ་ལ་མཚར་མི་འཛིན། །མངོན་སུམ་མཐོང་བ་སླར་ལ་འདྲི། །ཞུམ་ཞིང་རྗེས་འབྲང་བླུན་པོའི་རྟགས། །དྲོད་ཆུང་ཁ་ཡིས་དགྲ་བོ་འདུལ། །རྒྱང་ནས་མཐོང་ན་ཅ་ཅོ་འབྱིན། །འཐབ་སར་འཕྲད་ན་ཐལ་མོ་སྦྱར། །རང་ཁྱིམ་སླེབ་ན་ང་རྒྱལ་སྨྲ། །སྡར་མ་གྲོས་བྱེད་ཚེ་ན་དཔའ། །ཁྲལ་བསྐོས་པ་ན་ནོར་རྩིས་འདེབས། །འགྲོ་དགོས་བྱུང་ན་ནད་བུ་ལྡང༌། །འཐབ་སར་རྒྱང་ནས་ཕོད་ཅིང་བསྒོ། །བློ་ཆུང་ཅུང་ཟད་རྒྱལ་བས་ངོམས། །གལ་ཏེ་ཕམ་ན་གཉེན་ལ་འཁང༌། །གྲོས་ལ་འཚོགས་ན་འཐབ་རྩོད་སློང༌། །གསང་གྲོས་བྱས་ན་ལྐོག་ཏུ་སྨྲ། །གཡུལ་ངོར་རྒྱན་ལ་བྱི་དོར་བྱེད། །དགྲ་དང་ཕྲད་ན་རང་ཕྱོགས་སྦེད། །འགྲོགས་ན་དགྲ་བས་གཉེན་ཕྱོགས་འཇིགས། །མཚོན་ཆ་དགྲ་ཡི་ལག་ཆར་འཕེན། །དཔུང་ཚོགས་འགྲོ་ན་མཇུག་སྡུད་ལ། །ལྡོག་ན་དེ་ཡི་སྣ་འདྲེན་བྱེད། །བཟའ་བཏུང་མཐོང་ན་ནན་གྱིས་འཇུག །དཀའ་བ་མཐོང་ན་ཐབས་ཀྱིས་འབྱོལ། །སྐྱེ་བོ་ངན་པའི་མཚན་ཉིད་ལ། །བརྗོད་རྒྱུ་དུ་མ་ཡོད་མོད་ཀྱང༌། །ངན་སྐྱུགས་ཁྲོན་པ་སུ་ཞིག་སློང༌། །སྐྱུགས་པ་མཁས་པ་སུ་ཞིག་མྱོང༌། །མཆུ་བསྐྱོད་པ་ཡིས་བརྡ་སྤྲོད་ཅིང༌། །སྨོས་པའི་ཚེ་ན་མིག་ཚུམས་བྱེད། །རྣམ་ཐར་ཐོས་ན་འཁུན་འཆོར་བ། །གང་ལ་བྱུང་ཡང་ཐ་ཤལ་རྟགས། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །བླུན་པོ་བརྟག་པ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།།  །།དམན་པ་ལོངས་སྤྱོད་ཆེ་ན་ཡང༌། །རིགས་ལྡན་རྒུད་པས་ཟིལ་གྱིས་གནོན། །བཀྲེས་པ་སྟག་གི་ངར་སྒྲ་ཡིས། །སྤྲེའུ་ཤིང་གི་རྩེ་ལས་ལྷུང༌། །བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་ན་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང༌། །ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་པར་གྱུར་ན་དུལ་བར་གནས། །ཆུ་བྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོ་ཅ་ཅོ་ག་ལ་སྒྲོགས། །སྐྱེ་བོ་དམན་རྣམས་དམ་པ་ལ། །ཁྱད་གསོད་བྱེད་ཅི་དམ་པས་མིན། །སེང་གེས་ཝ་ཚོགས་ལེགས་སྐྱོང་གི །ཝ་ཉིད་ཝ་ཡི་རིགས་ལ་འགྲན། །དམ་པ་ཁྲོས་ཀྱང་བཏུད་ན་ཞི། །དམན་རྣམས་བཏུད་ན་ལྷག་པར་རེངས། །གསེར་དངུལ་སྲ་ཡང་བཞུ་ནུས་ཀྱི། །ཁྱི་ལུད་བཞུ་ན་དྲི་ངན་འབྱུང༌། །མཁས་ལ་ཡོན་ཏན་ཀུན་ལྡན་ཏེ། །བླུན་ལ་སྐྱོན་རྣམས་འབའ་ཞིག་ཡིན། །རིན་པོ་ཆེ་ལས་དགོས་དགུ་འབྱུང༌། །སྦྲུལ་གདུག་ལས་ནི་ཉེས་ཀུན་སྐྱེད། །སྡིག་སྤྱོད་ནགས་ན་གནས་ཀྱང་ཉམས། །དམ་པ་གྲོང་ན་གནས་ཀྱང་དུལ། །ནགས་ཀྱི་གཅན་གཟན་ཁྲོ་བ་དང༌། །རྟ་མཆོག་གྲོང་གནས་དུལ་བར་མཐོང༌། །སྐྱེས་མཆོག་རང་གི་སྐྱོན་ལ་ལྟ། །སྐྱེ་བོ་ངན་པ་གཞན་སྐྱོན་ཚོལ། །རྨ་བྱ་རང་གི་ལུས་ལ་རྟོག །སྲིན་བྱ་གཞན་ལ་ལྟས་ངན་གཏོང༌། །དམ་པ་དུལ་བས་རང་གཞན་སྐྱོང༌། །ངན་པ་རེངས་པས་རང་གཞན་སྡུག །འབྲས་ལྡན་ཤིང་གིས་རང་གཞན་བསྲུང༌། །ཤིང་སྐམས་རེངས་པས་རང་གཞན་སྲེག །འབྱོར་པའི་དུས་ན་ཐམས་ཅད་གཉེན། །གལ་ཏེ་རྒུད་ན་ཀུན་ཀྱང་དགྲ། །རིན་ཆེན་གླིང་དུ་རིང་ནས་འདུ། །མཚོ་སྐམ་པ་ན་སུ་ཡང་སྤོང༌། །བླུན་པོ་འབྱོར་པ་ཐོབ་ན་བདེ། །སྐྱེས་མཆོག་ཐམས་ཅད་བྱིན་ན་བདེ། །མཛེ་ཅན་ཕྲུགས་ན་བདེ་བར་འཛིན། །མཁས་པ་མཛེ་ལ་འཇིགས་པར་ལྟ། །ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར། །དམན་ལ་གནོད་བྱེད་གནོད་པར་འགྱུར། །ནགས་མེ་རླུང་གིས་སྦོར་མོད་ཀྱི། །དེ་ཡིས་སྒྲོན་མ་ཆུང་ངུ་གསོད། །འདི་བཤེས་འདི་ནི་དགྲ་བོ་ཞེས། །བློ་གྲོས་ཆུང་རྣམས་སོ་སོར་འབྱེད། །བློ་ཆེན་ཀུན་ལ་བྱམས་པ་ལ། །ཕན་བྱེད་གང་ཡིན་ངེས་པ་མེད། །ཡོན་ཏན་ལྡན་པ་ཡོན་ཏན་ལ། །དགའ་ཡི་ཡོན་ཏན་མེད་རྣམས་མིན། །སྦྲང་རྩི་འཛིན་པ་མེ་ཏོག་ལ། །དགའ་ཡི་ཤ་སྦྲང་དེ་ལྟ་མིན། །མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཙནྡན་གསེར་བས་རིན་ཆེ་ལ། །བླུན་པོས་སོལ་བར་བྱས་ལ་ལྟོས། །མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང༌། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །མཁས་པ་ཤིན་ཏུ་རྒུད་ན་ཡང༌། །ལེགས་བཤད་གཏམ་གྱིས་གཞན་དགའ་བྱེད། །བླུན་པོ་འབྱོར་པར་གྱུར་ཚེ་ཡང༌། །རྩོད་པ་ཁོ་ནས་རང་གཞན་སྲེག །ཁ་ཅིག་སྨྲ་བས་གྲུབ་པར་རྩི། །ལ་ལ་མི་སྨྲ་དོན་ལ་འབད། །ཁྱི་ངན་དགྲ་ལ་ཁུས་འདེབས་ཏེ། །ཆུ་སྐྱར་བྱི་ལ་སྒྲ་མེད་འཇབ། །དམ་པ་རྒོལ་ཡང་ཕན་པ་སྒྲུབ། །སྐྱེ་བོ་ངན་པ་མཛའ་ཡང་གནོད། །ལྷ་རྣམས་ཁྲོ་བས་སེམས་ཅན་སྲུང༌། །གཤིན་རྗེ་འཛུམ་ཡང་ཕ་རོལ་གསོད། །སྐྱེ་བོ་དམ་པ་རིན་ཆེན་བཞིན། །རྣམ་པ་ཀུན་ཏུ་འགྱུར་ལྡོག་མེད། །སྐྱེ་བོ་ངན་པ་སྲང་མདའ་བཞིན། །ཅུང་ཟད་ཙམ་གྱིས་མཐོན་དམན་བྱེད། །བློ་མཐུན་རིང་ན་གནས་ཀྱང་ཕན། །མི་མཐུན་ཉེ་ན་ལྷག་པར་འབྲལ། །འདམ་སྐྱེས་འདམ་གྱིས་མི་གོས་ལ། །དེ་ཉིད་ཉི་མས་རྟག་ཏུ་སྐྱོང༌། །ཇི་སྲིད་ངོ་ཚ་ཡོད་གྱུར་པ། །དེ་སྲིད་ཡོན་ཏན་རྒྱན་གྱི་མཆོག །ངོ་ཚ་བརྒལ་ན་ཡོན་ཏན་ཉིད། །ཕྱོགས་སུ་བྱས་ཏེ་གཏམ་ངན་འཕེལ། །དམ་པ་མ་བཅོལ་ལེགས་པར་སྟོན། །དམན་ལ་དྲིས་ཀྱང་ལོག་པར་བཤད། །རྒྱལ་བའི་སྲས་ལ་བརྙས་ཀྱང་བརྩེ། །འཆི་བདག་མཆོད་ཀྱང་གསོད་པ་ཡིན། །གཅིག་ལ་ཕན་པར་འགྱུར་བ་ཡི། །བྱ་བ་གཞན་ལ་གནོད་པ་སྲིད། །ཟླ་བ་ཤར་ན་ཀུ་མུ་ཏ། །ཁ་འབྱེད་འགྱུར་གྱི་པདྨོ་ཟུམ། །ཉེས་པ་ལ་ལས་དོན་གྲུབ་པ། །བྱུང་ཡང་མཁས་རྣམས་ག་ལ་སྨོན། །ལེགས་པར་བསྒྲུབས་ཀྱང་སྐྱོན་སྲིད་མོད། །དེ་ལ་མཁས་རྣམས་ཁྲེལ་བ་མེད། །རྙེད་པ་ལ་ལ་རྙེད་པ་སྟེ། །རྙེད་པ་ལ་ལ་དགྲ་བོ་ཡིན། །རྒོད་མ་མངལ་ལྡན་ནོར་འཕེལ་བྱེད། །དྲེའུ་མོ་སྦྲུམ་ན་འཆི་བ་རྙེད། །དམ་པ་དབྱེ་དཀའ་འདུམ་སླ་སྟེ། །དམན་པ་དབྱེ་སླ་འདུམ་པ་དཀའ། །ལྗོན་ཤིང་དང་ནི་སོལ་བ་ཡི། །གཅད་དང་སྦྱོར་བའི་ཁྱད་པར་ལྟོས། །ཉམ་ཆུང་གྱུར་ཀྱང་ཟོན་བྱེད་ན། །ཆེན་པོ་ཡིས་ཀྱང་གཞོམ་པར་དཀའ། །ཆེན་པོ་ཡིན་ཀྱང་བག་ཕེབས་ན། །ཉམ་ཆུང་རྣམས་ཀྱིས་བརླག་པ་མང༌། །ནོར་གྱིས་འབྱོར་ན་སྟོབས་ཀྱང་འཕེལ། །ནོར་མེད་པ་ལ་སྟོབས་ཀྱང་འབྲི། །བྱི་བས་དབྱིག་ལྡན་ནོར་ཕྲོགས་པས། །རྐུ་བའི་ནུས་པ་ཉམས་ཞེས་ཐོས། །མི་གང་བསོད་ནམས་ལ་སྤྱོད་པ། །བཏང་ཡང་ལོངས་སྤྱོད་ཆར་བཞིན་འབབ། །བསོད་ནམས་མེད་པའི་ལོངས་སྤྱོད་དེ། །བསགས་ཀྱང་སུ་ཡིས་ཟ་བ་སོམས། །དམ་པ་རེ་ཞིག་རྒུད་གྱུར་ཀྱང༌། །ཟླ་བ་བཞིན་དུ་ཡར་ངོ་འབྱུང༌། །དམན་ལ་ལན་ཅིག་རྒུད་གྱུར་ན། །མར་མེ་བཞིན་དུ་མནལ་བར་འགྱུར། །ཤེས་ལྡན་དགྲ་ལ་མིག་བསྲིངས་པས། །ཐ་མར་དགྲ་བོ་དབང་དུ་སྡུད། །དྲོད་ཆུང་དགྲ་ལ་ལན་བྱས་པས། །དཀའ་བ་རྒྱུན་མི་འཆད་པ་ཐོབ། །མཁས་པས་ཤིན་ཏུ་ཉམ་ང་བའི། །གནས་ལ་འཛུར་ན་དཔའ་རྟགས་ཡིན། །སེང་གེས་ཁྱུ་མཆོག་གསོད་པའི་ཚེ། །རྭ་ལ་འཛུར་བ་ག་ལ་སྡར། །རྣམ་པ་ཀུན་ཏུ་མི་དཔྱོད་པར། །དགྲ་ལ་མཆོང་པ་བླུན་རྟགས་ཡིན། །མར་མེའི་འོད་ལ་འཛིངས་པ་ཡིས། །སྦྲང་བུ་དཔའ་བར་འགྲོ་འམ་ཅི། །ངན་པ་རང་རྟེན་ཁྱད་པར་འཇོམས། །དམ་པ་གང་ལ་བརྟེན་པ་སྲུང༌། །སྲིན་བུ་རང་རྟེན་ཟད་ཟད་ཟ། །སེང་གེ་རང་གི་ཡུལ་འཁོར་སྲུང༌། །དམན་རྣམས་དགོས་པ་ཆུང་ངུ་གསང༌། །གསང་དགོས་དགོས་པ་མེད་པར་སྨྲ། །དམ་པ་དགོས་མེད་གསང་མི་འགྱུར། །གསང་དགོས་སྲོག་ལ་བབ་ཀྱང་སྲུང༌། །དམན་པ་འབྱོར་ན་དྲེགས་རྒྱུ་སྟེ། །དམ་པ་འབྱོར་ན་དུལ་བའི་རྒྱུ། །ཝ་སྐྱེས་འགྲངས་ན་དྲེགས་པས་བརྒྱལ། །སེང་གེ་འགྲངས་ན་བདེ་བར་ཉལ། །དམ་པ་དང་ནི་དམན་པ་ཡི། །སྤྱོད་པ་གཉིས་ཀ་གོམས་པའི་ཤུགས། །བུང་བ་མེ་ཏོག་ཚོལ་བ་དང༌། །ངང་པ་ཆུར་འཇུག་བསླབ་ཅི་དགོས། །རྒྱལ་ངན་དགྲ་དང་ཕྲད་པ་ན། །རང་གི་འཁོར་ལ་ཆད་པས་གཅོད། །དོན་མ་གྲུབ་པའི་བླུན་པོ་འགའ། །རང་ཉིད་འགེགས་ཏེ་འཆི་བ་ཡོད། །ཆོས་རྒྱལ་དགྲ་དང་ཕྲད་པ་ན། །ལྷག་པར་འཁོར་ལ་བྱམས་པ་སྐྱེ། །ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བར་འགྱུར། །སྐྱེ་བོ་དམ་པ་ངན་པ་དང༌། །འགྲོགས་ན་ངན་པའི་ཤུལ་དུ་འགྱུར། །གངྒཱའི་ཆུ་ནི་རབ་ཞིམ་པ། །རྒྱ་མཚོར་སླེབ་ན་བ་ཚར་འགྱུར། །དམན་པས་སྐྱེ་བོ་མཆོག་བསྟེན་ན། །སྐྱེ་བོ་དམ་པའི་སྤྱོད་པ་འབྱུང༌། གླ་རྩིས་བྱུགས་པའི་གང་ཟག་ལ། །གླ་རྩིའི་དྲི་ཞིམ་འབྱུང་ལ་ལྟོས། །ལྷུན་པོ་ཅིས་ཀྱང་མི་བསྒུལ་བ། །དེ་བཞིན་བདག་ཉིད་ཆེན་པོ་བརྟེན། །ཤིང་བལ་ཆུང་ངུས་གཡོ་བ་ལྟར། །དམན་པའི་སྤྱོད་པ་འགྱུར་ལྡོག་ཆེ། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །སྤེལ་མ་བརྟག་པ་སྟེ་རབ་ཏུ་བྱེད་པ་བཞི་པའོ།།  །།གཡོན་ཅན་སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན། །སྲིན་བྱ་སྙན་ནས་དགོད་པ་ནི། །ལྟས་ངན་གཏོང་གི་དགའ་ནས་མིན། །ངན་པ་ཐོག་མར་ཚིག་གིས་འདྲིད། །བག་ཕེབས་གྱུར་ན་ཕྱི་ནས་བསླུ། །ཉ་པ་ཟས་ཀྱིས་ཁ་བྲིད་ནས། །ཉ་རྣམས་གསོད་པར་བྱེད་ལ་ལྟོས། །དམན་པ་ཇི་སྲིད་ཉམ་ཆུང་བ། །དེ་ཡི་བར་ལ་རང་བཞིན་བཟང༌། །དུག་གི་ཚེར་མ་མ་སྨིན་པའི། །བར་དུ་གཞན་ལ་འབིགས་མི་ནུས། །ཡིད་ལ་བསམ་པ་གཞན་བྱས་ནས། །ཚིག་ཏུ་སྨྲ་བ་གཞན་བྱེད་ན། །གཡོན་ཅན་ཞེས་སུ་གྲགས་པ་སྟེ། །བླུན་པོ་མཁས་པར་འཆོས་པ་ཡིན། །ཧ་ཅང་གཡོ་སྒྱུ་མང་དྲགས་ན། །རེ་ཞིག་གྲུབ་ཀྱང་ཐ་མར་བརླག །གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །ལོ་ཐོག་ཟོས་མཐར་གཞན་གྱིས་བསད། །ཤེས་རབ་ལྡན་ན་མངོན་སུམ་གྱི། །བརྫུན་གྱིས་ཕ་རོལ་སླུ་བར་ནུས། །རྐུན་པོ་རྣམས་ཀྱིས་ཁྱིར་བཏགས་པས། །ར་སྐྱེས་ཁུར་བ་བྲམ་ཟེས་བོར། །ཉེས་པ་མངོན་སུམ་བྱེད་བཞིན་དུ། །གཡོ་ཅན་ཚིག་གི་ཕ་རོལ་སླུ། །ལྷ་ཆེན་སྨྲེ་སྔགས་ཤོར་བ་ལ། །སྡུག་བསྔལ་བདེན་པ་བསྒྲགས་སོ་ལོ། །གཡོ་ཅན་ཚུལ་གཟོབ་ངག་འཇམ་ལ། །མ་བརྟག་པར་དུ་ཡིད་མི་བརྟན། །རྨ་བྱ་གཟུགས་མཛེས་སྒྲ་སྙན་ཡང༌། །དེ་ཡི་ཁ་ཟས་དུག་ཆེན་ཡིན། །གཡོན་ཅན་བཟང་པོའི་ཚུལ་བཟུང་ན། །ཕྱི་ནས་དོན་ལ་སླུ་བ་ཡོད། །རི་དྭགས་རྔ་མ་བསྟན་ནས་ནི། །ཁྲེལ་འདས་བོང་བུའི་ཤ་དག་འཚོང༌། །ངོ་ཚ་ཆུང་རྣམས་གཞན་ནོར་ལ། །བདག་གི་ཆེ་བ་སྒྲུབ་པ་ཡོད། །མགྲོན་ལ་གྲོགས་པོའི་གོས་བཏིང་ན། །བདག་གི་གུས་རྟགས་སྟོན་པར་བྱེད། །གཏིང་ནས་ཉམས་པའི་ཁྲེལ་འདས་རྣམས། །རང་གི་གཏམ་ངན་ངོ་སོར་འཁྱེར། །ཀན་ཙའི་ཡུལ་གྱི་རྒྱལ་རིགས་འགའ། །ཕ་བསད་པ་ལ་རྒྱ་རྔ་རྡུང༌། །བློ་ཆུང་རྣམས་ཀྱིས་ཕན་བཏགས་པ། །འགའ་ཞིག་གནོད་པ་ཆེན་པོར་འགྱུར། །སྐྱ་ཀའི་ཕྲུ་གུས་མ་ཡི་སྤུ། །འཐོག་པ་དྲིན་ལན་ཡིན་པར་སྒོམ། །གཞུང་ངན་གཞན་གྱི་བཀའ་དྲིན་ལས། །བྱུང་བ་རང་གི་ཆེ་བར་སྒོམ། །ཀླུ་ཡིས་འབད་ནས་ཕབ་པའི་ཆར། །ཞིང་པ་རང་གི་དཔལ་དུ་རྩི། །བློ་ངན་ལས་ལ་སྤྱོད་པ་ལ། །རང་གི་འབད་པས་ཐོབ་པར་སེམས། །ཁྱི་རྒན་ཡ་རྐན་ཕུ་པའི་ཁྲག །རུས་པའི་བཅུད་དུ་བསྒོམས་ནས་འཆའ། །མི་མཁས་པ་དག་གཉེན་བཅོམ་ནས། །འབྲེལ་མེད་གཞན་དག་གསོ་བར་མཐོང༌། །མགོ་བོ་བཅད་ནས་མཇུག་མའི་རྒྱན། །སྨྱོན་པ་མིན་པ་སུ་ཞིག་བྱེད། །བླུན་པོ་དགོས་པའི་སར་མི་ཕྱིན། །མི་དགོས་པ་ལ་ལྷུག་པར་འཆོར། །ཆུ་མིག་ངན་པ་དབྱར་འབབ་ཀྱི། །དཔྱིད་དུས་དགོས་པའི་ཚེ་ན་སྐམ། །སྐྱེ་བོ་དམ་པ་ཞི་བ་ལ། །ངན་པ་ལྷག་པར་འཚེ་བར་བྱེད། །སྣུམ་དང་ལྡན་པའི་སྡོང་བུ་ལ། །མེ་ལྕེ་འཆགས་ཀྱི་གཞན་ལ་མིན། །རྩུབ་པས་རྩུབ་པ་ཐུལ་འགྱུར་གྱི། །ཞི་བས་འདུལ་བར་ག་ལ་ནུས། །ཕོལ་མིག་བསྲེགས་དང་བཅས་པས་གདོན། །ཞི་ཆོས་དེ་ཡི་དུག་ཏུ་འགྱུར། །རྒྱལ་པོས་ཆོས་བཞིན་ས་བསྐྱང་སྟེ། །མིན་ན་རྒྱལ་པོ་ཉམས་པའི་རྟགས། །ཉི་མས་མུན་པ་མི་སེལ་ན། །དེ་ནི་གཟའ་ཡིས་ཟིན་པའི་རྟགས། །སྡིག་སྤྱོད་རྗེ་བོར་བསྐོས་པ་དང༌། །ཁང་པའི་ཡང་ཐོག་གྲུམ་པ་དང༌། །རི་རྩེ་ཤིན་ཏུ་ཞིག་པ་ཡི། །འོག་ཏུ་གནས་རྣམས་རྒྱུན་ཏུ་སྐྲག །གལ་ཏེ་རིག་པ་ཡོད་ན་ཡང༌། །སྐྱེ་བོ་རང་བཞིན་ངན་པ་སྤང༌། །དུག་སྦྲུལ་ནོར་བུས་མགོ་བརྒྱན་ཡང༌། །མཁས་པ་སུ་ཞིག་པང་དུ་ལེན། །སྙན་གྲགས་རྒྱལ་པོ་བཞེད་བཞིན་དཀའ། །བཀྱེད་ན་ཐུགས་ཀྱིས་འཛིན་པ་དཀོན། །བར་མར་གནས་པ་གཡང་ཟ་བས། །རྒྱལ་པོ་ལ་ལ་མེ་ཆེན་འདྲ། །ཆུང་མ་ངན་དང་མཛའ་བོ་ངན། །རྒྱལ་པོ་་ངན་པ་སུ་ཞིག་བསྟེན། །གཅན་གཟན་གདུག་པའི་ནགས་ཁྲོད་དུ། །སེམས་ཤེས་རྟག་ཏུ་སྡོད་དམ་ཅི། །དྲེགས་པས་ཡོན་ཏན་ཉམས་འགྱུར་ཞིང༌། །འདོད་པས་ངོ་ཚ་ཉམས་པར་བྱེད། །གཡོག་འཁོར་རྟག་ཏུ་སུན་ཕྱུང་ན། །རྗེ་དཔོན་ཉམས་པར་འགྱུར་བ་ཡིན། །ཕན་པར་སྨྲ་བ་དཀོན་པ་སྟེ། །དེ་དག་པས་ཀྱང་ཉན་པ་དཀོན། །སྨན་པ་མཁས་པ་རྙེད་དཀའ་སྟེ། །དེ་ཡི་ཚིག་བཞིན་བྱེད་པ་ཉུང༌། །ཧ་ཅང་རློམ་པ་ཆེ་དྲགས་ན། །སྡུག་བསྔལ་རྒྱུད་མ་ཐོག་ཏུ་འབབ། སེང་གེ་ང་རྒྱལ་ཆེས་བའི་རྒྱུས། །ཝ་ཡིས་ཁུར་བུ་བསྐུར་ཞེས་ཐོས། །བྱ་རོག་དག་གིས་བསྐུངས་པ་དང༌། གཞུང་ངན་པ་ལ་ཕན་བཏགས་དང༌། །ཞིང་ངན་ས་བོན་བཏབ་པ་རྣམས། །རེ་བ་མང་སྟེ་སྤྱོད་པ་ཉུང༌། །མ་བརྟགས་པར་ནི་སུ་ལ་ཡང༌། །ཡིད་ཆེས་པ་དང་བསྒོ་མི་བྱ། །བག་ཕབ་པ་ལས་སྐྱོན་བྱུང་དང༌། །གྲོས་བཏབ་པ་ལས་དགྲ་གྱུར་མང༌། །འཇིག་རྟེན་ངན་པ་མང་ཡོད་ཀྱང༌། །སྐྱེ་བོ་ངན་འདྲའི་འཇིགས་པ་མེད། །ངན་པ་གཞན་དག་བཅོས་རུང་གི །སྐྱེ་བོ་ངན་པ་བཅོས་ན་འཇིག །སྐྱེ་བོ་ངན་པ་ཡོན་ཏན་བརྒྱས། །ཕན་པར་བྱས་ཀྱང་མགུ་མི་ནུས། །གང་ཞིག་བསྟན་པ་དགྲར་འགྱུར་འདི། །སྐྱེ་བོ་ངན་པའི་ཁྱད་ཆོས་ཡིན། །ངན་པ་ཇི་ལྟར་བཅོས་གྱུར་ཀྱང༌། །རང་བཞིན་བཟང་པོ་འབྱུང་མི་སྲིད། །སོལ་བ་འབད་དེ་བཀྲུས་ན་ཡང༌། །ཁ་དོག་དཀར་བ་མི་སྲིད་དོ། །སྐྱེ་བོ་ངན་པས་སུན་ཕྱུང་བའི། །ས་དེར་དམ་པ་མཐོང་ཡང་སྤོང༌། །སྦྲུལ་གྱིས་གཙེས་པའི་ས་ཕྱོགས་སུ། །གསེར་གྱི་ཉག་ཐག་མཐོང་ཡང་འགྲོས། །མཆོད་པ་དམ་པ་ལ་བྱ་ཡི། །དམན་པ་མཆོད་ན་ཉེས་པའི་གཞི། །འོ་མ་སྐྱེས་བུའི་བདུད་རྩི་སྟེ། །སྦྲུལ་ལ་བྱིན་ན་དུག་འཕེལ་ལོ། །འབད་དེ་ཀུན་ནས་བསྟན་བྱས་ཀྱང༌། །ངན་པ་བློ་དང་ག་ལ་འདྲེས། །མཆིལ་པ་ཇི་ལྟར་གསོས་གྱུར་ཀྱང༌། །བག་ཕེབས་འགྱུར་བ་མི་སྲིད་དོ། །རྟག་ཏུ་འབྱེད་ལ་བརྩོན་པའི་མིས། །མཛའ་བོ་བརྟན་པོའང་ཕྱེད་འགྱུར་ཏེ། །ཆུ་ཡིས་རྟག་ཏུ་བཅོས་གྱུར་ན། །བྲག་ལ་སེར་ག་མི་འབྱུང་ངམ། །བདག་གིས་བསླུས་དང་ངན་བྱས་དང༌། །མཁན་སློབ་གྲོགས་ཀྱི་སྐྱོན་བརྗོད་པ། །བརྫུན་ན་བརྫུན་པས་ཡིད་བརྟན་མེད། །བདེན་ན་ལྷག་པར་འཇིགས་པ་སྐྱེ། །མི་གང་བརྗོད་བྱ་མ་ཡིན་པ། །གཞན་གྱི་དྲུང་དུ་སུས་བརྗོད་པ། །བདེན་ནམ་འོན་ཏེ་བརྫུན་ཀྱང་རུང༌། །མཁས་པས་དེ་ལ་བག་ཟོན་བྱ། །གཞུང་ངན་ནོར་ལ་གཅེས་འཛིན་པ། །མཛའ་བཤེས་ཡིན་ཀྱང་ཡིད་མི་བརྟན། །ཆེན་པོ་རྣམས་ལ་གསུག་ཟོས་ནས། །གཉན་གྱིས་བརླག་པར་བྱས་པ་མང༌། །གནོད་པའི་མཚན་མ་ཁར་འབྱིན་པའི། །དགྲ་བོ་དེ་དག་གཞོམ་པར་སླ། །ཕན་པའི་བཟློག་རྟགས་ཁར་འབྱིན་པའི། །དགྲ་བོ་དེ་དག་ཇི་ལྟར་གཞོམ། །རྨ་གཞན་མཁས་ན་འཚོ་སྲིད་ཀྱི། །ཉེས་པའི་ཚིག་རྨ་འདྲུབ་པ་མེད། །ཁྭ་ཡིས་འུག་པ་སྨ་བབ་པས། །བསྐལ་པའི་བར་དུ་འགྲས་ལ་ལྟོས། །སྙིང་ལ་ཁོན་དུ་དམ་བཟུང་ནས། །ཁ་ལ་ཚིག་བཟང་སྨྲ་འོ་ཞེས། །དྲང་སྲོང་གདུག་པའི་གདམས་ངག་སྟེ། །དམ་པའི་ཚུལ་དང་འགལ་བ་ཡིན། །དུག་གི་རྩ་བ་འདོན་པ་ལྟར། །དགྲ་བོ་རྩད་ནས་གཅོད་དོ་ཞེས། །རྒྱལ་པོའི་ལུགས་ལས་འབྱུང་མོད་ཀྱི། །བུ་བཞིན་བསྐྱངས་ན་བུ་བཞིན་བྱེད། །རང་དོན་འབའ་ཞིག་སྒྲུབ་པ་ཡི། །མི་དང་འགྲོགས་པ་སུ་ཡིས་ནུས། །སོ་ནམ་བརྩོན་པའི་ཞིང་གསེབ་ཏུ། །ལྡུམ་གཞན་སྨིན་པའི་གོ་སྐབས་དཀའ། །མི་གང་བྱས་པ་མི་གཟོ་བ། །དེ་ལ་གྲོགས་བྱེད་ག་ལ་སྲིད། །འབད་ཀྱང་འབྲས་བུ་མི་སྨིན་པའི། །ཞིང་ལ་སོ་ནམ་སུ་ཡིས་ནུས། །གཟུ་ལུམས་དག་གིས་སྤྱོད་པ་ཡིས། །སྐྱེ་བོ་མྱུར་དུ་རྒུད་པར་འགྱུར། །སྤྱི་བརྟོལ་ཅན་གྱི་གླང་རྒོད་ཀྱིས། །གཅད་བྱ་མྱུར་དུ་མི་གཅོད་དམ། །དམན་ལ་ཇི་ལྟར་ཕར་བྱིན་ཡང༌། །ཚུར་ལ་དགོས་ན་ག་ལ་སྟེར། །སྐམ་པས་རྟག་ཏུ་བཟུང་ན་ཡང༌། །ལྕགས་གོང་ཚུར་ལ་འཛིན་ནམ་ཅི། །ངན་པས་གཞོན་དོན་སྒྲུབ་བོ་ཞེས། །སྙད་བཏགས་ནས་ནི་སྡིག་ལ་སྦྱོར། །གཞན་དོན་ལྟར་སྣང་བསྒྲུབ་དོན་དུ། །མཁས་པ་སུ་ཞིག་རང་ཉིད་འཇོམས། །བུ་ལོན་ལྷག་མ་དགྲ་བོའི་ཐེད། །ཁྲིམས་ངན་རྣམས་དང་གཏམ་ངན་དང༌། །རིགས་རྒྱུད་ངན་དང་སྤྱོད་ངན་རྣམས། །མ་སྤེལ་བར་ཡང་རང་ཉིད་འཕེལ། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །ངན་སྤྱོད་བརྟག་པ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།།  །།བདག་ཉིད་དཔོན་དུ་བསྐོས་གྱུར་ན། །དེ་ཡི་བྱ་བ་ཤེས་པ་དཀོན། །གཞན་ལ་ལྟ་བའི་མིག་ཡོད་ཀྱང༌། །རང་ཉིད་ལྟ་ན་མེ་ལོང་དགོས། །ཤེས་རབ་ཕྱོགས་གཅིག་ལྡན་པས་ཀྱང༌། །བྱ་བ་ཀུན་ལ་མཁས་པ་དཀའ། །ཤིན་ཏུ་གསལ་བའི་མིག་གིས་ཀྱང༌། །སྒྲ་ལ་ཉན་པར་ནུས་མ་ཡིན། །དྲང་པོར་སྨྲ་བ་སྐྱོན་བཅས་དང༌། །འཁྱོག་སྨྲ་ཡོན་ཏན་ལྡན་པ་སྲིད། །ལམ་དྲང་འགའ་ཞིག་ནོར་འཇིགས་ལ། །དུང་དཀར་གཡས་འཁྱིལ་བཀྲ་ཤིས་བྱེད། །བསོད་ནམས་མེད་ན་ཡོན་ཏན་འགའ། །ཡོན་ཏན་ཉིད་ཀྱིས་རང་ཉིད་འཇོམས། །མུ་ཏིག་འཛིན་པའི་ཉ་ཕྱིས་རྣམས། །མུ་ཏིག་ཉིད་ཀྱིས་སྲོག་དང་འབྲལ། །ཡོན་ཏན་ལྡན་ཡང་བསྟེན་དྲགས་ན། །ཕལ་ཆེར་སྐྱོ་བ་སྐྱེ་བ་སྲིད། །བུར་ཤིང་ཤིན་ཏུ་ཞིམ་པ་ཡང༌། །རྒྱུན་དུ་བསྟན་ན་ཕལ་ཆེར་འདོར། །རང་བཞིན་བཟང་པོ་རྣམས་ལ་ཡང༌། །རྒྱུན་དུ་གཙེས་ན་གནོད་སེམས་སྐྱེ། །ཙནྡན་བསིལ་བ་ཡིན་མོད་ཀྱི། །གཙུབ་པར་གྱུར་ན་འབར་བར་འགྱུར། །རྒྱལ་པོ་ཤིན་ཏུ་མང་མོད་ཀྱི། །ཆོས་བཞིན་སྐྱོང་བ་ཤིན་ཏུ་ཉུང༌། །མཁའ་ལ་ལྷ་གནས་མང་ན་ཡང༌། །འོད་གསལ་ཉི་ཟླ་ལྟ་བུ་མེད། །གང་ཞིག་གནོད་པ་བྱེད་ནུས་པ། །དེ་ཡིས་ཕན་པར་བྱེད་པར་ནུས། །མགོ་བོ་གཅོད་པར་ནུས་པ་ཡི། །རྒྱལ་པོས་རྒྱལ་སྲིད་སྦྱིན་པར་ནུས། །བློན་པོ་བློ་ལྡན་དྲང་པོ་ཡིས། །རྗེ་དང་འབངས་ཀྱི་དོན་ཀུན་འགྲུབ། །མདའ་དྲང་མཁས་པས་འཕངས་གྱུར་ན། །གང་ལ་གཏད་པར་འཕོག་པ་ཡིན། །རྒྱལ་པོ་ཉིད་ཀྱིས་མ་བརྩིས་ན། །ཐམས་ཅད་ཤེས་པའང་བཀུར་མི་འགྱུར། །སྲོག་གི་དབང་པོས་མ་བཟུང་བའི། །མི་རོ་བཟང་ཡང་སུ་ཞིག་ལེན། །མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །སེང་གེའི་ཕྲུ་གུ་བསད་ཅེས་གྲགས། །ཞུམ་བཅས་རྩོལ་བ་དོར་བའི་མི། །མཐུ་སྟོབས་ལྡན་ཡང་རྒུད་པར་འགྱུར། །གླང་པོ་ཤིན་ཏུ་སྟོབས་ལྡན་ཡང༌། །གླང་རྫི་ཆུང་ངུས་བྲན་བཞིན་འཁོལ། །ང་རྒྱལ་རྩོལ་བ་ཆེར་བསྐྱེད་ནས། །ཆེན་པོ་རྣམས་ཀྱང་ཟིལ་གྱིས་གནོན། །དུང་དཀར་ཤིན་ཏུ་ལུས་ཆུང་ཡང༌། །ཆུ་སྲིན་ཆེན་པོའི་གཤེད་མ་ཡིན། །ཆེན་པོས་ང་རྒྱལ་བྱ་མི་དགོས། །ངན་པས་ང་རྒྱལ་བྱས་ཅི་ཕན། །རིན་ཆེན་ཚིག་གིས་བསྒྲག་མི་དགོས། །མཆིང་བུ་བསྒྲགས་ཀྱང་སུ་ཞིག་ཉོ། །བདག་ཉིད་ཆེན་པོའི་འབྱོར་པ་རྟག །སྐྱེས་ངན་ཕུན་ཚོགས་རྒུད་ལ་ཉེ། །ཉི་མ་རྒྱུན་དུ་འོད་འབྱིན་ཏེ། །ཟླ་བ་ཉ་བར་གྱུར་ནས་འབྲི། །རྒྱལ་པོས་གོ་འཕང་བསྟོད་དྲགས་ན། །དེ་ཡིས་ཐ་མ་བརླག་པའི་རྒྱུ། །སྒོ་ང་མཁའ་ལ་འཕངས་གྱུར་ན། །ཆག་པ་ཉིད་ལས་གཞན་ཅི་འབྱུང༌། །སྐྱེ་བོ་ཕལ་ཆེར་རང་ཉིད་དང༌། །མཐུན་པའི་རིགས་ཀྱིས་གནོན་པ་སྐྱེལ། །ཉི་མའི་འོད་ཟེར་ཤར་བ་ན། །འོད་ཟེར་ཅན་རྣམས་བརླག་པར་འགྱུར། །ཕན་བྱེད་དགྲ་བོ་ཡིན་ཡང་བསྟེན། །གཉེན་ཡང་གནོད་ན་སྤང་བར་བྱ། །རྒྱ་མཚོའི་ནོར་བུ་རིན་གྱིས་ཉོ། །ཁོང་པའི་ཟུག་རྔུ་སྨན་གྱིས་འབྱིན། །ནང་དུ་ཅུང་ཟད་འབྱོར་གྱུར་ན། །ཕྱི་རུ་དྲེགས་པའི་རྣམ་འགྱུར་སྟོན། །ཆུ་ཡིས་ཡོངས་སུ་གང་བའི་ཚེ། །སྤྲིན་རྣམས་གཡོ་ཞིང་འབྲུག་སྒྲ་སྒྲོགས། །ཡོན་ཏན་ཀུན་ལྡན་དཀོན་པ་ལྟར། །ཡོན་ཏན་ཅི་ཡང་མེད་པའང་དཀོན། སྐྱོན་དང་ཡོན་ཏན་འདྲེས་པ་ལས། །ཡོན་ཏན་གཙོ་ཆེ་མཁས་པས་བསྟེན། །དང་པོ་ཉིད་ནས་དགྲ་བོ་དང༌། །མཛའ་བོ་ཉིད་དུ་ངེས་པ་མེད། །ཁ་ཟས་མ་ཞུ་དུག་ཏུ་འགྱུར། །དུག་ཀྱང་ཤེས་ན་སྨན་དུ་འགྱུར། །གང་ན་ལས་མཐུན་ཡོད་དེ་འབྱོར། །ལས་ཀྱི་འདུ་འཕྲོད་མེད་དེར་རྒུད། །ཁྱིམ་དུ་བཟུང་ཡང་མི་འཆགས་པའི། །ངང་པ་མཚོ་ལས་བསྐྲད་ཀྱང་འཁོར། །མཁས་རྣམས་རིག་པ་ཡོན་གྱིས་སློབ། །བླུན་པོ་རིག་པ་བསླབས་ཀྱང་སྤོང༌། །ཕལ་ཆེར་ན་ལ་སྨན་ཟ་ཡང༌། །ལ་ལ་གསོན་པོ་ལྕེབ་པ་ཡོད། །རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཐུན་མོང་བ་ནི་རྩོད་གཞི་སྟེ། །དམ་བཅས་པ་ནི་འཆིང་བའི་རྒྱུ། །ནང་ན་ཡོན་ཏན་ཀུན་ལྡན་ཡང༌། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །པགས་བྱེའུ་མཁས་ཀྱང་སྤུ་མེད་པས། །འདབ་ཆགས་ཀུན་གྱིས་སྤང་ཞེས་གྲགས། །གནས་མིན་ཧ་ཅང་དྲང་པོ་ཡང༌། །རང་གཞན་གཉིས་ཀ་བརླག་པ་ཡོད། །མདའ་ཡིས་ཕ་རོལ་གསོད་པའམ། །ཡང་ན་རང་ཉིད་འཆག་པར་འགྱུར། །ཆར་དང་ཆུ་བོ་རྒྱ་མཚོར་འབབ། །བློ་དང་རིག་པ་མཁས་ལ་འགོ །ནོར་དང་སྐྱེ་བོ་རྒྱལ་པོས་སྡུད། །དྲོ་ཞིང་བརླན་པར་ནགས་ཚལ་སྐྱེ། །དབྱར་གྱི་ཆུ་མིག་རྩ་ཡི་མེ། །སྤྲིན་བར་ཉི་མ་ཟླ་བ་ཉ། །བློ་ངན་རིག་པ་ངན་དང་མཛའ། །དགོས་ཚེ་འབྱུང་བའི་ངེས་པ་མེད། །བླུན་པོ་སྨྲ་བ་ཉུང་ན་མཛེས། །རྒྱལ་པོ་ལྐོག་ཏུ་འདུག་ན་མཛེས། །སྒྱུ་མ་བརྒྱ་ལམ་མཐོང་ན་མཛེས། །ནོར་ཆེན་དཀོན་ན་རིན་ཐང་ཆེ། །ཧ་ཅང་བྱམས་པ་ཆེ་དྲགས་ན། །དེ་ཉིད་འཁོན་པའི་རྒྱུ་རུ་འགྱུར། །འཇིག་རྟེན་རྩོད་པ་ཕལ་ཆེར་ནི། །འབྲེལ་པ་ཉིད་ལས་འབྱུང་བ་མང༌། །ཤིན་ཏུ་རྩོད་པ་ཆེན་པོ་ཡང༌། །ལྷག་པར་མཛའ་བའི་རྒྱུ་སྲིད་དེ། །རྩོད་པ་བྱུང་བའི་མཐའ་ཕལ་ཆེར། །འདུམ་པར་གྱུར་པ་མང་བར་མཐོང༌། །སེར་སྣ་ཅན་གྱི་ནོར་རྣམས་དང༌། །ཕྲག་དོག་ཅན་གྱི་གྲོགས་པོ་དང༌། །བློ་ངན་གྱི་ནི་རིག་པ་རྣམས། །ཡོད་ཀྱང་དགའ་བ་བསྐྱེད་མི་ནུས། །བརྐམ་ཆགས་ཅན་ནི་ནོར་གྱིས་དགའ། །ང་རྒྱལ་ཅན་ནི་བསྟོད་པས་མགུ། །བླུན་པོ་རང་དང་མཐུན་པས་དགའ། །དམ་པ་བདེན་པར་སྨྲ་བས་མགུ། །སྐྱེ་བོ་ངན་པའི་ཡོན་ཏན་དང༌། །སྨྲ་སྤོབས་ཞན་པའི་རིག་པ་དང༌། རྗེ་དཔོན་ངན་པའི་བཀའ་དྲིན་རྣམས། །གཞན་ལ་ཕན་པའི་གོ་སྐབས་དཀའ། །གང་ལ་ནོར་ཡོད་སྨྲ་བ་མཛེས། །ནོར་མེད་སྨྲ་བ་བདེན་ཡང་སྤོང༌། །མ་ལ་ཡ་ལས་བྱུང་གྱུར་ན། །སྡོང་དུམ་ཕལ་ལའང་རིན་ཐང་ཆེ། །སྨྲ་མང་ཉེས་པ་འཛིན་པའི་རྒྱུ། །མི་སྨྲ་ཉེས་པ་སྤོང་བའི་གཞི། །ནེ་ཙོ་སྨྲ་བས་གཟེབ་ཏུ་བཅུག །འདབ་ཆགས་ལྐུགས་པ་བདེ་བར་རྒྱུ། །མི་གང་དགྲ་ལ་གཡོ་མེད་པས། །རྣམ་པ་ཀུན་ཏུ་ཕན་བཏགས་ན། །དགྲ་ཡང་དེ་ལ་གཡོ་མེད་པས། །འདུད་པ་དངོས་པོའི་ཆེ་བ་ཡིན། །སྟོབས་བྲལ་མི་ཡིས་ཁྲོས་ཅི་ཕན། །སྟོབས་ལྡན་དོན་ལ་ཁྲོ་ཅི་དགོས། །དེས་ན་བྱ་བ་སྒྲུབ་པ་ལ། །ཁྲོ་བ་དོན་མེད་རང་སྲེག་ཡིན། །སྦྱིན་པས་བསྡུས་ན་དགྲ་ཡང་འདུ། །སྦྱིན་མེད་གཉེན་ཡང་རིང་དུ་སྤོང༌། །བ་ཡི་འོ་མ་ཟད་པ་ན། །བེའུ་བཟུང་ཡང་འཆོར་བར་འགྱུར། །བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལ་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །རྟག་ཏུ་བྱམས་པས་སྐྱོང་བ་ཡི། །རྗེ་བོས་བྲན་གཡོག་རྙེད་པར་སླ། །པདྨའི་མཚོ་ལ་ངང་པ་དག །མ་བསྡུས་པར་ཡང་ངང་གིས་འདུ། །ལོངས་སྤྱོད་ལྡན་པས་སྤྱོད་པ་དང༌། །མཁས་པར་གྱུར་ནས་དུལ་བ་དང༌། །ཆེན་པོས་དམན་པ་ལེགས་སྐྱོང་བ། །གསུམ་པོ་གཞན་བདེ་རང་ལ་ཕན། །བསོད་ནམས་ཤུགས་ཀྱིས་དོན་བསྒྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་བསྒྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཆེན་པོ་རྣམས་ལ་རྟེན་བཅས་ན། །དམན་པ་རྣམས་ཀྱང་ཆེན་པོ་ཐོབ། །ལྗོན་ཤིང་ཆེ་ལ་བརྟེན་པ་ཡིས། །འཁྲིལ་ཤིང་རྩེ་མོར་ཕྱིན་ལ་ལྟོས། །ཡོན་ཏན་ལྡན་ལ་སྐྱོན་ཡོད་ཀྱང༌། །ཡོན་ཏན་དགའ་རྣམས་ཉེ་བར་བསྟེན། །ཆར་གྱིས་མཁར་ལ་གནོད་ན་ཡང༌། །འཇིག་རྟེན་པ་རྣམས་དགའ་བ་སྐྱེད། །ཡོན་ཏན་མེད་ན་ཆ་ལུགས་ཀྱིས། །མཁས་རྣམས་དགའ་བ་བསྐྱེད་མི་ནུས། །རྟ་མཆོག་འགྲོས་དང་མི་ལྡན་ན། །ཤིན་ཏུ་བརླིང་ཡང་རིན་ཐང་ཆུང༌། །ནོར་ལྡན་བླུན་པོའི་ནང་ན་མང༌། །དཔའ་བོ་གཅན་གཟན་ཁྲོད་ན་མོད། །ལེགས་བཤད་མཁས་པའི་ཁྲོད་འབྱིན་པ། །དམ་པ་འཇིག་རྟེན་འདི་ན་དཀོན། །གང་དང་གང་ལ་དེ་ཡོད་པ། །དེ་ཡིས་དེ་ཡི་གྲགས་པ་ཐོབ། །མཁས་པའི་གྲགས་པ་མཁས་པ་དང༌། །དཔའ་བོས་དཔའ་བོ་ཐོས་པ་བཞིན། །ཆེན་པོ་རྣམས་ཀྱིས་མཆོད་བྱ་བ། །དམན་པ་རྣམས་ཀྱིས་བརྙས་པར་འགྱུར། །དབང་ཕྱུག་ཆེན་པོའི་སྤྱི་བོའི་རྒྱན། །ཟླ་བ་ལྷ་མིན་ཟས་སུ་བྱེད། །རིག་པ་གླེགས་བམ་ལ་གནས་དང༌། །མ་བསྒྲུབས་པ་ཡི་གསང་སྔགས་དང༌། །བརྗེད་ངས་ཅན་གྱིས་བསླབ་པ་རྣམས། །དགོས་པའི་ཚེ་ན་སླུ་བ་མང༌། །བློ་ལྡན་ནོར་གྱིས་འབྱོར་ན་ཡང༌། །ལེ་ལོ་ཅན་ལ་མཐོན་པོ་དཀའ། །རྣ་བ་ཐོག་མར་སྐྱེ་ན་ཡང༌། །རྭ་རྩེ་མཐོ་བ་མ་མཐོང་ངམ། །ཁྱི་ཕག་རྣམས་ལ་དྲི་ཞིམ་དང༌། །དམུས་ལོང་བ་ལ་སྒྲོན་མེ་དང༌། །མ་ཞུ་བ་ལ་ཁ་ཟས་དང༌། །བླུན་པོ་རྣམས་ལ་ཆོས་ཅི་དགོས། །ཡོན་ཏན་ཅན་དང་གསེར་བཟང་པོ། །གཡུལ་ངོར་དཔའ་དང་རྟ་བཟང་པོ། །སྨན་པ་མཁས་དང་རྒྱན་བཟང་པོ། །གང་དུ་ཕྱིན་པ་དེ་རུ་བྲིན། །བློ་དང་བརྩོན་འགྲུས་ཡོད་གྱུར་པ། །དེ་ཡིས་བསྒྲུབ་པར་མི་ནུས་གང༌། །སྒྲ་ངན་དཔུང་ཚོགས་བཅུ་གཉིས་པོ། །སྐྱ་བསེང་བུ་ཡིས་བཅོམ་ཞེས་ཐོས། །ཕལ་ཆེར་བུ་ཚའི་སྤྱོད་པ་ནི། །རིགས་རྒྱུད་སྔ་མའི་རྗེས་སུ་འབྲང༌། །ཁུ་བྱུག་ཕྲུ་གུ་བྱེའུ་ཁྲ་རུ། །འགྲོ་བ་བརྒྱ་ལམ་སྲིད་པ་ཙམ། །རི་དང་ཆུ་བོ་གླང་པོ་རྟ། །ཤིང་དང་འོད་ཟེར་ནོར་བུ་རྡོ། །སྐྱེས་པ་བུད་མེད་རིགས་གཅིག་ཀྱང༌། །མཆོག་དང་དམན་པའི་ཁྱད་པར་ཡོད། །བསོད་ནམས་ལྡན་པའི་ཚིག་ཙམ་ཡང༌། །ཉམ་ཆུང་རྣམས་ཀྱིས་བཟོད་པར་དཀའ། །གོ་ཌའི་རྒྱལ་པོའི་ཚིག་ཙམ་གྱིས། །རྒྱ་མཚོའི་རྒྱལ་པོ་བཅིངས་ཞེས་གྲག །བྱ་བ་འབད་ནས་ཀུན་བསྒྲུབས་ཀྱང༌། །འགྲུབ་པ་བསོད་ནམས་ཤུགས་ལ་རག །ཚོང་པས་རྒྱ་མཚོར་མ་རྙེད་པའི། །ནོར་བུ་རྒྱལ་པོའི་མཛོད་ན་སྤྱོད། །བླུན་པོའི་བྱམས་སྡང་རྟགས་ཀྱིས་གོ །སྒྲིན་པོའི་བྱམས་སྡང་ལོག་པ་སྟོན། །ཁྱི་རྒན་འཛུམ་ན་དགའ་རྟགས་ཏེ། །གཤིན་རྗེ་འཛུམ་ན་གསོད་པའི་རྟགས། །ནོར་གྱི་མཆོག་ནི་སྦྱིན་པ་སྟེ། །བདེ་བའི་མཆོག་ནི་སེམས་སྐྱིད་པ། །རྒྱན་གྱི་མཆོག་ནི་ཐོས་པ་སྟེ། །གྲོགས་པོའི་མཆོག་ནི་མི་སླུ་བའོ། །ནོར་གྱིས་མ་གདུང་སུ་ཞིག་ཡིན། །རྟག་ཏུ་བདེ་བར་བསྡད་པ་སུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀྱང༌། །དབྱར་དགུན་བཞིན་དུ་བརྗེ་བར་འགྱུར། །ཉམ་ཆུང་རྣམས་ཀྱིས་ཆེན་པོའི་མིང༌། །བཟུང་བ་ཙམ་ལ་གཞན་གྱིས་བསྲུང༌། །སོར་མོའི་ཕྲེང་བའི་མིང་བཟུང་བས། །ལོག་འདྲེན་ཕལ་གྱིས་བསྲུང་བར་བཤད། །སེམས་ཅན་གང་དང་གང་འབྲེལ་བ། །བྱ་བ་སྔོན་གྱི་ལས་ཀྱིས་བྱེད། །བྱ་རྒོད་ཕྱི་བ་ཁུར་བ་དང༌། །སྲམ་གྱིས་འུག་པ་མཆོད་ལ་ལྟོས། །ལོངས་སྤྱོད་སོག་པར་འདོད་རྣམས་ཀྱིས། །འཕེལ་ན་གཏང་བ་བསྲུང་བའི་མཆོག །ཆུ་ཆེན་རྫིང་དུ་ལྡུགས་འདོད་ན། །འབྲིད་པ་གཞག་པ་རྫིང་གི་གསོས། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རང་གཞན་གྱི་ཚུལ་བརྟག་པ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།།  །།བྲན་གཡོག་ང་རྒྱལ་ཆེ་བ་དང༌། །དཀའ་ཐུབ་ལྡན་པ་ཆས་གཟོབ་དང༌། །རྒྱལ་པོ་ཆོས་བཞིན་མི་སྤྱོད་པ། །གསུམ་པོ་ཚུལ་མིན་ཞུགས་པ་ཡིན། །མི་ལྕོགས་བྱ་བ་རྩོམ་པ་དང༌། །མང་དང་འཁོན་ཞིང་སྟོབས་ལྡན་རྩོད། །བུད་མེད་ཡིད་རྟོན་ངན་དང་མཛའ། །ལྔ་པོ་མྱུར་དུ་བརླག་པའི་རྒྱུ། །ནོར་མེད་གོས་བཟང་མཆོག་འདོད་དང༌། །གཞན་ལ་སློང་ཞིང་ང་རྒྱལ་ཆེ། །བསྟན་བཅོས་མི་ཤེས་རྩོད་པར་འདོད། །གསུམ་པོ་འགྲོ་བའི་བཞད་གད་ས། །ཡུལ་བཟང་ཡོད་བཞིན་ཡོད་ངན་ལ། །སྐྱེ་བོ་ངན་པ་ཕོངས་ཤིང་ཆགས། །ཀེཾ་ཤུའི་མེ་ཏོག་ཤ་ཡིན་ཞེས། །ཅེ་སྤྱང་ལས་གཞན་སུ་ཞིག་རེ། །ཆེན་པོ་རྣམས་ལ་དགྲ་བས་ཀྱང༌། །རང་གི་འཁོར་གྱིས་གནོད་པ་མང༌། །སེང་གེ་ལུས་ཀྱི་འབུ་མིན་པ། །སྲོག་ཆགས་གཞན་གྱིས་ག་ལ་ཟ། །རྗེ་བོས་བདག་ལ་གནོད་བྱེད་ན། །དེ་ལ་སྐྱོབ་པར་བྱེད་པ་སུ། །སྣང་བས་གཟུགས་ལ་སྒྲིབ་བྱེད་ན། །དེ་ལ་ལྟ་བའི་ཐབས་གཞན་མེད། །ཆོས་སྤྱོད་ཞི་བར་གནས་པ་ལ། །འཚེ་བྱེད་ཤིན་ཏུ་ཐ་ཤལ་ཡིན། །རང་ལ་སྐྱབས་འོང་བསད་པ་ལ། །དཔའ་བོ་ཡིན་ཞེས་སུ་ཞིག་སྒྲོགས། །སྐྱེ་ངན་རང་ལ་མི་ཕན་ཡང༌། །གཞན་ལ་གནོད་པར་བྱེད་པ་ཡོད། །སྦྲུལ་གདུག་ཟས་སུ་རླུང་ཟ་ཡང༌། །ཕ་རོལ་མཐོང་ན་མི་གསོད་དམ། །འདོད་པ་བདེའོ་སྙམ་སེམས་ཀྱང༌། །དེ་སྤྱོད་སྡུག་བསྔལ་ཁོ་ནའི་རྒྱུ། །ཆང་འཐུང་བདེའོ་སྙམ་པ་དེ། །སྨྱོ་བ་བདེ་བར་བསྒོམ་པ་ཡིན། །ཡོན་ཏན་ཅན་ལ་འཇིག་རྟེན་གུས། །ཡོན་ཏན་འབད་པའི་ཤུགས་ལ་གནས། །འབད་ནས་ཡོན་ཏན་མི་བསྒྲུབ་པར། །གཞན་ལ་འཁངས་པས་ཅི་ཞིག་ཕན། །མི་རྣམས་ཚེ་རིང་བ་ལ་སྨོན། །རྒས་པར་གྱུར་ལ་འཇིགས་པར་ལྟ། །རྒས་པ་འཇིགས་ཤིང་ཚེ་རིང་བར། །འདོད་པ་བླུན་པོའི་ལོག་ལྟ་ཡིན། །གང་ཞིག་མཁས་པ་ཡོད་བཞིན་དུ། །དེ་ལ་ཡོན་ཏན་མི་སློབ་ན། །མི་དེ་གདོན་གྱིས་བཏབ་པ་འམ། །ཡང་ན་ལས་ཀྱིས་མནར་བ་ཡིན། །གང་ལ་ལོངས་སྤྱོད་ཡོད་བཞིན་དུ། །སྤྱོད་དམ་སྦྱིན་པར་མི་བྱེད་ན། །མི་དེ་ནད་ཀྱིས་བཏབ་པའམ། །ཡང་ན་ཡི་དྭགས་མངོན་སུམ་ཡིན། །ཆོས་ལུགས་ཤེས་ཀྱང་མི་སྒྲུབ་ན། །དེ་ཡི་ཆོས་ཀྱིས་ཅི་ཞིག་བྱ། །ལོ་ཏོག་ཕུན་སུམ་ཚོགས་ན་ཡང༌། །གཅན་གཟན་དགའ་བ་ག་ལ་སྐྱེ། །ལས་ཀྱིས་མནར་བའི་སེམས་ཅན་ལ། །ལོངས་སྤྱོད་ཡོད་ཀྱང་སྤྱོད་མི་ནུས། །བྱ་རོག་ལྟོགས་ཀྱང་སྐུང་མོད་ཀྱི། །འགྲངས་པར་ཟ་བར་ག་ལ་ནུས། །སྤྱོད་དམ་སྦྱིན་པར་མི་ནུས་པའི། །ནོར་དེས་ཕྱུག་པོར་བསྒོམ་ན་ནི། །རི་ཕོ་གསེར་དུ་བསྒོམས་པ་ཡིས། །ཕྱུག་པོ་བསྒྲུབ་པ་ཤིན་ཏུ་སླ། །ཆོས་དང་ཆོས་མིན་སྨྲ་བ་ལ། །མཁས་པ་ཤིན་ཏུ་མང་ན་ཡང༌། །དེ་ལྟར་ཤེས་ན་ཉམས་ལེན་པ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །རིགས་གཟུགས་ལང་ཚོ་ལྡན་ན་ཡང༌། །ཡོན་ཏན་མེད་ན་མཛེས་མ་ཡིན། །རྨ་བྱ་སྤུ་སྡུག་ཡིད་འོང་ཡང༌། །ཆེན་པོའི་རྒྱན་དུ་འོས་སམ་ཅི། །སྣ་ཡི་ཚ་བ་མཉོས་པའི་བུ། །གཡར་པོའི་རྒྱན་དང་བརྐུས་པའི་ནོར། །སློབ་དཔོན་མེད་པའི་རིག་པ་རྣམས། །ཡོད་ཀྱང་གཞན་གྱིས་བརྩི་བ་མེད། །མི་གང་བྱས་པ་མི་གཟོ་བ། །དེ་ནི་གཞན་པས་རང་ལ་གནོད། །ལྟས་ངན་བསྒྲུབ་པ་ཉེས་པ་འགའ། །དགྲ་ཡི་ཐོག་མར་རང་ལ་འབྱུང༌། །ལོངས་སྤྱོད་འགྲུབ་པར་མཐོང་ན་ཡང༌། །གནས་མ་ཡིན་ལ་སུ་ཞིག་ལེན། །ལུག་ཐུག་འཐབས་པའི་ཁྲག་ལྡགས་པས། །ཝ་སྐྱེས་མགོ་བོ་བཀས་ཞེས་ཐོས། །འབྲེལ་པ་འགའ་ཡི་ངོར་བྱས་ནས། །གཞན་ལ་སྟེས་ཀྱིས་དོར་མི་བྱ། །བརྒྱ་བྱིན་ཡིན་ཡང་འཁོར་འདབ་རྣམས། །ག་པུར་བཞིན་དུ་འབྲོས་པར་འགྱུར། །རྒྱུན་ཏུ་འགྲོགས་པའི་གྲོགས་སྤངས་ནས། །གསར་བུ་འགའ་ལ་ཡིད་མི་བརྟན། །འུག་པའི་རྒྱལ་པོས་བྱ་རོག་གི །བློན་པོ་བསྟེན་པས་ཕུང་ཞེས་གྲགས། །མི་ངན་འབད་པས་བསྟེན་བྱས་ཀྱང༌། །རང་གི་མི་རུ་འགྲོ་བ་མེད། །ཆུ་ནི་ཇི་ལྟར་བསྐོལ་གྱུར་ཀྱང༌། །མེ་རུ་འབར་བ་མི་སྲིད་དོ། །རྒྱུ་མཚན་བརྟགས་ནས་ཁྲོ་བ་ནི། །ཅུང་ཟད་རིག་ཅིང་སེལ་བའང་ཤེས། །རྒྱུ་མེད་པར་ནི་གང་ཁྲོ་བ། །དེ་ཡི་བསལ་ཐབས་སུ་ཡིས་ཤེས། །དགྲ་བོའི་ནུས་པ་མ་བརྟགས་པར། །ཉམ་ཆུང་ན་ཡང་བརྙས་མི་བྱ། །ཏ་ཌི་བྷ་ལ་བརྙས་པ་ཡིས། །ནམ་མཁའ་ལྡིང་གིས་རྒྱ་མཚོ་བཅོམ། །བསོད་ནམས་འཛད་ན་ངན་སེམས་སྐྱེ། །རིགས་འཛད་པ་ན་བུ་ངན་སྐྱེ། །ནོར་འཛད་པ་ན་བརྐམ་ཆགས་སྐྱེ། །ཚེ་འཛད་པ་ན་འཆི་ལྟས་འབྱུང༌། །རང་གི་ངན་སྤྱོད་མ་བྱས་ན། །བརྒྱ་བྱིན་གྱིས་ཀྱང་སྨད་མི་ནུས། །ཆུ་མིག་རང་ཉིད་མ་སྐམས་ན། །ས་ཡིས་མནན་པས་ག་ལ་ཐུབ། །བྱ་བ་མི་འདྲ་བརྒྱ་ཕྲག་རྩོམ། །མཐར་ཕྱིན་བྱ་བ་གཅིག་ཀྱང་མེད། །བློ་རྒོད་ཕལ་ཆེར་གྲོང་བར་གྱི། །ཁྱི་རྒན་འདྲ་བར་རྒྱུན་དུ་འཁྱམ། །ལས་ཀྱི་ཤུགས་ཀྱིས་ཁྲིད་པ་ན། །བློ་ཆེན་ལོག་པའི་ལམ་ནས་འགྲོ། །མུ་སྟེགས་བྱེད་པའི་སྟོན་པ་མཆོག །དབང་ཕྱུག་སྨྱོན་པའི་བརྟུལ་ཞུགས་འཛིན། །མི་གང་ཁྲིམས་ལས་གང་འདའ་བ། །རེ་ཞིག་རྒྱལ་ཡང་ཕམ་པ་ཡིན། །ཆུ་སྐྱར་ཁྲིམས་ལས་འདས་པ་ཡིས། །ས་ཀུན་ཐོབ་ཀྱང་སེང་གེས་བསད། །ཧ་ཅང་ཤེས་རབ་ཆེ་དྲགས་པའི། །བྱ་བ་མང་ན་བདག་ཉིད་བརླག །རྒྱལ་པོ་དྲན་རྒྱ་ཆེས་པ་ཡིས། །རྒྱལ་སྲིད་ཉམས་པ་ཤིན་ཏུ་མང༌། །ཧ་ཅང་ལོངས་སྤྱོད་བསགས་དྲགས་པའི། །ནོར་ནི་རང་གི་གཤེད་མ་ཡིན། །ཕུང་ཁྲོལ་ཕལ་ཆེར་ཕྱུག་པོ་ལ། །འབྱུང་གི་སྤྲང་པོ་བདེ་བར་རྒྱུ། །ཧ་ཅང་མཐུ་རྩལ་ཆེ་དྲགས་ན། །ལྕེབ་པའི་སྟ་གོན་བྱེད་པ་ཡིན། །གཡུལ་དུ་བསད་པ་ཕལ་མོ་ཆེ། །མཐུ་རྩལ་ཅན་ལ་བྱུང་བ་མང༌། །འབྱོར་དང་ཤེས་རབ་སྟོབས་ལ་སོགས། །བསོད་ནམས་ལྡན་ལ་གྲོགས་སུ་འགྱུར། །བསོད་ནམས་མེད་ན་དེ་དག་ཀུན། །བདག་ཉིད་རླག་པའི་རྒྱུ་རུ་འགྱུར། །མཁས་པས་བྱ་བ་ཅི་བྱེད་ཀྱང༌། །རང་གི་བསོད་ནམས་བརྟགས་ཏེ་བྱ། །རྩོད་དུས་བསོད་ནམས་ཕུན་ཚོགས་པ། །སྐྱེ་བོ་བརྒྱ་ཡི་ནང་ནའང་དཀོན། །རྫིང་ངན་ཆུ་ཡིས་ཁེངས་པ་ན། །ཕྱོགས་གཅིག་ཅི་ནས་འཇིག་པ་ལྟར། །ག་ལ་ནོར་དང་ལྡན་གྱུར་པ། །དེ་ལ་རིགས་རྒྱུད་ཤིན་ཏུ་དཀོན། །བུ་དང་ལྡན་ལ་ནོར་ཆེན་དཀོན། །དེ་དང་ལྡན་ན་དགྲ་བོས་འཇོམས། །ཐམས་ཅད་ཕུན་སུམ་ཚོགས་གྱུར་ན། །མི་དེ་མྱུར་དུ་འཆི་བ་མང༌། །དེས་ན་མཁས་པས་བསོད་ནམས་བསག །བསོད་ནམས་ཁོ་ན་བདེ་བའི་རྒྱུ། །སུ་ཞིག་གང་ན་ཕུན་ཚོགས་པ། །དེ་ནི་བསོད་ནམས་བསགས་པའི་རྟགས། །བརྫུན་གྱིས་ཕ་རོལ་བསླུས་སོ་ཞེས། །སྙམ་ནས་རང་ཉིད་བསླུས་པ་ཡིན། །ལན་གཅིག་བརྫུན་དུ་སྨྲས་པ་དེས། །བདེན་པ་སྨྲ་ཡང་དོགས་པ་སྐྱེ། །ལེགས་ཉེས་རྣམ་པར་མི་དཔྱོད་པར། །ཁྲོས་ཤིང་ཕ་རོལ་གནད་འབེབས་པ། །ཆུང་མ་བསད་པའི་ཐོ་བ་ལྟར། །གྲོགས་དང་བྲལ་བའི་མྱ་ངན་ཐོབ། །མ་འོངས་པ་ལ་མི་དཔྱོད་པར། །བྱུང་བའི་ཚེ་ན་འབད་དེ་བཙལ། །ཆུ་དང་འཕྲད་ན་ལྷམ་འཕུད་ཀྱིས། །མ་འཕྲད་པ་ནས་ག་ལ་འཕུད། །ཕུགས་སུ་བསྒྲུབ་པར་མི་ནུས་པའི། །བྱ་བ་ལེགས་ཀྱང་འཇུག་མི་རུང༌། །ཁོང་པའི་ནང་དུ་མི་འཇུ་བའི། །ཁ་ཟས་ཞིམ་ཡང་སུ་ཞིག་ཟ། །རྩོལ་བ་དོར་ནས་འདུག་པ་ལ། །འདི་ཕྱི་གཉིས་ཀ་འགྲུབ་མི་འགྱུར། །འབད་པ་མེད་ན་ཞིང་བཟང་ཡང༌། །ལོ་ཏོག་ཐོབ་པར་མི་འགྱུར་རོ། །གནས་མ་ཡིན་པའི་དུལ་དྲགས་ན། །ཐམས་ཅད་ཀྱིས་ནི་བསྒོ་བར་འགྱུར། །ཤིང་བལ་སྟན་དུ་བྱེད་མོད་ཀྱི། །ཡལ་ག་སུ་ཞིག་སྟན་དུ་འདིངས། །བྱ་བ་ངན་དང་མི་འགྲུབ་པའི། །ཕ་རོལ་བསྒོ་ཡང་བྱེད་ན་བླུན། །སྦྱར་དུག་ཉོ་ལ་སུ་ཞིག་རྟོན། །ཐམས་ཅད་སྦྱིན་ཞེས་སུ་སྨྲ་ནུས། །ནོར་རྣམས་སོག་ཅིང་མི་སྤྱོད་ལ། །རང་བསྲེག་བུད་ཤིང་སོག་པ་ཡིན། །བུང་བ་སྦྲང་རྩི་མི་ཟ་བར། །གཞན་གྱིས་ཁྱེར་ན་ལྕེབ་པར་རྩོལ། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །མི་རིགས་པའི་ཚུལ་དཔྱད་པ་སྟེ་རབ་ཏུ་བྱེད་པ་བདུན་པའོ།།  །།བློ་ལྡན་བྱ་བ་ཅུང་ཟད་ཀྱང༌། །རྒྱུན་ཏུ་གྲོས་ཀྱིས་བསྒྲུབ་པར་བྱ། །གྲུབ་པར་གྱུར་ན་ལྟ་ཅི་སྨོས། །མ་གྲུབ་ན་ཡང་མཛེས་པའི་རྒྱུ། །སེམས་ཅན་མོས་པ་སྣ་ཚོགས་པས། །ཐམས་ཅད་མགུ་བ་སུས་ཀྱང་དགའ། །རང་ཉིད་ཡོན་ཏན་ལྡན་བྱས་ན། །ཐམས་ཅད་དགའ་བ་དེ་ལ་ཉེ། །ཤིན་ཏུ་རྒས་པར་གྱུར་ཚེ་ཡང༌། །ཐོས་པ་མང་དུ་བསག་པར་བྱ། །ཕྱི་མར་ཐོས་པས་ཕན་པ་ཙམ། །སྦྱིན་པ་ཡིས་ཀྱང་ག་ལ་ཕན། །ཡོན་ཏན་ཀུན་རྫོགས་སྐྱེ་བོར་བསྟེན། །ཡང་ན་ཐ་མལ་འགྲོགས་པ་བདེ། །བུམ་པ་ཆུ་ཡིས་གང་བའམ། །ཡང་ན་སྟོང་པ་ཁུར་བ་སླ། །ཡོན་ཏན་ཅུང་ཟད་བསླབས་པའི་མི། །སུ་ཞིག་གིས་ནི་བསྟེན་པར་ནུས། །ཆུ་ཕྱེད་གང་བའི་བུམ་པ་དེ། །མགོ་ལ་བཀུར་བ་སུ་ཡིས་ནུས། །མི་གང་སྐྱེ་བོ་དམ་པ་དང༌། །དམན་པའི་ཁྱད་པར་ལེགས་ཤེས་ནས། །དེ་ཡི་བྱ་བ་བསྒྲུབ་ཤེས་པ། །ཕུན་སུམ་ཚོགས་པའི་གཞི་ཆེན་ཡིན། །བློ་གྲོས་ལྡན་པས་ལེགས་བསྐྱངས་ན། །སྐྱེ་བོ་དམན་པའང་མཆོག་ཏུ་འགྱུར། །སློབ་ཤེས་དག་གིས་ནེ་ཙོ་ལ། །བསླབས་ན་འདོན་པ་ཤེས་པར་འགྱུར། །ཉམས་སྟོབས་ཆུང་བའི་སྐྱེ་བོས་ཀྱང༌། །ཆེན་པོ་གཞན་ལ་བསྟན་ན་འགྲུབ། །ཆུ་ཡི་ཐིགས་པ་ཉམ་ཆུང་ཡང༌། །མཚོ་དང་འདྲེས་ན་སྐམས་མི་ནུས། །རང་ལ་བློ་གྲོས་མི་ལྡན་ན། །བློ་ཆེན་གཞན་ལ་ལེགས་པར་འདྲི། །ལག་པས་དགྲ་བོ་མི་སོད་ན། །མཚོན་ཆ་ལེན་པར་མི་བྱེད་དམ། །གནོད་པར་བྱེད་པའི་དགྲ་བོ་ཡང༌། །ཐབས་དང་ལྡན་ན་གྲོགས་སུ་འགྱུར། །དུག་ཆེན་ལུས་ལ་གནོད་མོད་ཀྱི། །སྦྱོར་བ་ཤེས་ན་སྨན་དུ་འགྱུར། །རིགས་པས་རྙེད་པའི་ཟས་ནོར་བླང༌། །མི་འོས་གཞན་ལ་རློམ་སེམས་སྤང༌། །ཤིང་ཐོག་ཤིང་རྩེ་ལས་བླང་གིས། །དེ་ལས་ཐལ་ན་ས་ལ་ལྟུང༌། །མཁས་པས་སྒྲིམ་པ་མི་བྱེད་པ། །དེ་ཡི་བར་ལ་ཉེས་པ་འབྱུང༌། །བློ་དང་ལྡན་པས་རབ་བསྒྲིམས་ན། །ཉེས་པ་འབྱུང་བའི་གོ་སྐབས་དཀའ། །ཇི་སྲིད་རང་སྟོབས་མ་རྫོགས་པར། །དེ་ཡི་བར་དུ་དགྲ་རྣམས་བཀུར། །ནུས་པ་རྫོགས་ནས་གང་རིགས་པ། །བྱ་ཞེས་བསྟན་བཅོས་གཞན་དག་སྨྲ། །དགྲ་བོ་སྙན་པར་སྨྲ་ན་ཡང༌། །བློ་དང་ལྡན་པས་ཡིད་མི་བརྟན། །ཆུ་སྐྱར་བྱི་ལ་དེས་པ་ཡིས། །ཕ་རོལ་གསོད་ལ་རྟག་ཏུ་བརྩོན། །ཡུལ་གྱི་བདག་པོ་ཞེ་སྡང་ཡང༌། །དེ་ལ་དགའ་བས་བསྙེན་ཏེ་བསྡད། །ས་ལ་རྐང་པ་འདྲེད་གྱུར་ན། །ས་ཉིད་ལ་ནི་བརྟེན་པ་བཞིན། །ཧ་ཅང་འདོད་ལ་བརྐམ་པ་ཡིས། །སྐྱེ་བོ་མྱུར་དུ་བརླག་པར་འགྱུར། །མཆིལ་པའི་ཤ་ལ་ཆགས་པ་ཡིས། །ཉ་རྣམས་དེ་མ་ཐག་ཏུ་གསོད། །མཆོད་འོས་པ་དང་འཁོར་རྣམས་ཀྱང༌། །རྟག་ཏུ་སྦྱིན་པས་བསྡུ་བར་བྱ། །མཆོད་གཏོར་ལ་ནི་ལྷ་རྣམས་དང༌། ཡི་དྭགས་བར་དུ་མགུ་བས་བསྲུང༌། །ཆེན་པོ་རྣམས་ཀྱིས་རྩེད་མོ་དང༌། །བདེ་དང་ཟས་ལ་ཆགས་པ་སྤང༌། །འདོད་ལ་ཞེན་པའི་ལེ་ལན་གྱིས། །འབོད་སྒྲོགས་ལང་ཀ་བསད་ཅེས་གྲགས། །བྱམས་རྩོད་གཉིས་ཀ་ཆེན་པོ་དང༌། །བྱ་ཡིས་དམན་དང་ནམ་ཡང་མིན། །ཉོ་ཚོང་རིན་ཆེན་ལ་བྱ་ཡི། །སྦྱར་དུག་ལ་ནི་དེ་ལྟ་མིན། །དབྱ་བ་མང་ཕྱིར་རྒྱལ་པོའི་མཛོད། །ཧ་ཅང་མི་བསྡུ་ཉུང་ངུས་ཁེངས། །གྲོག་མཁར་སྦྲང་རྩི་ཡར་ངོ་ཡི། །ཟླ་བ་ཉུང་ངུ་ཉུང་ངུས་ཁེངས། །རྗེ་བོས་འབངས་ལ་མི་གནོད་པར། །རིགས་པའི་ལམ་གྱི་དབྱ་རྣམས་བསྡུ། །སཱ་ལའི་ཤིང་ལས་སྤོས་ཀྱི་བཅུད། །གཟགས་པ་མང་ན་བསྐམ་པར་འགྱུར། །རྗེ་བོས་ལྷག་པར་དེས་པ་དགོས། །རྒྱུ་མཚན་ཆུང་ངུས་ཁྲོ་མི་རུང༌། །སྦྲུལ་ལ་ནོར་བུ་ཡོད་ན་ཡང༌། །སེམས་ཤེས་སུ་ཞིག་དྲུང་དུ་སྡོད། །གང་ཞིག་ནོར་འདོད་སྐྱེ་བོས་ཀྱང༌། །ཆོས་ཉིད་གཙོ་བོར་བསྲུང་བར་བྱ། །ཆོས་ལས་ཉམས་པའི་ནོར་ཙམ་ནི། །འཇིག་རྟེན་འདིར་ཡང་ག་ལ་རྟག །ཧ་ཅང་བྱམས་ཐལ་གཉེན་ལའང་མིན། །ཤིན་ཏུ་གནོད་ཆེ་དགྲ་ལའང་མིན། །གཉེན་ལ་རེ་བ་འཁོན་གཞི་སྟེ། །གནོད་ལན་ཀུན་གྱིས་བསྒྲུབ་པར་དཀའ། །འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང༌། །འཇམ་པོས་རྩུབ་པོའང་འཇོམས་པར་བྱེད། །འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར། །འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ། །སུ་ལའང་བདག་གིས་དག་ཡིན་པ། །འགའ་ཡང་བདག་ལ་མི་བྱམས་ཞེས། །མི་བྱམས་ན་ཡང་དེ་མི་བསྒྲག །བསྒྲགས་ན་དེ་ཉིད་འབྱེད་པའི་སེལ། །ངོ་ཚ་ཁྲེལ་ལ་མི་ལྟ་ཞིང༌། །མཆོད་དང་བརྙས་པའི་ཁྱད་མི་ཤེས། །ཟས་དང་ནོར་ལ་ཆགས་ལྡན་པ། །དེ་འདྲའི་གནས་སུ་བསྡད་མི་བྱ། །ཡུལ་གཞན་ལེགས་པར་མ་བརྟགས་པར། །སྔ་མའི་གནས་ནི་དོར་མི་བྱ། །རྐང་པ་ཡ་གཅིག་མ་བཙུགས་པར། །གཉིས་ཀ་བཏེག་ན་འགྱེལ་བའི་རྒྱུ། །རང་སྤྱོད་འབད་པས་སྦ་བར་བྱ། །ཕལ་ཆེར་གསལ་བར་བསྟན་པས་ཉམས། །སྤྲེའུ་ཟློས་གར་མི་བྱེད་ན། །མགུལ་དུ་ཐག་པ་ཅི་སྟེ་འདོགས། །ཉེས་པ་མངོན་སུམ་མཐོང་ན་ཡང༌། །གནས་མ་ཡིན་ལ་སྨྲ་མི་བྱ། །ལྟས་ངན་མཐོང་ན་སྨྲ་བ་པོའི། །ཐོག་དུ་འབྱུང་ཞེས་འཇིག་རྟེན་སྒྲོགས། །གཞན་གྱིས་བརྙས་པར་འགྱུར་བ་ཡི། །ནོར་དང་ཟས་ཀྱིས་ཅི་ཞིག་བྱ། །ཁྱི་ཕག་མི་གཙང་ཟ་བ་ལ། །མཁས་པ་སུ་ཞིག་ཡིད་སྨོན་བྱེད། །ཕ་རོལ་གནད་དུ་འབེབས་པའི་ཚིག །དགྲ་བོ་ལ་ཡང་སྨྲ་མི་བྱ། །བྲག་ཅ་བཞིན་དུ་རང་ཉིད་ལ། །དེ་མ་ཐག་ཏུ་ལེ་ལན་འབྱུང༌། །གལ་ཏེ་དགྲ་ལ་གནོད་འདོད་ན། །རང་ཉིད་ཡོན་ཏན་ལྡན་པར་བྱ། །དེ་ཡིས་དགྲ་ཡང་སེམས་སྲེག་ཅིང༌། །རང་ཡང་བསོད་ནམས་འཕེལ་བར་འགྱུར། །མི་བསྲུན་འགྲོ་ལ་བྱམས་སེམས་སྐྱེད། །རྩུབ་སྤྱོད་ཁོ་ནས་གདུལ་བར་བྱ། །རང་གི་ལུས་ལ་ཕན་འདོད་རྣམས། །གཏར་དཔྱད་ཀྱིས་ནི་ནད་རྣམས་འདོན། །གནོད་པར་བྱེད་པ་ཆུང་ངུ་ཡང༌། །མྱུར་དུ་བསལ་ལ་འདུམ་པར་བྱ། །ཡུར་བ་ཆུང་ངུའི་རྗེས་ཞུགས་ནས། །འོང་པ་ཆེན་པོ་མ་མཐོང་ངམ། །མཁས་པས་བྱ་བ་མ་ཡིན་པའི། །བྱ་བ་ཤེས་ཀྱང་མི་བྱ་འོ། །གླང་པོས་དགྲ་སྟེ་བཅོམ་པ་ཡིས། །རྒྱུན་དུ་རྒྱལ་པོས་བཅིངས་ལ་ལྟོས། །རང་ཕྱོགས་སྡང་ཡང་སྤང་མི་བྱ། །དགྲ་བོ་བྱམས་ཀྱང་འཁུ་མི་བྱ། །བྱ་རོག་བྱ་རོག་གིས་འཚེ་ཡང༌། །ཉིན་མོ་ལོང་བ་སྟེན་ན་ཕུང༌། །བྱ་བ་ཆེ་ཆུང་གང་བྱེད་ཀྱང༌། །མཁས་པས་རྟག་ཏུ་བསྒྲིམས་ཏེ་བྱ། །སེང་གེས་རི་བོང་གླང་ཆེན་གཉིས། །གསོད་པའི་ཚེ་ན་བསྒྲིམས་ཀློད་མེད། །ཡོན་ཏན་ལྡན་པ་མི་བཀུར་བའི། །གནས་དེར་མཁས་པ་སུ་ཞིག་སྡོད། །ཆུ་ཤེལ་མེ་རྡོར་བྱེད་པ་ཡི། །ཡུལ་དེར་ཆུ་ཤེལ་འཚོང་ངམ་ཅི། །མཁས་པས་གཞན་ལ་བཤད་པའམ། །ཡང་ན་ཞི་བའི་ནགས་སུ་བསྒྲུབ། །ནོར་བུ་སྤྱི་གཙུག་རྒྱན་བྱེད་དམ། །མིན་ན་རྒྱ་མཚོའི་གླིང་ན་གནས། །བདག་པས་མཐོ་བའི་དམ་པ་ལ། །བསྙེན་ན་བདག་ལ་ཕན་པ་སྒྲུབ། །ལྷུན་པོའི་ངོས་ལ་གནས་པ་ཡི། །བྱ་རྣམས་གསེར་དུ་སྣང་བར་འགྱུར། །ཆེན་པོ་ཕྲག་དོག་ལྡན་པ་ལ། །བརྟེན་ན་ཆེན་པོ་ཐོབ་མི་འགྱུར། །ཉི་མའི་འོད་ལ་ཉེ་བ་ཡིས། །ཟླ་བ་མར་ངོར་གྱུར་ལ་ལྟོས། །མི་གང་མཛའ་བ་མི་བརྟེན་པ། །དེ་དང་འགྲོགས་པར་སུ་ཞིག་འཐམ། །ནམ་མཁའི་གཞའ་ཚོན་མདོག་མཛེས་ཀྱང༌། །རྒྱན་དུ་རེ་ན་བླུན་པོ་འཁྲུལ། །བདག་ཉིད་གང་ལ་མི་དགའ་བ། །གཞན་ལ་ཀུན་དུ་དེ་མི་བྱ། །གཞན་གྱིས་ཅུང་ཟད་གཙེས་པའི་ཚེ། །རང་ལ་བསམ་པ་ཅི་བྱུང་སོམས། །གང་ཞིག་བདག་ཉིད་གང་དགའ་བ། །དེ་ཉིད་གཞན་ལ་སྦྱར་བྱས་ན། །གཞན་གྱིས་བདག་ལ་གང་དགའ་བ། །དེ་ཡི་ཚུལ་གྱིས་མཆོད་པར་འགྱུར། །དམུ་རྒོད་རྣམས་དང་མཛའ་བ་དང༌། །རྩོད་པ་གཉིས་ཀ་མཁས་པས་སྤང༌། །འགྲས་པ་དང་ནི་འདྲིས་པའི་ཚུལ། །གཉིས་ཀ་སྟེག་ལ་བྱར་མི་རུང༌། །དམ་ལ་དག་ལ་བསྟན་པ་དང༌། །མཁས་པ་དག་ལ་འདྲི་བ་དང༌། །གཞུང་བཟང་པོ་དང་འགྲོགས་པ་ནི། །སུ་ལ་ཡོད་པ་རྒྱུན་དུ་བདེ། །དུས་སུ་མ་བབ་པ་ཡི་གཏམ། །གང་སྨྲ་དེས་ལ་ཀུན་གྱིས་བརྙས། །མང་པོ་སྨྲ་བའི་གཏན་ཚིགས་ལས། །སྨྱོན་པར་རྗེས་སུ་མི་དཔོག་གམ། །ཉམ་ཆུང་རྣམས་ཀྱིས་རང་ཉིད་ཀྱི། །སྨྲ་བ་ཐམས་ཅད་འཁྲུལ་པར་བསམ། །དེ་ལྟར་གོ་ནས་མི་སྨྲ་བའི། །མི་ལ་གཞན་གྱིས་བཀུར་བ་ཉེ། །ཡུལ་དང་དུས་ལ་བབ་པའི་ཚེ། །རབ་ཏུ་བསྒྲིམས་ཏེ་ལན་འགའ་སྨྲ། །ལེགས་བཤད་ཡིན་ཡང་མངས་གྱུར་ན། །ཚོར་ཟོང་ལྷག་བཞིན་བྲིན་མི་འགྱུར། །རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང༌། །སྐྱོན་དུ་གོ་བ་ཤིན་ཏུ་དཀའ། །མང་པོས་བདག་ལ་དེ་སྒྲོགས་ན། །སྐྱོན་ཅན་ཡིན་པར་རྗེས་སུ་དཔོག །གོ་ཡང་སྐྱོན་དེ་མི་འདོར་ན། །མི་དེ་གདོན་གྱིས་བཏབ་པ་ཡིན། །ད་དུང་གཉེན་པོ་མི་འཇུག་ན། །མི་ཡིན་སྙམ་དུ་མ་སེམས་ཤིག །ཅུང་ཟད་བསམ་པ་ཡོད་རྣམས་ཀྱིས། །སྐྱོན་དེ་བརྣགས་ལ་གདོན་པར་བྱ། །དེ་ལྟར་གཉེན་པོ་སྤྱོད་པ་ཡི། །མི་དེ་གོང་ནས་གོང་དུ་འགྲོ། །བློ་དང་ལྡན་པའམ་བྱམས་ཀྱང་རུང༌། །བསྒོ་བ་ཉན་པའམ་དཔའ་ཡང་རུང༌། །གཞན་གྱི་བྱ་བ་མི་ཤེས་ཀྱང༌། །དེ་དང་དེ་ཡི་སྤྱོད་པས་བསྐྱང༌། །མི་བསྲུན་པ་ཡི་འབྲེལ་པ་དང༌། །རིང་ནས་འགྲོགས་ཀྱང་སྤངས་ན་བདེ། །རྟག་ཏུ་འགུལ་བའི་སོ་བཟང་ཡང༌། །བཏོན་ན་བདེ་ཞེས་རྒན་པོ་སྨྲ། །རྒྱུན་ཏུ་འཁང་ཞིང་འཁོར་བ་ཡི། །འབྲེལ་པ་ཅུང་ཟད་བྱིན་ལ་བསྐྲད། །སྦྲུལ་གྱིས་ཟིན་པའི་རྨ་དག་ནི། །གཅོད་མ་ནུས་ན་སྲོག་དང་འབྲལ། །གལ་ཏེ་ཆེན་པོ་ཐོབ་གྱུར་ན། །ཕྲན་ཚེགས་གཞན་ལ་སེར་སྣ་སྤང༌། །ཡུལ་འཁོར་དབང་དུ་འདུ་བ་ན། །དབྱིག་ལ་སེར་སྣ་བྱེད་དམ་ཅི། །མཁས་པ་ལོངས་སྤྱོད་སོགས་འདོད་ན། །ཆ་ཤས་སྦྱིན་པ་བསྲུང་བ་ཆེ། །ཁྲོན་པའི་ཆུ་ནི་འཕེལ་འདོད་ན། །འཆུ་བ་ཉིད་ནི་གདམས་ངག་ཡིན། །གང་ཞིག་ཕུན་སུམ་ཚོགས་འདོད་ན། །དེ་ཡིས་འདུ་འགོད་མང་དུ་བྱ། །འདུ་འཛི་སྡུག་བསྔལ་རྒྱུར་མཐོང་ན། །ཕུན་སུམ་ཚོགས་པའི་རེ་བ་ཐོངས། །བྱ་བ་གང་ཞིག་བསྒྲུབ་ན་ཡང༌། །སྐྱོན་དང་ཡོན་ཏན་གཉིས་གཉིས་སོམས། །གཉིས་ཀ་མཉམ་ཡང་སྤང་དོགས་ན། །ཉེས་པ་ཤས་ཆེ་སྨྲོས་ཅི་དགོས། །མཁས་པས་དྲང་པོ་གུས་པས་བསྟན། །མཁས་པ་གཡོ་ཅན་ཤེས་ན་གཟབ། །རྨོངས་པ་དྲང་པོ་བྱམས་པས་བསྐྱང༌། །རྨོངས་པ་གཡོ་ཅན་མྱུར་དུ་སྤང༌། །ནོར་དང་གཡོག་འཁོར་མེད་ན་ཡང༌། །མཛའ་བོ་བློ་ལྡན་གྲོགས་ཡོད་ན། །དུད་འགྲོས་ཀྱང་ནི་དོན་འགྲུབ་ན། །མི་ཡི་འགྲོ་བས་སྨོས་ཅི་དགོས། །གང་ཞིག་ཤེས་པའི་བྱ་བ་བསྐོ། །མི་ནུས་པ་ལ་འགའ་མི་སྦྱར། །ཆུ་ལ་ཤིང་རྟས་མི་བགྲོད་དེ། །ཐང་ལ་གྲུ་ཡིས་ཇི་ལྟར་བགྲོད། །ཡུན་རིང་འཁོན་པའི་དགྲ་བོ་དང༌། །མཛའ་བ་བྱེད་ཀྱང་བསྲེ་མི་བྱ། །ཤིན་ཏུ་ཚ་བའི་ཆུ་ཉིད་ཀྱང༌། །མེ་དང་འཕྲད་ན་མི་གསོད་དམ། །གཞུང་བཟང་ངོ་ཚ་ཁྲེལ་ཡོད་ན། །དགྲ་བོ་ལ་ཡང་ཡིད་བརྟན་རུང༌། །གཞུང་བཟང་དགྲ་ལ་སྐྱབས་སོང་བས། །སྲོག་གི་བར་དུ་བསྐྱབ་པ་ཐོས། །རང་ལ་ངན་སེམས་མེད་ཅེས་ཏེ། །ཕལ་པ་ཀུན་ལ་ཡིད་མི་བརྟན། །རི་དྭགས་རྒྱུན་དུ་སེམས་བཟང་ཡང༌། །མཆེ་བ་ཅན་རྣམས་ཟས་སུ་བསྒོམ། །བླུན་པོ་ལོག་པའི་ལམ་འགྲོ་ན། །བླུན་པོ་ཉིད་དུ་གོ་བས་ཆོག །མཁས་པ་ལོག་པའི་ལམ་འགྲོ་ན། །རྒྱུ་མཚན་གང་ཞིག་དཔྱད་དགོས་སོ། །མཁས་པས་ལོངས་སྤྱོད་ལྷག་པར་སྤྱད། །མི་སྟེར་ན་ཡང་འཕྲོག་པ་མེད། །ལོངས་སྤྱོད་ཉམས་པའི་ས་ཕྱོགས་སྤང༌། །མི་འཕྲོགས་ན་ཡང་གཉའ་སྐྱིས་འཇོམས། །རང་གིས་ལེགས་པར་ཤེས་ན་ཡང༌། །བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ། །མི་གང་གྲོས་ལ་མི་དགའ་བ། །འགྱོད་པ་རིན་གྱིས་ཉོ་བ་ཡིན། །ཉམ་ངའི་གྲོས་དག་བྱེད་པ་ན། །མཛའ་ཡང་གསུམ་དུ་གྲོས་མི་བྱ། །རོ་ལངས་སྒྲུབ་པའི་གྲོགས་ངན་ན། །ཐོག་མར་སྒྲུབ་པོ་ཟ་བར་འགྱུར། །ལེན་ཤེས་སྙོམས་པར་གཏོང་ལ་མཁས། །དུལ་ཞིང་ཀུན་ཀྱི་ངོ་བསྲུང་བ། །འཇིགས་མེད་བྱས་པ་ཆུད་མི་གསན། །མི་དེས་འདོད་ན་ས་ཀུན་ཐོབ། །གལ་ཏེ་དགྲ་བོ་སྐྱབས་འོང་ན། དེ་ལ་མཆོད་ནས་སྙན་པ་བརྗོད། །ཁྭ་དག་བྱི་བ་ལ་བརྟེན་ནས། །བདེ་བ་ཐོབ་ཅེས་སྔོན་རབ་སྨྲ། །གྲོགས་པོ་ངན་དང་ཐོས་པ་ངན། །རྟོག་པ་ངན་དང་བྱ་བ་ངན། །མཁས་པ་རྣམས་ཀྱིས་མི་བྱ་སྟེ། །བྱེད་ན་བླུན་པོ་གུད་ན་མེད། །ལེགས་པར་བརྟགས་ནས་བྱེད་པ་ལ། །བྱ་བ་ཉམས་པ་ག་ལ་སྲིད། །མིག་ལྡན་བརྟགས་ནས་འགྲོ་བ་ན། །གཡང་སར་གོམ་པ་འདོར་རམ་ཅི། །རང་གཞན་གཉིས་ཀ་འཕེལ་འགྱུར་བའི། །ཡོན་ཏན་སློབ་ན་མཁས་པའི་རྟགས། །རིག་པ་འགའ་ཞིག་མདའ་མཁན་ལྟར། །ཤེས་པ་ཉིད་ན་ཆོ་འབྲང་འཇིག །རང་ཉིད་ཅིས་ཀྱང་མཐོ་འདོད་ན། །གཞན་ལ་ཕན་པ་འབའ་ཞིག་གྱིས། །བྱད་ལ་བྱི་དོར་བྱེད་པ་རྣམས། །སྔོན་དུ་མེ་ལོང་མི་འཕྱི་འམ། །ཕ་རོལ་ཅི་ནས་གཞོམ་འདོད་ན། །རང་གི་ཡོན་ཏན་འབད་པས་སྒྲུབ། །དགྲ་བོ་གསོད་པར་འདོད་པ་རྣམས། །མཚོན་ཆ་འབད་ནས་བསྒྲུབ་ལ་ལྟོས། །གཡོན་ཅན་ཚིག་ལ་དྲོན་འཇུག་པས། །དྲང་པོས་དེ་ལ་བརྟགས་དཔྱད་དགོས། །བསླུས་རྗེས་ཁོ་བོ་དྲང་ངོ་ཞེས། །རང་ལ་བསྟོད་པས་ཅི་ཞིག་པ་ཕན། །གཡོན་ཅན་སོགས་ལ་གཡོ་སོགས་དང༌། །དྲང་པོ་སོགས་ལ་དྲང་པོ་སྟེ། །མི་བརྟན་པ་ལ་བརྟན་དགོས་ཞེས། །བྱ་བ་སྔོན་གྱི་ཡིག་ཚངས་ཡིན། །མཁས་པས་རྟག་ཏུ་དགྲ་ལ་ཡང༌། །གཉེན་དེས་རྐྱེན་དུ་བྱ་ན་ལེགས། །དེ་ཡིས་འདུམ་ལ་མི་ཕན་ཡང༌། །ངེས་པར་གནོད་སེམས་འཇིལ་བའི་སྨན། །ཚིག་ངན་བརྗོད་པས་འཇིག་རྟེན་དུ། །འདོད་པ་བསྒྲུབ་པ་མི་སྲིད་ཀྱིས། །ཡིད་ལ་རང་འདོད་བསྒྲུབ་ན་ཡང༌། །ངག་གིས་ཀུན་དང་མཐུན་པར་གྱིས། །རང་དང་གཞན་གྱི་དོན་གྲུབ་ན། །འཇམ་རྩུབ་ཇི་ལྟར་བྱས་ཀྱང་རུང༌། །ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུ་ཐུབ་པས་མ་གསུངས་སོ། །ཐ་མར་ཤིན་ཏུ་ཕན་པའི་གྲོས། །འཕྲལ་ལ་སྡུག་ཀྱང་མཁས་པས་བསྟེན། །རྒས་ཤིང་གདུངས་ན་ཡོན་ཏན་རྣམས། །བུ་གཅིག་པ་ལ་མཁས་རྣམས་སློབ། །ལོངས་སྤྱོད་ཧ་ཅང་འཕེལ་དྲགས་ན། །དེ་ལ་རྒུད་པ་ཤིན་ཏུ་ཉེ། །ཆུ་ཡིས་ཤིན་ཏུ་གང་བ་ཡི། །རྫིང་བུ་སྟོང་ངམ་ཡང་ན་འདྲལ། །སྐྱེ་བོ་འགའ་ལ་ཕན་པའི་ལས། །ལ་ལས་དེ་ལ་འཇུག་མི་རུང༌། །སྒོག་སྐྱ་རླུང་ལ་ཕན་མོད་ཀྱི། །མཁྲིས་པའི་ནད་ལ་དུག་ཏུ་འགྱུར། །ཉམ་ཆུང་རྟག་ཏུ་བསྐྱང་དགོས་དང༌། །འགྲོགས་ན་ཆེན་པོ་ཉམས་དགོས་ཡོད། །ཞུན་མར་སྣོད་དུ་བཞག་གྱུར་ན། །སྣོད་ལ་བྱི་བས་མི་རྨུགས་སམ། །ངན་པ་རྣམས་ལ་རྟེན་བཅས་ན། །ངན་པའི་ཤན་གྱིས་རང་ལ་གནོད། །ཡུར་བའི་ཆུ་ལ་བརྟེན་པ་ཡི། །ཉ་རྣམས་ཞིང་ལ་འགྲེམས་ལ་ལྟོས། །གཞུང་ངན་བདག་ལ་རྟེན་འཆའ་ན། །དེ་ལ་ཅུང་ཟད་བྱིན་ཏེ་བསྐྲད། །ཁྱིམ་དུ་ལྟས་ངན་བྱུང་གྱུར་ན། །ནོར་ལས་ཕྲིས་ཏེ་བཟློག་པ་དགོས། །དམ་པ་གཞན་དུ་འགྲོ་ན་ཡང༌། །བསྙེན་བཀུར་བྱ་སྟེ་ཉེ་བར་གཞག །ནོར་བུ་རིན་ཆེན་རྟག་མཆོད་ན། །བཀྲ་ཤིས་དཔལ་དང་བསམ་པ་འགྲུབ། །དམན་པའི་སྐྱེ་བོ་བསྟོད་དྲགས་ན། །ཕྱི་ནས་དེ་ཉིད་ཁྱད་དུ་གསོད། །མཁའ་ལ་མི་གཙང་གཏོར་གྱུར་ན། །འཐོར་བ་པོ་ཡི་སྤྱི་བོར་འབབ། །སྐྱེ་བོ་བློ་ལྡན་མགོ་སྨད་ན། །སྨོད་བྱེད་ཉིད་ལ་ཉེས་པར་འཕོག །མར་མེ་ཐུར་དུ་ཁ་བསྟན་ན། །སྟོན་པ་པོ་ཡི་ལག་པ་སྲེག །གང་དང་གང་གི་གནས་ཡིན་པར། །དེ་དང་དེ་ཡི་གནས་སུ་བཞག །གཙུག་རྒྱན་རྐང་པར་མི་གདགས་ཏེ། །རྐང་པའི་རྐང་རྒྱན་སྤྱི་གཙུག་མིན། །བྱ་བ་ཆེན་པོ་སྒྲུབ་པའི་ཚེ། །འབད་པ་ཡིས་ནི་གྲོགས་བཟང་བསྟན། །ནགས་ཚལ་ཆེན་པོ་མེས་བསྲེག་ན། །རླུང་ཞིག་ཅི་ནས་གྲོགས་སུ་དགོས། །བྱམས་པས་ཁྱབ་པའི་ཚིག་སྨྲ་བ། །བསྒྲུབ་སླ་གཞན་དགའ་སྡུད་པའི་མཆོག །ནོར་གྱིས་མགུ་བར་སུ་ཡིས་ནུས། །ལུས་སྲོག་བཏང་ཡང་ཕྱེད་མི་ཚིམ། །ཕོངས་ཀྱང་གདུང་བར་མི་བྱ་སྟེ། །འབྱོར་ཡང་དགའ་བས་དྲེགས་མི་བྱ། །ལས་ཀྱི་འཕེན་པ་རྒྱང་རིང་བས། །སྐྱིད་སྡུག་སྣ་ཚོགས་ད་གདོད་འབྱུང༌། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། བྱ་བ་བརྟག་པ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།།  །།འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། །སྟོན་པ་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚའི་ཁྲོན་པ་བརྐོ་བ་ཡིན། །དངོས་པོ་གང་དང་གང་ལ་ཡང༌། །གོམས་ན་དཀའ་བ་ཅི་ཡང་མེད། །བཟོ་ཡི་རིག་བྱེད་སྦྱངས་པ་ལྟར། །དམ་ཆོས་དཀའ་བ་མེད་པར་འགྲུབ། །གང་ཞིག་ཉུང་ངུས་ཆོག་ཤེས་པ། །དེ་ཡི་ལོངས་སྤྱོད་ཟད་མི་ཤེས། །ཆོག་ཤེས་མེད་པར་ཚོལ་བ་ལ། །སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ། །ནམ་དགོས་ཚེ་ན་ལེན་པ་ཡི། །ནོར་ནི་སྦྱིན་པར་ཐུབ་པས་གསུངས། །བསགས་པའི་ནོར་ནི་སྦྲང་རྩི་ལྟར། །ནམ་ཞིག་གཞན་གྱིས་སྤྱོད་པར་འགྱུར། །འཇིག་རྟེན་འདི་ན་བུན་བཏང་བས། །དངོས་པོ་ཐོབ་པའི་ངེས་པ་མེད། །སློང་ལ་བྱིན་ན་འབད་མེད་པར། །ཆུང་ཡང་བརྒྱ་འགྱུར་ཐོབ་པ་ཡིན། །འཇུངས་ལ་ཕྱུག་པོ་མི་སྲིད་ཅིང༌། །གཏོང་ལ་དབུལ་པོ་མི་སྲིད་པས། །འཇུངས་པ་ནོར་དད་ཆུང་བ་དང༌། །གཏོང་བ་ནོར་ལ་རྔམ་པ་འདྲ། །བྱིན་ན་དབུལ་འགྱུར་དོགས་པ་ཡིས། །འཇུངས་པས་སྦྱིན་པ་མི་གཏོང་ལ། །སེར་སྣས་ངེས་པར་ཕོངས་འགྱུར་བས། །བློ་ལྡན་ཅུང་ཟད་རྙེད་པ་གཏོང༌། །བཞག་ན་ནོར་སྐྱེད་མི་འཕེལ་བས། །ཚོང་པ་ཟོང་རྣམས་འགྲེམས་པ་ལྟར། །བསགས་ན་དབང་ཕྱུག་མི་ཐོབ་པས། །མཁས་པས་ཚོང་བཞིན་ཕྱོགས་བཅུར་སྟེར། །བྱེ་བ་སྟོང་ཕྲག་གཏེར་ཡོད་ཀྱང༌། །སུ་ཞིག་ལ་ཡང་གཏོང་མི་བྱེད། །དེ་དག་འཇིག་རྟེན་འདི་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། །རིགས་རྒྱུད་རྒུད་ཀྱིས་དོགས་པས་ན། །བློ་ཆུང་ཅུང་ཟད་རྙེད་པ་སོགས། །མཁས་པ་རིགས་རྒྱུད་མཐོ་ཐོབ་ཕྱིར། །གསུག་བཞིན་གཞན་ལ་སྦྱིན་པ་གཏོང༌། །རིགས་རྒྱུད་ཕྱུག་པོར་བྱ་སྙམ་ནས། །རང་ཉིད་བཙོངས་ནས་བུ་ལ་སྟེར། །བུ་ངན་ཕ་ལ་རྒོལ་བཞིན་དུ། །ནོར་རྣམས་བརླག་ནས་ཁྱི་བཞིན་འཁྱམ། །ཇི་ལྟར་ཕ་མ་བུ་བྱམས་ཀྱང༌། །དེ་ལྟར་བུ་ཚས་ཕ་མ་མིན། །ཕ་མས་བུ་ཚ་བསྐྱངས་བསྐྱངས་ནས། ཕ་མ་རྒས་ནས་བུ་ཚས་བརྙས། །ནོར་སོགས་འཇུངས་པའི་ཕྱུག་པོ་དང༌། །དགོས་སར་གཏོང་བའི་ཕྱུག་པོ་གཉིས། །རང་དང་རིགས་རྒྱུད་གཉིས་ཀ་ལ། །འཇིག་རྟེན་གཞན་གྱི་བྱེ་བྲག་འབྱེད། །སྲེད་པའི་ཁོལ་པོར་གྱུར་པ་རྣམས། །སྲོག་དང་བསྡོས་ནས་ནོར་ཕྱིར་འབྲང༌། །ཆོག་ཤེས་ཅན་གྱིས་ནོར་རྙེད་ཀྱང༌། །དེས་པ་བཞིན་དུ་གཞན་ལ་སྟེར། །བདོག་པ་བཏང་བས་སྦྱིན་པ་རྫོགས། །དེ་ལ་ཁྲོ་ན་བཟོད་པ་འཕེལ། །ཚིམ་ན་རྗེས་སུ་ཡི་རང་བསྒོམ། །དེས་ན་སྦྱིན་པ་ཆོས་ཀྱི་མཆོག །སྡུག་བསྔལ་རྒྱ་མཚོའི་སྣོད་གྱུར་པ། །ལུས་འདི་དགྲ་དང་འདྲ་མོད་ཀྱི། །བློ་དང་ལྡན་པས་འཁོལ་ཤེས་ན། །འདི་ལ་བསོད་ནམས་རྟེན་དུ་རུང༌། །སྐད་ཅིག་འཇིག་པའི་ཚེ་ན་ཡང༌། །དགེ་བའི་བག་ཆགས་རིང་དུ་འཁྱེར། །རླུང་གིས་བསྒྲོས་པའི་ཙནྡན་དྲི། །རིང་དུ་འཐུལ་ཡང་དགའ་བ་སྐྱེ། །ཡུན་རིང་བདེ་བ་སྤྱད་སྤྱད་ནས། །འབྲལ་བའི་སྡུག་བསྔལ་ལྷག་པར་ཆེ། །རང་དབང་མེད་པར་འཆི་དགོས་པ། །འདི་ལ་རྟག་འཛིན་དེ་དག་བརླག །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཏེ། །བཅོམ་བསྐྱུངས་མིག་རྩ་ཤིན་ཏུ་ཞན། །གང་ཕྱོགས་འགྲོ་བའི་གཏོལ་མེད་པ། །དེ་ཚེ་དགེ་བ་གཞན་རྣམས་ཕུང༌། །ངན་སོང་གསུམ་པོའི་ནད་རྣམས་ནི། །མ་བྱུང་བ་ནས་གསོ་བར་བྱ། །གནམ་ལྕགས་མགོ་ལ་བབ་པ་ལྟར། །ཐོག་ཏུ་བབ་ན་ཅི་བྱར་ཡོད། །མཛའ་བཤེས་ཀུན་དང་བྲལ་བ་དང༌། །ངེས་པར་འཆི་བ་ཤེས་བཞིན་དུ། །ད་དུང་བདེ་བར་གཉིད་ཕེབས་པ། །བདག་ཉིད་སྙིང་ལ་ཅི་ཞིག་ཞུགས། །གང་གིས་བརྩོན་པར་མི་ནུས་ཀྱང༌། །ཅི་ནས་ངན་འགྲོར་མི་ལྟུང་བྱ། །དཔའ་བོས་དགྲ་སྡེ་མ་གསོད་ནའང༌། །རང་ཕྱོགས་གསོད་པར་བྱེད་དམ་ནི། །འཕྲལ་དུ་ཅུང་ཟད་སྡུག་ན་ཡང༌། །རྒྱུན་དུ་བདེ་བ་མཁས་པས་བསྟན། །གཏར་བསྲེག་དག་གིས་ནད་འདོན་པ། །སྨན་པ་མཁས་པའི་གཞུང་ལུགས་ཡིན། །གལ་ཏེ་གཞན་དག་ཕུན་ཚོགས་པས། །བདག་གི་ཡིད་ལ་མི་བཟོད་ན། །དེ་ཡིས་རང་འབྱོར་འཇོམས་པའི་ཕྱིར། །རང་ལ་ཕྲག་དོག་བྱེད་པར་ཟད། །གནོད་པར་བྱ་ཕྱིར་དགྲ་འཇོམས་ན། །ཁྱོད་ཀྱིས་ཁྲོ་བ་ཁོ་ན་ཆོམས། །ཁྲོ་བས་འཁོར་བ་ཐོག་མེད་ནས། །བདག་ལ་གནོད་པ་མཐའ་ལས་འདས། །གལ་ཏེ་དགྲ་ཀུན་བརླག་འདོད་ན། །བསད་པས་དེ་ཀུན་ག་ལ་འཛད། །རང་གི་ཁྲོ་བ་གཅིག་བཅོམ་པས། །དགྲ་ཀུན་ཅིག་ཅར་བསད་པ་ཡིན། །མཐུ་ཆེན་གཟུ་ལུམས་སྤྱོད་པ་ལ། །ཁྲོས་ན་རང་ལ་ལྷག་པར་གནོད། །དམ་པ་ཉེ་བར་ཞི་བ་ལ། །ཁྲོ་བ་བྱ་རྒྱུ་ག་ལ་ཡོད། །སྡོང་བུ་གཅིག་ལས་སྐྱེས་པ་ཡི། །རྩྭ་རྣམས་རླུང་གིས་ཕྱོགས་བཅུར་འཐོར། །དེ་བཞིན་ལྷན་ཅིག་སྐྱེས་པ་ཡི། །སྐྱེ་བོ་ལས་ཀྱིས་སོ་སོར་འབྲལ། །སྔོན་ཆད་མ་མཐོང་འབྲེལ་པར་འཐམས། །དེ་ནས་སླར་ཡང་གཞན་འགྲོ་བའི། །མི་དེ་བདག་དང་ཅིར་འབྲེལ་ན། །ཤི་ནས་མྱ་ངན་ཆེན་པོ་བྱེད། །རང་དོན་འབད་པས་བསྒྲུབ་འདོད་ན། །དེ་ཡིས་དང་པོར་གཞན་དོན་སྒྲུབས། །རང་དོན་ཁོ་ན་གཙོར་བྱེད་པ། །དེ་ཡིས་རང་དོན་འགྲུབ་མི་སྲིད། །མི་གང་གཞན་དོན་གཙོར་བྱེད་ན། །གཡོ་ཅན་རང་དོན་སྒྲུབ་པ་འདྲ། །རང་དོན་འབའ་ཞིག་གཙོར་བྱེད་པ། །གཞན་མགོ་འདོན་ཕྱིར་དྲང་བ་འདྲ། །བློ་ལྡན་ཚེ་འདི་བསྒྲུབ་ན་ཡང༌། །ཆོས་ཀྱིས་བསྒྲུབ་ན་བདེ་བར་འགྲུབ། །དམ་པ་རྣམས་དང་ཆོམ་རྐུན་གྱི། །ཕུན་སུམ་ཚོགས་པའི་ཁྱད་པར་ལྟོས། །མི་རྣམས་ཚེ་ཐུང་དེ་ཡི་ཕྱེད། །མཚན་མོ་གཉིད་ལོག་ཤི་དང་འདྲ། །ན་རྒ་སྡུག་བསྔལ་སྣ་ཚོགས་ཀྱིས། །ཕྱེད་པོའང་བདེ་བར་སྤྱད་དུ་མེད། །སྐྱེ་བོ་ཀུན་གྱི་དྲུང་སྡོད་པའི། །འཆི་བདག་གལ་ཏེ་མངོན་སུམ་མཐོང༌། །བྱ་བ་གཞན་དག་ལྟ་ཅི་སྨོས། །ཟ་བར་དྲན་པའི་ནུས་པ་མེད། །ཁྱོད་ཀྱིས་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱིས། །ངེས་པར་བྱ་དགོས་ཡོད་ན་ནི། །དེ་རིང་ཉིད་དུ་བརྟུན་ལ་གྱིས། །བདག་གི་བྱ་བ་མ་ཟིན་པས། །རེ་ཞིག་དེ་རིང་ཁྱོད་བཞུགས་ཞེས། །མཆི་མས་བརྣངས་ཏེ་གསོལ་བཏབ་ཀྱང༌། །འཆི་བདག་བཅོས་སུ་ག་ལ་རུང༌། །འདུ་འཛི་སྤངས་པ་བདེ་བ་སྟེ། །མིན་ན་བཟང་པོ་རྣམས་དང་འགྲོགས། །དུག་སྦྲུལ་གསོ་བ་ག་ལ་ལེགས། །གསོ་ན་བཟླས་བརྗོད་བརྩོན་པར་བྱ། །སེམས་ནི་རྣམ་པར་གཡེངས་པ་ལ། །དམ་ཆོས་བསྒྲུབ་པའི་གོ་སྐབས་མེད། །ཉེ་བར་ཞི་བར་གནས་པ་ལ། །སེམས་ནི་ལས་རུང་ཤིན་ཏུ་ཉེ། །དམིགས་པ་ཀུན་ལ་རབ་མཁས་ཤིང༌། །ཏིང་ངེ་འཛིན་གྱིས་སེམས་དུལ་བ། །འཕགས་པའི་ཆོས་ལ་རབ་སྦྱངས་ནས། །ཡོན་ཏན་ཀུན་གྱི་ཞིང་ས་ཡིན། །བླུན་པོ་སློབ་པ་ངོ་ཚར་འཛིན། །མཁས་རྣམས་མ་བསླབས་ངོ་ཚར་འཛིན། །དེས་ན་མཁས་རྣམས་རྒས་གྱུར་ཀྱང༌། །ཕྱི་མའི་དོན་དུ་རིག་པ་སློབ། །ཤེས་རབ་མེད་པའི་རྒྱུ་མཚན་གྱིས། །བླུན་པོ་ཡོན་ཏན་མི་སློབ་ལོ། །བརྟགས་ན་ཤེས་རབ་མེད་ཉིད་ཀྱིས། །བླུན་པོས་འབད་པ་ལྷག་པར་དགོས། །སྐྱེ་བ་སྔ་མར་མ་བསླབས་པས། །ཚེ་འདིར་བླུན་པོར་མཐོང་ནས་ནི། །ཕྱི་མ་བླུན་པོར་སྐྱེ་དོགས་པས། །ཚེ་འདིར་དཀའ་ཡང་འབད་དེ་མཉན། །བསྒོམས་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་ངུ་སྨྲ། །ཐོས་པ་མེད་པར་བསྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཐོས་པ་མེད་པའི་བསྒོམ་པ་དེ། །རེ་ཞིག་གྲུབ་ཀྱང་མྱུར་དུ་འཇིག །གསེར་དངུལ་ལེགས་པར་བཞུ་ན་ཡང༌། །མེ་དང་བྲལ་ན་སྲ་བར་འགྱུར། །ཤེས་རབ་ཀྱིས་ནི་གཏིང་བརྟགས་ནས། །ཉེས་རྒྱུ་སྤོང་བ་སྒོམ་པ་ཡིན། །ལུས་ཀྱི་དྲི་མ་བཀྲུས་པ་ལྟར། །བསྒོམས་ཀྱང་རིང་ཞིག་ལོན་ནས་ལྡོག །རྒྱུ་འབྲས་ཕུལ་བྱུང་མ་ཚོགས་པར། །བདག་མེད་རྟོགས་ཀྱང་འཚང་མི་རྒྱ། །ཐབས་མཆོག་དག་གིས་མ་བསྒྲུབས་པའི། །བདེན་པར་མཐོང་ཡང་དགྲ་བཅོམ་ཡིན། །དེས་ན་ཆོས་རྣམས་ལེགས་རྟོགས་ཏེ། །ཏིང་ངེ་འཛིན་ལ་སེམས་བཞག་ན། །ཉེས་པ་བག་ཆགས་དང་བཅས་པ། །གང་གིས་སྤངས་པ་རྫོགས་འཆང་རྒྱ། །གང་ལ་བློ་གྲོས་མི་ལྡན་ན། །བསྟན་བཅོས་ལེགས་ཀྱང་སུ་ཞིག་ལེན། །ནོར་བུས་སྤྲས་པའི་གསེར་གྱི་རྒྱན། །མཛེས་ཀྱང་བ་ལང་ག་ལ་ལྟ། །མཁས་པ་རྣམས་ཀྱིས་ལེགས་བཤད་ཀུན། །ཤིན་ཏུ་བདེན་པར་གོ་བཞིན་དུ། །དེ་དོན་ཉམས་སུ་མི་ལེན་ན། །བསྟན་བཅོས་ཤེས་ཀྱང་ཅི་ཞིག་བྱ། །རང་ལ་དགོས་པའི་བསྟན་བཅོས་རྣམས། །ཉི་མ་རེ་རེ་ཚིག་རེ་ཟུང༌། །གྲོག་མཁར་དང་ནི་སྦྲང་རྩི་ལྟར། །རིང་པོར་མི་ཐོགས་མཁས་པར་འགྱུར། །ལེགས་པར་སྤྱོད་ལ་འཇུག་འདོད་ན། །ཅི་ནས་དེ་ཡིས་ཁ་མཉན་ཏེ། །དམ་པ་ཀུན་དུ་སྲན་བཙུགས་ནས། །སྲོག་ལ་བབ་ཀྱང་ལུགས་བཞིན་བསྐྱང༌། །དེ་ལ་འབད་པས་གཞུང་ལུགས་ནས། །འབྱུང་བཞིན་གཉེན་པོས་བསྒྲུབ་ནུས་ན། །མཁས་རྣམས་བརྫུན་པ་མི་གསུང་གིས། །འདི་ཡི་ཕན་ཡོན་ཕྱི་ནས་ལྟོས། །སྔོན་ཡང་འདི་བཞིན་སྤྱད་རྣམས་འཕེལ། །དེ་ལྟ་ན་ཡང་དེ་ལྟར་མཐོང༌། །གཏན་ཚིགས་བཟང་པོ་འདི་ཡིས་ནི། །མ་འོངས་རྣམས་ཀྱང་ཕུན་ཚོགས་འཐོབ། །བློ་ལྡན་རང་གི་ཤེས་ན་ཡང༌། །མཁས་པའི་གཞུང་ལུགས་གུས་པས་བལྟ། །རིན་ཆེན་ཤིན་ཏུ་བཟང་པོ་ཡང༌། །མ་བཙོངས་བར་དུ་རིན་ཐང་ཆུང༌། །ནགས་ཚལ་ཤིན་ཏུ་མང་མོད་ཀྱང༌། །ཙནྡན་ས་མཆོག་སྐྱེ་བ་ཉུང༌། །དེ་བཞིན་མཁས་པ་མང་ན་ཡང༌། །ལེགས་བཤད་འབྱུང་བ་ཤིན་ཏུ་དཀའ། །རྟ་མཆོག་འགྲོ་བའི་ཚེ་ན་ཤེས། །གསེར་དངུལ་བཞུ་ན་ཤེས་པར་འགྱུར། །གླང་ཆེན་གཡུལ་ངོར་ཤེས་འགྱུར་ཏེ། །མཁས་པ་ལེགས་བཤད་རྩོམ་ན་ཤེས། །གང་ཞིག་འཇིག་རྟེན་ཐམས་ཅད་ཀྱིས། །རང་ལ་ཚད་མར་བྱེད་འདོད་ན། །དེ་ཡིས་གཞུང་འདི་ལེགས་བརྟགས་ཏེ། །གཉེན་པོ་བསྐྱེད་ལ་འབད་དེ་བསྒྲུབ། །འཇིག་རྟེན་བྱ་བ་ལེགས་ཤེས་པ། །དེ་ཡིས་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།།  །།འཚོ་བྱེད་ཟས་སུ་སྒྲོ་བཏགས་ནས། །སྨན་གྱིས་ནད་ཆེན་གསོ་བ་ལྟར། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །བདག་གིས་དམ་པའི་ཆོས་འདི་བསྟན། །ཐོས་པ་རྒྱ་མཚོའི་གླིང་ནས་ལེགས་འཁྲུངས་ནས། །བློ་གྲོས་ཀླུ་ཡི་དབང་པོས་ཡོངས་བཟུང་བ། །དཔལ་ལྡན་ལེགས་པར་བཤད་པ་རིན་ཆེན་གཏེར། །བློ་གསལ་བློ་ཡི་བང་མཛོད་དགང་བ་དང༌། །མཁས་པ་རྣམས་ཀྱི་འདོད་དགུ་བསྒྲུབ་པའི་ཕྱིར། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་དགེ་བའི་ཡིད་ཀྱིས་ལེགས་བརྟགས་ནས། །ཕྱོགས་རྣམས་གསལ་བར་བྱ་ཕྱིར་འདི་ཕྱེའོ། །དེ་ལས་བྱུང་བའི་དགེ་བ་དྲི་མ་མེད། །བསིལ་ཟེར་བྱེད་པའི་འོད་ལྟར་རབ་གསལ་བས། །སྐྱེ་བོ་སྙིང་གི་མུན་པ་ཕྱིར་བསལ་ཏེ། །བློ་གསལ་བློ་ཡི་ཀུ་མུད་རྒྱས་གྱུར་ཅིག །ཤེས་བྱ་ཀུན་ལ་རབ་སྦྱངས་པས། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །དེས་ན་བདག་གི་བསྟན་བཅོས་འདི། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བྱས། །ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས། ཡུལ་བྱང་ཕྱོགས་ཀྱི་རྒྱུད་ཁ་བ་ཅན་གྱི་ལྗོངས། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་དཔག་ཚད་བརྒྱ་བགྲོད་པའི་གནས། གཙང་ལ་སྟོད་གྲོམ་པ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་གནས་པ། འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློའི་པདྨོའི་ཟེའུ་འབྲུ་ཅུང་ཟད་ཁ་བྱེ་བས། སྒྲ་དང༌། ཚད་མ་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། ཚིག་གི་རྒྱན་དང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་དོན་ཡོངས་སུ་གྲགས་པ་ཕལ་མོ་ཆེ་ཐོས་ཤིང༌། རྟོགས་ནས་ཁོང་དུ་ཆུད་ཅིང་འདྲིས་པར་བྱས་པས། ལུང་དང་རིགས་པ་དང་མན་ངག་གི་གནས་ཕྱིན་ཅི་མ་ལོག་པར་བློ་གྲོས་ཀྱི་སྣང་བ་ཐོབ་པ། འཆད་པ་དང༌། རྩོམ་པ་དང༌། རྩོད་པ་ལ་སོགས་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན། ཤཱཀྱའི་དགེ་སློང་རིགས་པར་སྨྲ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། དཔལ་ས་སྐྱའི་དགོན་པར་ལེགས་པར་སྦྱར་བ་རེ་ཞིག་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*