༼ཐ༽
༄༅། །གཞུང་ལུགས་ལེགས་པར་བཤད་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ། གྲནྠཿམ་ཏཾ་སུ་ཁྱཱ་ནཾ་ནཱ་མ། བོད་སྐད་དུ། གཞུང་ལུགས་ལེགས་པར་བཤད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྐུ་གསུམ་བདག་ཉིད་དམ་ཆོས་བདེན་པ་གཉིས། །རྒྱལ་སྲས་ཕྱིར་མི་ལྡོག་པ་མང་པོ་འདུས་པའི་མཆོག །སྐྱབས་གསུམ་སྐྱབས་ཀྱི་མཆོག་གྱུར་སྐྱབས་མེད་ཀུན་སྐྱོབ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་རྣམ་དག་མཆོད་པས་མཆོད། །འགྲོ་བའི་བླ་མ་རྫོགས་སངས་རྒྱས། །བསྟན་པ་རིན་ཆེན་དགོས་འདོད་འབྱུང༌། །རིན་ཆེན་མངའ་བདག་དགེ་འདུན་གྱི། །འབངས་སུ་བདག་ནི་གཟུང་དུ་གསོལ། །སྤྲོས་དང་བྲལ་བའི་རང་བཞིན་སྤྲོས་པ་སྣ་ཚོགས་ཀུན། །སྤྲོས་ནས་བཤད་ན་སྤྲོས་པའི་རང་བཞིན་སྤྲོས་དང་བྲལ། །སྤྲོས་དང་སྤྲོས་བྲལ་དབྱེར་མེད་སྤྲོས་པའི་རིམ་པ་འདི། །སྤྲོས་པའི་རྒྱུན་དུ་འགྱུར་ཞེས་བདག་ནི་སྤྲོ་བ་སྐྱེས། །ཤེས་བྱ་ཀུན་གྱི་གནས་ལུགས་ལ། །བློ་ལྡན་རྣམས་ཀྱི་བློ་ཁྱད་ཀྱིས། །བདེན་བརྫུན་འདི་ལྟར་འབྱེད་དོ་ཞེས། །མདོ་ཙམ་ལེགས་པར་བཤད་ཀྱིས་ཉོན། །རྟོག་པ་དང་ལྡན་པས་སྐྱེ་བོ་རྣམས་གཞུ་ལུགས་ལ་མཁས་པར་བྱ་བའི་ཆེད་དུ་འདི་བརྩམ་མོ། །འདི་ལ་གཉིས། མདོར་བསྟན་པ་ནི། གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ན་རེ། ཉེར་ལེན་གྱི་ཕུང་པོ་འདི་བདེན་པ་ཡིན་ཞིང༌། ཆུ་ཟླ་ལ་སོགས་པ་བརྫུན་པ་ཡིན་ནོ་ཟེར་རོ། །གྲུབ་མཐས་བློ་བསྒྱུར་བ་རྣམས་ན་རེ། རིགས་པས་མི་གནོད་པ་ནི་བདེན་པ་ཡིན་ཞིང༌། ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་ནི་བརྫུན་པ་སྒྱུ་མ་ལྟ་བུ་ཡིན་ཞེས་ཟེར་རོ། །དེ་སྐད་དུ་ཡང་སྤྱད་འཇུག་ལས། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང༌། །ཡང་དག་ཉིད་དུ་རྟོག་བྱེད་ཀྱི། །སྒྱུ་མ་ལྟ་བུ་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་སོ། །རྒྱས་པར་བཤད་པ་ལ་གཉིས་ལས། འཇིག་རྟེན་པའི་ལུགས་ནི་ཉེ་བར་ལེན་པའི་ཕུང་པོ་ལ་གཙང་བ་ལ་སོགས་པར་འཛིན་ཞིང་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ། ལུས་ངག་གི་བྱ་བ་ཚུལ་དང་མཐུན་པར་སྒྲུབ་པ་ནི་སྐྱེ་བོ་ཡ་རབས་ཡིན་ལ། ངོ་ཚ་ཁྲེལ་མེད་ཀྱིས་ཀུན་ནས་བསླངས་ཏེ་ཡིད་དུ་མི་འོང་བའི་བྱ་བ་སྒྲུབ་པ་ནི་སྐྱེ་བོ་ངན་པ་ཡིན་ནོ། །དེ་སྐད་དུ་ཡང་ལུགས་ཀྱི་བསྟན་བཅོས་དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་འཁུར་ཞིང༌། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱམས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ངོ་ཚ་དོར་བའི་འཚོ་བ་དང༌། །སྡིག་དང་འབྲེལ་བའི་ལོངས་སྤྱོད་དང༌། །མཛའ་བོ་བསླུས་པའི་མངའ་ཐང་བས། །དམ་པ་རང་ཉིད་འཆི་བ་བས། །ཞེས་པ་དང༌། སྐྱེ་བོ་ངན་པ་སྡིག་ལ་དགའ། །བྱས་པ་དྲིན་དུ་མི་གཟོ་བ། །ངོ་ཚ་དགྲ་བོ་བཞིན་དུ་འདོར། །རང་དོན་གྲུབ་ན་ཅི་ཡང་བྱེད། །ངན་པ་ངན་པའི་གྲོགས་ཀྱིས་བསྐོར། །ངན་སྤྱོད་སྣ་ཚོགས་བྱས་གྱུར་ཏེ། །དུས་ཀྱིས་དེ་ལས་མ་བཏུབ་ཅེས། །ངན་པའི་ངན་ཤགས་དུས་ལ་འདེབས། །ཞེས་སོ། །གཞན་ཡང་འཇིག་རྟེན་གྱི་གཞུང་ལུགས་ལ་མཁས་པར་འདོད་ན་ཁོ་བོས་བྱས་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལ་སོགས་པར་བལྟ་བར་བྱའོ། །རྣལ་འབྱོར་པའི་ལུགས་ལ་གཉིས་ཏེ། མུ་སྟེགས་པ་དང༌། སངས་རྒྱས་པའོ། །དང་པོ་ལ་གཉིས་ཏེ། གཟུང་འཛིན་གཉིས་སུ་སྨྲ་བ་དང༌། གཉིས་སུ་མེད་པར་སྨྲ་བའོ། །དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བའི་ཕྱོགས་ལ་བརྟེན་པ་དང༌། ཆད་པར་ལྟ་བའི་ཕྱོགས་ལ་བརྟེན་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ལ་ལྔ་སྟེ། གྲངས་ཅན་དང༌། ཕུར་བུ་པ་དང༌། བྱེ་བྲག་པ་དང༌། རིག་པ་ཅན་པ་དང༌། གཅེར་བུ་པའོ། །གྲངས་ཅན་ནི། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲངས་ཏེ། མུ་སྟེགས་པ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །དེ་སྐད་དུ་ཡང་དབུ་མ་ལ་འཇུག་པ་ལས། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་མང་ལུགས་ནི་ཐ་དད་གྱུར། །ཞེས་སོ། །དེ་ཡང་དེ་ཁོ་ན་ཉིད་གྲངས་ཉི་ཤུ་རྩ་ལྔ་སྨྲ་བས་གྲངས་ཅན་པ་ཞེས་བྱའོ། །དེ་སྐད་དུ་ཡང་དབང་ཕྱུག་ནག་པོས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང༌། །དེ་ལྟར་བཅུ་དྲུག་བྱུང་བ་དེ་ལས་ཀྱང༌། །དེ་ཙམ་ལྔ་ལས་འབྱུང་བ་རྣམས་ལྔ་འབྱུང༌། །ཞེས་སོ། །དེའང་ཤེས་བྱ་ཐམས་ཅད་ཤེས་པའི་བདག་ཤེས་རིག་གི་སྐྱེས་བུ་མཚན་ཉིད་ལྔ་སྟེ། ལྔ་གང་ཞེ་ན། ཟ་བ་པོའི་ཡུལ་ལ་ལོངས་སྤྱོད་པ་དང༌། རྟག་པ་ཡིན་པ་དང༌། བྱེད་པ་པོ་མ་ཡིན་པ་དང༌། ཡོན་ཏན་མེད་པ་དང༌། བྱ་བ་མེད་པའོ། །དེ་སྐད་དུ་ཡང་འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བཏགས། །ཞེས་སོ། །དེ་ལ་ཟ་བ་པོ་ནི། རང་བཞིན་གྱིས་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པའི་འདོད་པ་སྐྱེས་པ་ན། ཡུལ་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་གཙོ་བོའི་ཁུག་མ་ནས་བཏོན་ནས་དེ་ལ་སྐྱེས་བུ་ལོངས་སྤྱོད་པའོ། །སྐྱེས་བུ་དེ་འཁོར་བ་ན་འཁོར་བའི་ཚེ་ཟ་བ་པོ་ཞེས་བྱའོ། །སྐྱེས་བུ་འཁོར་བ་ལས་ཐར་བའི་ཚེ་རྟག་པ་ཞེས་བྱའོ། །རང་བཞིན་རྣམ་འགྱུར་དང་བཅས་པ་ཐམས་ཅད་གཙོ་བོའི་ཁུག་མར་ཞ་ནས་བདག་གཅིག་པུ་ཡན་གར་བར་གནས་པའོ། །བྱེད་པ་པོ་མ་ཡིན་ཏེ་གང་ཡང་མི་བསྐྱེད་པས་སོ། །ཡོན་ཏན་མེད་པ་ནི་རྡུལ་མུན་པ་སྙིང་སྟོབས་གསུམ་མེད་པའོ། །བདག་དེས་ཐམས་ཅད་ལ་མ་ཁྱབ་ན་མ་ཁྱབ་པའི་སར་འགྲོ་དགོས་པས་བྱ་བ་དང་ལྡན་པར་འགྱུར་བ་ལས། ཡུལ་དུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་བྱ་བ་མེད་པའོ། །སྐྱེས་བུ་དེ་ཤེས་པའི་ཤེས་བྱ་བ་ལ་གཙོ་བོ་དང༌། རང་བཞིན་དང༌། རྣམ་འགྱུར་ལས་རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པར་གནས་པའི་ཚེ་གཙོ་བོ་ཞེས་བྱའོ། །དེ་སྐད་དུ་ཡང་སྤྱོད་འཇུག་ལས། །སྙིང་སྟོབས་རྡུལ་དང་མུན་པ་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་ནི། །གཙོ་བོ་ཞེས་བྱར་རབ་བརྗོད་དོ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། །དེ་ལ་རྡུལ་ནི་སེམས་ཡུལ་ལ་འཇུག་པའི་རང་བཞིན་ནོ། །མུན་པ་ཤེས་པ་ཡུལ་ལ་ཁ་མི་ཕྱོགས་པར་ཀུན་ཏུ་རྨོངས་པའོ། །སྙིང་སྟོབས་ནི་ཤེས་པ་ཡུལ་ལ་གསལ་བར་འཇུག་པ་དང༌། མྱུར་དུ་འཇུག་པའོ། །རང་གི་ངོ་བོ་གཞན་དུ་མི་འགྱུར་བ་དང༌། སྐྱེད་བྱེད་གཞན་གྱིས་མི་བསྐྱེད་པ་དང༌། རྣམ་འགྱུར་བསྐྱེད་པ་སྟེ། ཆོས་གསུམ་དང་ལྡན་པས་ན་རང་བཞིན་བྱའོ། །རྣམ་འགྱུར་ནི་འདི་ལྟ་སྟེ། རང་བཞིན་འདྲེ་མོ་འདྲེ་བ་དེས་སྐྱེས་བུ་ཡུལ་ལ་ཞེན་པར་བྱེད་པ་ནི་རང་བཞིན་ལས་ཆེན་པོ་ཞེས་བྱའོ། །དེ་ནས་སྐྱེས་བུ་དེ་ཡུལ་ལ་ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་པ་སེམས་པར་བྱེད་པ་ནི། ཆེན་པོ་ལས་ང་རྒྱལ་ཞེས་བྱའོ། །ང་རྒྱལ་ནི་རྣམ་པ་གསུམ་སྟེ། རྣམ་པར་འགྱུར་བའི་ང་རྒྱལ་དང༌། སྙིང་སྟོབས་ཅན་གྱི་ང་རྒྱལ་དང༌། མུན་པ་ཅན་གྱི་ང་རྒྱལ་ལོ། །རྣམ་འགྱུར་ཅན་གྱི་ང་རྒྱལ་ལས་དེ་ཙམ་ལྔ་འབྱུང་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དེ་ཙམ་མོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་འབྱུང་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའོ། །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་དབང་པོ་བཅུ་གཅིག་འབྱུང་སྟེ། ལས་ཀྱི་དབང་པོ་ལྔ་དང༌། བློའི་དབང་པོ་ལྔ་དང༌། གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་ཀྱི་དབང་པོའོ། །ལས་ཀྱི་དབང་པོ་ལྔ་ནི། སྨྲ་བའི་ལས་ལ་དབང་བྱེད་པ་ངག་གི་དབང་པོ་དང༌། སྟེར་བའི་ལས་ལ་དབང་བྱེད་པ་ལག་པའི་དབང་པོ་དང༌། འགྲོ་བའི་ལས་ལ་དབང་བྱེད་པ་རྐང་པའི་དབང་པོ་དང༌། བཤང་བའི་ལས་ལ་དབང་བྱེད་པ་འཕོངས་ཀྱི་དང༌། ངལ་དང་འཁྲིག་པའི་ལས་ལ་དབང་བྱེད་པ་འདོམ་གྱི་དབང་པོའོ། །བློའི་དབང་པོ་ལྔ་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། པགས་པའི་དབང་པོའོ། །མུན་པ་ཅན་གྱི་ང་རྒྱལ་གྱིས་ང་རྒྱལ་གོང་མ་གཉིས་ཀྱི་གྲོགས་བྱེད་དོ། །དེ་ལ་རྩ་བའི་རང་བཞིན་ནི་རྒྱུ་གང་གིས་ཀྱང་མ་བསྐྱེད་པས་རྣམ་འགྱུར་མ་ཡིན་ནོ། །ཆེན་པོ་དང་ང་རྒྱལ་དེ་ཙམ་ལྔ་ནི་རྣམ་འགྱུར་ཕྱི་མ་བསྐྱེད་པས་རང་བཞིན་ཡིན་ལ་རྒྱུ་སྔ་མ་ལས་བྱུང་བས་རྣམ་འགྱུར་ཀྱང་ཡིན་ནོ། །དབང་པོ་བཅུ་གཅིག་ནི་ང་རྒྱལ་ལས་བྱུང་བ་དང༌། འབྱུང་བ་ལྔ་ནི་དེ་ཙམ་ལྔ་ལས་བྱུང་བས་རྣམ་འགྱུར་ཡིན་ལ། འབྲས་བུ་གང་ཡང་མི་བསྐྱེད་པས་རང་བཞིན་མ་ཡིན་ནོ། །སྐྱེས་བུ་ནི་རྣམ་འགྱུར་གང་ཡང་མི་བསྐྱེད་པས་རང་བཞིན་མ་ཡིན་ཞིང༌། རྒྱུ་གང་གིས་ཀྱང་མ་བསྐྱེད་པས་རྣམ་འགྱུར་ཀྱང་མ་ཡིན་ནོ། །དེ་སྐད་དུ་ཡང༌། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སོ། །དེ་ལྟར་རང་བཞིན་གྱི་གཙོ་བོའི་ཁུག་མ་ནས་ཡུལ་སྒྲ་ལ་སོགས་རྣམ་འགྱུར་རྣམས་བཏོན་ནས་སྐྱེས་བུས་ལོངས་སྤྱོད་དེ། རྣམ་འགྱུར་སྐྱེད་བྱེད་ཀྱི་རང་བཞིན་འདྲེ་མོ་འདྲེ་བ་དེ་སྐྱེས་བུས་མ་ཚོར་བ་དེ་སྲིད་དུ་སྐྱེས་བུ་དེ་འཁོར་བ་པ་ཡིན་ནོ། །སྐྱེས་བུ་དེ་རྣམ་འགྱུར་ལ་ལོངས་སྤྱད་པས་སྐྱུགས་ལོག་པ་དེའི་ཚེ་བསམ་གཏན་སྒོམ་པར་བྱེད་དེ། དེ་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པས་རང་བཞིན་འདྲེ་མོ་འདྲེ་བ་དེ་མཐོང་བར་འགྱུར་རོ། །མཐོང་བ་དང་རང་བཞིན་དེ་ངོ་ཚ་ནས་འབྲོས་པར་འགྱུར་རོ། །སྐྱེས་བུ་ལས་ལོགས་ཤིག་ཏུ་འབྲལ་བར་བྱེད་དོ། །དེ་དང་བྲལ་བས་དེས་བསྐྱེད་པའི་རྣམ་འགྱུར་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་ཟློག་ནས་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། དབང་པོ་བཅུ་གཅིག་ནི་སྙིང་སྟོབས་ཅན་གྱི་ང་རྒྱལ་དུ་ཐིམ། འབྱུང་བ་ལྔ་དེ་ཙམ་ལྔར་ཐིམ། དེ་ཙམ་ལྔ་རྣམ་འགྱུར་བའི་ང་རྒྱལ་དུ་ཐིམ། ང་རྒྱལ་དེ་གཉིས་མུན་པ་ཅན་གྱི་ང་རྒྱལ་དུ་ཐིམ། དེ་བློའམ་ཆེན་པོར་ཐིམ། དེ་གཙོ་བོར་ཐིམ་སྟེ། བདག་སྐྱེས་བུ་འབའ་ཞིག་གསལ་བར་གནས་པ་ནི་ཐར་པ་ཞེས་བྱའོ། །དེ་ལྟར་གཙོ་བོ་དང༌། ཆེན་པོ་དང༌། ང་རྒྱལ་དང༌། དེ་ཙམ་ལྔ་དང༌། འབྱུང་བ་དང༌། དབང་པོ་བཅུ་གཅིག་དང༌། སྐྱེས་བུ་དང་བཅས་པ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་སྟེ། གང་གིས་འདི་མ་ཤེས་པ་ནི་འཁོར་བ་པ་ལ་ཡིན་ལ། སྔར་བཞིན་དུ་ཤེས་པ་ནི་ཐར་པ་སྟེ། ཇི་སྐད་དུ། ཁྱབ་འཇུག་གི་ཞལ་སྔ་ནས། །རལ་པའམ་བྱི་བོའམ་ཅོད་པན་གྱིས། །ཆ་ལུགས་གང་གིས་གནས་ཀྱང་རུང༌། །དེ་ཉིད་ཉི་ཤུ་ལྔ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ན་སྐྱེས་བུ་དང༌། གཙོ་བོ་དང་རང་བཞིན་རྣམ་ནི་རྟག་པ་དོན་དམ་པའི་རང་བཞིན་ཡིན་ལ། རྣམ་འགྱུར་རྣམས་ནི་མི་རྟག་པས་ཀུན་རྫོབ་ཡིན་ནོ་ཞེས་ཟེར་རོ། །དེ་རྣམས་ནི་གཙོ་བོ་རྒྱུར་སྨྲ་བའི་ལུགས་ཡིན་ཏེ། སྤྱོད་འཇུག་ལས། གཙོ་བོ་རྟག་པར་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲངས་ཅན་འདོད། །ཅེས་སོ། །གྲངས་ཅན་པའི་བྱེ་བྲག་ཁ་ཅིག་འགྲོ་བ་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་དེ། དབང་ཕྱུག་མཆོད་པ་ལེགས་ཏེ་མཉེས་ན་མཐོ་རིས་སུ་འགྲོ་ལ། མཆོད་ཉེས་ནས་མ་མཉེས་ན་ངན་སོང་དུ་འགྲོ་བར་བྱེད་དེ། ཇི་སྐད་དུ། སྐྱེ་བོ་ཞེས་པ་ཡོད་པ་མ་ཡིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བསྐུལ་ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་པ་དང༌། གདོང་མཇུག་དབྱིབས་ཀྱི་ཁྱད་པར་དང༌། །དོན་བྱེད་ནུས་པ་གང་ཡིན་པ། །དབང་ཕྱུག་རྟག་པ་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲུབ་པ་ཡིན། །ཞེས་དབང་ཕྱུག་གི་ལྷ་རྟག་པ་ལས་བཤད། དབང་ཕྱུག་ནི་ཆོས་ལྔ་དང་ལྡན་པ་སྟེ། རྟག་པ་གཅིག་པུ་ལྷའི་འགྲོ་བར་རྟོགས་པ། གཙང་ཞིང་མཆོད་པར་འོས་པ་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའོ་ཞེས་སྨྲ་བར་བྱེད་དོ། །ངོ་བོ་ཉིད་རྒྱུར་སྨྲ་བ་ཞེས་ཀྱང་བྱ། ལྷའི་བླ་མ་ཞེས་ཀྱང་བྱ། དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་ནས་ཕུར་བུ་པ་ཞེས་ཀྱང་ཟེར་རོ། །དེའི་ལུགས་ནི་སྣོད་བཅུད་ཀྱི་ཁ་དོག་དང༌། དབྱིབས་དང་རྣམ་པ་མི་འདྲ་བ་ཡོད་པ་ཐམས་ཅད་སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ཏེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང༌། །རྨ་བྱའི་མདོངས་ལེགས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང༌། །ཞེས་སྨྲའོ། །བྱེ་བྲག་པའམ་དྲང་སྲོང་གཟེགས་ཟན་པའི་རྗེས་སུ་འབྲངས་པའི་ལུགས་ཀྱི་འཇིག་རྟེན་སྣོད་ཀྱི་རྒྱུ་རྡུལ་ཕྲ་རབ་རྟག་པ་གཅིག་འདོད་དོ། །དེ་ཡང་ཕྱི་གཟུང་བའི་ཡུལ་ནི། ཚིག་གི་དོན་དྲུག་ཏུ་འདོད་ལ། ནང་བདག་བེམས་པོ་རྟག་པ་ཤེས་རིག་ཐམས་ཅད་ཀྱི་བྱེད་པ་པོ་གཅིག་ཡོད་པར་འདོད་ཚིག་གི་དོན་དྲུག་ནི་དབུ་མ་རྒྱན་ལས། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་སོ། །དེ་ལ་རྫས་ནི་དགུ་སྟེ། བདག ས། ཆུ། མེ། རླུང༌། ནམ་མཁའ། དུས། ཕྱོགས། ཡིད་དོ། །དེའང་རགས་པ་ཡན་ལག་ཅན་གྱི་རྫས་རྡུལ་ཕྲ་རབ་སྟེ། འཇིག་རྟེན་འདི་མེ་ལ་སོགས་པས་ཞིག་ན། རགས་པ་ཞིག་ཀྱང་ཕྲ་མོ་མི་འཇིག་སྟེ། འབྱུང་བཞིའི་རྡུལ་ཕྲ་རབ་ཕྱོགས་ཆ་མེད་པ་རྟག་པ་སོ་སོར་གནས་པ་ལས་གང་གི་ཚེ་དབང་ཕྱུག་འཇིག་རྟེན་བསྐྱེད་པར་འདོད་པ་དང༌། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་རྡུལ་ཕྲ་རབ་གཉིས་འབྱར་བ་ནི་རླུང་གི་རྡུལ་ཕྲ་རབ་བོ། །དེ་ནས་རྡུལ་ཕྲ་རབ་གསུམ་པ་ཅིག་འབྱར་བ་ནི་རྡུལ་ཕྲ་རབ་གཉིས་ཀྱི་རྡུལ་ཕྲ་རབ་ཞེས་བྱ་ཞིང༌། དེ་ནས་སེ་གོལ་གཏོགས་པ་ཙམ་གྱིས་རླུང་གི་དཀྱིལ་འཁོར་ཆེན་པོ་སྟོང་གསུམ་གྱི་ཚད་ཙམ་པ་འགྲུབ་བོ། །དེ་ནས་རིམ་གྱིས་ཆུ་དང་ས་མེའི་དཀྱིལ་འཁོར་རྣམས་འགྲུབ་བོ། །དེ་རྣམས་ཀྱི་རྒྱུ་རྡུལ་ཕྲ་རབ་དེ་ལ་རྫས་ཞེས་བྱའོ། །རྫས་དེའང་དགུ་སྟེ། ས་ཆུ་མེ་རླུང་བདག་དང་ནི། །དུས་ཕྱོགས་ཡིད་དང་ནམ་མཁའ་འོ། །རྫས་དེའི་ཡོན་ཏན་ནི་སྒྲ་ལ་སོགས་པ་ཉི་ཤུ་རྩ་ལྔའོ། །ལས་ནི་ལྔ་སྟེ། འདེགས་པ། བརྐྱང་པ། བསྐུམ་པ། འཇོག་པ། འགྲོ་བའོ། །དེ་རྣམས་ལ་བརྟེན་པའི་སྤྱི་ནི་གཉིས་ཏེ། སྤྱི་ཆེན་པོ་དང༌། ཉི་ཚེ་བའི་སྤྱི་བོ། དང་པོ་རིགས་མི་འདྲ་བ་རྟ་དང་བ་ལང་ལ་སོགས་པ་ཐམས་ཅད་ལ་ཁྱབ་པ་དངོས་པོ་གཟུགས་ཅན་ལྟ་བུའོ། །དེ་ཡང་ཆོས་ལྔ་དང་ལྡན་པ་སྟེ། གཅིག་ཡིན་པ། རྟག་པ། ཁྱབ་པ། གཡོ་བ་མེད་པ། སྣང་རུང་ཡིན་པའོ། །ཉི་ཚེ་བའི་སྤྱི་ནི་རིགས་མཐུན་པ་རྣམས་ལ་ཡོད་ཀྱི་རིགས་མི་མཐུན་པ་རྣམས་ལ་མེད་པ་སྟེ། དཔེར་ན་བ་ལང་ཐམས་ཅད་ལ་ཁྱབ་པའི་སྤྱི་བ་ལང་ལྟ་བུ། བྱེ་བྲག་ནི་མ་འདྲེས་པར་སོ་སོར་གནས་པའོ། །འདུ་བ་ནི་འགོག་པའི་སྒོ་ནས་ཐ་མི་དད་དུ་གནོས་པའོ། །བྱེ་བྲག་པའི་ཁྱད་པར་ཁ་ཅིག་ཚངས་པ་རྒྱུར་སྨྲ་བ་སྟེ། སྔར་བཞིན་ཡན་ལག་ཅན་གྱི་རྫས་རྡུལ་ཕྲ་རབ་རྣམས་རིམ་གྱིས་འདུས་པ་ལས་རླུང་དང་ས་དང༌། མེའི་དཀྱིལ་འཁོར་འགྲུབ་པར་འགྱུར་ཞིང༌། མེའི་དབུས་སུ་ཚངས་པའི་སྒོ་ང་ཆེན་པོ་འོད་འབར་བ་ཅིག་གནས་པ་ལས། དེ་སྨིན་པས་པདྨ་ལས་བྱུང་བའི་ཚངས་པ་གདོང་བཞི་པ་ཅིག་བྱུང་སྟེ། དེས་འཇིག་རྟེན་ཐམས་ཅད་སྤྲུལ་པར་འདོད་དོ། །ཡང་ཁ་ཅིག་ཐམས་ཅད་ཀྱི་རྒྱུ་དུས་ཡིན་པར་འདོད་དེ། ཐམས་ཅད་དུས་ཀྱི་བྱས་པས། དུས་ཀྱིས་འགག་པ་དུས་དང་ལྡན་ན་རྩི་ཤིང་ལ་སོགས་པ་ཡང་སོས་ཀ་ལ་སོགས་པའི་དུས་སུ་རང་དབང་མེད་པར་སྐྱེ་ལ། དགུན་ལ་སོགས་པའི་དུས་སུ་འགག་པར་འགྱུར་ཏེ། དུས་ནི་སུས་ཀྱང་བཟློག་པར་མི་ནུས་སོ། །དེ་སྐད་དུ་ཡང༌། དུས་རྟག་པ་ལས། འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །དུས་ནི་སྐྱེ་དགུ་རྣམ་སྡུད་ཅིང༌། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་ཟེར་རོ། །ལྷ་རིགས་ཀུན་གྱི་གཙོ་བོར་གྱུར་པ་ཁྱབ་འཇུག་གི་རྗེས་སུ་འབྲང་བའི་རིགས་པ་ཅན་རྣམས་ནི། ཚད་མ་དང་གཞལ་བྱ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་བཅུ་དྲུག་ཏུ་འདོད་དོ། །དྲང་སྲོང་རྒྱས་པའི་རྗེས་སུ་འབྲང་བ་རྒྱལ་བ་པའམ་གཅེར་བུ་པ་རྣམས་ནི་སྲོག་དང་ཟག་པ་དང༌། སྡོམ་པ་ལ་སོགས་ཚིག་གི་དོན་དགུ་ཁས་ལེན་ནོ། །ད་ནི་དེ་དག་དགག་པར་བྱ་སྟེ། གྲངས་ཅན་གྱི་གཙོ་བོ་དང༌། བྱེ་བྲག་པའི་བདག་ཆོས་ཅན། བྱེད་པ་པོ་མ་ཡིན་པར་ཐལ་ཏེ། ངོ་བོ་མེད་པའི་ཕྱིར་མོ་བཤམ་གྱི་བུ་བཞིན་ནོ། །འདིའི་དམ་བཅའ་ཁས་བླངས་ཀྱིས་བསལ་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་བོ་ཞེ་ན། གཙོ་བོ་དང་བདག་ཆོས་ཅན། ངོ་བོ་མེད་པར་ཐལ་ཏེ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །དེ་སྐད་དུ་ཡང་སྤྱོད་འཇུག་ལས། གཙོ་བོ་ཞེས་བྱར་གང་འདོད་དང༌། །བདག་ཅེས་བཏགས་པ་གང་ཡིན་པ། །དེ་ཉིད་བདག་ནི་འབྱུང་བྱ་ཞེས། །ཆེད་དུ་བསམས་ཏེ་འབྱུང་བ་མེད། །མ་སྐྱེས་པར་ནི་དེ་མེད་ན། །དེ་ཚེ་སྐྱེ་བར་འདོད་པ་གང༌། །ཞེས་སོ། །ཡང་འགྲོ་བ་ལ་སོགས་པའི་དངོས་པོ་ཆོས་ཅན། དབང་ཕྱུག་གམ། གཙོ་བོའམ། བདག་གིས་བྱས་པ་མ་ཡིན་པར་ཐལ་ཏེ། རིམ་པ་ཅན་དུ་འབྱུང་བའི་ཕྱིར་རོ། །འདི་ལ་གསུམ་ལས། དམ་བཅའ་ཁས་བླངས་ཀྱིས་བསལ་ལོ། །རྟགས་ནི་ཚད་མས་གྲུབ་བོ། །ཁྱབ་པ་ཡང་ཚད་མས་གྲུབ་སྟེ། རྒྱུ་རྟག་པ་གཅིག་གིས་འབྲས་བུ་མི་འདྲ་བ་དུ་མ་ཡང་དང་ཡང་དུ་བསྐྱེད་པ་འགལ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། མངོན་པ་མཛོད་ལས། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་སོ། །ཕུར་བུ་བའི་ངོ་བོ་ཉིད་རྒྱུར་འདོད་པ་མི་འཐད་དེ། སྣོད་བཅུད་ཀྱི་རིམ་པ་ཆོས་ཅན། ནམ་མཁའ་བཞིན་དུ་རྟག་ཏུ་ཡོད་པའམ། རི་བོང་གི་རྭ་བཞིན་དུ་རྟག་ཏུ་མེད་པར་ཐལ་ཏེ། རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དེ་ལ་བརྟེན་པའི་ལོག་རྟོག་དགག་པའི་རིགས་པ་མང་དུ་ཡོད་མོད། འདིར་མ་སྤྲོས་སོ། །ཆད་པར་ལྟ་བའི་ཕྱོགས་ལ་བརྟེན་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ལ་གཉིས། འཁོར་འདས་ཐམས་ཅད་ལ་སྐུར་བ་འདེབས་པ་དང༌། མྱ་ངན་ལས་འདས་པ་ལ་སྐུར་བ་འདེབས་པའོ། །དང་པོ་ནི་ཚུ་རོལ་མཛེས་པ་བ་ན་རེ་སྐྱེ་བོ་སྔོན་མའི་རྒྱུ་ལ་མི་ལྟོས་ཏེ། ལུས་འདི་ནི་འབྱུང་བ་འདུས་པ་ལས་གློ་བུར་དུ་གྲུབ་ལ། ཤེས་པ་ཡང་ལུས་ལ་བརྟེན་ནས་གློ་བུར་དུ་གྲུབ་སྟེ། མར་མེ་གློ་བུར་དུ་གྲུབ་པས་འོད་གློ་བུར་དུ་གྲུབ་པ་བཞིན་ནོ། །དེས་ན་སྐྱེ་བ་སྔ་མ་མེད་དོ། །སྐྱེ་བ་ཕྱི་མ་ཡང་མེད་དེ། དཔེར་ན་མར་མེ་ཤི་བས་འོད་མེད་པ་བཞིན་ནོ། །སེམས་ཀྱང་ཆོས་དེ་ལ་བརྟེན་ཞེས་པས་ཁྱིམ་གཞན་དུ་ཤི་བའི་མར་མེ་དེ་ཁྱིམ་གཞན་དུ་མི་འབྱུང་བ་ལྟར། ལུས་སེམས་ཕུང་པོ་གཞན་དུ་ཉིང་མཚམས་སྦྱོར་བ་མེད་དེ། ཤི་བའི་དུས་སུ་ལུས་ནི་འབྱུང་བ་བཞི་ལ་ཐིམ། སེམས་ནི་ནམ་མཁའ་སྟོང་པ་ཅང་མེད་དུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང༌། མཛེས་མ་མ་ཤི་བར་དུ་ཅི་དགར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་བཞིན་སོང་ན། །སེམས་ནི་ནམ་མཁའི་བག་ལ་ཞ། །ཞེས་སོ། །དེ་ལྟར་ཚེ་སྔ་ཕྱི་མེད་པས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ལས་རྒྱུ་འབྲས་ཀྱང་མེད་དོ། །དེ་ཉིད་ཀྱི་ཕྱིར་དཀོན་མཆོག་གསུམ་ཡང་མ་གྲུབ་སྟེ། ཁྱེད་སངས་རྒྱས་པའི་ལུགས་ཀྱིས་འབྲས་བུ་སངས་རྒྱས་བྱ་བ་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་ལས་གྲུབ་པར་འདོད་པ་ལ་བསྐལ་པར་ཚོགས་བསག་ཏུ་མེད་དེ་ཚེ་སྔ་ཕྱིར་མེད་པའི་ཕྱིར་རོ། །དེ་མེད་པས་འབྲས་བུ་སངས་རྒྱས་མེད་དོ། །དེ་མེད་པས་དེས་གསུངས་པའི་ཆོས་དང༌། དེ་སྒྲུབ་པའི་དགེ་འདུན་མེད་དོ་ཞེས་ཟེར་རོ། །མྱ་ངན་ལས་འདས་པ་ལ་སྐུར་བ་འདེབས་པ་སྤྱོད་པ་བ་ན་རེ། ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་འཁོར་བ་ན་ཡོད་ལ། མྱ་ངན་ལས་འདས་པ་ནི་མེད་དེ། །ཁྱེད་མྱ་ངན་ལས་འདས་པ་ཞེས་བྱ་བ་སེམས་ཉོན་མོངས་པ་དང་བྲལ་བ་ལ་ཟེར་བ་ལ། ཉོན་མོངས་པ་སྤང་དུ་མི་བཏུབ་སྟེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར། མེས་ཚ་བ་སྤོང་དུ་མི་འདོད་པའི་ཕྱིར་རོ། །གལ་ཏེ་སྤང་དུ་འདོད་ཀྱང་མྱ་ངན་ལས་འདས་པ་ཞེས་བྱ་བ་མེད་པས་བསྒྲུབ་ཏུ་མེད་པའི་ཕྱིར་རོ། །དེ་ཡོད་ཀྱང་སྒྲུབ་པའི་ཐབས་མེད་པའི་ཕྱིར་དང༌། ཐབས་ཡོད་ཀྱང་དེ་མི་ཤེས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། ཐབས་མེད་ཕྱིར་དང་བསྒྲུབ་མེད་ཕྱིར། །ཐབས་ཀྱང་ཡོངས་སུ་མི་ཤེས་ཕྱིར། །ཞེས་སྨྲའོ། །དེ་དགག་པ་གཉིས་ལས། འཁོར་འདས་ཐམས་ཅད་ལ་སྐུར་བ་འདེབས་པ་དགག་པ་ལ། ལུང་ནི་སངས་རྒྱས་པའི་ལུང་རྩིས་སུ་མི་ཆེ་ཡང༌། ཕྱི་རོལ་པའི་མངོན་ཤེས་ཐོབ་པ་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་གསུངས་སོ། །རྣལ་འབྱོར་བ་ཁ་ཅིག་ལ་སྐྱེ་བ་མངོན་སུམ་བཞིན་དུའང་སྣང་སྟེ། སྐྱེས་རབས་ལས། ཉི་ཟླ་སྐར་མས་བརྒྱན་པའི་ནམ་མཁའ་དང༌། །དུད་འགྲོ་རྟག་པ་རྣམ་པ་མང་པོ་འདི། །འཇིག་རྟེན་ཕ་རོལ་མངོན་སུམ་བཞིན་དུ་སྣང༌། །འདི་ལ་ཐེ་ཚོམ་སྐྱེད་པར་མ་བྱེད་ཅིག །བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས། །ཚེ་རབས་དྲན་པའང་དེ་དང་དེ་ན་སྣང༌། །ཞེས་སོ། །ཡང་སྐྱེ་བ་སྔ་ཕྱི་ཆོས་ཅན་ངེས་པར་ཡོད་དེ། ལུང་ལས་གསུངས་པ་ཡིན་པའི་ཕྱིར། རྣམ་པར་རྒྱལ་བའི་ཁང་བཟངས་བཞིན་ནོ། །གཞན་ཡང་འབྲས་བུའི་རྟགས་ཀྱིས་སྐྱེ་བ་སྔོན་མ་བསྒྲུབ་པ་དང༌། རང་བཞིན་གྱི་རྟགས་ཀྱིས་སྐྱེ་བ་ཕྱི་མ་བསྒྲུབ་པའོ། །དང་པོ་ནི་སྐྱེས་མ་ཐག་པའི་ཕུང་པོ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། ཕུང་པོ་ཙམ་ཡིན་པའི་ཕྱིར། ད་ལྟར་གྱི་ཕུང་པོ་བཞིན་ནོ། །དེ་སྐད་དུ་ཡང་ཁོ་བོས་བྱས་པའི་རིགས་པའི་གཏེར་ལས། སེམས་ལས་གཞན་ལ་ལྟོས་མེད་ཀྱི། །རྟགས་ཀྱི་སྔོན་མཐའ་ཐུག་མེད་འགྲུབ། །ཅེས་པ་དང༌། སྐྱེས་རབས་ལས། མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི། །དེ་མ་ཐག་པ་ཚེ་རབས་བླ་མའི་བློ། །སྔ་མའི་བློ་ལ་ཕྱི་མའི་བློ་གྲུབ་ན། །འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོགས། །ཞེས་སོ། །རང་བཞིན་གྱི་རྟགས་ཀྱིས་སྐྱེ་བ་ཕྱི་མ་བསྒྲུབ་པ་ནི། དགྲ་བཅོམ་ལས་གཞན་པ་འཆི་བའི་ཕུང་པོ་ཆོས་ཅན། ཕུང་པོ་ཕྱི་མ་བསྐྱེད་པ་ངེས་ཏེ། རྒྱུ་ཚང་ཞིང་གེགས་མེད་པའི་ཕྱིར། ཚོགས་པ་ཐ་མའི་མྱུ་གུ་བཞིན་ནོ། །དེ་སྐད་དུ་ཡང་རིགས་གཏེར་ལས། རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི། །རྟགས་ཀྱི་ཕྱི་མཐའ་ཐུག་མེད་འགྲུབ། །ཅེས་པ་དང༌། །སྐྱེ་མཆེད་འདི་ལས་སྐྱེ་མཆེད་གཞན། །དེ་ཡི་བཟང་ངན་ལས་ཀྱིས་བྱེད། །ཅེས་པ་དང༌། རྣམ་འགྲེལ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཡིན་ནོ། །ཞེས་སོ། །སྐྱེ་བ་སྔ་ཕྱི་གྲུབ་པས་ལས་རྒྱུ་འབྲས་ཀྱང་གྲུབ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཉོན་མོངས་པ་ལས་ལས་ཏེ་དེ་ལས་ཀྱང༌། །སྐྱེ་བ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །ཞེས་སོ། །དེ་ལྟར་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་གྲུབ་པས་ན་སངས་རྒྱས་ཀྱང་འགྲུབ་སྟེ། ཚེ་རབས་དུ་མར་རྒྱུ་ཚོགས་གཉིས་བསགས་པས་འབྲས་བུ་སངས་རྒྱས་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་ཡིན། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་འགྲུབ་པའི་རྒྱུ། །ཞེས་སོ། །དེ་ལྟར་སངས་རྒྱས་འགྲུབ་པས་དེ་གསུངས་པའི་ཆོས་དང༌། དེ་སྒྲུབ་པའི་དགེ་འདུན་ཡང་ཡོད་པར་གྲུབ་བོ། །མྱ་ངན་ལས་འདས་པ་ལ་སྐུར་པ་འདེབས་པ་དགག་པ་ནི། ཉོན་མོངས་པ་ཆོས་ཅན། སེམས་ཀྱི་རང་བཞིན་མ་ཡིན་པར་ཐལ་ཏེ། རེས་འགའ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། སེམས་འདིའི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོ། །ཉོན་མོངས་པ་སྤོང་བའི་ཐབས་མེད་པའང་མ་གྲུབ་སྟེ། ཉོན་མོངས་པའི་རྒྱུ་བདག་ཏུ་འཛིན་པའམ། དངོས་པོར་འཛིན་པ་ཡིན་ལ། དེ་དང་འགལ་བའི་བདག་མེད་དམ་སྟོང་ཉིད་སྒོམ་པའི་ཐབས་ཡོད་པའི་ཕྱིར་དང༌། རྒྱུ་ལོག་པས་འབྲས་བུ་ལྡོག་སྟེ། མེ་ཤི་བས་དུ་བ་མི་འབྱུང་བ་བཞིན་ནོ། །དེ་སྐད་དུ་ཡང་རིགས་གཏེར་ལས། བདག་མེད་བདག་དང་འགལ་བས་ན། །བདག་མེད་མཐོང་བས་དེ་སུན་འབྱིན། །ཞེས་པ་དང༌། རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ལས་བྱུང་བའི་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་པ་དང༌། བདག་ལྟའི་ས་བོན་སྤང་བའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་སོ། །ཐབས་དེ་མི་ཤེས་པའི་ཕྱིར་ཞེས་པ་ཡང་མ་གྲུབ་སྟེ། ཐབས་སྟོན་པར་བྱེད་པ་སྡེ་སྣོད་ཀྱི་གཞུང་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་མངོན་པ་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །གཉིས་པ་གསང་བར་སྨྲ་བ་ལ་གཉིས་ལས། དང་པོ་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་སྟེ། དེ་ལ་བྱེད་པ་པོ་རྒྱུར་སྨྲ་བ་ཡང་ཟེར། དེ་ཁོ་ན་ཉིད་གཅིག་ཏུ་སྨྲ་བ་ཞེས་ཀྱང་བྱ། དེ་རྣམས་ནི་མདོར་ཚངས་པ་ལ་སོགས་པ་སྟེ། དེའི་ལུགས་ཀྱིས་སྲོག་ཆགས་ཐམས་ཅད་ཀྱི་སྙིང་གི་དཀྱིལ་ན། རྣམ་པར་ཤེས་པ་སྟེ་མཐེ་བོང་ཙམ་ཆུང་སྟེ་ཡུངས་འབྲུ་ཙམ། དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ཅིག་ཡོད་དེ། གསང་བའི་མཛོད་ལས། ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །རྟག་པར་མཐེ་བོང་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་ངེས་ལེན་ཏེ། །རྫ་བཅག་བྱེ་འཕུར་ཇི་བཞིན་ནོ། །ཞེས་སོ། །རྣམ་པར་ཤེས་པ་གཅིག་པུ་དེ་ཡང༌། མ་རིག་པ་དང་བྲལ་བའི་ཕྱིར་སངས་རྒྱས་ཞེས་བྱ་ལ། འདོད་ཆགས་ལ་སོགས་པའི་འཆིང་བ་ལས་གྲོལ་ཞིང་བླང་དོར་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཕ་དང་བུ་དང་བུ་མོ་སྦྱར་བ་ལས། །རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །འདི་ལྟར་རྟག་ཏུ་སངས་རྒྱས་གྲོལ་བ་ཡིན། །བླང་དང་དོར་བ་མེད་ཅེས་རབ་བཏགས་པ། །ཚངས་པ་མྱ་ངན་འདས་པར་རྟག་གནས་བྱོས། །ཞེས་སོ། །བུ་གཅིག་ཚངས་པ་མཆོག་ཏུ་བདེན། །རིག་པའི་དབང་ཕྱུག་མུ་མཐའ་ཡས། །འབའ་ཞིག་ཡོད་པར་ཉིད་སྨྲ་བ། །དེ་ནི་ཞགས་པར་རབ་ཏུ་བརྗོད། །ཅེས་སྨྲའོ། །གཉིས་པ་དབུ་མའི་ཚུལ་དུ་སྨྲ་བ་ནི། མུ་སྟེགས་ཀྱི་སྟོན་པ་ཁྱབ་འཇུག་དང་མིག་མི་བཟང་ལ་སོགས་པ་སྟེ། དེའི་ལུགས་ཀྱིས་སེམས་བདག་རྟག་པ་མིང་དང་ཐ་སྙད་ལས་འདས་པ། དངོས་པོ་དང་དངོས་མེད་སྤངས་པའི་བདག་དེ་ནི་དོན་དམ་པ། དེ་ལས་གཞན་པ་མིང་དང་ཐ་སྙད་དང་གཟུགས་ལ་སོགས་པ་ཀུན་རྫོབ་སྟེ། ཁྱབ་འཇུག་གིས་བཤད་པའི་ཞགས་ལྔ་པ་ལས། མིང་ཙམ་ལས་ནི་རབ་འདས་ཤིང༌། །དངོས་དང་དངོས་མེད་རྣམ་པར་སྤངས། །གང་དེ་ཤེས་ཏེ་རིག་བྱེད་རིག །ཅེས་སྨྲ་བར་བྱེད་དོ། །གཞན་ཡང་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ནས། རྟོག་གེ་བ་དྲུག་ནི། འོད་སྲུངས་རྫོགས་བྱེད་དང༌། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང༌། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང༌། མི་ཕམ་སྐྲའི་ལྭ་བ་ཅན་དང༌། ཀ་ཏྱའི་བུ་ནོག་ཅན་དང༌། གཅེར་བུ་གཉེན་གྱི་བུའོ། །རྗེས་སུ་སྒྲོགས་པ་དྲུག་ནི། བྲམ་ཟེ་རྒྱུ་སྐར་དང༌། བྲམ་ཟེ་རྣ་ལྟག་དང༌། བྲམ་ཟེ་བཟང་ལྡན་དང༌། བྲམ་ཟེ་ཚངས་པའི་ཚེ་དང༌། བྲམ་ཟེ་པདྨའི་སྙིང་པོ་དང༌། བྲམ་ཟེ་དམར་བུའོ། །སྙོམས་པར་འཇུག་པ་ནི་རེངས་སྤྱོད་ཀྱི་བུ་ལྷག་སྤྱོད་དང༌། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང༌། ཀུན་ཏུ་རྒྱུ་ལེགས་བཟང་དང༌། དྲང་སྲོང་མ་བཅིངས་པ་དང༌། སྟེང་རྒྱལ་འོད་སྲུངས་རལ་པ་ཅན་ནོ། །དེ་དག་གི་འདོད་པ་ཕལ་ཆེ་བ་ནི་སྔ་མ་རྣམས་ཡིན་ནོ། །དེ་དག་དང་དེ་དག་ལ་བརྟེན་པའི་མུ་སྟེགས་བྱེད་ཀྱི་འདོད་པ་དང༌། དེ་དག་དགག་པ་རྒྱས་པ་ནི་འདིར་མ་སྤྲོས་ཏེ་ཡི་གེ་མངས་པོ་ལ་འཇིགས་པའོ། །དེ་ལྟར་མྱ་ངན་ལས་འདས་པ་ལས་ཕྱི་རོལ་དུ་གྱུར་པ་ཕྱི་པ་མུ་སྟེགས་ཀྱི་གཞུང་ལུགས་བཤད་ནས། ད་ནི་དེ་ལས་ནང་དུ་གྱུར་པ་ནང་པ་སངས་རྒྱས་པའི་གཞུང་ལུགས་བཤད་པར་བྱའོ། །དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཁ་ཅིག་ན་རེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུ་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་སྟེ། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་དང་མི་ལེན་པའོ་ཞེས་ཟེར་རོ། །འོ་ན་གནས་མ་བུའི་སྡེ་པ་སངས་རྒྱས་པ་མ་ཡིན་པར་འགྱུར་ཏེ། བརྗོད་དུ་མེད་པའི་བདག་ཁས་ལེན་པའི་ཕྱིར་རོ། །ཁ་ཅིག་ན་རེ་དབང་ཕྱུག་ལ་སོགས་པ་སྐྱབས་གནས་སུ་འཛིན་པ་ཕྱི་རོལ་པ་ཡིན་ལ། དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་ནང་པ་སངས་རྒྱས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ལྟ་ན་དེ་བཞིན་གཤེགས་པའང་ནང་པ་མ་ཡིན་པར་འགྱུར་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བའི་ཕྱིར་རོ། །ཡང་ལ་ལ་ན་རེ། རྟག་པའམ་ཆད་པར་ལྟ་བ་ནི་ཕྱི་པ་ཡིན་ལ། བདག་མེད་པའི་ལྟ་བ་ཅན་ནི་ནང་པ་ཡིན་པའོ། །ཞེས་ཟེར་རོ། །འོ་ན་གྲུབ་མཐས་བློ་མ་བསྒྱུར་བ་ཁ་ཅིག་ཀྱང་ཕྱི་པ་མུ་སྟེགས་པར་འགྱུར་ཏེ། ཉེར་ལེན་གྱི་ཕུང་པོ་ལ་རྟག་པའམ། ཆད་པར་ལྟ་བའི་ཕྱིར་རོ། །གནས་མ་བུ་པ་ནང་པ་མ་ཡིན་པར་འགྱུར་རོ། །ཡང་འགའ་ཞིག་ན་རེ་ཚངས་པ་ལ་སོགས་པ་འབྲས་བུར་འཛིན་པ་ཕྱི་པ་མུ་སྟེགས་པ་ཡིན་ལ། བྱང་ཆུབ་གསུམ་འབྲས་བུར་འཛིན་པ་ནང་པའོ་ཞེས་སྨྲའོ། །དེ་ལྟར་ན་ཆད་པར་ལྟ་བ་རྣམས་ཕྱི་པ་མ་ཡིན་པར་འགྱུར་ཏེ། འབྲས་བུ་གང་ཡང་མི་འཛིན་པའི་ཕྱིར་རོ། །དེས་ན་གྲུབ་མཐས་བློ་བསྒྱུར་བ་གང་ཞིག་ཡང་དག་པའི་བསླབ་པ་གསུམ་ལ་མི་སློབ་པ་ནི་མུ་སྟེགས་པ་ཡིན་ཞིང༌། གྲུབ་མཐས་བློ་བསྒྱུར་ནས་ཡང་དག་པའི་བསླབ་པ་གསུམ་ལ་སློབ་པའམ། བསླབ་པ་མཐར་ཕྱིན་པ་ནི་ནང་པ་སངས་རྒྱས་པ་ཡིན་ནོ། །ཁྱད་པར་དེ་དག་དང་ལྡན་པའི་ནང་པ་སངས་རྒྱས་པ་ལ་གཉིས་ཏེ། ཐེག་པ་ཆུང་བ་དང༌། ཐེག་པ་ཆེན་པོའོ། །དང་པོ་ལ་གཉིས། ཉན་ཐོས་དང༌། རང་སངས་རྒྱས་སོ། །དང་པོ་ལ་དྲུག་ལས། དང་པོ་ངེས་པའི་ཚིག་ནི་གཞན་བརྟེན་ཐོས་སྒྲོགས་ཞེས་པ་སྟེ། སློབ་དཔོན་གཞན་ལ་བརྟེན་ཅིང༌། དེ་ལས་ཐོས་པའི་དོན་གཞན་ལ་སྒྲོགས་པའོ། །དེ་སྐད་དུ་ཡང་དམ་པའི་ཆོས་པདྨ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མེ་ཟད་འདྲ། །ཞེས་སོ། །རྒྱུ་མཚན་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་པས་ཉན་ཐོས་སུ་འགྱུར་ཞེ་ན། མི་འགྱུར་ཏེ་སྒྲ་བཤད་དུ་ཡོད་ཀྱང་མི་འཇུག་པའི་ཕྱིར་རོ། །གཉིས་པ་འཇུག་པའི་སྒོ་ནི། འཕགས་པའི་བདེན་པ་བཞི་ལ་རྣམ་ཤེས་བཅུ་དྲུག་གི་སྒོ་ནས་འཇུག་སྟེ། མངོན་པ་མཛོད་ལས། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང༌། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་པ་དང༌། དེ་ལྟར་ལྡན་པའི་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ་རྣམ་གསུམ་སྟེ། །མཐོང་དམིགས་བྱ་བ་ཞེས་བྱའོ། །ཞེས་སོ། །གསུམ་པ་བསྲུང་བའི་ཚུལ་ཁྲིམས་ནི། སོ་སོ་ཐར་པ་རིགས་བརྒྱད་དེ། དེ་ཉིད་ལས། སོ་ཐར་ཞེས་བྱ་རྣམ་པ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་བྱེད་དང་དགེ་སློང་ཉིད། །ཅེས་སོ། །བཞི་པ་གྲུབ་པའི་འབྲས་བུ་ལ་གཉིས་ལས། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི་འདུས་བྱས་བརྒྱད་ཅུ་རྩ་དགུ་དང༌། འདུས་མ་བྱས་བརྒྱད་ཅུ་རྩ་དགུའམ། དགེ་སྦྱོང་གི་འབྲས་བུ་བཞི་ཡིན་ཏེ། དེ་ཉིད་ལས། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །འབྲས་བུ་བཞི་རྣམས་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་སྡོམ་དང༌། །ཤེས་པ་བརྒྱད་སོགས་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་སོ། །ཡང་ན་དགྲ་བཅོམ་པའི་ཚེའི་འདུ་བྱེད་བཏང་ནས་སོ། །ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་འདི་ལྟ་སྟེ། མར་མེ་ཤི་བ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་བཤད་པས། དགྲ་བཅོམ་པའི་ཚེའི་འདུ་བྱེད་བཏང་ནས། སྡུག་བསྔལ་ལམ་ཕུང་པོའི་ལྷག་མ་ཅུང་ཟད་ཀྱང་མ་ལུས་པའོ། །ལྔ་པ་རྟོགས་པའི་ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པ་ཡིན་ནོ། །དེའང་མུ་སྟེགས་བྱེད་ཀྱིས་བཏགས་པའི་གང་ཟག་གི་བདག་རྟག་པ་གཅིག་པུ་གཙང་བར་བྱེད་པ་པོ་རང་དབང་ཅན་ཞེས་པ་དེ་མེད་པའོ། །དེ་ལྟ་བུའི་གང་ཟག་གི་བདག་ཡོད་པར་འཛིན་པའི་བློ་འཁྲུལ་པ་ཡིན་ཏེ། ཡུལ་མེད་པའི་བློ་ཡིན་པའི་ཕྱིར། ཐག་པ་ལ་སྦྲུལ་དུ་འཛིན་པ་བཞིན་ནོ། །གཏན་ཚིགས་དེ་ཉིད་མ་གྲུབ་བོ་ཞེ་ན། ཕུང་པོ་དེ་ཉིད་གང་ཟག་གི་བདག་ཡིན་ནམ། ཕུང་པོ་ལས་གཞན་དུ་ཡོད། ཕུང་པོ་ཉིད་གང་ཟག་གི་བདག་ཡིན་ན། ཕུང་པོ་ཆོས་ཅན་གང་ཟག་གི་བདག་མ་ཡིན་པར་ཐལ་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །མ་གྲུབ་བོ་ཞེ་ན། ཕུང་པོ་ཆོས་ཅན་བདག་དང་མི་མཐུན་པར་ཐལ་ཏེ། མི་རྟག་པ་དུ་མ་ཡིན་ཞིང༌། བྱེད་པ་པོ་མ་ཡིན་ལ་མི་གཙང་བ་གཞན་དབང་དུ་གྱུར་པའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་སྡེ་རྒྱན་ལས། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །ཞེས་སོ། །ཕུང་པོ་ལས་གཞན་དུ་གང་ཟག་གི་བདག་ཡོད་དོ་ཞེ་ན། ཕུང་པོ་ལས་གཞན་པ་ཆོས་ཅན་གང་ཟག་གི་བདག་མེད་པར་ཐལ་ཏེ། གང་ཟག་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཚུལ་གསུམ་སྒྲོན་མེ་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །ཞེས་བཤད་པས་ཕུང་པོའི་རྒྱུན་རྒྱུ་ལས་དང་ཉོན་མོངས་པས་གང་ཞིག་ཟག་པས་གང་ཟག་ཅེས་བྱའོ། །མདོ་ལས་ཀྱང༌། དགེ་སློང་དག་བདག་གོ་སྙམ་དུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཁོ་ན་ལ་རྗེས་སུ་ལྟའོ། །ཞེས་དང༌། མངོན་པ་མཛོད་ལས། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་གསུངས་སོ། །དེའང་གཞུང་ལུགས་ཁ་ཅིག་གི་དབང་དུ་བྱས་ནས་གང་ཟག་གི་བདག་མེད་རྟོགས་ཤིང༌། ཆོས་ཀྱི་བདག་མེད་མ་རྟོགས་སོ་ཞེས་རྣམ་པར་གཞག་པ་ཡིན་གྱི། དོན་གྱི་གནས་ལུགས་ལ་ཉན་རང་གིས་བདག་མེད་གཉིས་ཀ་རྟོགས་པ་ཡིན་ཏེ། བཞི་བསྡུ་བ་ལས། དེ་ལ་གང་ཟག་གི་བདག་མེད་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་ཕུང་པོ་རྣམས་ལས་དོན་ཐ་དད་པའི་བདག་མེད་པའི་ཕྱིར་རོ། །ཆོས་ལ་བདག་མེད་པ་ནི། ཕུང་པོ་དེ་དག་ཉིད་བདག་མེད་དེ། །མི་རྟག་པའི་ཕྱིར་རོ་ཞེས་དང༌། ཀ་ཏྱ་ནའི་མདོ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པར་མཛད། །ཅེས་པ་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ན། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་སོ། །གལ་ཏེ་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ན་ཉན་ཐོས་དགྲ་བཅོམ་དང༌། རང་རྒྱལ་ཆོས་ཅན། ཁམས་གསུམ་དུ་སྐྱེ་བ་ལེན་པར་ཐལ་ཏེ། དངོས་པོའམ་ཕུང་པོར་འཛིན་པ་ཡོད་པའི་ཕྱིར་རོ། །འདི་ལ་གསུམ་ལས། རྟགས་མ་གྲུབ་བོ་ཞེ་ན། ཆོས་ལ་བདག་འཛིན་ཡོད་པ་ཉམས་སོ། །ཁྱབ་པ་མ་གྲུབ་བོ་ཞེ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ཞེས་བཤད་པས་གྲུབ་བོ། །འདོད་ན་ཉན་ཐོས་དགྲ་བཅོམ་དང་རང་རྒྱལ་ཆོས་ཅན། མྱ་ངན་ལས་འདས་ནས་འཁོར་བ་ལ་མི་གནས་པའི་སྐྱེ་བ་ལེན་པ་མ་ཡིན་པར་འགྱུར་ཏེ། ཁམས་གསུམ་གྱི་སྐྱེ་བ་ལེན་པའི་ཕྱིར་རོ། །འདོད་ན་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱི་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང༌། ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ་ཞེས་གསུངས་པ་དང་འགལ་ལོ། །འོ་ན་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ཀྱི་བདག་མེད་བསྟན་ན། ཐེག་པ་ཆེན་པོ་དོན་མེད་དོ་ཞེ་ན། མ་ཡིན་ཏེ་ཆོས་ཀྱི་བདག་མེད་གསལ་བར་བཤད་པའོ། །དེ་སྐད་དུ་ཡང་དབུ་མ་ལ་བསྟོད་པ་ལས། མཚན་མ་མེད་པར་རྟོགས་པར་ཁྱོད་ཀྱིས་ཐར་བ་མེད་པར་གསུངས། དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚངས་པར་བསྟན་པ་ལགས། །ཞེས་སོ། །ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་དོན་གཞན་ཡང་བསྟན་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སེམས་དཔའ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལ་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང༌། །ཞེས་སོ། །ཉན་རང་གི་བདག་མེད་གཉིས་ཀ་རྟོགས་ཀྱང་བསྐལ་པ་གྲངས་མེད་དུ་སྒྲིབ་པ་མ་སྦྱངས་པས་ཤེས་བྱའི་སྒྲིབ་པ་ཟད་པ་ཡང་མ་ཡིན་ནོ། །དྲུག་པ་རབ་ཏུ་དབྱེ་ན་གསུམ་སྟེ། གྲུབ་མཐའི་སྒོ་ནས་དབྱེ་བ་དང༌། སྡེ་པའི་སྒོ་ནས་དབྱེ་བ་དང༌། འབྲས་བུའི་སྒོ་ནས་དབྱེ་བའོ། །དང་པོ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་གཉིས་སོ། །དེའང་གཉིས་ཀས་ཕྱི་རོལ་པས་བཏགས་པའི་བདག་རྟག་པ་གཅིག་པུ་རང་དབང་ཅན་ལ་སོགས་པ་ནི། ཐག་པ་ལ་སྦྲུལ་བཞིན་ཀུན་རྫོབ་ཏུའང་མི་འདོད་ལ། གང་ཟག་གི་བདག་མེད་རྟོགས་ནས། ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀ་བདེན་པར་འདོད་དེ། འདིར་ཉན་ཐོས་ཀྱི་སྡེ་པ་གཉིས་ཀྱི་འདོད་ལུགས་ངོས་གཟུང་བ་དང༌། མི་འཐད་པའི་ཆ་དགག་པ་ལས། དང་པོ་ནི་ཕྱིའི་རྡུལ་ཕྲ་རབ་ནི་དོན་དམ་པ་ཡིན་ལ། དེས་བརྩམས་པའི་རགས་པ་ནི་ཀུན་རྫོབ་ཡིན་ནོ། །ནང་འཛིན་པའི་སེམས་ཀྱང་སྐད་ཅིག་དོན་དམ་དུ་འདོད་པ་མཐུན་ནོ། །མི་མཐུན་པའི་ཚུལ་ལ་བཞི་ལས་རྡུལ་ཕྲ་རབ་འདུས་ནས་རགས་པ་བརྩམས་པའི་ཚུལ་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བ་ནི་རྡུལ་ཕྲ་རབ་སིལ་བུ་བསྐོར་བ་བར་དང་བཅས་པ་གཡག་རྔའམ་ནེའུ་སིང་ལྟ་བུར་འདོད་དོ། །དེ་སྐད་དུ་ཡང་དབུ་མ་རྒྱན་ལས། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་སོ། །སིལ་བུ་སོ་སོར་གནས་ཀྱང་མི་འཇིག་པ་ནི། སེམས་ཅན་གྱི་ལས་སམ་རླུང་གིས་གཟུང་བར་འདོད་དོ། །མདོ་སྡེ་པ་ནི་རྡུལ་ཕྲ་རབ་རྣམས་འབྱར་ཡང་མ་འབྱར་ལ་བར་ཡང་མེད་པར་འདོད་དོ། །དེ་ཡང་སྣང་བ་བཅུ་བདུན་པ་ལས། ཆོས་ཙམ་ལྟ་བའི་ཉན་ཐོས་ལ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང༌། །ཤེས་པ་སྐད་ཅིག་གནས་པར་མཐུན། །ཞེས་སོ། །གཉིས་པ་ཤེས་པས་ཡུལ་འཛིན་པའི་ཚུལ་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བ་ན་རེ། དབང་པོས་རང་དོན་གྱི་རང་མཚན་མཐོང་ནས་ཤེས་པས་འཛིན་པ་ཡིན་ཏེ། མངོན་པ་མཛོད་ལས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་རྣམ་ཤེས་བརྟེན་པའི་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་རོ། །ཞེས་པ་དང༌། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །རང་བཞིན་ཡིན་ཞེས་ཁོ་ནས་ཤེས། །ཞེས་སོ། །དེའང་གཟུང་འཛིན་དུས་མཉམ་པ་སྟེ། འདས་པ་དང་མ་འོངས་པ་རྣམ་ཤེས་བསྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར་རོ། །མདོ་སྡེ་པ་ན་རེ་དབང་པོ་ཆོས་ཅན། དོན་མཐོང་བྱེད་མ་ཡིན་ཏེ། བེམས་པོ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །དེ་སྐད་དུའང་རིགས་གཏེར་ལས། བེམས་པོ་ཡིན་ཕྱིར་ལྟ་བྱེད་མིན། །ཞེས་སོ། །དོན་ཆོས་ཅན་རྣམ་ཤེས་ཀྱིས་མཐོང་བ་མ་ཡིན་ཏེ། ལྐོག་ན་མོ་ཞེས་བྱ་བ་འདས་པ་ཡིན་པའི་ཕྱིར་རོ། །དེས་ན་དོན་གྱིས་གཏད་པའི་ཤེས་པ་ཉིད་སྣང་བའོ། །དེ་སྐད་དུའང་ཆོས་ཀྱི་གྲགས་པས། དུས་ཐ་དད་ལ་ཇི་ལྟར་གཟུང༌། །ཞེ་ན་ཤེས་ལ་རྣམ་པ་ནི། །འཇོག་པར་ནུས་པ་རྒྱུ་ཉིད་ལ། །གཟུང་བ་ཐ་དད་ཤེས་པས་རིག །ཅེས་པ་དང༌། རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་ཅི་ཡང་མེད། །ཅེས་པ་དང༌། དབུ་མ་རྒྱན་ལས། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་དག་མི་སྲིད་ཀྱང༌། །དེ་དག་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱི་ཚོར་བ་རུང༌། །ཞེས་པ་དང༌། དོན་གྱི་རྣམ་པ་མཐོང་བ་ལ། །དོན་མཐོང་ཞེས་ནི་བཏགས་པ་ཡིན། །ཞེས་སོ། །གསུམ་པ་གཞི་ལྔ་རྫས་སུ་གྲུབ་པ་དང་མ་གྲུབ་པའི་ཚུལ་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བ་ནི། གཞི་ལྔ་ཆར་རྫས་སུ་འདོད་ལ། མདོ་སྡེ་པ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་རྫས་སུ་ཡོད་ཅིང༌། མི་ལྡན་པའི་འདུ་བྱེད་དང༌། འདུས་མ་བྱས་ནི་རྫས་སུ་མི་འདོད་དེ། དེའང་གཞི་ལྔ་ལས་གཟུགས་ཀྱི་གཞི་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང༌། གཟུགས་ལ་སོགས་པའི་དོན་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །སེམས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ །རྣམ་ཤེས་ཚོགས་བརྒྱད་དུ་འདོད་པ་སེམས་ཙམ་པའི་ལུགས་སོ། །སེམས་ལས་བྱུང་བ་ནི་བཞི་བཅུ་རྩ་དྲུག་སྟེ། སེམས་ཀྱི་ས་མང་པོ་བ་བཅུ་དང༌། དགེ་བའི་ས་མང་པོ་བ་བཅུ་དང༌། ཉོན་མོངས་པའི་ས་པ་དྲུག་དང༌། མི་དགེ་བའི་ས་པ་གཉིས་དང༌། ཉོན་མོངས་པ་ཆུང་ངུའི་ས་པ་བཅུ་དང༌། མ་ངེས་པའི་ས་པ་བརྒྱད་དོ། །སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་ཏུ་བཤད་པ་ནི། སེམས་ཙམ་པའི་ལུགས་ཡིན་ཏེ། ཀུན་དུ་འགྲོ་བ་ལྔ་དང༌། ཡུལ་སོ་སོར་ངེས་པ་ལྔ་དང༌། བཅུ་གཅིག་དགེ་བ་དང༌། རྩ་བའི་ཉོན་མོངས་དྲུག་དང༌། ཉི་ཤུ་ཉེ་བའི་ཉོན་མོངས་པ་དང༌། བཞི་གཞན་དུ་འགྱུར་བའོ། །མི་ལྡན་པའི་འདུ་བྱེད་ནི། དངོས་བཞི་ཆ་དང་བཅས་པ་སྟེ། མངོན་པ་མཛོད་ལས། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །འདུ་ཤེས་མེད་དང་སྙོམས་འཇུག་དག །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང༌། །ཞེས་སོ། །འདུས་མ་བྱས་ནི། ནམ་མཁའ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །ཁ་ཅིག་ན་རེ་དེ་བཞིན་ཉིད་དང༌། བཞིའོ་ཞེས་ཟེར་རོ། །བཞི་པ་ཤེས་པའི་རིག་ཚུལ་ནི་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བ་ནི་ཤེས་པ་ཐམས་ཅད་གཞན་རིག་ཏུ་འདོད་ལ། མདོ་སྡེ་པ་ནི་རང་རིག་གཞན་རིག་གཉིས་སུ་འདོད་དོ། །དེ་ལྟར་ཉན་ཐོས་སྡེ་པ་གཉིས་ཀྱི་འདོད་པ་ཅུང་ཟད་བརྗོད་ནས། ད་ནི་དེ་དག་འཐད་མི་འཐད་ཀྱི་རིམ་པ་ཅུང་ཟད་བཤད་པར་བྱའོ། །འདི་ལ་གཉིས་ཏེ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ནི་མུ་སྟེགས་པའམ། ཉན་ཐོས་སྡེ་པ་འདོད་པའི་རྡུལ་དེ་དག་ཆོས་ཅན། དོན་དམ་པ་མ་ཡིན་པར་ཐལ་ཏེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །མ་གྲུབ་བོ་ཞེ་ན། རྡུལ་ཕྲན་དེ་དུ་མར་ཡོད་དམ། གཅིག་ཏུ་ཡོད། གཅིག་ཏུ་ཡོད་ན་ཆ་མེད་ཀྱི་གཅིག་ཏུ་ཡོད་དམ། ཟླ་མེད་ཀྱི་གཅིག་ཏུ་ཡོད། ཆ་མེད་ཀྱི་གཅིག་ཏུ་ཡོད་ན། ཉི་ཤུ་པ་ལས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པའི་རིགས་པས་ཁེགས་སོ། །ཟླ་མེད་ཀྱི་གཅིག་ཏུ་ཡོད་ན། རགས་པ་ཙམ་མི་ནུས་པར་འགྱུར་ཏེ། རྡུལ་ཕྲན་དུ་མ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། དབུ་མ་རྒྱན་ལས། འབྱར་བ་འམ་ནི་བསྐོར་བ་འམ། །བར་མེད་རྣམ་པར་གནས་ཀྱང་རུང༌། །དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །ལྟ་སའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལུས་པ་ཡང༌། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །ཞེས་སོ། །གལ་ཏེ་དུ་མར་ཡོད་དོ་ཞེ་ན། རྡུལ་ཕྲན་ཆོས་ཅན་དུ་མར་མེད་པར་ཐལ་ཏེ། དུ་མའི་རྒྱུ་གཅིག་མེད་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ལ་སོགས་པ་ལའང་ཤེས་པར་བྱའོ། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། གང་གི་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་དང༌། དབུ་མ་རྒྱན་ལས། དངོས་པོ་གང་དག་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་ན། །དེ་ལ་དུ་མ་ཉིད་ཀྱང་མེད། །ཅེས་སོ། །སོ་སོར་དགག་པ་ལ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་དགག་པ་ནི་རྡུལ་ཕྲ་རབ་ཆོས་ཅན། བསྐོར་བར་བཅས་པ་མ་ཡིན་པར་ཐལ་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །དེས་ན་ཕྱོགས་དུས་ནས་བསྐོར་བ་ཡིན་པའི་ཕྱིར་ཆ་མེད་གཅིག་མ་ཡིན་ཏེ། ཉི་ཤུ་པ་ལས། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ༌། །ཞེས་སོ། །གཞན་ཡང་དབང་པོ་ཆོས་ཅན། །དོན་མི་མཐོང་བར་ཐལ་ཏེ། །དོན་དང་འབྲེལ་བ་མེད་པའི་ཕྱིར་རྣ་བས་གཟུགས་མི་མཐོང་བ་བཞིན་ནོ། །རྟགས་མ་གྲུབ་བོ་ཞེ་ན། རིགས་གཏེར་ལས། དུས་མཉམ་པ་ལ་འབྲེལ་བ་མེད། །སྔ་ཕྱི་མིན་ལ་དེ་བྱུང་མེད། །སྔ་ཕྱི་ཡོད་ན་གང་རུང་མེད། །དེས་ན་དངོས་དང་དངོས་མེད་ལ། །དེ་ལས་བྱུང་བའི་འབྲེལ་པ་མེད། །ཅེས་པ་དང༌། བདག་གཅིག་པ་ལ་ཆོས་གཉིས་མེད། །ཆོས་གཉིས་མེད་ན་འབྲེལ་མི་སྲིད། །དེས་ན་བྱས་དང་མི་རྟག་པ། །དོན་གྱི་སྟེང་ན་འབྲེལ་པ་མེད། །ཅེས་པའི་རིགས་པས་གྲུབ་བོ། །ཡང་ཤེས་པ་ཆོས་ཅན་དོན་མི་ཤེས་པར་འགྱུར་ཏེ། དོན་གྱི་རྣམ་པ་མེད་པའི་ཕྱིར་རོ། །དེ་སྐད་དུའང་དབུ་མ་བདེན་གཉིས་ལས། རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །ཞེས་སོ། །གཞན་ཡང་རང་རིག་མེད་ན་ཤེས་པ་ཆོས་ཅན་བེམས་པོར་འགྱུར་ཏེ། རང་མ་རིག་པའི་དངོས་པོ་ཡིན་པའི་ཕྱིར་གཟུགས་བཞིན་ནོ། །དེ་སྐད་དུ་ཡང་དབུ་མ་རྒྱན་ལས། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམས་མིན་ངོ་བོ་གང་ཡིན་པ། །དེ་ནི་བདག་ཉིད་རིག་པར་འདོད། །ཅེས་པ་དང༌། རིགས་གཏེར་ལས། རང་སྐྱེ་སྔོན་མེད་སྐྱེ་བ་ཡིན། །རང་རིག་བེམས་པོ་བཟློག་ཙམ་ཡིན། །དེས་ན་རང་རིག་རང་སྐྱེ་གཉིས། །མཚུངས་པའི་གོ་སྐབས་ཡོད་མ་ཡིན། །ཞེས་སོ། །མདོ་སྡེ་པ་དགག་པ་ནི། རགས་པ་རྩོམ་པའི་རྡུལ་ཕྲན་རྣམས་ཆོས་ཅན་བར་དང་བཅས་པར་འགྱུར་ཏེ། མ་འབྱར་བའི་གཟུགས་ཐ་དད་པ་ཡིན་པའི་ཕྱིར། སྐར་མའི་ཚོགས་བཞིན་ནོ། །གཞན་ཡང་དོན་ལྐོག་ན་ཆོས་ཅན་མེད་པར་ཐལ་ཏེ། གང་དང་ཡང་འབྲེལ་པ་མེད་པའི་ཕྱིར་རོ། །མ་གྲུབ་སྟེ་སྣང་བ་བདུན་ཅུ་པ་ལས། མཁས་པས་གཟུང་བར་བྱས་པ་ལས། །ཕྱི་དུས་ཇི་ལྟར་གཟུང་ཞེ་ན། །རིགས་པས་ཤེས་པའི་རྒྱུ་ཉིད་དེ། །ཤེས་པའི་རྣམ་པ་བསྒྲུབ་པར་ནུས། །ཞེས་བཤད་པས་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དང་དེ་གཉིས་དེ་ལས་བྱུང་བའི་འབྲེལ་པ་ཡོད་ཅེ་ན། དོན་ལྐོག་ན་མོ་ཆོས་ཅན། རྣམ་ཤེས་ཀྱི་རྒྱུ་ཡིན་པར་མི་འགྲུབ་པར་འགྱུར་ཏེ། ནམ་ཡང་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེས་ན་རྒྱུ་འབྲས་ཀྱི་འབྲེལ་པ་འགྲུབ་པ་ལ་མངོན་དུ་འགྱུར་དགོས་ཏེ། འབྲེལ་རྟག་ལས། གང་ཞིག་མཐོང་བ་མ་མཐོང་བ། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་པ་དང༌། རིགས་གཏེར་ལས། དེ་ཡང་རྗེས་སུ་འགྲོ་ལྡོག་གི །སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས། །ཞེས་སོ། །སྡེ་པའི་སྒོ་ནས་དབྱེ་ན། རྩ་བའི་སྡེ་པ་བཞི་ལས་གྱེས་པས་བཅོ་བརྒྱད་ཡིན་ཏེ། སྡེ་པ་ཐ་དད་རིམ་པ་བསྡུས་པ་ལས། ཤར་དང་ནུབ་དང་གསང་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང༌། །རྟག་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །བཞི་པ་དང་ནི་འོད་སྲུངས་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་པ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བ་ནི། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ། །རྒྱལ་བྱེད་ཚལ་ནས་འཇིགས་མེད་རི། །གཙུག་ལག་ཁང་ཆེན་གནས་བརྟན་པའོ། །ས་སྒྲོགས་རིགས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་འགྱུར། །ཞེས་སོ། །འབྲས་བུའི་སྒོ་ནས་ཕྱེ་ན། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་དོ། །ཁ་ཅིག་ན་རེ་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཉན་ཐོས་ཤཱ་རིའི་བུ་ལ་སོགས་པ་དང༌། སྤྲུལ་པའི་ཉན་ཐོས་དྲུག་སྡེ་ལ་སོགས་པའོ་ཞེས་ཀྱང་ཟེར་རོ། །ད་ནི་ཉན་ཐོས་ཀྱི་ཞར་ལས་གྲུབ་མཐའ་གཅིག་གིས་བསྡུས་པའི། རང་སངས་རྒྱས་ཀྱི་གྲུབ་མཐའ་བཤད་པར་བྱའོ། །ཉན་རང་གཉིས་ཀྱི་ཁྱད་པར་ལ་གཉིས་ཏེ། རྒྱུའི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་རོ། །དང་པོ་ནི་མངོན་པ་མཛོད་ལས། མྱུར་བ་སྲིད་པ་གསུམ་གྱི་མཐར། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་སོ། །གཉིས་པ་ལ་བཞི་ལས། རིགས་ནི་རང་སངས་རྒྱས་ཀྱི་རིགས་སོ། །ཡེ་ཤེས་ཟབ་པའི་ཁྱད་པར་ནི། མངོན་རྟོགས་རྒྱན་ལས། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་སོ། །དེའང་ངག་གི་ཆོས་མི་གསུང་བར་ལུས་ཀྱིས་རྫུ་འཕྲུལ་བསྟན་ནས་གཞན་གྱི་དོན་བྱེད་པ་ཡིན་ཏེ། དེ་ཉིད་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་ནི་དེ་ལྟར་སྣང༌། །ཞེས་སོ། །སྤངས་རྟོགས་ཀྱི་ཁྱད་པར་ནི། དེ་ཉིད་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང༌། །འཛིན་པ་མི་སྤང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །ཁྱད་པར་དེ་རྣམས་དང་ལྡན་པའི་རང་སངས་རྒྱས་ཀྱི་འདོད་པ་བརྗོད་པ་དང་དེ་དགག་པ་གཉིས་ལས། དང་པོ་ལ་དྲུག་ཡོད་པའི་ངེས་ཚིག་ནི། པྲ་ཏྱ་བུདྡྷ་ཞེས་པ་སློབ་དཔོན་གྱི་ལུང་མེད་པར་བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཞེས་པའམ། རང་གི་བྱང་ཆུབ་རང་གིས་ཐོབ་པས་རང་བྱང་ཆུབ་ཅེས་བྱའོ། །གཉིས་པ་འཇུག་པའི་སྒོ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེའང་ཕྱི་ནང་གཉིས་ལས། ཕྱིའི་རྟེན་འབྲེལ་ནི་རྒྱུའི་རྟེན་འབྲེལ་ས་དང་ཆུ་དང་མེ་དང་ནམ་མཁའ་དང་དུས་སོ། །འབྲས་བུའི་རྟེན་འབྲེལ་ནི་རྩ་བ་དང་སྡོང་པོ་དང་ལོ་མ་དང༌། ཡལ་ག་དང་མེ་ཏོག་དང་འབྲས་བུའོ། །དེའང་རྒྱུ་ཡོད་ན་འབྲས་བུ་རྣམས་འབྱུང་བའི་ལུགས་འབྱུང་དང༌། ལོག་ན་ལྡོག་པའི་ལུགས་ལྡོག་དཔེར་བྱས་ནས། ནང་གི་རྟེན་འབྲེལ་ནི། དུར་ཁྲོད་ཀྱི་ཀེང་རུས་ལ་བརྟགས་ཏེ། ཀེང་རུས་འདི་རྒ་ཤི་ལས་བྱུང༌། དེ་ལྟར་རིམ་གྱིས་འཁོར་བའི་རྩ་བ་མ་རིག་པ་ལྡོག་སྟེ་ལུགས་འབྱུང་དང་མ་རིག་པ་ལོག་པས་འདུ་བྱེད་ལྡོག་པས་ན་རྒ་ཤིའི་བར་དུ་ལྡོག་པས་ཏེ། ལུགས་ལྡོག་གི་རྟེན་འབྲེལ་རྟོགས་པར་བྱེད་དོ། །དེའང་དུས་དང་ཚུལ་འདི་ལྟར་འབྱུང་སྟེ། དབུ་མ་རྩ་བ་ལས། སངས་རྒྱས་རྣམས་ནི་མ་བྱོན་ཞིང༌། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སོ། །གསུམ་པ་བསྲུང་བའི་ཚུལ་ཁྲིམས་ནི་ཉན་ཐོས་དང་འདྲའོ། །བཞི་པ་རྟོགས་པའི་ལྟ་བ་ནི་ཁྱད་པར་དུ་བཤད་པ་དེ་ཉིད་དོ། །ལྔ་པ་གྲུབ་པའི་འབྲས་བུ་ཡང་ཉན་ཐོས་དང་འདྲ། དྲུག་པ་རབ་ཏུ་དབྱེ་ན། ཚོགས་ན་སྤྱོད་པ་དང༌། བསེ་རུ་ལྟ་བུའོ། །དང་པོ་ནི་ཉན་ཐོས་སྔོན་དུ་འགྲོ་བ་ཚོགས་ན་སྤྱོད་པ་ནེ་ཙོ་ལྟར་ཁྱུར་ལྡིང་བའོ། །གཉིས་པ་ནི་དུད་འགྲོ་བསེ་ལ་རྭ་གཅིག་ལས་མེད་པ་ལྟར་འདུ་འཛི་གཡེང་བས་འཇིགས་ནས་གཅིག་པུར་གནས་པ་སྟེ་དབང་པོ་རྣོ་བའོ། །ད་ནི་དགག་པར་བྱ་སྟེ། འཛིན་པའི་སེམས་ཆོས་ཅན། དོན་ལ་མེད་པར་འགྱུར་ཏེ། རྒྱུ་གཟུང་ཡུལ་མེད་པའི་ཕྱིར། ཞེས་རྒྱུ་མ་དམིགས་པའི་གཏན་ཚིགས་སོ། །ད་ནི་ཐེག་པ་ཆེན་པོ་བཤད་པར་བྱའོ། །ཐེག་པ་ཆེ་ཆུང་གི་ཁྱད་པར་ལ་ལྔ་ལས། དང་པོ་རྟོགས་པའི་ཁྱད་པར་ནི། གང་ཟག་གི་བདག་མེད་པ་རྟོགས་པའི་སྟེང་དུ། ཆོས་ཀྱི་བདག་མེད་གསལ་བར་རྟོགས་པ་དང་མ་རྟོགས་པའོ། །གཉིས་པ་བསམ་སྦྱོར་གྱི་ཁྱད་པར་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ནི་ཐེག་པ་ཆེན་པོ་སྟེ། ཐེག་བསྡུས་བཤད་སྦྱར་ལས། ཉན་ཐོས་བསེ་རུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །སངས་རྒྱས་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་པ་དང༌། སྡུད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། དེ་གང་ཞེན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་སོ། །གསུམ་པ་སྤང་བྱ་སྤོང་བའི་ཁྱད་པར་ནི། ཉོན་མོངས་པའི་སྒྲིབ་པ་མཐའ་དག་དང༌། ཤེས་བྱའི་སྒྲིབ་པ་ཅུང་ཟད་ཡོད་པས་ཐེག་པ་ཆུང་ངུ་ཡིན་ལ། སྒྲིབ་པ་མ་ལུས་པ་སྤོང་བ་ཐེག་པ་ཆེན་པོའོ། །བཞི་པ་འབྲས་བུའི་ཁྱད་པར་ནི་ཞི་བ་མྱ་ངན་ལས་འདས་པ་ཙམ་འདོད་པ་ཆུང་ངུ་ཡིན་ལ། མི་གནས་པའི་མྱ་ངན་ལས་འདས་པ་འདོད་པའམ་སྒྲུབ་པ་ཐེག་པ་ཆེན་པོའོ། །ལྔ་པ་ཆེན་པོ་བདུན་དང་ལྡན་མི་ལྡན་གྱི་ཁྱད་པར་ནི། ཐེག་པ་ཆུང་ངུ་ལ་མི་ལྡན་ལ། ཆེན་པོ་ལ་ལྡན་ནོ། །དེ་ལ་ཆེན་པོ་བདུན་ནི། འདི་ལྟ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལ་དམིགས་པ་ཆེན་པོ་ནི་མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ཉིད་ནི་རང་གི་དོན་དང་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཉིད་ནི་རྟོགས་པའི་དུས་ན་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་གཉིས་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་རྩོམ་པ་ཆེན་པོ་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཡང་དག་པར་གྲུབ་པ་ཆེན་པོ་ཉིད་ནི་སྟོབས་དང་མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་ཉིད་ནི་ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པའི་ཕྱིར་རོ། །ཁྱད་པར་དེ་དག་དང་ལྡན་པའི་ཐེག་པ་ཆེན་པོ་ལ་གཉིས་ཏེ། རྒྱུ་མཚན་ཉིད་དང༌། འབྲས་བུ་སྔགས་སོ། །དང་པོ་ལ་གཉིས་ཏེ། སེམས་ཙམ་པ་དང༌། དབུ་མ་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ལ་དྲུག་ལས། ངེས་ཚིག་ནི། སེམས་ལས་གཞན་པའི་དངོས་པོ་ནི་གང་ཡང་མེད་ལ། སེམས་རྣམ་རིག་ཙམ་ནི་བདེན་པའི་དངོས་པོར་གྲུབ་པས་སེམས་ཙམ་པ་ཞེས་བྱ་སྟེ། ལང་ཀར་གཤེགས་པ་ལས། སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཅེས་སོ། །གཉིས་པ་འཇུག་པའི་སྒོ་ནི་མཚན་ཉིད་གསུམ་གཙོ་བོའོ། །དེ་ལ་མཚན་ཉིད་གསུམ་ནི་དབུས་མཐའ་ལས། བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ༌། །ཞེས་སོ། །འདི་ལ་ལྔ་སྟེ། མཚན་ཉིད་དང༌། ཡོད་ལུགས་དང༌། རྣམ་གྲངས་དང༌། དབྱེ་བ་དང༌། སོ་སོའི་རང་བཞིན་ནོ། །དང་པོ་ལ་གསུམ་ལས། ཀུན་བརྟགས་ནི་རྣམ་པར་རྟོག་པས་བརྟགས་པ་སྟེ། སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམས་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་དང༌། དབུས་མཐའ་ལས། རྣམ་པར་རྟོག་པས་བརྟགས་པའི་དོན། །དེ་ནི་ཀུན་བརྟགས་མཚན་ཉིད་དོ། །ཞེས་སོ། །གཞན་དབང་ནི་རྐྱེན་ལས་བྱུང་བ་སྟེ། སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་གི་ནི་རྐྱེན་ལས་བྱུང༌། །ཞེས་པ་དང༌། དབུས་མཐའ་ལས། རྣམ་པར་རྟོག་པས་གཞན་གྱི་དབང༌། །ཞེས་སོ། །དེའང་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་ཉིད་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པའོ། །ཞེས་སོ། །ཡོངས་གྲུབ་ནི་གཟུང་འཛིན་གཉིས་ཀྱིས་སྟོང་པས་གཞན་དབང་གི་ཆོས་ཉིད་ཡིན་ཏེ། དེ་ཉིད་ལས། ཡོངས་གྲུབ་དེ་ཡི་ཆོས་ཉིད་དོ། །ཞེས་པ་དང༌། སུམ་ཅུ་པ་ལས། གྲུབ་ནི་དེ་ཡི་སྔ་མའོ། །རྟག་ཏུ་མེད་པར་འགྱུར་དེ་ཡིན། །ཞེས་སོ། །ཡོངས་གྲུབ་ནི་གཞན་དབང་ལས་གཞན་དང་གཞན་མ་ཡིན་པར་བརྗོད་དུ་མེད་པ་སྟེ། དེ་ཉིད་ལས། དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་མིན་པ་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །ཅེས་སོ། །ཡོད་ལུགས་ནི། ཀུན་བརྟགས་ནི་རྟག་པར་ཡོད་པ་སྟེ། །དངོས་པོར་མ་གྲུབ་པའི་ཕྱིར་རོ། །གཞན་དབང་ནི་རྫས་སུ་ཡོད་པས་ཏེ། །དོན་བྱེད་ནུས་པའི་ཕྱིར་རོ། །ཡོངས་གྲུབ་ནི་དོན་དམ་པར་ཡོད་པས་ཏེ། །རྣམ་པར་མི་རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ། །རྣམ་གྲངས་ནི་མཚན་ཉིད་གསུམ་ཞེས་ཀྱང་བྱ། ངོ་བོ་ཉིད་གསུམ་ཞེས་ཀྱང་བྱ། རང་བཞིན་གསུམ་ཡང་ཟེར། དེ་ཁོ་ན་ཉིད་གསུམ་ཞེས་ཀྱང་བྱའོ། །དབྱེ་ན་ཀུན་བརྟགས་ལ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དང༌། རྣམ་གྲངས་པའི་ཀུན་བརྟགས་གཉིས་སོ། །དང་པོ་ལ་སྣང་བའི་ཀུན་བརྟགས་དང༌། མི་སྣང་བའི་ཀུན་བརྟགས་སོ། །གཞན་དབང་ལ་མ་དག་པའི་གཞན་དབང་དང༌། དག་པའི་གཞན་དབང་གཉིས་སོ། །དང་པོ་ལ་བསྐྱེད་པ་གཞན་དབང་དང༌། ལྟོས་པ་གཞན་དབང་གཉིས་སོ། །ཡོངས་གྲུབ་ལ་གཉིས་ཏེ། དབུས་མཐའ་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་སོ། །སོ་སོའི་རང་བཞིན་ལས། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་ནི་བདག་དང་བདག་གི་གཟུང་འཛིན་དངོས་པོ་ལ་མེད་པར་བློས་གཞག་པའོ། །དེ་ལ་གཉིས་ལས། སྣང་བའི་ཀུན་བརྟགས་ནི་ཆོས་ཐམས་ཅད་རྟག་པ་ཡིན་པར་འཛིན་པ་རྣམས་སོ། །མི་སྣང་བའི་ཀུན་བརྟགས་ནི། གྲུབ་མཐའ་ངན་པས་བརྟགས་པའོ། །རྣམ་གྲངས་པའི་ཀུན་བརྟགས་ནི་བརྟགས་པའི་ཡུལ་ཅན་ཏེ་ཡུལ་ཀུན་བརྟགས་ཡིན་པས་ཡུལ་ཅན་ལའང་ཀུན་བརྟགས་ཞེས་བརྟགས་པའོ། །མ་དག་པའི་གཞན་དབང་ནི། འཁོར་བ་ཐོག་མ་མེད་པ་ནས་གཟུགས་ལ་སོགས་པ་རྟོག་པའི་བག་ཆགས་ཀྱི་དབང་གིས་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་སྟེ། གཉིས་མེད་གཉིས་སུ་སྣང་བའོ། །དེ་ལ་གཉིས་ལས། བསྐྱེད་པའི་གཞན་དབང་ནི། རིག་པ་སྔ་མ་ལས་ཕྱི་མ་སྐྱེ་བའོ། །ལྟོས་པའི་གཞན་དབང་ནི། ཕྱི་རོལ་ལ་ལྟོས་ནས་ནང་དང༌། རིང་པོ་ལ་ལྟོས་ནས་ཐུང་ངུ་ལ་སོགས་སོ། །དག་པའི་གཞན་དབང་ནི་འཕགས་པ་རྣམས་ཀྱི་རྗེས་ཀྱི་ཤེས་པ་སྣང་ལ་བདེན་པར་མ་ཞེན་པའོ། །འགྱུར་བ་མེད་པའི་ཡོངས་གྲུབ་ནི་འདུས་མ་བྱས་པའོ། །ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་སོ། །གསུམ་པ་བསྲུང་བའི་ཚུལ་ཁྲིམས་ནི་གསུམ་སྟེ། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས་དང༌། དངོས་སམ་བརྒྱུད་ནས་ཕན་འདོགས་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །དེའང་རྟོགས་པ་ནི་རང་གི་ལུགས་ཀྱིས་བདག་མེད་གཉིས་ཀ་རྟོགས་པར་འདོད་ལ། དབུ་མ་པས་གཞན་སྣང་མྱོང་བ་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འཛིན་པ་ཡང་དངོས་པོར་འཛིན་པ་ཡིན་པས་ཆོས་ཀྱི་བདག་མེད་ལེགས་པར་མ་རྟོགས་པའོ། །ལྔ་པ་འབྲས་བུ་ནི། རང་གི་ལུགས་ཀྱིས་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་ལ། དབུ་མ་པ་ཁ་ཅིག་གི་ལུགས་ཀྱིས་དྲོད་དམ། བཟོད་པ་འབྲིང་མན་ཆད་ལས་མི་ཐོབ་པར་འདོད་དོ། །དྲུག་པ་དབྱེ་ན། རྣམ་བདེན་དང༌། རྣམ་བརྫུན་གཉིས་སོ། །དེ་ལས་ཀྱང་དབྱེ་ན་རྣམ་བདེན་ལ་གསུམ། རྣམ་བརྫུན་ལ་གཉིས་སོ། །དེ་ལ་སྤྱིར་སེམས་ཙམ་པའི་ལུགས་ཀྱིས་རྣམ་རིག་ཙམ་ལས་གཞན་པ་ཕྱིའི་དོན་མེད་པར་འདོད་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་སོ། །གཞན་ཡང་ཁམས་གསུམ་པོ་འདི་དག་ཆོས་ཅན། རྣམ་པར་རིག་པ་ཙམ་ལས་གཞན་པའི་དོན་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་དོན་ནི་སྣང་བ་ཡིན་པའི་ཕྱིར། སྐྲ་ཤད་དང་ཟླ་བ་གཉིས་སྣང་བ་བཞིན་ནོ། །དེ་སྐད་དུ་ཡང་ཉི་ཤུ་པ་ལས། འདི་དག་རྣམ་པ་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་རྣམས་ཀྱིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་པ་དང༌། བདེན་ཆུང་ལས། འདི་ལ་སྐྱེ་བ་ཅུང་ཟད་མེད། །འགག་པར་འགྱུར་བ་ཅུང་ཟད་མེད། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་ཁོ་ན་འབའ་ཞིག་གོ །ཞེས་སོ། །ཡང་སྔོན་པོ་ཆོས་ཅན་སྔོ་འཛིན་གྱི་བློ་ལས་ཐ་དད་པ་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་རོ། །དེ་སྐད་དུའང་རྣམ་ངེས་ལ་སོགས་པ་ནས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་པ་ཡང་དག་རིག །དེ་ཤེས་པ་དང་བྲལ་འགྱུར་ན། །ལོག་པར་རྣམ་བརྟག་མ་ཡིན་ནམ། །ཞེས་པ་དང༌། དངོས་རྣམས་རྡུལ་དུ་རབ་བཤིག་ཅིང༌། །གཟུགས་ལ་རྣམ་པར་མ་རྟོག་ཅིག །ཅེས་སོ། །དེ་ལྟར་ཡུལ་མེད་པས་ཡུལ་འཛིན་གྱི་ཤེས་པ་ཡང་མེད་པ་ཡིན་ཏེ། ཡུལ་ཅན་ཡུལ་ལ་ལྟོས་པའི་ཕྱིར་རོ། །དེ་སྐད་དུ་ཡང་གནས་པ་བསྡུས་པ་ལས། སྣ་ཚོགས་གཉིས་སུ་མེད་པར་ཐོབ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །གཟུང་དང་འཛིན་པས་སྟོང་པ་ཉིད། །གསལ་བར་བྱེད་པའི་ཆོས་སྐུ་ལས། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་འཕྲོ། །གཟུགས་ལ་སོགས་པ་མེད་པའི་དངོས། །སྣང་བའི་བག་ཆགས་ཡོད་མ་ཡིན། །ཞེས་སོ། །དེས་ན་གཟུང་འཛིན་གཉིས་དང་བྲལ་བའི་ཤེས་པ་རང་རིག་རང་གསལ་དུ་འདོད་པའོ། །གཞན་ཡང་ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་གསུངས་པས། ཆོས་ལྔ་ནི་མིང་དང་རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །དེ་ལ་མིང་ནི་བརྗོད་པར་བྱེད་པའི་སྒྲ་སྤྱིའོ། །མིང་དུ་འཛིན་པའི་རྒྱུ་མཚན་ནི་གཟུང་འཛིན་གཉིས་སོ། །གཟུང་འཛིན་དུ་རྣམ་པར་རྟོག་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེ་བཞིན་ཉིད་ནི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ། །ཡང་དག་པའི་ཡེ་ཤེས་ནི་དེ་རྟོགས་པའི་ཡེ་ཤེས་ཏེ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རང་བཞིན་གསུམ་ནི་ཀུན་བརྟགས་དང༌། གཞན་དབང་ཡོངས་གྲུབ་བོ། །རྣམ་པར་ཤེས་པ་བརྒྱད་ནི། འཇུག་པའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའོ། །དང་པོ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། ཡུལ་ལ་ཡང་དང་ཡང་དུ་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་ལ་གནས་ཤིང༌། ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པའོ། །དེ་སྐད་དུ་ཡང་སུམ་ཅུ་པ་ལས། དེ་ལ་བརྟེན་ཏེ་རབ་བྱུང་ཞིང༌། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་སེམས་ངར་སེམས་བདག་ཉིད་ཅན། །ཞེས་སོ། །ཅིའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་ཞེ་ན། རྣམ་པར་ཤེས་པ་ཡིན་ཞིང་ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པའི་ཕྱིར་ཏེ། དེ་ཉིད་ལས། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །ཞེས་སོ། །དེ་ཡོད་པར་ཅིས་ཤེས་ན། སྟུག་པོ་བཀོད་པ་ལས། ཟླ་བ་སྐར་མའི་ཚོགས་དང་མཁའ་ལ་ལྷན་ཅིག་གནས་པ་ལྟར། །ཀུན་གཞིའི་རྣམ་པར་ཤེས་ཀྱང་རླབས་བདུན་དག་དང་ལྷན་ཅིག་གནས། །ཞེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་རང་གི་ངོ་བོ་སེམས་རང་བཞིན་དྲི་མ་དང་བྲལ་བ་སྟེ། རྣམ་འགྲེལ་ལས། སེམས་འདི་རང་བཞིན་འོད་གསལ་བ། །ཞེས་སོ། །དེ་ཡང་ཀུན་ནས་ཉོན་མོངས་པའི་རྣམ་སྨིན་གྱི་ས་བོན་ཐམས་ཅད་བརྟེན་པ་ཡིན་ཏེ། སུམ་ཅུ་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་སོ། །ས་བོན་དེ་རྣམས་ཀྱང་གཉེན་པོ་ཡེ་ཤེས་ཀྱིས་མ་སྤངས་ཀྱི་བར་དུ་རྒྱུན་དུ་འབྱུང་ཞིང་སྤངས་པ་ན་རྒྱུན་འཆད་དེ། དེ་ཉིད་ལས། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་སོ། །ཅིའི་ཕྱིར་ཀུན་གཞི་ཞེས་བྱ་ཞེ་ན། འཁོར་བ་རྩད་གཅོད་ལས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་ཤེས་པའི་གཞི་མའང་ཡིན། །ཞེས་སོ། །དེ་ཡོད་པར་ཅིས་ཤེས་ན། ཆོས་མངོན་པར་མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པ་དང༌། ཐོག་མ་མེད་ཅན་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་པ་དང༌། ཆོས་ཀུན་ས་བོན་ཐམས་ཅད་པ། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་ནི། །དམ་པ་དག་ལ་ངས་བསྟན་ཏོ། །ཞེས་སོ། །བདག་མེད་གཉིས་ནི་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པའོ། །དེ་ལ་གང་ཟག་ལ་བདག་མེད་པའི་ཚུལ་ནི་ཉན་ཐོས་དང་འདྲའོ། །ཆོས་ལ་བདག་མེད་པ་ནི་གཟུང་འཛིན་གཉིས་དང་བྲལ་བ་སྟེ། དབུས་མཐའ་ལས། གཉིས་དངོས་མེད་པའི་དངོས་མེད་པ། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་སོ། །འོ་ན་མྱོང་བ་གཉིས་མེད་ཀྱི་ཤེས་པ་ལས་གཞན་པའི་བདེན་པ་མེད་ན་དཀར་དམར་ལ་སོགས་པའི་སྣང་བ་འདི་ཅི་ཡིན་ཞེ་ན། འདིའི་ལེན་ལ་སེམས་ཙམ་རྣམ་བདེན་པ་དང༌། རྣམ་བརྫུན་པ་གཉིས་མི་མཐུན་ཏེ། རྣམ་བདེན་པ་ན་རེ་དཀར་དམར་ལ་སོགས་པ་དེ་ཐམས་ཅད་ཀྱང་སེམས་ཀྱི་ངོ་བོར་བདེན་པ་ཡིན་ཏེ། སྟུག་པོ་བཀོད་པ་ལས། སེམས་ནི་རྣམ་པ་གཉིས་དངོས་སུ། །གཟུང་དང་འཛིན་པ་སྣང་བ་སྟེ། །བུམ་པ་སྣམ་བུ་ལ་སོགས་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །ཞེས་དང༌། ལང་ཀར་གཤེགས་པ་ལས། སེམས་ལས་ཕྱི་རོལ་དབང་པོ་ཡི། །དོན་གྱི་དངོས་ནི་ཡོད་མིན་ཏེ། །གཟུགས་སོགས་སོ་སོར་སྣང་བ་ནི། །སེམས་ཉིད་སྣང་བ་ཡིན་ཕྱིར་རོ། །ཞེས་པ་དང༌། སྤྱོད་འཇུག་ལས། གལ་ཏེ་དེ་ཉིད་དུ་གཞན་ཡོད། །རྣམ་པ་དེ་ནི་སེམས་ཉིད་ཡིན། །ཞེས་སོ། །དེ་ལའང་གསུམ་ལས། རྣམ་པའི་གྲངས་ཇི་སྙེད་པར་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པ་ནི། སྣང་ཡང་དཀར་དམར་སྣ་ཚོགས་སུ་སྣང་ལ། བདེན་ཡང་སྣ་ཚོགས་དུ་མའི་ངོ་བོར་བདེན་པར་འདོད་དེ། རྣམ་པར་ཤེས་པ་སྒོ་ང་བཀས་པ་ལྟར་འདོད་པ་ནི་རྣམ་པ་གཟུང་ཆར་བདེན་ལ་ཤེས་པ་འཛིན་ཆར་བདེན་པར་འདོད་དོ། །གཉིས་མེད་དུ་སྨྲ་བ་ནི། སྣང་བ་དུ་མར་སྣང་ཡང་ཤེས་པ་ཆ་མེད་དུ་བདེན་པར་འདོད་དོ། །རྣམ་བརྫུན་པ་ན་རེ་དཀར་དམར་ལ་སོགས་པར་སྣང་བ་ནི་བརྫུན་པ་སྒྱུ་མ་ལྟ་བུ་ཡིན། གལ་ཏེ་ཤེས་པར་བདེན་པ་ཡིན་ན་གཟུགས་ལ་སོགས་པ་རིག་པ་ཡིན་པར་འགྱུར་རོ། །དེས་ན་གཞན་ཡོད་པ་མ་ཡིན་ཏེ་གཞན་ལ་རག་ལས་པའི་ཕྱིར་རོ། །དེས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་སྤྲོས་པའི་དྲི་མ་དང་བྲལ་བའི་རང་རིག་རང་གསལ་ནི་དོན་དམ་པ་ཡིན་ཞིང་གཞན་དབང་ནི་ཡང་དག་པའི་ཀུན་རྫོབ་ཡིན་ལ། ཀུན་བརྟགས་ནི་ལོག་པའི་ཀུན་རྫོབ་ཡིན་ནོ། །འཕགས་ཆུང་རྣམས་མཉམ་གཞག་ལས་ལངས་པའི་དུས་སུ་སྣང་བ་རྗེས་ཐོབ་ཡིན་ལ། སངས་རྒྱས་ལའང་གཉིས་སུ་མེད་པའི་ཤེས་པ་རང་རིག་རང་གསལ་མཉམ་གཞག་གི་ངང་ལ་རྟག་ཏུ་གཞག་པ་ཡིན་ནོ། །སངས་རྒྱས་ལ་དག་པ་འཇིག་རྟེན་པའི་ཐུགས་ཡོད་པར་བཤད་པ་ནི་དགོངས་པ་ཅན་ནོ། །དེ་ལའང་གཉིས་ལས། རྣམ་བརྫུན་དག་པ་ན་རེ། དཀར་དམར་དུ་སྣང་བ་འདི་ཤེས་པའི་ངོ་བོར་བདེན་ན་སངས་རྒྱས་ན་ཡང་སྣང་བར་འགྱུར་བ་ལས་མི་སྣང་ངོ༌། །དེས་ན་ཤེས་པ་དོན་ལ་འབྲེལ་པ་མེད་བཞིན་དུ་དོན་དུ་སྣང་བའོ་ཞེས་ཟེར་རོ། །རྣམ་བརྫུན་པ་དྲི་མ་ཅན་ན་རེ། དཀར་དམར་དུ་སྣང་བ་འདི་སངས་རྒྱས་ཀྱི་ས་ན་ཡོད་ཀྱང་འཁྲུལ་པར་མི་འགྱུར་ཏེ། བརྫུན་པ་ལ་བརྫུན་པར་རྟོག་པའི་ཕྱིར་རོ། །དོན་དང་ཤེས་པ་གཉིས་དེ་ཉིད་གཞན་དུ་བརྗོད་དུ་མེད་པའོ་ཞེས་ཟེར་རོ། །གཞན་སེམས་ཙམ་པའི་བྱེ་བྲག་འཇམ་དཔལ་བཤེས་གཉེན་ལ་སོགས་པ་ན་རེ། སེམས་ཅན་གྱི་རྒྱུད་ལ་ཤེས་པའི་རྫས་གཅིག་ལས་མེད་ལ། དེ་ཉིད་གནས་སྐབས་ཀྱི་རྐྱེན་མི་འདྲ་བས། དབང་པོའི་སྒོ་དུ་མ་ནས་རིམ་གྱིས་མྱུར་བར་འཇུག་པའོ་ཞེས་ཟེར་རོ། །སློབ་དཔོན་བྷ་ཝི་ལ་སོགས་པ་ན་རེ། བརྒྱད་པོའི་སྟེང་དུ་དྲི་མ་མེད་པའི་རྣམ་པར་ཤེས་པ་དང༌། རྣམ་ཤེས་ཀྱི་ཚོགས་དགུ་ཡིན་ནོ་ཞེས་ཟེར་རོ། །ད་ནི་དེ་དགག་པ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ནི་འདི་ལྟ་སྟེ། སྐད་ཅིག་ཆོས་ཅན། ཆ་མེད་ཀྱི་དངོས་པོ་མ་ཡིན་པར་ཐལ་ཏེ། ཐོག་མཐའ་མེད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་སྟེ། རིགས་གཏེར་ལས། དུས་གསུམ་ཅིག་ཅར་མི་སྐྱེ་བས། །ད་ལྟའི་སྐད་ཅིག་ཆ་མེད་ཡིན། །ཞེས་བཤད་པ་བཞིན་ནོ་ཞེ་ན། ད་ལྟ་བ་ཡོད་ན་ཐོག་མཐའ་ཡོད་པར་ཐལ་ཏེ། དབུས་ཐོག་མཐའ་ལ་ལྟོས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །ཡང་མྱོང་བ་གཉིས་མེད་ཀྱི་ཤེས་པ་ཆོས་ཅན་བདེན་པའི་དངོས་པོ་མ་ཡིན་པར་ཐལ་ཏེ། བྱ་བྱེད་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་རྒྱན་ལས། གཅིག་པ་ཆ་མེད་རང་བཞིན་ལས། །གསུམ་གྱི་བདག་ཉིད་མི་འཐད་ཕྱིར། །དེ་ཡི་བདག་ཉིད་འཛིན་དེ་ནི། །བྱ་དང་བྱེད་པའི་དངོས་པོ་མིན། །གཞན་ཡང་ཀུན་གཞི་ཆོས་ཅན་ཤེས་པའི་དངོས་པོ་མ་ཡིན་པར་ཐལ་ཏེ། བདག་རྐྱེན་དབང་པོ་ལས་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །གལ་ཏེ་རྟགས་མ་གྲུབ་བོ་ཞེ་ན། མིག་ལས་སྐྱེ་ན་མིག་ཤེས་སུ་ཐལ་ཞེས་པ་ལ་སོགས་པས་ཤེས་པར་བྱའོ། །དེས་ན་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་མེད་པར་ཐལ་ཏེ། ཀུན་གཞི་ལ་དམིགས་ནས་སྐྱེ་བ་ལ། ཀུན་གཞི་མེད་པའི་ཕྱིར་རོ། །སོ་སོར་དགག་པ་ལ་གཉིས་ཏེ། རྣམ་བདེན་པ་དགག་པ་དང༌། རྣམ་བརྫུན་པ་དགག་པའོ། །དང་པོ་ལ་གཉིས་ལས། སྤྱིར་དགག་པ་ནི། གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་བདེན་ལ། དེ་བདེན་ཚོད་དུ་ཤེས་པའི་རྣམ་པ་ཡང་བདེན་ན་སེམས་ཅན་ཐམས་ཅད་བདེན་པ་མཐོང་བར་འགྱུར་ཏེ། རྣམ་པ་མཐོང་བའི་ཕྱིར་རོ། །བྱེ་བྲག་ཏུ་དགག་པ་ལ་གསུམ་ལས། སྣ་ཚོགས་སུ་སྣང་ཡང་གཅིག་ཏུ་བདེན་པ་མི་འཐད་དེ། སྣང་དུས་སུ་དུ་མར་སྣང་ན་བདེན་དུས་སུ་དུ་མར་བདེན་པར་འགྱུར་ལ། བདེན་དུས་སུ་གཅིག་ཏུ་བདེན་ན། སྣང་དུས་སུའང་གཅིག་ཏུ་སྣང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་དུ་མར་སྣང་བ་དང་གཅིག་ཏུ་བདེན་པ་འགལ་ལ། གཅིག་ཏུ་སྣང་བ་དང་དུ་མར་བདེན་པ་གཅིག་ཡིན་པ་འགལ་ལོ། །རྣམ་པའི་གྲངས་ཇི་སྙེད་པ་ཤེས་པའི་གྲངས་ཀྱང་དེ་སྙེད་ཡིན་པ་མི་འཐད་དེ། རྣམ་པའི་གྲངས་ནི་བརྫུན་པར་འགྱུར་བ་ཡིན་པས་བཞིན་དུ་ཤེས་པའང་བརྫུན་པར་འགྱུར་བར་ཐལ་ལོ། །རྣམ་པར་ཤེས་པ་སྒོ་ང་བཀས་པར་འདོད་པ་ཡང་མི་འཐད་དེ། གཟུང་འཛིན་གཉིས་བདེན་པར་འགྱུར་བས་གཉིས་དང་བྲལ་བའི་ཤེས་པར་མི་འགྱུར་རོ། །རྣམ་བརྫུན་པ་དགག་པ་ལ། དྲི་མ་མེད་པ་དགག་པ་ནི། སྤྱིར་དགག་པ་ལ་སོགས་པ་འདིར་བརྗོད་ལ། དྲི་མ་ཅན་པ་སངས་རྒྱས་ཀྱི་ས་ན་རྣམ་པའི་སྣང་བ་ཡོད་ན། སངས་རྒྱས་ཀྱིས་བག་ཆགས་མ་སྤངས་པར་འགྱུར་ཏེ། རྣམ་པའི་སྣང་བ་བག་ཆགས་ལས་བྱུང་བའི་ཕྱིར་རོ། །དབུ་མ་པ་ལ་དྲུག་ལས། དང་པོ་ངེས་ཚིག་ནི། ལྟ་སྤྱོད་དམ་གྲུབ་མཐའ་ཐམས་ཅད་ལས་ལྷག་པའམ། འདིའི་གོང་ན་གཞན་མེད་པས་དབུ་མ་ཞེས་བྱ་སྟེ། ལུས་སམ་ཡན་ལག་རྣམས་ན་མགོ་བས་མཐོ་བ་མེད་པས་དབུ་ཞེས་ཟེར་བ་བཞིན་ནོ། །ཡང་ན་མཐའ་ཐམས་ཅད་ལས་གྲོལ་བས་དབུ་མ་སྟེ། དབུ་མ་རྒྱན་ཆུང་ལས། ཡོད་པ་མ་ཡིན་མེད་པའང་མིན། །གཉིས་ཀྱང་མ་ཡིན་གཉིས་མེད་མིན། །མཐའ་བཞི་དག་དང་བྲལ་བ་ལ། །དབུ་མ་པ་ཞེས་རབ་ཏུ་བརྗོད། །ཅེས་པ་དང༌། རིན་ཆེན་ཕྲེང་བ་ལས། ཡོད་པ་པོ་ནི་བདེ་འགྲོར་འགྲོ། །མེད་པ་པོ་ནི་ངན་འགྲོར་འགྲོ། །ཡང་དག་ལྟ་བ་ཡོངས་ཤེས་པ། །གཉིས་ལ་མ་བརྟེན་ཐར་པ་ལགས། །ཞེས་པ་དང༌། དབུ་མ་རྒྱན་ལས། ཡོད་དང་དངོས་པོ་རྟག་པར་འགྱུར། །གང་ཕྱིར་དངོས་པོ་རབ་བྱུང་བ། །དེ་ཕྱིར་ཆད་པར་ག་ལ་འགྱུར། །གང་ཕྱིར་དངོས་པོ་རྟོག་འགྱུར་བ། །དེ་ཕྱིར་རྟག་པར་ག་ལ་འགྱུར། །ཞེས་པ་དང༌། རིགས་པ་དྲུག་ཅུ་པ་ལས། གང་ལ་བརྟེན་ཏེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མེད་རྟག་པའང་མིན། །ཞེས་པ་དང༌། དཀོན་མཆོག་བརྩེགས་པ་ལས། ཆོས་ཐམས་ཅད་ལ་རྟག་པར་མི་རྟོག་གོ །མི་རྟག་པར་མི་རྟོག་གོ །རྟག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །གང་མཐའ་དེ་གཉིས་ཀྱི་དབུས་དེ་ནི་གཟུགས་མེད་ཅིང་བསྟན་དུ་མེད་པ་སྟེ། དེ་ནི་དབུ་མའི་ལམ་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས། གཉིས་པ་འཇུག་པའི་སྒོ་ནི་བདེན་གཉིས་གཙོ་བོར་གྱུར་པ་སྟེ། ཀུན་རྫོབ་ཏུ་མ་བརྟགས་མ་དཔྱད་པའི་སྣང་བ་འདི་རྣམས་སྣང་ཡང་དེའི་ངོ་བོར་བདེན་པ་མ་ཡིན་པར་ཤེས་ནས། འཁྲུལ་སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས་སྒྱུ་མ་ལྟ་བུའི་བློས་སྦྱིན་པ་ལ་སོགས་པའི་དགེ་བ་ལ་འཇུག་ཅིང༌། མི་དགེ་བ་སྤོང་བའི་ཚུལ་དུ་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་གོ །དོན་དམ་པར་ཆོས་གང་ཡང་མི་སྒྲུབ་མི་སྤོང་ལ། སྣང་ཙམ་ཉིད་ན་དེས་སྟོང་པར་ཤེས་པར་བྱས་ནས་འཇུག་གོ །དེ་ལྟར་བདེན་པ་གཉིས་ཀྱི་སྒོ་ནས་འཇུག་པ་དེའང་ལྟ་བ་དང་སྤྱོད་པའམ། ཚོགས་གཉིས་སམ་ཐབས་ཤེས་རབ་ཟུང་དུ་འཇུག་པའི་ཚུལ་གྱིས་འཇུག་པའོ། །གསུམ་པ་བསྲུང་བའི་ཚུལ་ཁྲིམས་ནི་སེམས་ཙམ་པ་དང་འདྲའོ། །འོན་ཀྱང་དོན་དམ་པར་འཛིན་པ་བྲལ་བའི་ཤེས་རབ་ཆེན་པོས་བྱིན་གྱིས་བརླབས་པའོ། །བཞི་པ་རྟོགས་པའི་ལྟ་བ་ནི་བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུའི་ཟླ་བ་ལྟར་མེད་བཞིན་དུ་སྣང་བར་རྟོག་པ་ཡིན་ལ། དོན་དམ་པར་སྤྲོས་པའམ་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཚུལ་དུ་རྟོགས་པས་བདེན་གཉིས་ཀྱི་གནས་ལུགས་རྟོགས་པའོ། །ལྔ་པ་འབྲས་བུ་ནི་ཚོགས་གཉིས་རྫོགས་པ་ལས་སྐུ་གསུམ་མམ་འབྲས་བུ་གཉིས་ཐོབ་པ་སྟེ། རིན་ཆེན་ཕྲེང་བ་ལས། རྒྱལ་བ་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་ཡིན། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །དྲུག་པ་དབྱེ་ན་གསུམ་སྟེ། ངོ་བོའི་སྒོ་ནས་དབྱེ་བ་དང༌། ཀུན་རྫོབ་ཀྱི་སྒོ་ནས་དབྱེ་བ་དང༌། དོན་དམ་པའི་སྒོ་ནས་དབྱེ་བའོ། །ངོ་བོའི་སྒོ་ནས་དབྱེ་ན། དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པའོ། །འདིར་དོན་ལྔས་ཤེས་པར་བྱ་སྟེ། བདེན་པ་གཉིས་ཀྱི་ངོ་བོ་དང༌། མཚན་ཉིད་དང༌། དབྱེ་བ་དང༌། གྲངས་ངེས་པ་དང༌། གཅིག་གམ་ཐ་དད་དུ་བསམ་པའོ། །ངོ་བོ་ལ་གཉིས་ལས། ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ནི། སྣང་བ་ཡུལ་དང་ཡུལ་ཅན་ཏེ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །དེ་དག་ལ་ཅིའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། ཀུན་ནི་ཤེས་བྱའི་གནས་ཡིན་ལ། རྫོབ་ནི་སྒྲིབ་པ་སྟེ། འཇུག་པ་ལས། གཏི་མུག་ཡང་དག་སྒྲིབ་ཕྱིར་ཀུན་རྫོབ་སྟེ། ཞེས་པ་དང༌། བདེན་གཉིས་ལས། གང་ཞིག་གིས་ནི་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད། །ཅེས་སོ། །དེ་ཉིད་མ་བརྟགས་པའི་བློའི་ཡུལ་ཡིན་པས་བདེན་པར་ངེས་ཏེ། དེ་ཉིད་ལས། ཇི་ལྟར་སྣང་བ་དེ་ཉིད་བདེན། །ཞེས་སོ། །དོན་དམ་པའི་བདེན་པའི་ངོ་བོ་ནི། རིགས་པ་ཡུལ་དང་བཅས་པ་སྟེ། རིགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་པར་གཞག་པའི་ཤེས་པ་དང༌། སོ་སོ་སྐྱེ་བོའི་གཅིག་དང་དུ་བྲལ་ལ་སོགས་པ། སྤྲོས་པ་གཅོད་བྱེད་ཀྱི་རིགས་པ་ཡིན་ལ། རིགས་པའི་ཡུལ་ནི་རིགས་པ་དེས་གཏན་ལ་ཕབ་པའམ། དེས་རྟོགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའོ། །དེ་ཉིད་ཡེ་ཤེས་དམ་པའི་ཡུལ་གཅིག་ཡིན་པས་སམ། དམ་པ་རྣམས་ཀྱི་དོན་དུ་གཉེར་བྱ་ཡིན་པས་དོན་ཞེས་བྱ་ལ། དོན་གྱི་དམ་པ་བསླུ་བ་མེད་པས་དམ་པའོ། །དེ་ཉིད་འཕགས་པ་རྣམས་ཀྱི་ཤེས་ངོའམ། བརྟགས་ཤིང་དཔྱད་པའི་རིགས་པའི་ངོ་བོའམ། མ་འཁྲུལ་པའི་ངོ་ནས་བདེན་པས་བདེན་པ་ཞེས་བྱའོ། །མཚན་ཉིད་ལ་གཉིས་ལས། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ནི། ཡོད་པ་མ་ཡིན་པའི་དོན་སྣང་བའོ། །དོན་དམ་པའི་བདེན་པའི་མཚན་ཉིད་ནི། མཚན་ཉིད་མེད་པའམ། མཚན་ཉིད་དང་བྲལ་བ་སྟེ། རྒྱལ་བའི་ཡུམ་ལས། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པའོ། །གལ་ཏེ་ཡོད་ན་མཚན་མཚོན་གསུམ་གྱིས་སྤྲོས་དང་བྲལ་བར་འགྱུར་རོ། །འོན་ཀྱང་ཁ་ཅིག་གཟུང་འཛིན་དོན་དམ་དུ་འདོད་པ་དང༌། གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འདོད་པ་དང༌། སྒྱུ་མ་ལྟ་བུ་དོན་དམ་དུ་འདོད་པ་ལ་སོགས་པ་དགག་པའི་ཕྱིར་དང༌། རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས་ཐ་སྙད་ཙམ་དུ་སྤྲོས་པ་དང་བྲལ་བ་ཞེས་བཤད་པ་ཡིན་ཏེ། རྩ་བ་ཤེས་རབ་ལས། གཞན་ལ་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མིན་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །དབྱེ་ན་ཀུན་རྫོབ་དང༌། དོན་དམ་པའོ། །དང་པོ་ལ་ཡང་དག་པའི་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས་སོ། །ཡང་དག་པའི་ཀུན་རྫོབ་ནི། སྣང་ཞིང་སྣང་བ་དང་མཐུན་པ་དང་དོན་བྱེད་ནུས་པ་སྟེ་ཆུ་ལྟ་བུའོ། །ལོག་པའི་ཀུན་རྫོབ་ནི་སྣང་ཞིང་སྣང་བ་དང་མཐུན་པར་དོན་བྱེད་མི་ནུས་པ་སྟེ་ཆུ་ཟླ་ལྟ་བུའོ། །དེ་སྐད་དུ་ཡང་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དོན་དམ་པ་ལ་དབྱེ་བ་མེད་དེ། དཀོན་བརྩེགས་ལས། བདེན་པ་དམ་པ་འདི་ནི་གཅིག་སྟེ་བསླུ་བ་མེད་པའི་དོན་དམ་པ་མྱ་ངན་ལས་འདས་པའོ་ཞེས་སོ། །ཡང་ན་བདེན་ཆུང་ལས། དམ་པའི་དོན་ནི་གཅིག་ཉིད་དོ། །གཞན་དག་རྣམ་པ་གཉིས་སུ་འདོད། །ཅེས་བཤད་པས། གཅིག་ནི་ཐ་དད་བཀག་སྟེ་དུ་མར་མ་གྲུབ་པ་ཙམ་མོ། །གཉིས་སུ་འདོད་པ་ནི་རྣམ་གྲངས་ཀྱི་དོན་དམ་པ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་པའོ། །རྣམ་གྲངས་ནི་སྤྲོས་པ་ཕྱོགས་རེ་ཙམ་དང་བྲལ་བ་སྟེ། སྐྱེ་བ་བཀག་པའི་སྐྱེ་བ་མེད་པ་ལྟ་བུའོ། །དེའང་སྤྲོས་པ་ཕྱོགས་རེ་ཙམ་དང་བྲལ་བའི་ཆ་ནས་བཏགས་པའོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པ་ནི་སྤྲོས་པ་མཐའ་དག་དང་བྲལ་བའོ། །གྲངས་ངེས་ནི་ཡུལ་ཅན་གྱི་བློ་འཁྲུལ་པ་དང༌། མ་འཁྲུལ་པ་གཉིས་ལ་ལྟོས་ནས་བདེན་པ་གཉིས་སུ་ངེས་པ་ཡིན་ནོ། །དེ་སྐད་དུ་ཡང་རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོགས་པ་ཞིག །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་པ་དང༌། ཀུན་རྫོབ་དང་ནི་དམ་པའི་དོན། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཀུན་རྫོབ་རྟོག་པས་བརྟགས་པ་སྟེ། །དེ་ཟད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་པ་དང༌། ཡབ་དང་སྲས་མཇལ་བ་ལས། འཇིག་རྟེན་མཁྱེན་པ་གཞན་ལ་མ་གསན་པར། །བདེན་པ་འདི་ཉིད་ཀྱིས་ནི་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དོན་དམ་དེ་བཞིན་ཏེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་པ་དང༌། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དེ་བཞིན་དོན་དམ་བདེན་པའོ། །ཞེས་སོ། །གཅིག་གམ་ཐ་དད་བསམ་པ་ནི། བདེན་པ་གཉིས་པོ་གཅིག་པ་དང་ཐ་དད་གཉིས་ཀ་ལ་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པ་ལས་སྐྱོན་བཞི་བཞི་གསུངས་པ་ལས་གཅིག་པའི་སྐྱོན་བཞིའི་དང་པོ་ནི། །སོ་སོ་སྐྱེ་བོ་ཐམས་ཅད་ཀུན་རྫོབ་མཐོང་བའི་ཕྱིར་ན་དོན་དམ་པ་མཐོང་བར་འགྱུར་རོ། །གཉིས་པ་ནི་ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར། དོན་དམ་པ་ལ་བརྟེན་ནས་ཀྱང༌། ཟག་པ་འཕེལ་བར་འགྱུར་རོ། །གསུམ་པ་ནི་དོན་དམ་པ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལ་ཡང་དབྱེ་བ་མེད་པར་ཐལ་ལོ། །བཞི་པ་ནི་ཀུན་རྫོབ་ཇི་ལྟར་མཐོང་བ་དང༌། ཐོས་པ་ལ་སོགས་པ་ལས་ལོགས་སུ་བཙལ་བར་མི་བྱ་བ་བཞིན་དུ་དོན་དམ་ཀྱང་དེ་ལྟར་འགྱུར་རོ། །ཐ་དད་པའི་སྐྱོན་བཞིའི་དང་པོ་ནི་སྟོང་ཉིད་རྟོགས་ཀྱང་ཀུན་རྫོབ་དེར་མ་འདུས་པས་ལོགས་སུ་དམིགས་པར་འགྱུར་རོ། །དེ་ལྟར་དོན་དམ་པ་བསྒོམས་པས་འདུ་བྱེད་ཀྱི་མཚན་མས་ཟིལ་གྱིས་མི་ནོན་ཞིང༌། གནས་ངན་ལེན་གྱི་འཆིང་བ་ལས་མ་གྲོལ་བས་མྱ་ངན་འདས་པ་མེད་པར་འགྱུར་རོ། །གཉིས་པ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་ཆོས་ཉིད་མ་ཡིན་པར་འགྱུར་ཏེ། ཐ་དད་པའི་བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་བཞིན་ནོ། །གསུམ་པ་ནི་ཀུན་རྫོབ་བདག་མེད་པ་དང༌། རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པ་མ་ཡིན་པར་འགྱུར་ཏེ། བུམ་པ་མ་གྲུབ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །བཞི་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དུས་གཅིག་ཏུ་དམིགས་པར་ཐལ་ཏེ། དམིགས་པའི་ཡུལ་སོ་སོར་དམིགས་པའི་ཕྱིར་བུམ་པ་དང་སྣམ་བུ་འཛིན་པའི་བློ་བཞིན་ནོ། །ཡང་གཅིག་པ་བཀག་པའི་ཐ་དད་ཀྱང་མ་ཡིན་ཏེ། གང་རུང་དངོས་པོར་ཐལ་བའི་ཕྱིར་རོ། །དེས་ན་དེ་ཉིད་དང་གཞན་དུ་བརྗོད་པ་མེད་དེ། ཆོས་ཅན་དང་ཆོས་ཉི་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་གཟུགས་སྟོང་པ་དང༌། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །ཞེས་སོ། །འོན་ཀྱང་ཐ་སྙད་རྣམ་གཞག་བྱེད་པའི་ཚེ་རྟོག་པས་ཐ་སྙད་དུ་བསམས་ནས་བྱེད་པ་ཡིན་ཏེ། གཞན་དུ་ཐ་སྙད་དུ་མི་རུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་གནས་ལུགས་ཤེས་ནས་མཁས་པ་ཞེས་ཀྱང་བྱ་ལ་སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་ཞེས་ཀྱང་བྱ་སྟེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །ཀུན་རྫོབ་ཀྱི་སྒོ་ནས་དབྱེ་ན་ཐ་སྙད་ཀྱི་རྣམ་གཞག་ཉན་ཐོས་དང་མཐུན་པའི་ཕྱི་རོལ་དོན་ཡོད་པར་སྨྲ་བའི་དབུ་མ་པ་དང༌། ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་པ་དང་མཐུན་པ་རྣལ་འབྱོར་སྤྱོད་པ་པའི་དབུ་མ་པ་དང༌། ཐ་སྙད་རྣམ་གཞག་གང་དང་ཡང་མི་འགལ་བར་སྨྲ་བའི་དབུ་མ་པ་དང་གསུམ་ཡིན་ནོ། །མདོར་ན་གྲུབ་མཐའ་འོག་མའི་དོན་དམ་པ་གང་ཡིན་པ་དེ། གྲུབ་མཐའ་གོང་མའི་ཀུན་རྫོབ་ཡིན་ཏེ། བདེན་གཉིས་ལས། གཞན་གྱི་མར་འདོད་གང་ཡིན་པ། །གཞན་གྱི་ཆུང་མར་ཡང་འདོད་བཞིན། །གཞན་གྱི་དོན་དམ་གང་ཡིན་པ། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །ཅེས་སོ། །སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་དང༌། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་རྟོག་གོ །སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཡང་དག་དམིགས་ལ་བརྟེན་ནས་ནི། །སྣང་བ་མེད་ལས་ཡང་དག་འདའ། །སྣང་མེད་གནས་པའི་རྣལ་འབྱོར་པ། །ཐེག་པ་ཆེན་པོ་མཐོང་ངོ་ཞེས་སོ། །དོན་དམ་གྱི་སྒོ་ནས་དབུ་མ་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་གཉིས་ཡིན། དེ་ལ་སྒྱུ་མ་ལྟ་བུར་སྨྲ་བ་ན་རེ། ཕྱི་ནང་གི་ཆོས་ཐམས་ཅད་སྤྲོས་པ་གཅོད་བྱེད་ཀྱི་ངོས་ནས་ཀྱང་སྒྱུ་མ་ལྟ་བུར་འདོད་ལ། མཉམ་གཞག་རྣམ་པར་མི་རྟོག་པའི་ངོས་ནས་ཀྱང་སྒྱུ་མ་ལྟ་བུར་འདོད་ཅིང༌། སངས་རྒྱས་པ་ན་ཡང་གཉིས་སུ་མེད་པའི་ཡེ་ཤེས་སམ་སྐུ་གསུམ་ཡང་སྒྱུ་མ་ལྟ་བུ་ཡིན་ཏེ། རྒྱལ་བའི་ཡུལ་ལས། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང༌། །དེ་ལས་ཆེས་ལྷག་པའི་ཆོས་ཤིག་བྱུང་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པས་སོ་ཞེས་ཟེར་རོ། །དབུ་མ་རབ་ཏུ་མི་གནས་པའི་ལུགས་ཀྱིས་རང་ལ་ལོངས་སྤྱོད་དམ་སྒྲིབ་བྱ་གང་ཡང་མེད་ལ། གཞན་གྱི་ཁས་ལེན་འགེགས་པ་ལ་གཉིས་ཏེ། ཚུལ་གསུམ་ཚད་མས་གྲུབ་པ་ལས་བྱུང་བའི་སྤྲོས་པ་གཅོད་བྱེད་ཀྱི་རིགས་པ་ལ་བརྟེན་ནས་གཞན་གྱི་ཁས་ལེན་འགེགས་པ་ནི་རང་རྒྱུད་ཡིན་ལ། ཚུལ་གསུམ་ཚད་མས་གྲུབ་པར་ཁས་མི་ལེན་ཞིང་ཁས་བླངས་སུ་བཀོད་ནས་གཞན་གྱི་ལོག་རྟོག་འགེགས་པ་ནི་ཐལ་འགྱུར་བ་ཡིན་ནོ། །རང་རྒྱུད་ཀྱི་ལུགས་ལའང་བཞི་སྟེ། ཆོས་ཅན་ལ་སོགས་པའི་དོན་ངོས་གཟུང་བ་དང༌། ཚུལ་གསུམ་ཚད་མས་གྲུབ་པ་ལ་རྗེས་དཔག་ཇི་ལྟར་སྐྱེ་བ་དང༌། རྗེས་དཔག་གི་རྒྱུན་གོམས་པ་ལམ་དུ་ཇི་ལྟར་འགྱུར་བ་དང༌། ལམ་གོམས་པ་ལས་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ལ་ལྔ་སྟེ། ཆོས་ཅན་དང༌། བསྒྲུབ་བྱ་དང༌། དགག་བྱ་དང༌། གཏན་ཚིགས་དང༌། དཔེ་དོན་ངོས་གཟུང་བའོ། །ཆོས་ཅན་ནི་རྩོད་གཞི་ཡིན་ཏེ། རྣམ་ངེས་ལས་རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ་ཞེས་སོ། །བསྒྲུབ་བྱ་ནི་སྣང་བ་འདི་ཡང་དག་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ་ཞེས་པའམ། ཇི་ལྟར་བརྟགས་པ་དེ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་མེད་དགག དགག་བྱ་རྣམ་པར་ཆད་ཙམ་སྤྲོས་པ་དང་བྲལ་ཙམ་ལས་མ་གཏོགས་པའི་ཡོངས་གཅོད་བསྒྲུབ་བྱ་གང་ཡང་མེད་དོ། །དེ་མེད་པས་གཞན་གྱིས་བརྩད་དུ་ཡང་མེད་དོ། །རྩོད་པ་བཟློག་པ་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དང༌། དབུ་མ་རྒྱན་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ། །ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང༌། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་སོ། །དགག་བྱ་ནི་སྣང་བ་ལྟར་ཡང་དག་པར་མེད་ཅེས་སྣང་བ་ལྟར་ཡང་དག་པའི་རང་བཞིན་དུ་ཡོད་པ་འགེགས་ཀྱི། སྣང་བ་ཙམ་ནི་མི་འགེགས་ཏེ། བདེན་གཉིས་ལས། ཉམས་སུ་མྱོང་ན་གང་ཡང་ནི། །འགེགས་པར་རིགས་པ་མ་ཡིན་ཏེ། །བཏགས་པ་མ་ཡིན་འགོག་པ་ནི། །བདག་ལ་གནོད་འགྱུར་འབའ་ཞིག་གོ །ཞེས་སོ། །གཏན་ཚིགས་ཀྱི་དོན་ནི་དབུ་མའི་གཏན་ཚིགས་བཞི་འམ་ལྔ་སྟེ། གཅིག་དང་དུ་བྲལ་དང་རྡོ་རྗེ་ཟེགས་མ་དང༌། ཡོད་མེད་སྐྱེ་འགོག་དང༌། མུ་བཞི་སྐྱེ་འགོག་དང༌། རྟེན་ཅིང་འབྲེལ་འབྱུང་ངོ༌། །དང་པོ་དངོས་པོའི་རང་བཞིན་ལ་བརྟག་པ་བྱས་ནས་འགོག་པ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ནི། དབུ་མ་རྒྱན་ལས། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་དུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་པ་དང༌། དངོས་པོ་གང་ཡང་ཡོངས་བརྟག་པ། །དེ་དང་དེ་ལ་གཅིག་ཉིད་མེད། །གང་གི་གཅིག་ཀྱང་ཡོད་མིན་པ། །དེས་ན་དུ་མ་དག་ཀྱང་མེད། །ཅེས་སོ། །གཉིས་པ་རྒྱུ་ལ་བརྟག་པ་བྱས་ནས་འགོག་པ། རྡོ་རྗེ་ཟེགས་མའི་གཏན་ཚིགས་ནི། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལས་ཀྱང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པ་དང༌། བདག་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས། སྐྱེ་བ་མེད་ཅིང་དངོས་རྣམས་རང་བཞིན་བྲལ། །ཞེས་སོ། །གསུམ་པ་འབྲས་བུ་ལ་བརྟག་པ་བྱས་ནས་འགོག་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ནི་དེ་ཉིད་ལས། ཡོད་པ་ཡོད་ཕྱིར་སྐྱེ་མེད་དེ། །ཞེས་པ་དང༌། ལམ་སྒྲོན་ལས། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀ་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །ཞེས་སོ། །བཞི་པ་རྒྱུ་འབྲས་གཉིས་ཀ་ལ་རྟག་པ་བྱས་ནས་འགོག་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ནི། བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །གཅིག་གིས་དུ་མའི་དངོས་མི་བྱེད། །དུ་མས་དུ་མ་མི་བྱེད་ཅིང༌། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་སོ། །ལྔ་པ་ཁྱབ་བྱེད་ཀྱི་འགལ་ཟླ་ལ་རྟག་པ་བྱས་ནས་འགེགས་པ་རྟེན་ཅིང་འབྲེལ་འབྱུང་གི་གཏན་ཚིགས་ནི། དབུ་མ་རྩ་བ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །གྲུབ་པའི་རྒྱུ་ནི་ཡོད་མ་ཡིན། །ཞེས་པ་དང༌། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཞེད། །ཅེས་པ་དང༌། རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་བརྟེན་གང་བྱུང་པ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་མ་སྐྱེས་གང༌། །དེ་ནི་སྐྱེས་ཞེས་ཇི་ལྟར་བྱ། །ཞེས་དང༌། དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་སོ། །དཔེའི་དོན་ནི་གཟུགས་བརྙན་དང་ནམ་མཁའི་མེ་ཏོག་ལ་སོགས་པ་སྟེ། དབུ་མ་རྒྱན་ལས། དེ་ཕྱིར་ཡང་དག་ཉིད་དུ་ལྟ། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུང༌། །ཞེས་སོ། །ཚུལ་གསུམ་ཚད་མས་གྲུབ་པ་ལས་རྗེས་དཔག་སྐྱེ་ཚུལ་ནི། གཅིག་དང་དུ་བྲལ་གྱི་རྟགས་ལ་མཚོན་ན་ཚུལ་གསུམ་ཚད་མས་གྲུབ་པའི་ཚེ་ཁྱབ་བྱེད་ཡང་དག་པ་གཅིག་དང་དུ་མར་མི་རྟོག་པ་ལས། ཁྱབ་བྱ་ཡང་དག་པའི་རང་བཞིན་དུ་མི་རྟོག་པའི་ཤེས་པ་སྐྱེ་བ་དེ་ཉིད་ལ་རྗེས་དཔག་ཅེས་བྱ་སྟེ། སྤྲོས་པ་གཅོད་པར་བྱེད་ཅིང་སྤྲོས་པར་མི་རྟོག་པའི་རིག་པའི་ཤེས་པ་ཡིན་ནོ། །རྗེས་དཔག་གི་རྒྱུན་གོམས་པ་ལས་ལམ་དུ་ཇི་ལྟར་འགྲོ་བའི་ཚུལ་ནི། དེ་ལྟ་བུའི་རང་གི་སོ་སོར་རྟོག་པའི་ཤེས་རབ་དང༌། ཡིད་ཆེས་པའི་ལུང་དང༌། བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས་རིམ་གྱིས་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་སྐྱེ་བ་ཡིན་ནོ། །དེ་ལྟ་བུའི་ཤེས་རབ་དང༌། དེས་སྤང་བར་བྱ་བའི་རང་བཞིན་དུ་གྲུབ་པ་ནི་གང་ཡང་མེད་དེ། འདི་ལ་གསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །ལམ་གོམས་པ་ལ་འབྲས་བུ་འཆར་བའི་ཚུལ་ནི། དེ་ལྟ་བུའི་ཤེས་རབ་དེ་མཐར་ཕྱིན་པ་དང༌། འབྲས་བུ་སྐུ་གསུམ་ཅིག་ཅར་ཐོབ་པ་ཡིན་ནོ། །དེའང་རང་དོན་དུ་ཆོས་སྐུ་ཐོབ་ཅིང༌། གཞན་དོན་དུ་རྣམ་པར་རྟོག་པ་མེད་པར་ནོར་བུ་རིན་པོ་ཆེ་ལྟར་གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་རྒྱུད་དག་པ་དང་མ་དག་པ་གཉིས་ཀའི་དོན་བྱེད་དོ། །དེ་སྐད་དུ་ཡང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་དགེ་ཆོས་ཟག་མེད་ཀྱི། །གཟུགས་བརྙན་དག་ཏུ་འགྱུར་བ་ཡིན་ཏེ་འདིར། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཡང་དག་སྣང༌། །ཞེས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལས། ཇི་ལྟར་ཡིན་ན་ནོར་བུ་ནི། །ཇི་ལྟར་དགོས་འདོད་རེ་སྐོར་ཞིང༌། །དེ་བཞིན་སངས་རྒྱས་ཆོས་ཀྱང་ནི། །རབ་ཏུ་སྨོན་ལམ་རྫོགས་ལས་གྲུབ། །ཕྱོགས་བཅུ་དེ་དག་རྒྱལ་བས་གང༌། །ཇི་ལྟར་ཟླ་བ་ཤར་བ་ན། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་ནང་དུ་སྣང་གྱུར་ཀྱང༌། །ཟླ་བ་གཉིས་སུ་མེད་པ་ལྟར། །དེ་བཞིན་ཆགས་མེད་མཁྱེན་གྱུར་ནས། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །ཅེས་སོ། །ཐལ་འགྱུར་པ་ན་རེ། རང་རྒྱུད་ཀྱི་མངོན་སུམ་དུ་རྗེས་དཔག་མི་འགྱུར་བས། ཕ་རོལ་གྱི་ལོག་རྟོག་མི་ཁེགས་སོ། །དེས་ན་ཕ་རོལ་པོ་ཉིད་ཀྱིས་ཁས་བླངས་རྟགས་སུ་བཀོད་པའི་ཐལ་འགྱུར་གྱིས་ཕ་རོལ་པོའི་ལོག་རྟོག་འགེགས་པ་ཡིན་ནོ། །འདི་ལ་བཞི་སྟེ། གཞན་ལ་གྲགས་པའི་རྗེས་དཔག་དང༌། །འགལ་བ་བརྗོད་པའི་ཐལ་འགྱུར་དང༌། །རྒྱུན་མཚུངས་པ་ཡི་མགོ་སྙོམས་དང༌། །བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དང་པོ་ཚུལ་གསུམ། ཕ་རོལ་པོའི་ཁས་བླངས་ཀྱི་མཐར་ཐུག་པའི་རྟགས་ཀྱིས་ཕ་རོལ་པོའི་བློ་ངོར་མཐའ་གཅིག་ཏུ་ངེས་པ་བསྒྲུབ་བྱ་སྟེ། གཅིག་དང་དུ་བྲལ། རྡོ་རྗེ་ཟེགས་མ། ཡོད་མེད་སྐྱེ་འགོག རྟེན་ཅིང་འབྲེལ་འབྱུང་ངོ༌། །གཉིས་པ་ནི་ཕྱོགས་ཆོས་ཁྱབ་པ་གསལ་བ་ཕ་རོལ་པོ་ལ་གྲུབ་པའི་རྟགས་ཀྱིས་ཕ་རོལ་པོའི་བློ་ངོར་ཟློག་པ་འཕེན་པ་སྟེ། དབུ་མ་རྩ་བ་ལས། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །གསུམ་པ་ནི་རྒྱུ་མཚན་མཚུངས་ཀྱང་རྒྱུ་མཚན་མི་མཚུངས་པར་འདོད་པ་ལ། མཚུངས་པར་འགྲོ་སྟེ། དེ་ཉིད་ལས། རྒྱུ་དང་འབྲལ་བུ་གཞན་ཉིད་ལ། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་སོ། །དངོས་པོར་སྨྲའི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ནི། དེ་ཉིད་ལས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་བ་མཚུངས་པར་འགྱུར། །ཞེས་སོ། །དངོས་པོ་བདེན་པར་གྲུབ་པ་ལ། །བྱིས་པའི་མངོན་སུམ་དེ་ཁོ་ནའི་དོན་ལ་ཚད་མ་མ་ཡིན་ཞིང༌། རྟགས་བདེན་པ་དང་སྣང་བ་གང་བཀོད་ཀྱང་ཁྱབ་པ་མ་གྲུབ་པས། བདེན་པའི་དཔེ་མེད་པས་དགག་ཅིང་ལུང་དྲང་དོན་ཡིན་པས་སོ། །དབུ་མ་པ་དང་བསྒྲུབ་བྱ་མཚུངས་པ་མ་གྲུབ་པ་ནི། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་སྐྱོན་རྟོག་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བརྟགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་པ་ལས་འབྲས་ལ་སོགས་པ་དེ་ཁོ་ནར་མེད་པར་འདོད་ཅིང་ཐ་སྙད་དུ་གཟུགས་བརྙན་ལ་སོགས་པ་གྲུབ་སྟེ། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་ནས་མ་གྲུབ་པ་ཡང་མིན། །ཞེས་སོ། །དེས་ན་དབུ་མ་པ་ལ་རང་གི་དམ་བཅའ་གང་ཡང་མི་དམིགས་པས་ཁས་མི་ལེན་ལ། གཞན་གྱི་དམ་བཅའ་རྣམས་ནི་ཤུགས་ཀྱིས་བཀག་པར་སོང་ཡང་ཆེད་དུ་གཏད་པ་ནི་མ་ཡིན་ཏེ། བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུང་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་བསྲེག །ཅེས་སོ། །དེ་ལྟར་རྒྱུ་མཚན་ཉིད་ཀྱི་གཞུང་ལུགས་བཤད་ནས། ད་ནི་འབྲས་བུ་སྔགས་ཀྱི་གཞུག་ལུགས་བཤད་པར་བྱའོ། །འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། གནས་པ་བསྡུས་པ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དེ་ལ་དོན་གཅིག་པ་ནི་གནས་སྐབས་ཀྱི་ལྟ་བ་དང༌། མཐར་ཐུག་གི་འབྲས་བུ་གཅིག་པའོ། །མ་རྨོངས་པ་ནི་མཁས་པས་ཏེ། ཀྱེའི་རྡོ་རྗེ་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ལས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་པས་མདོར་བསྟན། དུག་གི་དུམ་བུ་དང༌། མེས་ཚིག་པ་དང༌། རྣ་བར་ཆུ་ཞུགས་པ་དང༌། རླུང་གིས་གཟིར་བའི་དཔེ་དང་བཅས་ནས་རྒྱས་པར་བཤད་དོ། །དེ་ནི་མཚན་ཉིད་ཀྱི་གཞུང་ལས་ཀྱང་བཤད་དེ། དཀོན་བརྩེགས་ལས། དཔེར་ན་གྲོང་ཁྱེར་གྱི་ལུད་གང་ཡིན་པ་དེས་འབྲས་སམ། བུ་རམ་གྱི་ཞིང་ལ་ཕན་འདོགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་བྱང་ཆུབ་ཀྱི་མྱུ་གུ་ལ་ཕན་འདོགས་སོ་ཞེས་གསུངས་པས་སོ་ཞེ་ན། དེ་ནི་ས་ཐོབ་པའི་ཚེ་ཡིན་གྱི། གསང་སྔགས་ནི་ལས་དང་པོ་པ་ནས་ཡིན་ནོ། །ཐབས་མང་བ་ནི་མཆོག་ཐུན་མོང་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པའོ། །དེ་ནི་མཚན་ཉིད་ཀྱི་གཞུང་ལའང་ཡོད་དེ། ཕ་རོལ་དུ་ཕྱིན་པ་རེ་རེ་ལའང་དྲུག་དྲུག་སྟེ་སུམ་ཅུ་རྩ་དྲུག་ལ་སོགས་པ་བཤད་དོ་ཞེ་ན། དེ་བས་ཀྱང་འདི་མང་སྟེ། རྣལ་འབྱོར་གྱི་རྒྱུད་སྟོང་ཕྲག་བཅུ་གཉིས་ལ་འཇུག་པའི་སྒོ་དེ་སྙེད་ཡོད་ཅིང༌། དེ་རེ་རེ་ཞིང་ཡང་ཐབས་སྨིན་གྲོལ་དང་བཅས་པ་ཡིན་ལ། དེ་རེ་རེས་མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབས་པས་སོ། །དཀའ་བ་མེད་པ་ནི་སླ་བས་ཏེ། སཾ་གྲ་ཧ་ལས། འདོད་པའི་ཡོན་ཏན་ཐམས་ཅད་ལ། །ཅི་བདེ་བར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་དང༌། གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་བཙལ་ཡང་རྙེད་པར་མི་འགྱུར་ཏེ། གསང་བ་འདུས་པ་ལས། དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་སོ། །འོ་ན་འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་སྤྱོད་ཀྱང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་བསྒྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་པ། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་བཤད་པར་ཁྱད་པར་ཅི་ཡོད་ཅེ་ན། སྡུད་པ་ནས་བཤད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནས་ཡིན་ལ། གསང་སྔགས་ཀྱི་སྐབས་འདིར་དབང་ཐོབ་པའི་དུས་ཉིད་ནས། ཆོས་ཐམས་ཅད་ལྷག་པའི་ལྷར་ངོ་སྤྲོས་པས་མཆོད་པ་མི་འབྲལ་བ་ཡིན་ཏེ། རྒྱུད་དྲྭ་བ་ལས། དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་འདི་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་གནས། །ཞེས་སོ། །དབང་པོ་རྣོ་བ་ནི་དབང་པོ་གསལ་ཞིང་མྱུར་བས་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པ་ཡིན་ཏེ། གསང་འདུས་ལས། འདིས་ནི་དེ་བཞིན་གཤེགས་པའི་སྐུ། །ཆོས་འཛིན་མཆོག་གི་གསུང་དང་ནི། །རྡོ་རྗེ་འཛིན་པའི་ཐུགས་དག་ཀྱང༌། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །ཅེས་སོ། །འོ་ན་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འདོད་ན། ཞག་བདུན་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ་ཞེས་བཤད་པས་གསང་སྔགས་དང་ཁྱད་མེད་དོ་ཞེ་ན། ཁྱད་པར་ཆེ་སྟེ། མདོ་ལས་གསུངས་པ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པ་ལ་དགོངས་ཤིང༌། གསང་སྔགས་ནས་བཤད་པ་ནི་ཐ་མལ་པས་བསྒྲུབས་ཀྱང་འགྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་སེམས་ཅན་མཚམས་མེད་ལྔ་ལ་སོགས། །སྡིག་པ་ཆེན་པོ་བྱེད་པས་ཀྱང༌། རྡོ་རྗེ་ཐེག་པའི་རྒྱ་མཚོ་སྟེ། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་སོ། །དེའང་དབང་པོ་རྣོན་པོ་དེས་མངོན་བྱང་ལྔས་བྱང་ཆུབ་ཐོབ་པ་སྟེ། རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་སེམས་དཔའ་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འགྱུར། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་བཞིན་མཚན་དང་དཔེ་བྱད་དོ། །རྡོ་རྗེ་ཆོས་སྐུ་དབང་བསྐུར་བས། །རྣམ་པར་སྨིན་པའི་སྐུ་རུ་འདོད། །རྡོ་རྗེ་ལས་སུ་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་སྟེ་རྣམ་པར་སྣང་མཛད་འགྱུར། །ཞེས་སོ། །ཁྱད་པར་དེ་རྣམས་ཀྱིས་ཁྱད་པར་དུ་འཕགས་པའི་གསང་སྔགས་འདི་ལ་རྡོ་རྗེ་ཐེག་པ་ཞེས་བྱ་སྟེ། རྡོ་རྗེ་ས་འོག་གི་རྒྱུད་ལས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་པ་དང༌། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གཏི་མུག་ཞེ་སྡང་འདོད་ཆགས་ཀྱིས། །རྡོ་རྗེ་ལ་དགའ་རྟག་པར་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་སོ། །འདི་ལ་དོན་ལྔ་སྟེ། རྒྱུད་སྡེའི་དབྱེ་བ་དང༌། བསྡུ་བ་དང༌། ཁྱད་པར་དང༌། གྲངས་ངེས་པ་དང༌། ངེས་ཚིག་གོ །དང་པོ་ནི་དུས་ཀྱི་འཁོར་ལོའི་དགོངས་པ་རྒྱུད་སྡེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡིན་ནོ། །གསང་བ་འདུས་པའི་དགོངས་པས་རྒྱུད་སྡེ་ལྔ་ལས་དབྱེ་བའི་སྟོང་ཕྲག་སུམ་ཅུ་རྩ་བཞི་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོའི་རྒྱུད་དང༌། གཉིས་ཀའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། བྱ་བའི་རྒྱུད་དང༌། རྟོག་པའི་རྒྱུད་ཀྱི་ཚད་ཅི་ལགས། བཀའ་སྩལ་པ། རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་སོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །དེ་དག་ནི་སྟོང་ཕྲག་སུམ་ཅུ་རྩ་བཞི་སྟེ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདི་དག་གི་མིང་གི་མཐའ་མ་རྣམས་ཡིན་ཏེ་ཞེས་བཤད་པས། ཀཱ་ལིའི་ཡི་གེ་རེ་རེས་མིང་གི་མཐའ་བྱས་པའི་རྒྱུད་སྡེ་སྟོང་ཕྲག་རེའོ། །ཀྱེའི་རྡོ་རྗེའི་དགོངས་པ་རྒྱུད་སྡེ་བཞི་ཡིན་ཏེ། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་རྣམས་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེན་པོ་དེ་ལྟག་གོ །ཞེས་བཤད་དོ། །གཉིས་པ་བསྡུས་པ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྣལ་འབྱོར་ཆེན་པོར་འདུས་སོ། །སྟོང་ཕྲག་སུམ་ཅུ་རྩ་བཞི་ནི་ལྔར་འདུས་ཤིང༌། དེ་ཡང་བཞིར་འདུ་སྟེ་རྟོག་པའི་བཞི་པོ་ལས་འཕྲོས་པའི་དུམ་བུའོ། །གསུམ་པ་ཁྱད་པར་ལ་གཉིས་ལས། ལྔར་ཕྱེ་བའི་ཁྱད་པར་ནི་ཡེ་ཤེས་རྡོ་རྗེ་ལས། སྨན་དང་སྦྱིན་སྲེག་དང་ཕྱེ་མ་དང་མིག་སྨན་དང་རྐང་མགྱོགས་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་ནི་རྟོག་པའི་རྒྱུད་དོ། །འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང༌། བདག་ཉིད་ལྷའི་ང་རྒྱལ་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་ཡུལ་དང༌། རྐྱེན་གྱི་རྒྱུ་རྟོག་པ་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་དོ། །ལས་ཀྱི་བྱ་བ་སྣ་ཚོགས་ཕྱག་རྒྱ་ཆེན་པོར་སྒྲུབ་པར་བྱེད་པ་དང༌། ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་དོ། །རིག་པ་དང་ལྷ་མོ་རྣམས་ཀྱིས་ལྷན་ཅིག་དཀྱིལ་འཁོར་འཁོར་ལོ་བསྐོར་ཏེ། དེ་ལས་བྱུང་བའི་བསྒྲུབ་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱད་དེ། སྒྲུབ་པར་བྱེད་པ་གཉིས་ཀའི་རྒྱུད་དོ། །དོན་དམ་པའི་བདེན་པ་ལས་རང་བྱིན་གྱིས་བརླབ་པའི་རིམ་པས་ལངས་ཏེ། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་རབ་ཏུ་བསྟན་པའི་ཕྱིར། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་གིས་བསྒྲུབ་པར་བྱའོ་ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ལ་བཞུགས་སོ་ཞེས་པ་ཡིན་ནོ། །བཞིར་ཕྱེ་བའི་ཁྱད་པར་ལ་དབང་དང་ལམ་མོ། །དབང་ནི་ཡེ་ཤེས་ཐིག་ལེ་ལས། ཆུ་དང་དེ་བཞིན་ཅོད་པན་དབང༌། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཕྱིར་མི་ལྡོག་པ་སློབ་དཔོན་དབང༌། །རྣལ་འབྱོར་རྒྱུད་ལས་བཤད་པ་ཡིན། །རྣལ་འབྱོར་མ་ཡི་རྒྱུད་དུ་ནི། །གསང་བ་ཤེས་རབ་ཡེ་ཤེས་དང༌། །ཤེས་རབ་ཡེ་ཤེས་ཆེན་པོའོ། །ཞེས་གསུངས་སོ། །ལམ་ནི་བྱ་བའི་རྒྱུད་དུ། དམ་ཚིག་ཡེ་ཤེས་རྡོ་རྗེ་འཕངས་ཏེ། རྗེ་བོ་ཉིད་དུ་ཉེ་བར་གནས། །ཞེས་སོ། །སྤྱོད་པར་གྲོགས་པོའི་ཚུལ་ཏེ། །གྲོགས་པོ་ཉིད་དུ་ཉེ་བར་གནས། །ཞེས་སོ། །རྣལ་འབྱོར་ལ་ཡེ་ཤེས་འབྱིན་འཇུག་གི་ཚུལ་དེ་དེ་བཞིན་གཤེགས་པ་ཚད་མེད་པ་དང་སེམས་ཅན་ཚད་མེད་དུ་བསྒྲུབས་ནས་སླར་གཤེགས་པར་བཤད་དོ། །རྣལ་འབྱོར་ཆེན་པོར་གཉིས་སུ་མེད་དེ། མདོར་ན་ཕུང་པོ་ལྔ་རྣམས་ནི། །རྒྱལ་བ་ལྔར་ནི་རབ་ཏུ་གྲགས། །ཞེས་པ་དང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ལ་སོགས་པ་དང༌། གནས་དེ་རྣམས་སུ་དཔའ་བོ་ནི། །རྩ་ཡི་གཟུགས་སུ་ཡང་དག་གནས། །ལ་སོགས་པའོ། །བཞི་པ་གྲངས་ངེས་པ་ལ་བཞི་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རྡོ་རྗེའི་ལུས་ལ་རྩ་དེ་སྙེད་ཡོད་པ་ལ་དགོངས་ཏེ། རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་འབབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་རབ་ཏུ་ཤེས་པར་བྱ། །ཞེས་སོ། །སྟོང་ཕྲག་སུམ་ཅུ་རྩ་བཞི་ནི་ཀཱ་ལི་སུམ་ཅུ་རྩ་བཞིས་མཐའ་བརྟེན་པའོ། །ལྔར་ངེས་པ་ནི་སྒྲུབ་བྱེད་ཆོ་ག་མི་འདྲ་བ་ལྔའི་དབང་གིས་གོང་དུ་བཤད་པ་བཞིན་ནོ། །བཞིར་ངེས་པ་ལ་བཞི་ལས། ཕྱི་རོལ་པའི་གདམས་ངག་བཞི་གཟུང་བའི་ཕྱིར་ངེས་ཏེ། དེའང་འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲངས་ནས་འདོད་ཆགས་ཆོས་སུ་སྨྲ་སྟེ། གཽ་ཏཾ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། །ཞེས་སོ། །དེ་རྗེས་སུ་གཟུང་བའི་ཕྱིར་རྣལ་འབྱོར་ཆེན་པོ་སྟེ། གསང་འདུས་ལས། བུད་མེད་གཟུགས་དང་མདངས་བཟང་བ། །ལོ་གངས་བཅུ་དྲུག་ལོན་པ་ལ། །བྱིན་གྱི་བརླབ་ཀྱིས་གནས་གསུམ་གྱི། །དབེན་པར་མཆོད་པ་རབ་ཏུ་བརྩམ། །ཞེས་སོ། །ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ནས་འཚེ་བ་ཆོས་སུ་སྨྲ་སྟེ། རྒྱལ་རིགས་ལ་ནི་རྒྱལ་རིགས་དང༌། །བྲམ་ཟེ་འདོད་པས་བྲམ་ཟེ་བསད། །ཅེས་སོ། །དེའི་ཆེད་དུ་སྤྱོད་པའི་རྒྱུད་དེ། མངོན་བྱང་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །བསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་སོ། །གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲངས་ནས་གཙང་སྦྲ་ཆོས་སུ་སྨྲ་སྟེ། འདག་ཆལ་དག་གིས་བསྒོས་པའི་གོས། །དྲི་མ་མེད་པར་གྱུར་པ་བཞིན། །ལུས་ལ་མཆོད་སྦྱིན་གྱིས་བསྒོས་ལ། །འབབ་སྟེགས་བཀྲུས་པ་དེ་ཡིས་འདག །ཅེས་སོ། །དེའི་ཆེད་དུ་བྱ་བ་སྟེ། ལེགས་པར་གྲུབ་པ་ལས། ཁྲུས་བྱས་གཙང་ཞིང་གཟུང་བྱ་སྟེ། །བཀྲ་ཤིས་ངོ་མཚར་དག་བྱས་ནས། །བསྒྲུབ་པའི་རྫས་ནི་ཡོངས་སུ་གཟུང༌། །ཞེས་སོ། །གསུམ་ཀ་ལ་མོས་པའི་གསུམ་ཀ་ཆོས་སུ་སྨྲ་བའི་ཆེད་དུ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། སཾ་གྲ་ཧ་ལས། འདོད་ཆགས་ཅན་གྱི་དོན་དུ་རྡོ་རྗེ་དབྱིངས་ཀྱི་དུམ་བུ། ཞེ་སྡང་ཅན་གྱི་དོན་དུ་ཁམས་གསུམ་རྣམ་རྒྱལ། གཏི་མུག་ཅན་གྱི་དོན་དུ་འགྲོ་འདུལ། སེར་སྣ་ཅན་གྱི་དོན་དུ་ཐམས་ཅད་གྲུབ་པའི་དུམ་བུ་གསུངས་སོ། །འདོད་ཁམས་ཀྱི་གང་ཟག་བཞི་རྗེས་སུ་གཟུང་བའི་ཕྱིར་ཡང་བཞིར་ངེས་ཏེ། སཾ་པུ་ཊ་ལས། དགོད་དང་བལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྲིག་པའི་བྱེ་བྲག་གིས། །སྲིན་བུའི་ཚུལ་གྱིས་རྒྱུད་བཞི་ཡིན། །ཞེས་སོ། །དེ་ལ་བལྟས་པས་ཚིམ་པའི་ཆེད་དུ་བྱ་བ་སྟེ། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །དཀར་པོ་རས་ལ་རྟག་གནས་ཤིང༌། །ཕོ་ཡང་མོ་ལ་ལྟ་བ་དང༌། །མོ་ཡང་ཕོ་ལ་ལྟ་བ་བྲི། །ཞེས་སོ། །དགོད་པས་ཚིམ་པའི་དོན་དུ་སྤྱོད་པས་ཏེ། མངོན་བྱང་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །ཕོ་ཉ་རྣམས་ཀྱིས་ཡོངས་སུ་བསྐོར། །བཞིན་ནི་བག་ཙམ་འཛུམ་པ་བྲི། །ཞེས་སོ། །ལག་བཅངས་ཀྱིས་ཚིམ་པའི་དོན་དུ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། དེ་ཡི་གཡོན་ལོགས་ལྷ་མོ་ནི། །འཛུམ་བཅས་ཟླ་བའི་འོད་མངའ་བ། །ཀུན་ཏུ་རྣམ་པར་བལྟ་བས་ཏེ། །བཅོམ་ལྡན་འདས་ཀྱི་ཕྱག་གིས་འཇུས། །ཞེས་སོ། །དབང་པོ་གཉིས་སྦྱོར་གྱིས་ཚིམ་པའི་དོན་དུ་རྣལ་འབྱོར་ཆེན་པོ་སྟེ། གསང་འདུས་ལས། བུད་མེད་གཟུགས་བཟང་ལ་སོགས་དང༌། །ཀྱེ་རྡོར་ལས། བོལླ་ཀཀྐོ་ལ་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་དང༌། འཁོར་ལོ་སྡོམ་པ་ལས། དབང་གཉིས་སྙོམས་པར་འཇུག་པ་ལས། །སྙོམས་པར་འཇུག་པའང་དེ་ཉིད་འཛིན། །ཞེས་སོ། །མིའི་རིགས་བཞི་རྗེས་སུ་གཟུང་བའི་ཆེད་དུ་ཡང་བཞིར་ངེས་ཏེ། རྡོ་རྗེ་ས་བོན་ལས། བྲམ་ཟེ་རྗེའུ་རྒྱལ་རིགས་དང༌། །དམངས་རིགས་རྗེས་སུ་གཟུང་བའི་ཕྱིར། །རྡོ་རྗེ་འཛིན་པ་ཉིད་ཀྱིས་ནི། །རྒྱུད་སྡེ་རྣམ་པར་བཞིར་བཤད་དོ། །ཞེས་སོ། །དབང་པོ་མཆོག་དམན་བཞི་རྗེས་སུ་གཟུང་བའི་ཕྱིར་ཡང་བཞིར་ངེས་ཏེ། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །ཅེས་པ་ལ་སོགས་པ་གོང་དུ་བཤད་དོ། །དེ་ལ་བྱ་བའི་རྒྱུད་ནི་ཕྱི་ལུས་ངག་གི་བྱ་བ་སྟོན་པ་སྟེ། དེ་ལ་གསུམ། སྤྱི་རྒྱུད་ནི་གསང་བ་སྤྱི་རྒྱུད་དམ། དཔུང་བཟང་ལ་སོགས་པའོ། །བྱེ་བྲག་ལ་སྐུའི་རྡོ་རྗེ་གཙུག་ཏོར། གསུང་གི་ཨ་མོ་གྷ་པཱ་ཤ། ཐུགས་ཀྱི་རིག་པ་མཆོག་ལ་སོགས་པའོ། །འཕྲོས་པ་ནི། སྐུ་ལས་འཕྲོས་པ་གཙུག་ཏོར་རྣམ་རྒྱལ། གསུང་ལས་འཕྲོས་པ་དོན་ཡོད་ཞགས་པའི་རྟོག་པ། ཐུགས་ལས་འཕྲོས་པ་རྡོ་རྗེ་རྣམ་འཇོམས་ལ་སོགས་པའོ། །སྤྱོད་པའི་རྒྱུད་ནི་ཕྱི་ལུས་ངག་བྱ་བའི་རྒྱུད་དང་མཐུན་ཞིང༌། ཏིང་ངེ་འཛིན་རྣལ་འབྱོར་གྱི་རྒྱུད་དང་མཐུན་པ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་ནི་སེམས་ཀྱི་ཏིང་ངེ་འཛིན་སྟོན་པ་སྟེ། དེ་ཉིད་འདུས་པ་ལ་སོགས་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ནི་ཐབས་ཤེས་རབ་ཟུང་འཇུག་ཏུ་སྟོན་པ་སྟེ། རྣལ་འབྱོར་ཐབས་ཀྱིས་མ་ཡིན་ལ། །ཤེས་རབ་ཀྱིས་ཀྱང་རྣལ་འབྱོར་མིན། །ཐབས་དང་ཤེས་རབ་ཟུང་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་སོ། །དེ་ལ་གསུམ་ལས། ཕའི་རྒྱུད་ནི་གསང་བ་འདུས་པ་ལ་སོགས་པའོ། །མའི་རྒྱུད་ནི་མ་ཧཱ་མཱ་ཡ་ལ་སོགས་པའོ། །གཉིས་སུ་མེད་པའི་རྒྱུད་ནི་དུས་ཀྱི་འཁོར་ལོ་ལ་སོགས་པའོ། །ལྔ་པ་ངེས་ཚིག་ནི། ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན། གཞི་ལམ་འབྲས་བུ་གསུམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་རྒྱུད་ཡིན་པས་རྒྱུད་ཅེས་བྱ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་དེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། །གཞན་ཡང་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་རྒྱུད་སྣོད་དུ་རུང་བར་བྱེད་པའི་ཐབས་དང༌། སྣོད་དུ་རུང་བའི་གང་ཟག་སྨིན་པར་བྱེད་པའི་ཆོ་ག་དང༌། སྨིན་པའི་གང་ཟག་གིས་ལམ་ཉམས་སུ་བླང་བའི་རིམ་པ་དང༌། ལམ་མཐར་ཐུག་པ་ལས་འབྲས་བུ་སྐུ་གསུམ་འགྲུབ་པའི་ཚུལ་ལ་བརྟེན་ནས་རྒྱས་པར་བཤད་དུ་ཡོད་མོད་ཀྱི། འོན་ཀྱང་སྐབས་འདིར་འདི་ཙམ་ཞིག་བཀོད་པ་ཡིན་ནོ། །འཇིག་རྟེན་ཕལ་པའི་ཚུལ་དང་དྲང་སྲོང་སེར་སྐྱ་སོགས། །ལམ་ཚོལ་ལམ་ལས་གོལ་བ་མུ་སྟེགས་རྣམས་ཀྱི་ལུགས། །ཐོས་སྒྲོགས་བསེ་རུ་རིག་ཙམ་སྨྲ་དང་སྤྲོས་བྲལ་སྟོན། །རྨད་དུ་བྱུང་བའི་ཐབས་མཆོག་རྡོ་རྗེ་ཐེག་པའི་གཞུང༌། །ཤེས་བྱ་ཀུན་གྱི་གནས་ལུགས་དང༌། །རང་གཞན་གཞུང་ལ་མཁས་བྱའི་ཕྱིར། །ལེགས་བཤད་འདི་ནི་ལེགས་པར་བཤད། །ལེགས་བཤད་ལེགས་པར་སྦྱར་བའི་དགེ་བ་གང་ཡིན་པ། །ཕུན་སུམ་ཚོགས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་དང༌། །ཕུན་ཚོགས་དགེ་ལ་སྤྱོད་པའི་སོ་སྐྱེ་འཕགས་པའི་ཚོགས། །རྟག་ཏུ་ཕུན་སུམ་ཚོགས་པས་བརྒྱན་པའི་ཆེད་དུ་ཡིན། །བསོད་ནམས་འདི་ཡིས་ཤཱཀྱ་ཡི། །བསྟན་པ་རིན་ཆེན་འཇིག་རྟེན་འདིར། །ཡུན་རིང་གནས་ཤིང་སེམས་ཅན་རྣམས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །གཞུང་ལུགས་ལེགས་པར་བཤད་པ་ཞེས་བྱ་བ་འདི་ས་སྐྱ་པཎྜི་ཏས་ལིང་ཆུ་རྩེའི་ཁབ་ཀྱི་གཙུག་ལག་ཁང་དུ་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply