༼ཐ༽
༄༅། །མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ། བི་ཏ་ག་ཏཱ་ཝ་ཏཱ་ར་དྭཱ་ར། བོད་སྐད་དུ། མཁས་པ་འཇུག་པའི་སྒོ། བླ་མ་དང་འཇམ་པའི་དཔལ་ལ་གུས་པས་ཕྱག་འཚལ་ལོ། །དོན་བཟང་ཆོས་སྤོབས་ངེས་ཚིག་དྲི་མ་མེད། །རང་གཞན་དོན་བརྙེས་སྤངས་དང་ངེས་པར་འབྱུང༌། །སྟོན་པའི་ཆོས་སྨྲ་སེང་གེའི་སྒྲ་སྒྲོགས་པའི། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བསྟན་བཅོས་ཀྱི་ཐོག་མར་མཆོད་པར་བརྗོད་པ་འདིས་ཅི་བསྟན་ཞེ་ན། བླ་མ་དང་འཇམ་པའི་དབྱངས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེའི་ཡོན་ཏན་ཆ་ཙམ་བརྗོད་ནའང་མཐར་ཐུག་འཚང་རྒྱ་ཞིང༌། གནས་སྐབས་བར་ཆད་ཞི་བའི་རྒྱུར་འགྱུར་བར་བསམས་ནས་ངག་དང་པོ་བརྗོད་དོ། །ཡོན་ཏན་གྱི་ཆ་ཤས་དེའང་རང་གིས་སོ་སོ་ཡང་དག་པར་རིག་པ་བཞིའི་སྤོབས་པ་ཐོབ་པ་དང༌། གཞན་ལ་མི་འཇིགས་པ་བཞིས་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ལས་བརྩམས་པ་ཡིན་ནོ། །དེ་དག་ཀྱང་དོན་དང་ཆོས་དང་སྤོབས་པ་དང་ངེས་པའི་ཚིག་སྟེ། སོ་སོ་ཡང་དག་པར་རིག་པ་བཞིས་ཤེས་བྱ་ཐམས་ཅད་ལ་དབང་འབྱོར་བ་ཐོབ་ཅིང༌། རང་གི་དོན་དང་གཞན་གྱི་དོན་མཁྱེན་པ་དང༌། སྤངས་པ་དང༌། ངེས་པར་འབྱུང་བའི་ལམ་དང་གེགས་སྟོན་པ་ལ་ལྷ་དང་བཅས་པའི་མུ་སྟེགས་གཞན་གྱིས་མི་རྫི་བས་མི་འཇིགས་པ་བཞི་བརྙེས་པ་སྟེ། ཚུལ་འདིས་རང་གིས་རྩོམ་པ་དང་གཞན་ལ་འཆད་པ་དང༌། ལོག་རྟོག་སེལ་བ་ལ་མི་འཇིགས་ཤིང་སེང་གེའི་སྒྲ་སྒྲོགས་པའི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པས་ཐོག་མར་བཤད་དོ། །འགའ་ཞིག་སྒྲ་དང་རྣམ་པར་དབྱེ་བ་དང༌། །ཁམས་དང་བྱེ་ཚིག་དཔེ་དང་ཚིག་གི་རྒྱན། །དབྱེ་བསྡུ་གྲངས་དང་ངེས་པ་གོ་རིམ་ལ། །འདི་ལ་ཕལ་ཆེར་རྨོངས་པར་མཐོང་ནས་འདི། །མཁས་པར་ཁས་འཆེ་བ་འགའ་ཞིག་སྒྲ་ཙམ་གྱི་རྣམ་གཞག་དང༌། མིང་སྒྲུབ་པ་ལ་རྣམ་པར་དབྱེ་བའི་རྐྱེན་སྟེར་བ་དང༌། ཁམས་སྒྲུབ་པ་ལ་ཏི་ངན་ཏའི་རྐྱེན་སྟེར་བར་དང༌། བྱེད་པའི་ཚིག་ལ་བཞི་དང་དྲུག་ལ་སོགས་པའི་སྦྱོར་བ་དང༌། དཔེ་ལ་དངོས་དང་བཟློག་པ་ལ་སོགས་པའི་ཁྱད་པར་དང༌། ཚིག་གི་རྒྱན་ལ་རང་བཞིན་དང༌། རྫས་དང་ཡོན་ཏན་བརྗོད་པ་ལ་སོགས་པའི་དབྱེ་བ་དང༌། དབྱེ་བ་སྒོ་ཐ་དད་པའི་ཚུལ་དང༌། བསྡུ་བ་ལ་སྤྱི་བྱེ་བྲག་གི་སྒོ་ནས་ཇི་ལྟར་སྡུད་པ་དང༌། གྲངས་ངེས་པ་ལ་དངོས་འགལ་རྣམ་པར་གཅོད་པ་དང༌། ལོག་རྟོག་བཟློག་པ་དང༌། དགོས་པའི་སྒོ་ནས་ཇི་ལྟར་ངེས་པ་དང༌། གོ་རིམ་ལ་ཚིག་དང་དོན་གྱི་རིམ་པས་བརྗོད་བདེ་ཞིང་རྟོགས་སླ་བའི་སྦྱོར་བ་ལ་གངས་ཅན་གྱི་ཁྲོད་འདི་ན་ལེགས་པར་མ་སྦྱངས་པའི་སྐྱེ་བོ་ཕལ་ཆེར་འཁྲུལ་པར་མཐོང་ནས། དེ་ལ་ཕན་པའི་དོན་དུ་མཁས་པ་འཇུག་པའི་སྒོ་འདི་བཤད་དོ། །སུས་འཆད་ཅེ་ན། མང་དུ་ཐོས་ཤིང་མཐོང་ནས་གོམས་པ་དང༌། །མན་ངག་དབང་གིས་དཔལ་ལྡན་ཀུན་དགའ་ཡི། །རྒྱལ་མཚན་འདི་ན་འགའ་ཙམ་འཆད་པ་ལ། །མཁས་པ་རྣམས་ཀྱིས་དགའ་བ་སྐྱེད་དེ་ཉོན། །སྒྲའི་བསྟན་བཅོས་ཀ་ལཱ་པ་དང༌། ཙནྡྲ་པ་ལ་སོགས་པ་དང༌། ཚད་མའི་བསྟན་བཅོས་ཀུན་ལས་བཏུས་དང༌། རབ་ཏུ་བྱེད་པ་སྡེ་བདུན་ལ་སོགས་པ་དང༌། སྙན་ངག་གི་བསྟན་བཅོས་སྐྱེས་པའི་རབས་དང༌། ཆེན་པོ་གསུམ་དང༌། ཆུང་ངུ་གསུམ་ལ་སོགས་པ་དང༌། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་དང༌། སྡེབ་སྦྱོར་གྱི་ཚོམས་ལ་སོགས་པ་དང༌། ཚིག་གི་རྒན་གྱི་བསྟན་བཅོས་དཎྜཱི་དང༌། དབྱངས་ཅན་གྱི་མགུལ་རྒྱན་ལ་སོགས་པ་དང༌། མིང་གི་ངེས་བརྗོད་ཨ་མ་ར་ཀོ་ཥཱ་དང༌། སྣ་ཚོགས་གསལ་བ་ལ་སོགས་པ་དང༌། ཟློས་གར་གྱི་བསྟན་བཅོས་གླུ་རྣམས་རབ་ཏུ་དགའ་བ་དང༌། གཟུགས་ཀྱི་སྙེ་མ་ལ་སོགས་པ་དང༌། སྨན་དཔྱད་ཀྱི་བསྟན་བཅོས་ཡན་ལག་བརྒྱད་པ་དང༌། གསོ་བ་རིག་པ་ལ་སོགས་པ་དང༌། བཟོ་རིག་པ་སྐུ་གཟུགས་ཀྱི་ཆག་ཚད་དང༌། ས་དང་ཆུ་ལ་སོགས་པའི་བརྟག་པ་དང༌། ཕྱི་རོལ་གྱི་རྒྱུ་སྐར་ལ་སོགས་པའི་རྩིས་དང༌། ནང་གི་རླུང་ལ་སོགས་པའི་རྩིས། ནང་པ་དང་ཕྱི་རོལ་པའི་བྱེ་བྲག་དུས་ཀྱི་འཁོར་ལོ་དང༌། དཔལ་འཛིན་གྱིས་བྱས་པའི་བསྟན་བཅོས་དང༌། ནང་རིག་པ་ལ་མདོ་སྡེ་དང༌། འདུལ་བ་དང༌། མངོན་པའི་སྡེ་སྣོད་གསུམ་དང༌། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་བཞི་དང༌། དེ་དག་གི་འགྲེལ་པ་དང༌། འགྲེལ་བཤད་ལ་སོགས་པའི་ཡོངས་སུ་གྲགས་པ་ཕལ་ཆེ་བ་མཐོང་ཞིང་ཐོས་ནས་འདྲིས་པར་བྱས་པ་ཡིན་གྱི་རང་བཟོ་དང་མུན་སྤྲུལ་མ་ཡིན་པས་མཁས་པ་རྣམས་འཇུག་པའི་སྒོ་འཆད་པ་འདི་ལ་བློ་གྲོས་གསལ་བ་རྣམས་ཀྱིས་ཆགས་སྡང་སྤངས་ཏེ་ཡིད་དགའ་བར་གྱིས་ལ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །མཁས་པ་ཞེས་བྱ་བ་གང་ཡིན་ཞེ་ན། ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ལ། གཞན་ཡང་བྱེ་བྲག་གང་བསླབས་པ་ཤེས་པ་དེ་ལའང་དེ་ཉིད་ལ་མཁས་པ་ཞེས་བྱ་བའི་མིང་ཐོབ་བོ། །མཁས་པ་དེས་བསླབ་པར་བྱ་བའི་ཡུལ་ནི་རིག་པའི་གནས་ལྔ་སྟེ། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང༌། །གསོ་བ་ཕྱི་ནང་རིག་ཅེས་གསུངས། །བརྡ་སྤྲོད་པ་སྒྲ་དང༌། རྟོག་གེ་ཚད་མ་དང༌། ཕྱི་རོལ་རིག་པའི་བཟོ་དང༌། ནང་རིག་པ་ལུང་གི་ཆོས་དང༌། གསོ་བ་རིག་པ་སྨན་དཔྱད་དོ། །དེའང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །གཞན་དག་ཚར་གཅད་རྗེས་སུ་གཟུང་བར་བྱ་ཕྱིར་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་ལྟར་རོ། །གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཤེས་བྱ། །མདོ་ལས་རིག་པའི་གནས་བཅོ་བརྒྱད་ཅེས་གསུངས་པའང་ལྔ་པོ་འདིར་འདུས་པར་ཤེས་པར་བྱའོ། །དེ་ལ་མཁས་པ་རྣམས་འཇུག་པའི་སྒོ་ལ་གསུམ་སྟེ། རྩོམ་པ་དང༌། འཆད་པ་དང༌། རྩོད་པ་ལ་འཇུག་པའོ། །དེའང་ཐོག་མར་རྩོམ་པ་ལ་འཇུག་པ་བཤད་འདོད་པས་བསྟན་བཅོས་ཀྱི་ཐོག་མར་མཆོད་པར་བརྗོད་པ་བཤད་དེ། བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང༌། །མཆོད་པར་བརྗོད་པ་ལ་དགོས་པ་དང༌། བསྡུས་པ་དང༌། ཚིག་གི་དོན་གསུམ་ལས། དགོས་པ་ལ་གཉིས་ཏེ། རྩོམ་པ་པོ་རང་གི་རྒྱུད་ལ་འབྱུང་བ་དང༌། བཤད་ཉན་བྱེད་པ་གཞན་གྱི་རྒྱུད་ལ་འཐོབ་པའོ། །བསྡུས་པའི་དོན་ལ་གང་ལ་གང་གིས་ཇི་ལྟར་བསྟོད་པ་ལ་སོགས་པའོ། །ཚིག་གི་དོན་ནི་སེང་གེའི་ལྟ་སྟངས་ཀྱིས་ངག་དོན་བཙལ་ལ། རུས་སྦལ་གྱི་འགྲོས་ཀྱིས་གཞུང་དོན་བཤད་པ་སྟེ། རྒྱས་པར་རང་རང་གི་གཞུང་རྩོམ་པ་དང་འཆད་པའི་སྐབས་སུ་ཤེས་པར་བྱའོ། །དེ་ལྟ་བུའི་མཆོད་པར་བརྗོད་པ་དེའང་ཕྱོགས་གཅིག་ཏུ་ངེས་སམ་ཞེ་ན། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པར་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །མཆོད་བརྗོད་ལ་མཆོད་པའི་མཐའ་ཅན་དང༌། དེ་བཞིན་དུ་བསྟོད་པ་དང༌། ཕྱག་འཚལ་བ་དང༌། ཤིས་པར་བརྗོད་པའི་མཐའ་ཅན་ཡོད་དེ། །དང་པོ་ནི་དབུས་མཐའི་འགྲེལ་པར། བསྟན་བཅོས་འདི་ནི་རབ་མཛད་པ། །བདེ་གཤེགས་ཉིད་སྐྱེས་བདག་སོགས་ལ། །འཆད་པ་ལ་ཡང་མངོན་མཆོད་ནས། །དོན་རྣམས་དབྱེ་ཕྱིར་འབད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་བསྟོད་པ་དང༌། ཕྱག་འཚལ་བ་དང༌། ཤིས་པར་བརྗོད་པ་ལ་སོགས་པའང་ཤེས་པར་བྱའོ། །དེ་དག་ཚིག་ཐ་དད་ཀྱང་དོན་མི་འགལ་ཏེ། སྟོན་པའམ་འདོད་པའི་ལྷའི་ཡོན་ཏན་བརྗོད་པར་མཚུངས་པའི་ཕྱིར་རོ། །བཤད་པར་དམ་བཅའ་བ་ལ་སོགས་པ་གལ་ཏེ་འཆད་ན་མི་དགོས་ལ། མི་འཆད་ན་དོན་མེད་དོ་སྙམ་ན། དམ་བཅའ་བ་དང་བསྐུལ་ཚིག་སོགས། །འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ། །མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། །ཁས་ལེན་པ་ལ་འགལ་བ་མེད། །བཤད་པར་དམ་བཅའ་བ་ལ་དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་བཤད་པར་བྱའོ་ཞེས་ཁས་བླངས་པས་གཞུང་འཆད་པ་ལ་སྤྲོ་བ་སྟོན་ལ། སྤྲོ་བའི་རྒྱུད་དོན་བཟང་པོ་ལ་འཇུག་སྟེ། རྒྱལ་པོ་རྒྱལ་སར་འབྱིན་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟ་བུ་ལ་ཁས་ལེན་གྱི། ཤོ་དང་མིག་མངས་ལ་སོགས་པ་བྱ་བ་ངན་པ་བྱེད་དུ་འཇུག་ཀྱང་ཚོགས་ཀྱི་དབུས་སུ་ཁས་མི་ལེན་ཏོ། །གཞན་ཡང་ཁས་བླངས་པས་དེའི་དོན་ལ་རང་ཉིད་མཁས་པར་གཞན་གྱིས་རྟོགས་པ་ཡིན་ཏེ། མི་མཁས་ན་ཚོགས་ཀྱི་དབུས་སུ་ཁས་ལེན་ག་ལ་ནུས། ཡང་དམ་བཅས་པས་དེ་འགྲུབ་པའི་རྒྱུར་འགྱུར་ཏེ། ཡ་རབས་རྣམས་ནི། སྲོག་ནི་གཏོང་གི་དམ་བཅའ་མིན། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་བསྐུལ་བའི་ཚིག དམ་པའི་ཆོས་ཉན་ཕྱིར་ནི་འདིར་ཤོག་ཤིག །ཅེས་བྱ་བའམ། ཡིད་ལ་དགའ་བ་སྐྱེད་དེ་ཉོན། །ཞེས་བྱ་བ་ལ་སོགས་པའང་དེ་དང་འདྲ་བར་ཤེས་པར་བྱའོ། །བསྡུས་པའི་དོན་ནི་ལས་བྱེད་པ་པོ་བྱ་བ་གསུམ་སྟེ། གང་བཤད་ན་བསྟན་བཅོས། གང་གིས་འཆད་ན་རྩོམ་པ་པོས། ཇི་ལྟར་བཤད་ན་རྒྱས་པའམ་འབྲིང་ངམ་བསྡུས་པའི་སྐབས་སུ་ཉེ་བར་དགོས་པ་འདི་ལྟར་བཤད་ཅེས་ངག་གི་དོན་བསྡུས་ཏེ་བསྟན་ཏོ། །ཚིག་གི་དོན་ནི་རང་རང་གི་གཞུང་དུ་ཤེས་པར་བྱའོ། །ཡང་བསྟན་བཅོས་འགའ་ཞིག་ཏུ་ཁེངས་བསྐྱུང་བ་བཤད་པ་ཅི་ཡིན་ཞེ་ན། ནུས་པ་མེད་ཀྱང་འབད་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག །བསྟན་བཅོས་དང་ནི་སྟོན་བྱེད་པ། །གཉིས་ཀ་དམ་པར་བསྟན་ཕྱིར་ཡིན། །ཁོ་བོ་རང་བཞིན་གྱིས་བློ་རྟུལ་བ་དང༌། རྐྱེན་སྦྱངས་པ་ཆུང་བས་རྩོམ་པའི་ནུས་པ་མེད་མོད། འོན་ཀྱང་རང་ངམ་རང་དང་འདྲ་བའམ། རང་བས་དམན་པའི་དོན་དུ་འཐད་པར་བྱའོ་ཞེས་བྱ་བའི་ཚིག་སྟེ། འདིས་བསྟན་བཅོས་དམ་པར་སྟོན་ཏེ། ནུས་པ་མེད་ཀྱང་འདི་ལྟར་འབད་ན་འདི་ལ་དོན་ཆེན་པོ་ཞིག་གོ་ཞེས་རྟོག་པ་དང་ལྡན་པས་དཔྱོད་པ་སྐྱེ་སྟེ། དཔེར་ན་ཚོང་པས་རྒྱ་མཚོ་ལས་རིན་པོ་ཆེ་ལོན་པ་བཞིན་ནོ། །ཡང་རྩོམ་པ་པོ་རང་ཉིད་གང་ཟག་དམ་པར་རྟོགས་པའང་ཡིན་ཏེ། འདི་ལྟར་ཚིག་དོན་ལ་མཁས་བཞིན་དུའང་མི་ཤེས་སོ་ཞེས་ཁེངས་པ་མེད་པ་ལ་དཔྱད་ན་རྩོམ་པ་པོ་གང་ཟག་དམ་པར་རྟོགས་པ་ཡིན་ནོ། །འདི་ལའང་བསྡུས་པ་དང༌། ཚིག་གི་དོན་ཡང་ཇི་ལྟར་འཚམ་པར་བཤད་པར་བྱའོ། །ཡང་འགའ་ཞིག་ལུས་རྣམ་པར་གཞག་པ་ཐོག་མར་འགོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། བཤད་སླ་བ་དང་གཟུང་བདེ་ཞིང༌། བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར། །མཁས་པ་ལ་ལ་བསྟན་བཅོས་ལུས། །བསྡུས་ཏེ་ཐོག་མར་དགོད་པ་མཛད། །ལུས་རྣམ་གཞག་ཐོག་མར་བཀོད་པ་ལ་དགོས་པ་གསུམ་སྟེ། འཆད་པ་པོས་འཆད་སླ། ཉན་པ་པོས་གཟུང་བདེ། བསྟན་བཅོས་ལ་ངེས་པ་སྐྱེ་བའོ། །དང་པོ་ནི་ལུས་རྣམ་གཞག་ཤེས་པས་བརྗོད་བྱ་ངོས་ཟིན། གོ་རིམ་མི་འཁྲུག མགོ་སྨོས་པས་དོན་བདེ་བླག་ཏུ་བྱ་བའི་དགོས་པ་སྟེ་གསུམ་མོ། །གཉིས་པ་ཉན་པ་པོས་གཟུང་བདེ་བ་ལ་གསུམ་སྟེ། ཐོས་པའི་སྐབས་སུ་བརྗོད་བྱ་བདེ་བླག་ཏུ་ངོས་ཟིན། བསམ་པའི་སྐབས་སུ་གོ་རིམ་མི་འཁྲུགས་པར་རྟོགས་སླ། བསྒོམ་པའི་སྐབས་སུ་བསྡུས་ནས་ཉམས་སུ་ལེན་པས་བསྒོམས་བྱུང་གི་ཤེས་རབ་མྱུར་དུ་སྐྱེ་བའི་དགོས་པའོ། །གསུམ་པ་བསྟན་བཅོས་ལ་ངེས་པ་སྐྱེ་བ་ནི། ལུས་དང་ཡན་ལག་རྗེས་སུ་འབྲེལ་བས་ལྷག་པ་དང་ཆད་པ་དང་འཁྲུགས་པའི་སྐྱོན་ལས་གྲོལ་བས་བསྟན་བཅོས་ཡང་དག་པའོ་ཞེས་ངེས་ཤེས་སྐྱེ་བའོ། །འདི་དག་གི་བསྡུས་པའི་དོན་དང༌། ཚིག་གི་དོན་ནི་བསྟན་བཅོས་ཀྱི་སྐབས་ཉིད་དུ་ཇི་ལྟར་རིགས་པར་བཤད་པར་བྱའོ། །བསྟན་བཅོས་ཀྱི་ཐོག་མར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཅི་ཡིན་ཞེ་ན། བསྟན་བཅོས་དམ་པར་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པས་དེ་མཐོང་ན། །དཔྱོད་པ་ལ་ཡང་ཅིས་མི་འཇུག །དགོས་འབྲེལ་གྱི་ངག་ཀླད་དུ་བཀོད་པ་ལ་དགོས་པ་དང༌། བསྡུས་པ་དང༌། ཚིག་དོན་གསུམ་ལས། དང་པོ་དགོས་པ་ནི་རྣམ་བཤད་རིགས་པ་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་དང་ལེན་པ་ལ་སོགས་ལ། །ཉན་པ་པོ་དེ་གུས་འགྱུར་བས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་གསུངས་པས་སོ། །དེ་ལ་དགོས་པ་ནི་འགའ་ཞིག་གཞུང་མཛེས་པ་སྐྱེད་ཅེས་ཟེར། འགའ་ཞིག་དོན་གྱི་ལོག་རྟོག་ལྡོག་པར་འདོད། དེ་དག་ཀྱང་གནས་སྐབས་སུ་འགལ་བ་མེད་མོད་ཀྱི། མཐར་འཐུག་པར་འགྱུར་བ་ཉིད་དགོས་པ་ཡིན་ནོ། །བསྡུས་པའི་དོན་ལ་བཞི་སྟེ། བརྗོད་བྱ། དགོས་པ། དགོས་པའི་དགོས་པ། འབྲེལ་བའོ། །འདི་དག་ལ་ཞན་གྱི་ལུགས་དགག་པ། རང་གི་འདོད་པ་བརྗོད་པ། དེ་ལ་རྩོད་པ་སྤང་བ་སྟེ། གསུམ་པོ་རྒྱས་པར་ཁོ་བོས་གཞན་དུ་བཤད་པ་ལྟར་ཤེས་པར་བྱའོ། །དེ་ལྟར་ཐོག་མའི་ངག་རྣམས་བཤད་ནས་བསྟན་བཅོས་ཀྱི་ལུས་རྩོམ་པ་ན་སྒྲའི་རྒྱུ་ཡི་གེ་དང༌། མིང་དང་ཚིག་གི་ཚོགས་གསུམ་བཤད་དོ། །དང་པོ་ནི། དངོས་སུ་བརྗོད་འདོད་མི་སྟོན་ཅིང༌། །བརྗོད་པ་ཀུན་གྱི་གཞིར་གྱུར་པ། །ཡི་གེ་ཞེས་བཤད་ཡི་གེའི་མཚན་ཉིད་ནི། དོན་མི་སྟོན་པའི་སྒྲ་སྤྱི་སྣང་བ་ཞེས་བྱ་བ་ཡིན་ལ། དེའང་དབྱངས་གསལ་བྱེད་ཅེས་བྱ་བ་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་དོ། །དེ་ལྟ་ན་ཡི་གེ་རེ་རེའི་ངེས་བརྗོད་ལས། ཨ་དང་ཀ་ལ་སོགས་པ་ལ་འཇམ་དཔལ་དང༌། ཚངས་པ་ལ་སོགས་པར་བཤད་པ་དང༌། བོད་ལ་ཡང་ཡི་གེ་རེ་རེས་མིང་དུ་འགྱུར་བ་མཐོང་བས་མ་ངེས་སོ་ཞེ་ན། མི་འགལ་ཏེ་རྣམ་དབྱེའམ་བརྗོད་འདོད་ཀྱི་སྒོ་ནས་གོ་བ་ཡིན་གྱི། ཡི་གེ་ལྡོག་པས་གོ་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡི་དབྱེ་བསྡུ་འདིར་མ་བཤད། ཡི་གེ་དེ་དག་གི་དབྱེ་བསྡུ་ནི་ཡི་གེ་མངས་པས་འཇིགས་པས་འདིར་མ་བྲིས་པས་སྨྲ་སྒོ་ལ་སོགས་པར་ཤེས་པར་བྱའོ། །ཡི་གེ་འདུས་པའི་བདག་ཉིད་ཅན། །དོན་གྱི་ངོ་བོ་བརྡ་སྤྲོད་པ། །མིང་ཡིན་ཞེས་མིང་གི་མཚན་ཉིད་ནི་དོན་གྱི་ངོ་བོ་སྟོན་པར་བྱེད་པའི་སྒྲ་སྤྱི་སྣང་བའོ། །དེའང་ཡི་གེ་འདུས་པ་ལས་འབྱུང་སྟེ། ཀ་བ་བུམ་པ་ལ་སོགས་པ་ལྟ་བུའོ། །རྣམ་པར་དབྱེ་བའམ་བརྗོད་འདོད་ཀྱི་དོན་གྱི་ངོ་བོ་ལ་བརྡ་མི་སྤྲོད་ན་ཡི་གེ་འདུས་པ་ཙམ་གྱིས་མིང་དུ་མི་འགྱུར་ཏེ། དོན་མི་སྟོན་པའི་ཡི་གེ་འདུས་པའང་མིང་དུ་ཐལ་བས་སོ། །དེའི་ཁྱད་པར་དག སྟོན་པས་ཚིག་ཅེས་རབ་ཏུ་བཤད། །ཚིག་གི་མཚན་ཉིད་ནི་དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྤྱི་སྣང་བ་སྟེ། ཀ་བ་རིང་པོའམ་བུམ་པ་བཟང་པོ་ལ་སོགས་པ་མིང་འདུས་པའོ། །དོན་གྱི་ཁྱད་པར་མི་སྟོན་ན་མིང་འདུས་པ་ཙམ་གྱིས་ཚིག་ཏུ་མི་འགྱུར་ཏེ། ཁྱད་པར་མི་སྟོན་པའི་མིང་རྐྱང་མིང་དུ་འདུས་པའང་ཚིག་ཏུ་ཐལ་བས་སོ། །དེ་དག་ཕན་ཚུན་སྦྱར་བ་ལས། །བརྗོད་འདོད་གསལ་བར་སྟོན་ཏེ་ངག །དེ་དག་ཕན་ཚུན་སྦྱར་བ་ལས་བརྗོད་བྱའི་དོན་འབྲེལ་བར་གོ་བ་ནི་ངག་གོ །དེ་བསགས་པ་ལས་རབ་བྱེད་སོགས། །ཆོས་ཀྱི་ཕུང་པོའི་བར་དུའང་འགྲུབ། །ངག་འདུས་པ་ལས་བརྗོད་བྱ་ཕྱོགས་རེ་སྟོན་པ་རབ་བྱེད་དང༌། ཕྱོགས་འགའ་ཞིག་སྟོན་པ་ལེའུ་དང༌། དེ་ཉིད་ལ་རྣམ་གྲངས་རྗོད་བྱེད་དང༌། ཡོངས་སུ་བཅད་པ་དང༌། རིམ་པར་ཕྱེ་བ་སོགས་པའི་མིང་ཅན་ཆོས་ཀྱི་ཕུང་པོའི་བར་དུ་འགྲུབ་བོ། །མིག་ཚིག་དེ་དག་རྒན་པོ་ཡིས། །ཐོག་མར་སྦྱར་བ་བརྡ་ཡིན་ལ། །ཕྱི་ནས་དཔྱོད་པ་ཐ་སྙད་ཡིན། །དངོས་པོ་རྣམས་ལ་མིང་དང་ཚིག་ཏུ་བཏགས་པ་རྒན་པོ་རྣམས་ཀྱིས་བརྗོད་འདོད་ཁོ་ནའི་དབང་གིས་སྦྱར་བ་ནི་བརྡ་ཡིན་ལ། ཕྱིས་དེའི་རྗེས་སུ་དཔྱོད་པ་ནི་ཐ་སྙད་ཅེས་བྱའོ། །དེ་ཡི་དང་པོ་འདོད་རྒྱལ་སྒྲ། །དེ་ལ་བརྟེན་ནས་ཕྱི་ནས་དོན། །གཞན་ལ་སྒྲོ་འདོགས་རྗེས་སྒྲུབ་སྒྲ། །དང་པོ་རྒྱུ་མཚན་ལ་མ་ལྟོས་པར་རང་དགར་བརྡ་ཅིའང་རུང་བ་ནི་འདོད་རྒྱལ་གྱི་སྒྲ་སྟེ། ཤིང་དང་བ་ལང་ལ་སོགས་པའོ། །དེ་ལ་བརྟེན་ནས་འདྲ་བ་དང་འབྲེལ་པ་ལ་སོགས་པ་རྒྱུ་མཚན་དུ་བྱས་ཏེ། བརྟེན་པ་ལ་ཤི་དང༌། བླུན་པོ་ལ་བ་ལང་ལ་སོགས་པར་སྒྲོ་འདོགས་པ་ནི་རྗེས་འཇུག་གི་སྒྲའོ། །བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། །དོན་ཆེན་སྒྲུབ་པ་མ་གཏོགས་པ། །སླན་ཆད་མི་སྦྱར་དོན་དེ་ལ། །བརྡ་འཇུག་ན་ཡང་མི་རྟོག་ཕྱིར། །བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱང་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང༌། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་སྨན་པ་དང༌། མངོན་དཔྱོད་མཁན་པོའི་བརྡ་བཞིན་ནོ། །བརྡ་ཡི་ཁྱད་པར་ཞན་དག་ཏུ། །མ་གྲགས་གཞན་དུ་གྲགས་པ་ལ། །དེ་ལྟར་མི་བསམ་གཞན་དག་ཏུ། །གྲགས་པ་གྲགས་པ་ཉིད་དུ་གསལ། །བརྡ་གང་ཞིག་ལུང་ལ་གྲགས་ཤིང་རིགས་པ་ལ་མ་གྲགས་པ་དང༌། རིགས་པ་ལ་གྲགས་པ་ལུང་ལ་མ་གྲགས་པ་དང༌། སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་ཕན་ཚུན་གཅིག་ལ་གཅིག་མ་གྲགས་ཀྱང༌། ལ་ལར་གྲགས་པ་ཉིད་གྲགས་པར་འགྱུར་བས་སྐྱོན་མེད་དོ། །རྫོགས་སངས་རྒྱས་ཀྱིས་གདུལ་བྱའི་ངོར། །འཇིག་རྟེན་བསྟན་བཅོས་ལ་མེད་པའི། །བརྡ་ནི་སྐྱེ་བོའི་སྤྱོད་ཡུལ་མིན། །ཀུན་མཁྱེན་དགོངས་པ་བསམ་མི་ཁྱབ། །མདོ་རྒྱུད་དག་ལས། ཕ་དང་མ་ནི་གསད་བྱ་ཞིང༌། །ཞེས་བྱ་བ་དང༌། རྒྱ་མཚོ་གང་དུ་ལྡོག་པར་འགྱུར། །ཞེས་བྱ་བ་དང༌། ཀོ་ཏཀྵ་ལ་སོགས་པའི་སྒྲ་སངས་རྒྱས་ཀྱིས་བརྡ་མཛད་པ་ནི། འགའ་ཞིག་གི་རྒྱུ་མཚན་ཅུང་ཟད་ཤེས་པར་སྣང་ཡང༌། ཕྱོགས་གཅིག་ཁོ་ན་ཡིན་པའི་ངེས་པ་མེད་པས་ཚུ་རོལ་མཐོང་བ་རྣམས་ཀྱིས་དཔྱད་དཀའ་བའི་ཕྱིར། ཇི་ལྟར་གསུངས་པ་དེ་ལྟར་གཟུང་བར་བྱའོ། །སྔོན་ཆད་གཞན་དུ་མ་གྲགས་ཀྱང༌། །མཁས་པ་རྣམས་ཀྱིས་ངོ་འཕྲོད་པའི། །བརྡ་ནི་རྗེས་སྒྲུབ་ཉིད་ཡིན་ཏེ། །རྒྱུ་མཚན་དག་ལ་ལྟོས་ཕྱིར་རོ། །བརྡ་གཞན་དུ་མ་གྲགས་ཀྱང༌། དཔྱད་ན་འཐད་པའི་སྒྲ་འགའ་ཞིག་རྗེས་སྒྲུབ་དང་མཚུངས་པའི་ཕྱིར། མཁས་པ་རྣམས་ལ་སྐྱོན་མེད་དོ། །རྗེས་སུ་མཚུངས་དང་ལོག་པ་ཡིས། །རྗེས་སུ་སྒྲུབ་པ་རྣམ་པ་གཉིས། །རྗེས་སྒྲུབ་མཚུངས་པ་སྟེ་ཁྱི་དཀར་པོ་ལ་དུང་ཞེས་པ་དང༌། ལོག་པ་མི་མཚུངས་པ་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །ཕན་ཚུན་འབྲེལ་བ་ལ་སོགས་པ། །རྒྱུ་མཚན་འགའ་ལ་ལྟོས་ནས་དེ། །ཕན་ཚུན་འབྲེལ་པ་སྟེ་རྒྱུ་ལ་འབྲས་བུའི་མིང་བཏགས་པ་ལྟེང་ཀ་རྐང་ནད་ལྟ་བུའོ། །འབྲས་བུ་ལ་རྒྱུའི་མིང་བཏགས་པ་ཤེས་པའམ་ཡུལ་ཅན་ལྟ་བུའོ། །ཚོགས་པ་ལ་ཡ་གྱལ་གྱི་མིང་བཏགས་པ་རྔའི་སྒྲའམ་ནས་ཀྱི་མྱུ་གུ་ལྟ་བུ། ཡ་གྱལ་ལ་ཚོགས་པའི་མིང་བཏགས་པ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་པའམ། ཁང་པའི་ཕྱོགས་གཅིག་མཐོང་བ་ལ་ཁང་པ་མཐོང་བ་ལྟ་བུ། འདྲ་བ་རྒྱུ་མཚན་དུ་བྱས་པ། སྨན་བྱ་རོག་རྐང་ངམ། མི་བླུན་པོ་ལ་བ་ལང་དུ་བཏགས་པ་ལྟ་བུ། འདྲ་བ་བཟློག་པ་མི་བླུན་པོ་ལ་ལྷ་རྣམས་དགའ་བ་དང༌། འབྲེལ་པ་བཟློག་པ་གཟའ་མིག་དམར་ལ་བཀྲ་ཤིས་སམ། བྱེད་པ་བིཥྚི་ལ་བཟང་པོ་ཞེས་བཏགས་པ་ལྟ་བུ་ཐམས་ཅད་དུ་བརྟགས་ལ་ཤེས་པར་བྱའོ། །དེ་ཡང་གྲགས་འཇུག་འགལ་བ་དང༌། །མི་འགལ་འགལ་ཞིང་མི་འགལ་བའི། །སྒྲ་ཡི་འཇུག་ཚུལ་རྣམ་པ་བཞི། །བརྡ་སྤྲོད་བྱེད་པ་རྣམས་ལ་གྲགས། །གྲགས་པ་དང་འཇུག་པ་མི་འགལ་བ། མཚོ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ལྟ་བུ། གྲགས་འཇུག་འགལ་བ་མཚོ་ལས་སྐྱེས་པའི་པདྨ་མ་ཡིན་པ་ལ་མཚོ་སྐྱེས་ལྟ་བུ། འཇུག་ཀྱང་མ་གྲགས་པ་མཚོ་ལས་སྐྱེས་པའི་ལྡུམ་བུའམ་སྲོག་ཆགས་ལ་སོགས་པ་ལ་མཚོ་ལས་སྐྱེས་ཀྱང་མཚོ་སྐྱེས་སུ་མ་གྲགས་པ་ལྟ་བུ། གྲགས་འཇུག་གཉིས་ཀ་མེད་པ་སྐམ་སའི་རྡོ་དང་སྡོང་དུམ་ལ་སོགས་པ་ལྟ་བུའོ། །སྦྱར་བ་སྔ་མ་སྔོན་འགྲོ་ཅན། །དེ་ཡི་རྒྱུ་མཚན་མི་འཇུག་ཅིང༌། །བརྗོད་འདོད་ཁོ་ནས་དབང་བསྒྱུར་བ། །ལོག་པར་སྒྲུབ་པ་ཡིན་པར་འདོད། །འདོད་རྒྱལ་གྱི་སྒྲ་སྔོན་དུ་སོང་བ་ལ་བརྟེན་ནས། ཕྱིས་གྲགས་པ་དང་འཇུག་པ་ལ་འགལ་བར་སྦྱར་བ། ཁྱི་ནག་པོ་ལ་དུང་ངམ། ངན་པ་ལ་བཟང་པོར་བཏགས་པ་ལྟ་བུ། བརྗོད་འདོད་ཁོ་ན་ལ་ལྟོས་ཀྱི། རྒྱུ་མཚན་བཤད་ན་ཕྱིན་ཅི་ལོག་ཏུ་འགྱུར་བའི་སྒྲ་རྣམས་ནི་ལོག་པར་སྒྲུབ་པའི་རྗེས་འཇུག་ཅེས་བྱའོ། །དགའ་དང་སྨྲེ་དང་ངོ་མཚར་དང༌། །སིལ་སྙན་ལ་སོགས་མི་འགལ་སྒྲ། །ཉེ་བར་མཚོན་སྒྲ་གང་སྟོན་པ། །རྗེས་སུ་བྱེད་པའི་སྒྲ་ཞེས་བཤད། །དགའ་བ་ནི་ཧ་ཧ་ལ་སོགས་པ། སྨྲེ་བ་ནི་ཀྱི་ཧུད་ལ་སོགས་པ། ངོ་མཚར་ནི་ཨ་ལ་ལ་ཞེས་པ་ལ་སོགས་པ། སིལ་སྙན་ནི་ཁྲལ་ཁྲོལ་དང་དར་དིར་ལ་སོགས་པའོ། །དོན་དངོས་སུ་མི་འགལ་བའི་སྒྲ་རྣམས་ནི་རྗེས་སུ་བྱེད་པའི་སྒྲ་ཞེས་བརྡ་སྤྲོད་པ་རྣམས་ལ་གྲགས་སོ། །གཟུགས་སྒྲ་དྲི་རོ་རེག་པ་དང༌། །སེམས་ལས་བྱུང་བའི་ཁྱད་པར་འགའ། །ཕྱོགས་གཅིག་ངེས་པར་མི་ནུས་པ། །སྟོན་ཏེ་ཉེ་བར་སྦྱོར་བའི་སྒྲ། །གཟུགས་ལ་འོད་ལྷག་ལྷག་པོ་དང༌། །སྒྲ་ལ་ཅལ་ཅལ་དང༌། དྲི་ལ་ཆིལ་ཆིལ་དང༌། རོ་ལ་མྱོག་མྱོག་དང༌། རེག་བྱ་ལ་འབྱོར་འབྱོར་པོ་དང༌། སེམས་ལས་བྱུང་བ་ལ་སེམས་སེམས་པོ་དང༌། ཡིད་ལ་བྱེད་པ་ལ་ཕྱོགས་གཅིག་ཏུ་ངེས་པར་བྱེད་མི་ནུས་པའི་བྱེད་པ་འགའ་ཞིག་རྗེས་སུ་སྦྱོར་བའི་སྒྲ་ཞེས་བྱའོ། །དེ་སོགས་སྦྱོར་བའི་ངག་ཕལ་ཆེར། །ཉེ་བར་སྟོན་ན་ཟློས་སྒྲ་འཇུག །དེ་ལྟ་བུའི་ཚིག་གི་སྦྱོར་བ་ལ། ཕལ་ཆེར་ཟློས་པའི་སྒྲ་འཇུག་སྟེ། ལྷག་ལྷག་དང༌། ཁྲལ་ཁྲོལ་དང༌། སིལ་སིལ་དང༌། སེམས་སེམས་ལ་སོགས་པ་ལྟ་བུའི་བར་དུའོ། །དོན་ལ་འཇུག་པའི་སྒྲ་ཇི་སྙེད། །དེ་ཀུན་རིགས་དང་མིང་དུ་འདུས། །དོན་བརྗོད་པའི་སྒྲ་ཐམས་ཅད་རིགས་ཀྱི་སྒྲ་དང་མིང་གི་སྒྲ་ཡིན་ནོ་ཞེས་ཕྱོགས་ཀྱི་གླང་པོས་གསུངས་སོ། །སྒྲ་དེ་དག་ཇི་ལྟ་བུ་ཞེ་ན། དེ་མ་ཡིན་ལས་ལོག་པ་ཅན། །རྣམ་པ་ཀུན་ཏུ་སྤྱི་འདྲ་བ། །ཕན་ཚན་བླང་དོར་མཚུངས་གྲུབ་པ། །དེ་སྟོན་བྱེད་པ་རིགས་ཀྱི་སྒྲ། །ཤིང་མ་ཡིན་པ་དང་བ་ལང་མ་ཡིན་བ་ལ་སོགས་པ་ལས་ལྡོག་པའི་རྒྱུ་མཚན་ཅན། ཡལ་ག་དང༌། ནོག་ལ་སོགས་པ་དང་ལྡོག་པའི་མཚན་ཉིད་མཚུངས་པ་རྣམས་ལ། རྟོག་པ་འཁྲུལ་པའི་སྟོབས་ཀྱིས་ཤིང་དང་བ་ལང་ཞེས་སྤྱི་གཅིག་ཏུ་བཟུང་ནས། སྤྱི་མཚན་དང་རང་མཚན་གཅིག་ཏུ་ཞེན་པའི་སྒོ་ནས། ཤིང་དང་བ་ལང་བླང་བ་དང་དོར་བ་ལ་འཇུག་པ་ནི་རིགས་ཀྱི་སྒྲའོ། །དོན་ལ་དམིགས་ནས་མཚོན་བྱ་སྟེ། །དེ་ཡི་དོན་ལྡོག་མཚན་ཉིད་ཡིན། །ཡལ་ག་དང་ནོག་ལ་སོགས་པའི་མཚན་ཉིད་ལ་དམིགས་ནས་བརྡ་བཏགས་པ་ནི་རིགས་ཀྱི་སྒྲའོ། །དེ་ཉིད་མཚོན་བྱའང་ཡིན་ཏེ། དཔེར་ན་ཤིང་དང་བ་ལང་ལ་སོགས་པ་ལྟ་བུའོ། །རྒྱུ་མཚན་མེད་པའམ་ཡོད་ཀྱང་རུང༌། །ལོག་པའི་རྒྱུ་མཚན་ཡིན་ཡང་བླ། །མཚན་ཉིད་དོན་ལ་མ་ལྟོས་པའི། །བཏགས་པ་ཐམས་ཅད་མིང་གི་སྒྲ། །མཚན་ཉིད་ལ་མ་ལྟོས་པར་འདོད་རྒྱལ་དུ་ལྷས་བྱིན་ནམ་མཆོད་སྦྱིན་ལ་སོགས་པའམ། ཡང་དག་པའི་རྒྱུ་མཚན་ཅན་དོན་གྲུབ་བམ། ནོར་བཟང་ལ་སོགས་པ་ལྟ་བུ། ལོག་པའི་རྒྱུ་མཚན་ཅན་མེ་སྐྱེས་དང༌། ཁྱི་སྐྱེས་ལ་སོགས་པ་ལྟ་བུ། མི་དང་དུད་འགྲོ་ལ་སོགས་པ་གང་ལ་མིང་བཏགས་པ། བརྗོད་འདོད་ཀྱིས་གང་ལ་བཏགས་ཀྱང་སྐྱོན་མེད་པ་ནི་མིང་གི་སྒྲའོ། །དམ་པའི་དོན་དུ་དགག་སྒྲུབ་མེད། །ཐ་སྙད་པ་ལ་རང་སྤྱི་གཉིས། །དོན་དམ་པ་སྤྲོས་དང་བྲལ་བའི་ཕྱིར། ཡོད་པ་དང༌། མེད་པ་དང༌། དགག་པ་དང༌། སྒྲུབ་པ་ལ་སོགས་པ་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ་ཤེས་བྱ་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཐ་སྙད་པའི་ཤེས་བྱ་ལ། དོན་རང་མཚན་དང་སྤྱི་མཚན་གཉིས་སོ། །རང་མཚན་སྒྲ་དང་རྟོག་པའི་ཡུལ་མ་ཡིན་ལ། སྒྲ་དང་རྟོག་པའི་ཡུལ་ནི་སྤྱི་མཚན་ཡིན་ནོ། །རང་མཚན་འཛིན་པ་སྣང་བ་ལ། སྤྱི་འཛིན་པ་ནི་གཞན་སེལ་ཡིན། རང་གི་མཚན་ཉིད་སྣང་བའི་ཡུལ་ཡིན་གྱི་སྒྲ་རྟོག་གི་ཡུལ་མ་ཡིན་པ། སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་ལ། སྒྲ་རྟོག་གི་ཡུལ་ནི་སྤྱི་ཡིན་ནོ། །དེའང་འཆད་པའི་ཚེ་སྤྱི་དང་རང་མཚན་སོ་སོར་འབྱེད་ཀྱི། ཐ་སྙད་བྱེད་པའི་ཚེ་གཅིག་ཏུ་འཁྲུལ་ནས་འཇུག་ལྡོག་བྱེད་དོ་ཞེས་རིགས་པའི་གཏེར་དུ་བཤད་པ་ལྟར་རོ། །གཞན་སེལ་ལ་ནི་དགག་སྒྲུབ་གཉིས། །སྒྲུབ་པ་ཡོད་དང་ཡིན་པ་སྟེ། །དགག་ལ་མེད་དང་མ་ཡིན་དགག །སྒྲུབ་པ་ལ་བུམ་པ་ཡིན་པ་དང༌། ཡོད་པ་ལ་སོགས་པ་རང་གི་ངོ་བོ་ཡིན་པར་སྒྲུབ་པ་དང༌། དོན་གཞན་ཡོད་པ་སྒྲུབ་པའི་ཚུལ་གྱིས་གཉིས་སོ། །བུམ་པ་མེད་པ་ལ་སོགས་པ་སྒྲུབ་པ་དང་མ་འབྲེལ་བའི་དགག་པ་རྐྱང་བ་ནི་མེད་དགག་ཅེས་བྱའོ། །ས་ཕྱོགས་བུམ་མེད་དང༌། ཟག་པ་མེད་པའི་ཡེ་ཤེས་ལ་སོགས་པ་སྒྲུབ་པ་དང་འབྲེལ་བའི་དགག་པ་རྣམས་ནི་མ་ཡིན་དགག་ཅེས་བྱའོ། །འདི་སྒྲུབ་པ་གཙོ་བོར་བྱེད་ན་སྒྲུབ་པའི་མིང་དུ་བཏགས་པའང་ཡོད། དགག་པ་གཙོ་བོར་བྱེད་ན་དགག་པའི་མིང་དུ་བཏགས་པ་འང་ཡོད་མོད། རང་གི་ངོ་བོ་གཅིག་དགག་ནས་གཅིག་སྒྲུབ་པ་ཡིན་ནོ། །སྒྲའི་སྟན་བཅོས་དག་ལས། མེད་དགག་མ་ཡིན་དགག་གི་ཚིག་གི་སྦྱོར་བ་དམན་པ་དང༌། ཞེན་པ་དང༌། ཞུམ་པ་ལ་སོགས་པ་ལ་སྒྲའི་དཔེ་བརྗོད་པ་གོ་སླ་བ་དང༌། ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །འོན་ཀྱང་དོན་གྱི་དགག་སྒྲུབ་ཀྱི་ཚུལ་རྒྱས་པར་རིགས་པའི་གཏེར་དུ་ཤེས་པར་བྱའོ། །འགའ་ཞིག་འགོག་པ་སྒྲུབ་པའི་ཚིག །ལ་ལ་སྒྲུབ་པ་དགག་སྒྲ་ཅན། །ཁ་ཅིག་དོན་བཞིན་འཇུག་པས་ན། །ཕལ་ཆེར་གནས་སྐབས་གཙོ་བོ་ཡིན། །ཅི་སྟེ་མེད་ཅིའི་ཕྱིར་མི་ཤེས། །ཇི་ལྟར་སངས་རྒྱས་མཐོང་བ་དོན་མེད་ཅེས་བྱ་བ་ལ་སོགས་པ་དོན་མེད་པའི་དགག་པའི་ཚིག་གིས་དོན་ཡོད་པ་འཕེན་པ་དང༌། འགའ་ཞིག་དོན་འགོག་པ་ལ་སྒྲུབ་པའི་ཚིག་གི་སྦྱོར་བ། སྔ་མ་བཟློག་པ་སྟེ། དཔེར་ན་ཅི་སྟེ་ཡོད། ཅིའི་ཕྱིར་ཤེས། ཇི་ལྟར་སངས་རྒྱས་མ་མཐོང་བའི་མིག་དོན་ཡོད་ཅེས་བྱ་བ་སྒྲུབ་པའི་ཚིག་གིས་དགག་པ་འཕེན་པ་དང༌། ཅི་སྟེ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འདྲི་བའམ་འཐད་པ་སྟོན་པའི་ཕྲད་ཀྱི་ཤུགས་ཀྱིས་ཡོད་པའི་སྒྲས་མེད་པ་འཕེན། མེད་པའི་སྒྲས་ཡོད་པ་འཕེན་པ་ཡིན་ནོ། །ཁ་ཅིག་དོན་ཇི་ལྟ་བ་བཞིན་དུ་འཇུག་པའི་སྒྲ་སྟེ། ཡེ་ཤེས་ཡོད། ཉོན་མོངས་པ་མེད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཚིག་གི་སྒྲའི་སྦྱོར་བ་དེ་དག་ཚིག་གི་ཤུགས་དང༌། དོན་གྱི་སྐབས་ཀྱིས་ཤེས་པར་འགྱུར་རོ། །དེ་ལྟ་བུའི་ཚིག་འཆད་པ་ལ། མིང་སྒྲུབ་པ་ལ་སུ་བནྟ། དེ་ལ་རྣམ་དབྱེ་ཉི་ཤུ་བཞི། །སུ་བནྟའི་རྐྱེན་གྱིས་སྒྲ་སྒྲུབ་པའི་ཚུལ་འདི་སཾ་སྐྲྀ་ཏ་ལ་ཤིན་ཏུ་དགོས་མོད། བོད་ཀྱི་སྐད་ལ་མི་དགོས་པའི་ཕྱིར་རེ་ཞིག་ཞག་གོ །འདིར་བོད་ལ་མཁོ་བའི་རྣམ་པར་དབྱེ་བ་ཅུང་ཟད་ཙམ་སྒྲ་དང་མཐུན་པར་བཤད་ན། ངོ་བོ་བྱ་བྱེད་དགོས་པ་དང༌། །འབྱུང་ཁུངས་འབྲེལ་གནས་བོད་པའི་ཚིག །གཅིག་གཉིས་མང་པོས་རྣམ་དབྱེ་བས། །རྣམ་པར་དབྱེ་བ་ཉི་ཤུ་བཞི། །ཤིང་ལ་སོགས་པའི་སྒྲ་མཐའ་དག་ལ་དང་པོ་ངོ་བོ། གཉིས་པ་བྱ་བ། གསུམ་པ་བྱེད་པོ། །བཞི་པ་དགོས་པ། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་པ། བདུན་པ་གནས་གཞི། བརྒྱད་པ་བོད་པ་སྟེ། དེ་དག་ཉེ་བར་མཚོན་ན་ཤིང་ཞེས་བྱ་བ་ཡལ་ག་ལོ་འདབ་དང་ལྡན་པ་ཙམ་གོ་བར་བྱེད་པ་ལྟ་བུ་ངོ་བོའི་ཚིག་དང༌། ཤིང་དེ་ལ་ལྟ་བའམ་འཇོག་པ་ལྟ་བུ་བྱ་བ་ལ་སྦྱོར་བ་ཤིང་ལ་ཞེས་བྱ་བ་ལྟ་བུ། གཉིས་པ་བྱ་བའི་ཚིག་དང་ཤིང་གིས་ཁང་པ་བྱེད་ཅེས་བྱ་བ་ལྟ་བུ། གསུམ་པ་བྱེད་པ་དང་ཤིང་གི་ཕྱིར་ཆུ་འདྲེན་ཞེས་བྱ་བ་ལྟ་བུ། བཞི་པ་དགོས་པའི་ཚིག་དང་ཤིང་ལས་འབྲས་བུ་འབྱུང་ཞེས་བྱ་བ་ལྟ་བུ། ལྔ་པ་འབྱུང་ཁུངས་དང་ཤིང་གི་ཡལ་ག་ཞེས་བྱ་བ་ལྟ་བུ། དྲུག་པ་འབྲེལ་པའི་ཚིག་དང་ཤིང་ལ་བྱ་ཚང་ཆགས་ཞེས་བྱ་བ་ལྟ་བུ། བདུན་པ་གནས་གཞིའི་ཚིག་དང༌། ཀྱེ་ཤིང་ཞེས་བྱ་བ་ལྟ་བུ་བརྒྱད་པ་བོད་པའི་ཚིག་གོ །དེ་དག་ལའང་གཅིག་ལ་གཅིག་གི་ཚིག་དང༌། གཉིས་ལ་གཉིས་ཀྱི་ཚིག་དང༌། མང་པོ་ལ་མང་པོའི་ཚིག་གིས་བརྒྱད་གསུམ་ཉི་ཤུ་རྩ་བཞིར་འགྱུར་ཏེ། དཔེར་ན་ཤིང༌། ཤིང་དག ཤིང་རྣམས་ཞེས་བྱ་བ་ལ་སོགས་པ་སོ་སོར་སྦྱར་ཏེ་ཤེས་པར་བྱའོ། །འོ་ན་སྒྲ་པ་དག་གིས་རྣམ་པར་དབྱེ་བའི་ཚུལ་ཇི་ལྟར་འཆད་ཅེ་ན། དབྱངས་ཡིག་སོ་སོའི་མཐའ་ཅན་ལ། །རྟགས་གསུམ་སོ་སོའི་རབ་དབྱེ་བས། །རྣམ་དབྱེ་ཐ་དང་རབ་སྦྱར་ནས། །དོན་གཅིག་རྣམ་པར་སྒྲུབ་བོ་ཞེས། །ལེགས་པར་སྦྱར་བའི་རྗེས་འགྲོ་བའི། །བརྡ་སྤྲོད་པ་དག་དེ་སྐད་སྨྲ། །ཨ་དང་ཨི་དང་ཨུ་ལ་སོགས་པའི་རིང་པོ་དང་ཐུང་ངུའི་མཐའ་དང་ལྡན་པའི་སྒྲ་རྣམས་ལ་ཕོ་མོ་མ་ནིང་གི་རྟགས་གསུམ་སོ་སོར་སྦྱོར་ཏེ། དཔེར་ན་ཤིང་ལ་སོགས་པ་ཕོ་རྟགས། ཤེས་རབ་ལ་སོགས་པ་མོ་རྟགས། བསོད་ནམས་ལ་སོགས་པ་ལ་མ་ནིང་གི་རྟགས། དེ་དག་ལ་རྣམ་དབྱེ་སོ་སོར་སྦྱར་ནས་བསྒྲུབ་པ་ན་རྣམ་པར་དབྱེ་བ་གཅིག་ཀྱང་སྒྲའི་བྱེ་བྲག་གིས་བརྗོད་ཚུལ་དུ་མར་འགྱུར་ཏེ། དེ་ལེགས་པར་སྦྱར་བའི་སྒྲ་ལ་དགོས་ཀྱི། བོད་ཀྱི་སྒྲ་ལ་མི་དགོས་པས་འདིར་མ་བཤད་དོ། །འོ་ན་སཾ་སྐྲྀ་ཏའི་སྒྲ་སྒྲུབ་ལུགས་བཞིན་དུ་བོད་ལ་བཤད་ན་ཅིར་འགྱུར་ཞེ་ན། འདིར་ནི་མི་ནུས་མི་དགོས་ལ། །རྣམ་པར་དབྱེ་ལ་རང་གནས་མིན། །སྦྱོར་བ་དག་ཀྱང་ཐ་དད་པས། །དོན་དེའི་སྤྲོས་པ་རེ་ཞིག་བཞག །ལེགས་པར་སྦྱར་བའི་སྒྲའི་རྐྱེན་གྱིས་བོད་ཀྱི་སྐད་བསྒྲུབ་མི་ནུས་ལ། བོད་ཀྱི་བརྡ་ཉིད་ཀྱིས་རང་གི་ཐ་སྙད་གོ་བའི་ཕྱིར་སཾ་སྐྲྀ་ཏའི་རྐྱེན་གྱིས་སྒྲ་བསྒྲུབ་མི་དགོས་ཤིང༌། སཾ་སྐྲྀ་ཏ་ལ་རྟགས་གསུམ་ལ་རྣམ་དབྱེ་ཐ་དད་ཡོད་པ་དེ་བོད་ཀྱི་རྟགས་སོ་སོའི་གནས་སུ་མི་འཇུག་ཅིང༌། ལེགས་པར་སྦྱར་བ་ལ་ཨཱ་ལིའི་མཐའ་ཅན་ལ་སྒྲ་སྦྱོར་ཐ་དད་ཡོད་པ་ལ་བོད་ལ་དེ་ལྟ་བུའི་སྒྲ་སྦྱོར་མི་རུང་བས་སཾ་སྐྲྀ་ཏའི་ལུགས་ཀྱི་སྒྲ་སྦྱོར་བའི་སྤྲོས་པ་རྣམས་འདིར་མ་བཀོད་དོ། །དེ་ལྟར་སྒྲའི་སྦྱོར་བ་མ་བྱས་ན་སཾ་སྐྲྀ་ཏའི་སྒྲ་ལ་བོད་དུ་བསྒྱུར་བ་ལས་དོན་གོ་བ་ཇི་ལྟར་ཡིན་ཞེ་ན། འདི་ནི་གྲོང་ཁྱེར་བ་ཡི་སྒྲ། །རྣམ་པ་ཀུན་ཏུ་རིང་ཐུང་མེད། །རྟགས་ཀྱང་ཀུན་ཏུ་འཆོལ་བ་དང༌། །ངེས་པ་དག་ཀྱང་མ་མཛད་མོད། །བོད་ཀྱི་སྒྲ་འདི་ནི་གྲོང་པའི་སྐྱེ་བོ་བརྡ་མཐུན་པ་ལ་གྲགས་པ་དང༌། རིང་ཐུང་དང་དྲག་ཞན་ལ་སོགས་པའི་སྒྲའི་ངེས་པ་མེད་པ་དང་ཕོ་མོ་ལ་སོགས་པའི་སྒྲ་སཾ་སྐྲྀ་ཏའི་བཞིན་མ་ཡིན་པར་ཕན་ཚུན་འཁྲུགས་པ་དང༌། དེའི་སྟོབས་ཀྱི་རྣམ་དབྱེ་ཚིག་གིས་བསྒྲུབ་པའི་ཚུལ་བོད་ཀྱི་རྒན་པོ་རྣམས་ཀྱིས་མ་མཛད་དོ། །དེ་ལྟ་ན་ཡང་བརྗོད་འདོད་དང༌། །ཤུགས་ཀྱིས་རྣམ་པར་དབྱེ་བའི་ཚིག །དོན་གཅིག་ན་ཡང་སྒྲ་འགྱུར་བ། །མཐར་གནས་ཡི་གེའི་སྟོབས་ལས་འབྱུང༌། །འོན་ཀྱང་བོད་ཀྱི་སྒྲ་ལ་གང་ཟག་གི་བརྗོད་འདོད་དང༌། དོན་གྱི་གནས་སྐབས་དང༌། ཚིག་གི་ཤུགས་ཀྱིས་དོན་གཅིག་ལའང་སྒྲ་ཐ་དད་དུ་འགྱུར་བ་ཕལ་ཆེར་མཐར་གནས་ཀྱི་ཡི་གེའི་སྟོབས་ལས་འབྱུང་སྟེ། དཔེར་ན་དྲུག་པའི་སྒྲར་ཁྱད་མེད་ཀྱང་གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་ཞེས་སྒྲ་ཐ་དད་དུ་འགྱུར་བ་ལྟ་བུའོ། །འདི་འདྲའི་སྒྲ་སྦྱོར་མཁས་རྣམས་ལ། །སྔོན་ཆད་གྲགས་པ་ཁོ་ནར་ཟད། །བོད་ཀྱི་སྒྲ་འདི་ནི་རྒན་པོ་རྣམས་ལ་གྲགས་པ་གཙོ་བོ་ཡིན་གྱིས་བསྒྲུབ་པ་གཙོ་བོ་མ་ཡིན་ནོ། །དེའང༌། འགའ་ཞིག་འཁྲུལ་པར་འདོགས་པའི་ཕྱིར། །འབད་པ་ཡིས་ཀྱང་གཞན་དུ་བསྒྱུར། །སྡོམ་ལ་ཞེས་བྱ་བའམ། ཆོས་ལ་ཞེས་བྱ་བའམ། གཟུགས་ལ་ཞེས་བྱ་བ་ལྟ་བུ། བདུན་པ་དང་འཁྲུལ་གྱིས་དོགས་པ་དང༌། །འགའ་ཞིག་བརྗོད་པ་བདེ་བའི་འང་ཕྱིར། །ཆོས་ལ་ཤེས་བྱ་ལམ་དང་ནི། །ཞེས་བྱ་བའམ། སྡོམ་པ་དང༌། ཅི་ཕྱིར་ཞེས་བྱ་བར་དགོས་པ་ལ། སྡོམ་ནི། ཆོས་ནི་ཞེས་བསྒྱུར་བ་ལྟ་བུ་དང༌། ཤིང་གི་ཕྱིར་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་སངས་རྒྱས་ཀྱི་ཕྱིར་ཕྱག་འཚལ་བ་ལ་སངས་རྒྱས་ལ་ཕྱག་འཚལ། རྒྱལ་པོའི་ཆེད་དུ་བཀྲ་ཤིས་བྱེད་པ་ལ་རྒྱལ་པོ་ལ་བཀྲ་ཤིས་བྱེད་ཅེས་བྱ་བ་ལ་སོགས་པ་ལྟ་བུ་དང༌། དུ་བ་ཡོད་པ་ལ་འདི་ནི་མེ་ཡོད་ཅེས་བྱ་བ་ལྟ་བུ། གཏན་ཚིགས་ཐམས་ཅད་ལྔ་པའི་སྒྲར་ཡོད་པ་ལ་དུ་བ་ཡོད་པའི་ཕྱིར་བྱས་པའི་ཕྱིར་ཅེས་བྱ་བར་བསྒྱུར་བ་དང༌། ལ་ལ་གྲགས་པའི་བྱེ་བྲག་གིས། །རྣམ་པར་དབྱེ་བ་བསྣོལ་མ་མཛད། །བྱ་བ་དང་འདུག་པ་རིགས་པ་ལ་བྱ་བའི་རིགས། འདུག་པའི་རིགས་ཞེས་བྱ་བ་དང༌། ལྷས་བྱིན་ལས་གཏམ་བྱུང་བ་ལ་ལྷས་བྱིན་གྱིས་གཏམ་བྱུང་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལྟ་ན་ཡང་དེ་དག་ཉིད། །གཞན་དུ་སྦྱར་ཡང་མི་འགལ་ཕྱིར། །ངོ་བོ་ཉིད་ཀྱིས་འབྲེལ་མེད་པ། །དེས་ན་བརྗོད་འདོད་ཁོ་ནར་གྲུབ། །སྒྲ་དོན་ལ་འབྲེལ་པ་དངོས་པོ་མེད་པས་བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར་ཇི་ལྟར་སྦྱར་ཡང་འགལ་བ་མེད་དེ། རྣམ་འགྲེལ་ལས། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །ཞེས་གསུངས་པས་སོ། །བརྗོད་འདོད་སྟོབས་ཀྱིས་གྲངས་གསུམ་དང༌། རྟགས་གསུམ་ལ་ཡང་འཆོལ་བ་མཐོང༌། དེ་འཕེན་བྱེད་པ་ཚིག་གི་རྐྱེན། །དངོས་སམ་མི་མངོན་ལས་ཀྱང་འགྲུབ། །བརྗོད་འདོད་ཀྱི་སྟོབས་ཀྱིས་གཅིག་དང་གཉིས་དང་མང་པོའི་སྒྲ་ཕན་ཚུན་འཆོལ་བ་མཐོང་སྟེ། བྱེ་མ་དང་བུད་མེད་གཅིག་ལའང་མང་པོའི་སྒྲ་དང༌། གྲོང་དྲུག་དང༌། ཁང་བཟང་ཕྲེང་ལྟ་བུ་མང་པོ་ལའང་གཅིག་གི་ཚིག་མཐོང་ལ་ཕོ་མོ་མ་ནིང་གི་རྟགས་ཀྱི་རྐྱེན་གསུམ་ཡང༌། ཕན་ཚུན་འཆོལ་བ་མཐོང་ངོ༌། །དེ་དག་འཕེན་པ་སྒྲའི་རྐྱེན་དག་དང་རྣམས་ལ་སོགས་པ་དངོས་སུ་བཀོད་པའམ་མི་མངོན་པར་བྱས་པ་དང་ཕོ་མོ་ལ་སོགས་པའི་རྐྱེན་ཡང་དངོས་སུ་བཀོད་པའམ་མི་མངོན་པར་བྱས་པའང་ཡོད་དོ། །རིང་ཐུང་དྲག་ཞན་ལ་སོགས་སྒྲ། །དོན་ལ་འཇུག་པ་ཡོད་མོད་ཀྱི། །སྐབས་ཀྱིས་རྟོགས་པར་དགོངས་ནས་དེ། །དངོས་སུ་བཀོད་པ་བཏང་སྙོམས་མཛད། །བོད་ལའང་རིང་ཐུང་དང་དྲག་ཞན་ལ་སོགས་པའི་སྒྲ། ཁ་བ་ཁ་བ་སང་སང་ཞེས་བྱ་བ་ལྟ་བུ་དོན་ལ་ཡོད་ཀྱང་དེ་དག་གི་རྟགས་རྒན་པོ་རྣམས་ཀྱིས་མ་མཛད་དེ། སྐབས་དང་དོན་གྱིས་གོ་དགོས་པའོ། །ཁམས་སྒྲུབ་པ་ནི་ཏི་ངན་ཏ། །དེ་ལ་སྐྱེས་བུ་རྣམ་པ་གསུམ། །ཁམས་སྒྲུབ་པའི་སྒྲའི་རྐྱེན་གྱི་ཏི་ངན་ཏ་ཡིན་ལ་དེ་ལ་སྐྱེས་བུ་གསུམ་སྟེ། སྐྱེས་བུ་དང་པོ་ནི་ལྷས་བྱིན་ལ་སོགས་པའོ། །སྐྱེས་བུ་བར་པ་ནི་ཁྱོད་ལ་སོགས་པའོ། །སྐྱེས་བུ་མཆོག་ནི་བདག་ལ་སོགས་པའི་སྒྲའོ། །དེ་རེ་རེ་ལའང་གཅིག་གི་ཚིག་དང༌། གཉིས་ཀྱི་ཚིག་དང༌། མང་པོའི་ཚིག་གིས་དགུར་འགྱུར་རོ། །ལྷས་བྱིན། ལྷས་བྱིན་དག ལྷས་བྱིན་རྣམས་དེ་བཞིན་དུ་ཁྱོད། ཁྱེད། ཁྱེད་རྣམས། ང༌། ངེད། ངེད་རྣམས་ཞེས་བྱ་བ་ལྟ་བུའོ། །དེ་དག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བའི་ཁམས་སྒྲུབ་པའི་རྐྱེན་ཐ་དད་ཀྱིས་བསྒྲུབས་ན་དཔག་ཏུ་མེད་པར་འགྱུར་རོ། །འདི་དག་ལེགས་པར་སྦྱར་བའི་སྒྲ་ལ་ཤིན་ཏུ་དགོས་ཀྱང༌། བོད་ཀྱི་སྐད་ལ་སྒྲའི་སྟོབས་ཀྱིས་སྒྲུབ་པ་མེད་ཅིང༌། རང་གི་རྒན་པོ་རྣམས་ལ་གྲགས་པའི་སྟོབས་ཀྱིས་གོ་བའི་ཕྱིར། བྱེད་པའི་ཚིག་སྒྲུབ་པའི་སྒྲ་འདིར་མ་བཤད་དོ། །སྒྲ་བཟང་ངན་མ་གཏོགས་པ་དོན་གོ་བ་ལ་ཁྱད་པར་མེད་དོ། །མདོར་ན་རྣམ་དབྱེས་མིང་སྒྲུབ་ཅིང༌། །བྱེད་པའི་ཚིག་གིས་ཁམས་བསྒྲུབས་ནས། །བརྗོད་བྱ་སྟོན་པ་འང་ངག་ཅེས་བཤད། །འདི་དག་བརྡ་སྤྲོད་བྱེད་པའི་གཞི། །རྣམ་པར་དབྱེ་བའི་རྐྱེན་གྱིས་མིང་མཐའ་དག་སྒྲུབ་ཅིང༌། བྱེད་པའི་རྐྱེན་གྱིས་ཁམས་ཀྱི་སྒྲ་མཐའ་དག་བསྒྲུབས་ནས། བརྗོད་བྱའི་དོན་གོ་བ་ནི་ངག་ཅེས་བྱ་སྟེ། ཨ་མ་ར་ཀོ་ཥཱ་ལས། སུ་པ་དང་ཏི་ངའི་མཐའ་ཅན་ངག །ཅེས་བཤད་པའི་ཕྱིར་རོ། །དེས་ན་སྒྲ་དང་ཁམས་སྒྲུབ་པ་འདི་དག་བརྡ་སྤྲོད་པའི་གཞི་ཡིན་ནོ། །དེ་ལྟར་སྒྲའི་སྦྱོར་བ་ཤེས་ནས་སྙན་ངག་རྩོམ་པ་ལ་འཇུག་པའི་ཕྱིར་ཚིག་རྒྱན་བཤད་དོ། །རང་བཞིན་ཡོན་ཏན་ལས་རྣམས་ལ། །ངོ་བོ་བསྟོད་སྨད་བརྗོད་པའི་ཚུལ། །དྲང་པོ་ཟུར་མིག་ཚིག་དང་དོན། །དངོས་ཤུགས་དཔེ་ཡི་སྒོ་ནས་དེ། །སྒྲོ་བཏགས་ནས་ནི་ཚིག་གི་རྒྱན། །ཉམས་དགུའི་རོ་དང་སྦྱར་ཏེ་སྤེལ། །རང་བཞིན་ནི་གང་ཟག་ལ་སོགས་པའི་ངོ་བོ་བརྗོད་པ་ཙམ། ཡོན་ཏན་ནི་ལུས་མཛེས་པ་དང༌། སེམས་དགའ་བ་ལ་སོགས་པ། ལས་ནི་འགྲོ་འོང་དང་སྨྲ་བ་ལ་སོགས་པའི་བྱ་བ། ངོ་བོའི་གནས་ལུགས་དང༌། སྐྱོན་ཡོན་ལ་བསྟོད་སྨད་དང༌། ངོ་བོ་བསྟོད་སྨད་ལ་སོགས་པ་བརྗོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། དངོས་སུ་གནས་ལུགས་བརྗོད་པ་དྲང་པོའོ། །དངོས་སུ་གཞན་བརྗོད་པའི་ཤུགས་ལས་གཞན་གོ་བ་ཟུར་མིག ཚིག་དང་དོན་གཉིས་ཀ་དངོས་སུ་གོ་བ་དཔེར་ན་ང་ལྟ་བུའི་མཁས་པ་གཞན་ན་མེད་ཅེས་དྲང་པོར་བརྗོད་པ་ལྟ་བུའོ། །ཚིག་དང་དོན་གཉིས་ཀ་ཤུགས་ལས་གོ་བ་དཔེར་ན་རྒྱ་མཚོ་དང་མེ་ཏོག་གིས། ངང་པ་དང་བུང་བ་ལ་ཁྱེད་ཕྱོགས་ཀུན་མཐོང་བ་ཡིན་པས། ང་བས་ཆུ་ཆེ་བའམ། མེ་ཏོག་དྲི་ཞིམ་པ་ཅང་མཐོང་ངམ་ཞེས་དངོས་སམ་འཕྲིན་དུ་བརྗོད་པས། ཕྱོགས་ཀུན་ཏུ་འགྲོ་བའི་སྐྱེས་བུ་དག་གིས་ང་ལྟ་བུའི་མཁས་པ་མཐོང་ངམ་ཞེས་ཤུགས་ལས་སྟོན་པ་ལྟ་བུའོ། །དཔེ་དྲང་པོ་དང་ཟུར་མིག་ལ་སོགས་པའི་སྒོ་ནས་ཡི་གེ་དང་རྒྱན་བཟང་པོས་སྒྲོ་བཏགས་ཏེ། རོལ་སྒེག་དང་བཅས་པའི་སྙན་ངག་ཉམས་དགུ་དང་སྦྱར་ལ་བརྩམ་མོ། །ཉམས་དགུ་པོ་གང་ཞེ་ན། སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་ངམ་དང་ཞི་བ་དགུ། །འཆི་མེད་མཛོད་ལས་བརྒྱད་དུ་བསྡུས། །དེ་དག་སོ་སོའི་མཚན་ཉིད་དང་རབ་ཏུ་དབྱེ་བ་བཤད་པར་བྱའོ། །སྒེག་པ་ལུས་ངག་ཆ་ལུགས་དང༌། །ཡུལ་སོགས་མཛེས་པའི་ཁྱད་པར་ཡིན། །སྒེག་པ་ནི་མཛེས་ཤིང་ཡིད་འཕྲོག་པའི་ཆ་ལུགས་སོ། །དེའང་སོ་སོར་ཕྱེ་ན། ནང་གི་སྒེག་པ་ལུས་ངག་གི་རྣམ་འགྱུར་མཛེས་པའི་ཁྱད་པར་ཅན་ནོ། །ཕྱིའི་སྒེག་པ་ཡུལ་ལ་སོགས་པ་ལས་འབྱུང་བ་སྟེ། གྲོང་དང༌། སྐྱེད་མོས་ཚལ་ལ་སོགས་པ་དང༌། མེ་ཏོག་དང༌། འབྲས་བུ་དང༌། ཆུ་དང༌། སྤྲིན་དང༌། རི་ཁྲོད་དང༌། སྨན་ལྗོངས་བདེ་བའི་ཐང་དང༌། བྱ་དང༌། རི་དྭགས་ལ་སོགས་པ་དང༌། རྒྱན་དང༌། གོས་དང༌། སོ་རྩེ་དང༌། སྨུག་རྩི་ལ་སོགས་པའི་ལོངས་སྤྱོད་དང༌། སོས་ཀའི་རླུང་དང༌། ཉི་ཟླ་སྒྲོན་མེ་ལ་སོགས་པ་ལུས་སེམས་བདེ་ཞིང་ངོ་མཚར་བའི་སྒོ་ནས། དཔེ་དོན་འབྱོར་ཞིང་ངོ་མཚར་བསྐྱེད་པའི་ཚིག་གིས་སྒེག་པ་བསྔགས་སོ། །དཔའ་བ་འཇིགས་མེད་བརྟུལ་ཞུགས་ཡིན། །དབྱེ་ན་སྦྱིན་དང་ཚུལ་ཁྲིམས་སོགས། །དམ་པའི་ཆོས་ཡིན་གཡུལ་ངོར་དགྲ། །འཇོམས་པ་ལ་སོགས་འཇིག་རྟེན་པའི། །དཔའ་བ་ཡིན་པར་ཤེས་པར་བྱ། །དཔའ་བ་ནི་འཇིགས་པ་མེད་པའི་ཁྱད་པར་ཏེ། དེའང་དབྱེ་ན་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལ་འཇིགས་པ་མེད་པར་སྤྱོད་ནུས་པ་ཆོས་ཀྱི་དཔའ་བ། གཡུལ་ངོར་དགྲ་དང༌། གཅན་གཟན་དང༌། གནོད་སྦྱིན་ལ་སོགས་པ་ལ་འཇིགས་པ་མེད་པ་ནི་འཇིག་རྟེན་གྱི་དཔའ་བའོ། །མི་སྡུག་པ་ནི་མཛེས་པ་འགོག །དེ་ཡང་ལུས་ངག་ཆ་ལུགས་དང༌། །ཡུལ་སོགས་སྒོ་ནས་རྣམ་པར་དབྱེ། །ལུས་མི་སྡུག་པར་སྒུར། ཞར། ལྦ་བ་གསུམ་ཡོད་པ་ཞེས་བྱ་བ་ལ་སོགས་པ་དང༌། ངག་མི་སྡུག་པ་འཛར་འཛེར། ལྡབ་ལྡིབ་ལ་སོགས་པ། ཆ་ལུགས་མ་མཛེས་པ་ནག་ནོག ཡ་ཡོ་ལ་སོགས་པ་མི་སྡུག་པ་སྣ་ཚོགས་དང༌། ཡུལ་མི་སྡུག་པ་རད་རོད་དང༌། སྡོང་དུམ་དང༌། ཚེར་མ་ལ་སོགས་པ་ཡིད་འབྱུང་བའི་ཚིག་གོ །དགོད་པ་བཞད་གད་འབྱིན་པའི་ཚིག་ལུས་ངག་ཆ་ལུགས་རྣམ་འགྱུར་དང༌། སྤྱོད་ཚུལ་ཡོན་ཏན་སྐྱོན་རྣམས་ཀྱི། །སྒོ་ནས་གཞན་ལ་འཕྱར་བ་ཡིན། །དགོད་པ་ནི་ཚིག་གང་ལ་གད་མོ་འབྱིན་པའི་ནུས་པ་ཡོད་པ་སྟེ། དེའང་ལུས་ངག་གི་རྣམ་འགྱུར་དང༌། འགྲོ་འོང་ལ་སོགས་པའི་སྤྱོད་ཚུལ་གྱིས་གཞན་ལ་འཕྱར་ཞིང་བཞད་གད་བྱས་པའི་ཚིག་གོ །དྲག་ཤུལ་རྩུབ་པར་སྤྱོད་པ་སྟེ། །སྒྲིབ་པ་རྣམ་གཉིས་བག་ཆགས་དང༌། བཅས་པ་འབད་པས་འཇོམས་པ་སོགས། །ཆོས་ཡིན་ཕ་རོལ་གནོད་པ་དང༌། །ལུས་ངག་ཡིད་ཀྱི་རྩུབ་པའི་ཆོས། །འཇིག་རྟེན་པ་ཡི་དྲག་ཤུལ་ཡིན། །དྲག་ཤུལ་ནི་རྩུབ་པའི་སྒོ་ནས་མི་མཐུན་ཕྱོགས་འདུལ་བ་སྟེ། ཉོན་མོངས་ཉམས་སྨད་རྩད་ནས་བཏོན། །ཞེས་བྱ་བ་ལ་སོགས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྩད་གཅོད་པ་དང༌། སངས་རྒྱས་ཀྱིས་བདུད་བཏུལ་བ་དང༌། ཕྱག་ན་རྡོ་རྗེས་དྲག་པོ་བཏུལ་བ་ལ་སོགས་པ། ཆོས་དང་མཐུན་པའི་དྲག་ཤུལ་ཡིན་ལ། ཕ་རོལ་གནོན་པའི་སྒོ་ནས་ལུས་ངག་ཡིད་རྣམ་པར་འཁྲུགས་པའི་ཞེ་སྡང་གིས་དགྲ་བོ་འདུལ་བ་ནི་འཇིག་རྟེན་པའི་དྲག་ཤུལ་ལོ། །འཇིགས་རུང་བག་འཁུམས་བྱེད་པའི་ཚུལ། །ལུས་ངག་རྣམ་འགྱུར་མི་བཟད་པ། །སྦྱིན་སོགས་སྤྱད་པར་དཀའ་བ་ཆོས། །དེ་ལས་གཞན་པ་འཇིག་རྟེན་པ། །འཇིགས་སུ་རུང་བ་ནི་ཕ་རོལ་སྐྲག་ཅིང་བག་འཁུམས་པར་བྱེད་པ་སྟེ། དེ་ཡང་སེམས་ཀྱི་ཆོས་ལའང་ཡོད་མོད་ཀྱི་གཙོ་བོར་ལུས་ངག་གི་རྣམ་འགྱུར་ཕུལ་དུ་བྱུང་བ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དཔེར་བརྗོད་ན། ཐམས་ཅད་སྒྲོལ་གྱིས་བུ་དང་བུ་མོ་དང༌། ཤི་བི་པའི་རྒྱལ་པོས་མིག་དང༌། བྱམས་པའི་སྟོབས་ཀྱིས་ཤ་དང༌། རྒྱལ་པོ་ཟླ་འོད་ཀྱིས་མགོ་དང༌། གསེར་མདོག་གིས་ལུས་ཀྱི་སྟོད་སྨད་བཅད་པ་ལ་སོགས་པ་དཔེར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་ཡང༌། གཞན་གྱིས་སྤྱད་པར་དཀའ་བ་བློའི་ཡུལ་ལས་འདས་པ། སྐྱི་བུང་ཞེས་བྱེད་པ་ཐམས་ཅད་ཆོས་ཀྱི་འཇིགས་སུ་རུང་བའོ། །དེ་ལས་གཞན་པ་ནི་འཇིག་རྟེན་པ་སྟེ། གནོད་སྦྱིན་དང་སྲིན་པོའི་ཆ་ལུགས་དང༌། སེང་གེ གླང་ཆེན། སྟག་ལ་སོགས་པའི་སྤྱོད་ཚུལ་འཇིགས་སུ་རུང་བ་དང༌། གཡང་ཟ། འབྲོག་སྟོང༌། ནགས་ཐིབས་པོ། ཆུ་ཀླུང༌། མེ་ཆེན། འཇིག་པའི་དུས་ཀྱི་རླུང་ལ་སོགས་པ་འཇིགས་ཤིང་སྐྱི་གཡའ་བ་དེ་དག་དཔེར་བྱས་ལ། དེ་དག་ཀྱང་རང་བཞིན་དང་བཅས་པའི་སྒོ་ནས་སྙན་ངག་གི་ཚུལ་དང་མི་འགལ་བར་སྦྱར་བར་བྱའོ། །སྙིང་རྗེ་བརྩེ་བ་བསྐྱེད་པའི་སེམས། །དམན་པ་མཐོང་དང་རྒྱལ་སྲས་ཀྱི། །ཐུགས་རྗེའི་སྤྱོད་པ་ངོ་མཚར་ཅན། །ཐོས་པས་སྙིང་རྗེ་ཁྱད་པར་སྐྱེ། །ལོག་པར་ལྟུང་བ་ངན་སོང་གསུམ་དང༌། མགོན་མེད་པ། ནད། མྱ་ངན། བཀྲེས་པ། ཕོངས་པ། གཞན་གྱིས་མནར་པ། རྒས་པ། རྒུད་པ། འཆི་བ་ལ་སོགས་པ་ལ་སྙིང་བརྩེ་བ་ནི་དམན་པ་ལ་སྙིང་རྗེ་སྐྱེ་བ་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐོས་ནས་སེམས་མི་བཟོད་ཅིང༌། སྤུ་ལྡང༌། མཆི་མ་གཡོ། ངོ་མཚར་ཞིང་བརྩེ་བ་སྐྱེ་བ་ནི་མཆོག་ལ་སྐྱེ་བའི་སྙིང་རྗེའོ། །དམ་པ་གཞན་ལས་འཕགས་པའི་སེམས། །འཇིག་རྟེན་པ་ཡི་འབྱོར་བ་དང༌། །མཁས་པའི་ཡོན་ཏན་ཕུན་ཚོགས་པས། །ཕ་རོལ་ཟིལ་གྱིས་གནོན་པའོ། །རིགས། གཟུགས། སྟོབས། ལོངས་སྤྱོད། རྒྱལ་སྲིད་ལ་སོགས་པ་དམ་པ་ནི་འཇིག་རྟེན་པའི་ཡིན་ལ། བློ་གྲོས། ཡོན་ཏན། སྤོབས་པ། སྤངས་པ་དང་ཐོབ་པ་ལ་སོགས་པ་གཞན་ལས་ཁྱད་པར་དུ་འཕགས་པས་ཕ་རོལ་ཟིལ་གྱིས་གནོན་པ་ནི་ཆོས་ཀྱི་དམ་པ་ཡིན་ནོ། །ཞི་བ་ང་རྒྱལ་བཅོམ་པའི་ཆོས། །དམ་པ་བཟློག་པ་ཉིད་ལ་འདོད། །ཞི་བ་ནི་ང་རྒྱལ་དང་རྒྱགས་ཤིང་དྲེགས་པས་ཆོས་སྤང་བའོ། །དེའང་དབྱེ་ན། འཇིག་རྟེན་པའི་དྲེགས་པ་དང༌། ཆོས་ཀྱི་དྲེགས་པ་སྤང་བ་སྟེ། སྔར་བཤད་པའི་དམ་པ་ཉིད་གོ་བཟློག་པའོ། །དེ་ལྟ་བུའི་རྒྱན་དེ་དག་སྦྱོར་བའི་ཚུལ་ནི། སྒེག་པའི་རྒྱན་ལ་མི་སྡུག་དང༌། །དྲག་ཤུལ་དམ་པའི་རྒྱན་མི་སྦྱར། །ལུས་དང་ལོངས་སྤྱོད་མཛེས་ཤིང་སྒེག་པ་ཡིད་དགའ་བ་བསྐྱེད་པའི་སྙན་ངག་ལ། དེ་དང་འཚམ་པའི་དཔེ་དང་ཚིག་གི་རྒྱན་མཛེས་ཤིང་ཡིད་འཕྲོག་པར་བྱེད་པ་སྦྱར་གྱི། མི་སྡུག་ཅིང་ཡིད་དུ་མི་འབབ་པ་དང༌། དྲག་ཤུལ་གྱི་སྒོ་ནས་སྐྲག་པ་སྐྱེད་པ་དང་དམ་པའི་སྒོ་ནས་གཞན་ཡིད་ཞུམ་ཞིང་སྤ་སྐོང་བར་བྱེད་པ་རྒྱན་མི་སྦྱར་རོ། །དཔའ་བའི་རྒྱན་ལ་དགོད་པ་དང༌། །སྙིང་རྗེ་ཞི་བའི་རྒྱན་རྣམས་སྤང༌། །དཔལ་ཞིང་རྟུལ་ཕོད་པའི་ཚིག་གི་སྦྱོར་བ་ལས་དགོད་ཅིང་བཞད་གད་དུ་འགྱུར་བའི་ཚིག་དང༌། སྙིང་རྗེས་བརྩི་བ་སྐྱེད་པ་དང༌། །ཞི་བས་ཞུམ་ཞིང་ཡིད་འཕམ་པར་བྱེད་པའི་རྒྱན་མི་སྦྱར་ཏེ་ཕན་ཚུན་འགལ་བས་ཚིག་གི་ནུས་པ་འཇོམས་པའི་ཕྱིར་རོ། །ནུས་པ་མི་འཇོམས་ཤིང་འགལ་བ་མེད་ན་སྐབས་དང་མཐུན་པར་སྦྱར་བ་ལ་ཉེས་པ་མེད་དོ། །མི་སྡུག་པ་ལ་སྒེག་པ་དང༌། །སྙིང་རྗེ་ཞི་བའི་རྒྱུན་མི་སྦྱར། །མི་སྡུག་པ་ནི་མཛེས་པ་དང་འགལ་བ་ཡིན་ལ། སྒེག་པ་ནི་མཛེས་པ་དང་འབྲེལ་པའི་ཕྱིར་དང༌། སྙིང་རྗེ་ནི་ཕ་རོལ་འཛིན་པའི་བསམ་པ་ཡིན་ལ། མི་སྡུག་པ་ནི་སྤོང་བའི་རྒྱུ་ཡིན་པའི་ཕྱིར་དང༌། ཞི་བ་ནི་དུལ་ཞིང་ཞི་གནས་དང་མཐུན་པ་ཡིན་ལ། མི་སྡུག་པ་ནི་སེམས་སུན་འབྱིན་པ་རྣམ་པར་གཡེང་བའི་ཆ་དང་མཐུན་པའི་ཕྱིར་ཕན་ཚུན་འགལ་བ་མ་ཡིན་ནོ། །དགོད་པའི་རྒྱན་ལ་དྲག་ཤུལ་དང༌། །འཇིགས་རུང་སྙིང་རྗེ་ཞི་བ་སྤང༌། །དགོད་ཅིང་གད་མོ་འབྱིན་པར་བྱེད་པའི་ཚིག་གི་སྦྱོར་བ་ལ་དྲག་ཤུལ་ནི་རྩུབ་པ་སྐྱེད་པར་བྱེད་ལ་རྩུབ་པ་ནི་ངུར་འཇུག་པ་དང་འབྲེལ་གྱི། དགོད་པ་དང་མ་འབྲེལ། སྙིང་རྗེའང་དེ་དང་ཆ་མཐུན་ལ། ཞི་བའང་ཡིད་སྐྱོ་བ་དང་ཆ་མཐུན་གྱི་དགོད་པ་དང་མ་འབྲེལ་བའི་ཕྱིར་འགལ་བས་རྒྱན་དུ་མི་རུང་ངོ༌། །དྲག་ཤུལ་འཇིགས་རུང་རྣམ་གཉིས་ལའང༌། །དེ་བཞིན་སྙིང་རྗེ་ཞི་བ་སྤང༌། །དྲག་ཤུལ་འཇིགས་སུ་རུང་བ་ནི་རྩུབ་ཅིང་གཞན་ལ་གནོད་པའི་ཆོས་ཡིན་ལ། སྙིང་རྗེ་དང་ཞི་བ་ནི་འཇམ་ཞིང་ཕན་འདོགས་པ་ཡིན་པས་ཕན་ཚུན་འགལ་བའི་ཕྱིར་རོ། །སྙིང་རྗེ་ཞི་བ་རྣམ་གཉིས་ལ། །སྒེག་དང་དཔའ་དགོད་དྲག་ཤུལ་དང༌། །འཇིགས་རུང་དམ་པ་དྲུག་པོ་སྤང༌། །སྙིང་རྗེ་དང་ཞི་བ་ནི་ཕན་འདོགས་ཤིང་དུལ་བའི་ཡན་ལག་ཡིན་ལ། སྒེག་པ་ནི་འཕྱར་བ་དང་གཡེང་ཞིང་རྣམ་པར་མ་ཞི་བའི་ཆོས་ཡིན། དེ་བཞིན་དུ་སྙིང་རྗེ་དང་ཞི་བ་ནི་ཡིད་བདེ་ཞིང་དུལ་བ་ཡིན་ལ། དེ་བཞིན་དུ་དཔའ་བ་དང༌། དགོད་པ་དང༌། དྲག་ཤུལ་དང༌། འཇིགས་སུ་རུང་བ་ནི་དེ་དག་ལས་བཟློག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་དང་འབྲེལ་བའི་སྐབས་སུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དཔའ་བ་དང་འཇིགས་སུ་རུང་བ་ལ་སོགས་པ་འགའ་ཞིག་མི་འགལ་བ་ནི། གོང་དུ་དཔའ་བའི་སྐབས་སུ་བཤད་པ་ལྟར་སྐབས་དང་སྦྱར་ལ་བཤད་པར་བྱའོ། །ངམ་པའི་རྒྱན་ལ་སྙིང་རྗེ་དང༌། །ཞི་བ་གཉིས་ནི་རྣམ་པར་སྤང༌། །ངམ་པ་ནི་ང་རྒྱལ་གྱི་ཡན་ལག་ཡིན་ལ་སྙིང་རྗེ་དང་ཞི་བ་ནི་དུལ་བའི་ཡན་ལག་ཡིན་པའི་ཕྱིར་རོ། །སྒེག་པའི་རྒྱན་ལ་སྙིང་རྗེ་དང༌། །ངམ་དང་ཞི་བ་འཇུག་པ་སྲིད། །སྒེག་པ་བསྔགས་པའི་སྐབས་སུ་སྙིང་རྗེ་དང་གཞན་རྣམས་རྣམ་པ་ཅུང་ཟད་འགལ་བ་ཡིན་ཡང༌། བརྗོད་འདོད་ཀྱི་སྟོབས་ཀྱིས་སྐྱོན་མེད་ཅིང་ཡོན་ཏན་དུ་འགྱུར་ན་སྐབས་དང་སྦྱར་ཏེ་སྙན་ངག་གི་ཚུལ་དང་མི་འགལ་ན་སྐྱོན་མེད་དོ། །དཔའ་བའི་རྒྱན་ལ་དྲག་ཤུལ་དང༌། །འཇིགས་རུང་ངམ་པའི་རྒྱན་མི་འགལ། །དཔའ་བ་བསྔགས་པའི་སྐབས་སུ་གཞན་འདི་དག་དང་རྣམ་པ་མི་འགལ་བའི་ཕྱིར་སྙན་ངག་སྦྱོར་ཤེས་ན་སྐྱོན་མེད་དེ། སྐབས་འགར་ཡོན་ཏན་ཉིད་དུའང་འགྱུར་རོ། །མི་སྡུག་པ་ལ་དྲག་ཤུལ་དང༌། །འཇིགས་རུང་སྐབས་འགར་འགལ་བ་མེད། །མི་སྡུག་པ་དང་གཞན་འདི་དག་ཀྱང་རྣམ་པ་མི་འགལ་བའི་ཕྱིར་ཚིག་སྡེབ་ཤེས་ན་འགལ་བ་མེད་དོ། །སྙིང་རྗེ་ཞི་བའི་རྒྱན་ཕན་ཚུན། །སྐབས་ཀྱིས་འགལ་བ་མེད་པའང་སྲིད། །སྙིང་རྗེ་དང་ཞི་བ་ཕན་ཚུན་མི་འགལ་བས། རྒྱན་ཡང་ཕན་ཚུན་མི་འགལ་ལོ། །སྦྱོར་བའི་ཤུགས་ཀྱིས་འགལ་བར་སྣང་ན་ཡང་རྒྱན་འཆོལ་བར་མི་སྦྱར་ཏེ། འདི་ལྟ་བུའི་སྐབས་རང་གིས་བརྟགས་ཏེ་ཤེས་པར་བྱའོ། །དགོད་པའི་རྒྱན་ལ་སྒེག་ཅིང་དཔའ། །མི་སྡུག་ངམ་པའི་རྒྱན་སྦྱོར་སྲིད། །དགོད་པའི་རྒྱན་འཆད་པའི་སྐབས་སུ། སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། ངམ་པའི་རྒྱན་སྦྱོར་སྲིད་དེ། འདི་དག་ལ་བརྟེན་ནས་སྙན་ངག་མཁན་གད་མོ་འབྱིན་པའི་ནུས་པ་ཡོད་པའི་ཚིག་གོ །དཔེར་ན་ལྷ་རྣམས་གར་བྱེད་པ་ན་དབང་ཕྱུག་གི་སྦྲུལ་གྱི་མཆོད་ཕྱིར་ཐོགས་ས་ལ་ལྷུང་སྐབས་དེར་ནམ་མཁའ་ལྡིང་གར་ནང་དུ་ཞུགས། སྦྲུལ་སྐྲག་སྟེ་འབྲོས་ས་མ་རྙེད་ནས་ཚོགས་ཀྱི་བདག་པོ་གར་བྱེད་པའི་སྣ་བུག་དུ་ཞུགས། དེར་ཚོགས་བདག་མ་བཟོད་དེ་མགོ་སྤྲུགས། དེ་མཐོང་བས་ལྷ་ཐམས་ཅད་བཞད་གད་བྱུང༌། དེ་ལྟའི་བཀྲ་ཤིས་ཁྱོད་ལ་ཤོག །ཅེས་ཚིག་སྡེབ་ལེགས་པའི་སྙན་ངག་དེ་ལྟ་བུ་དཔྱོད་པ་བའི་བསྟན་བཅོས་ཀྱི་ཀླད་ན་ཡོད་པ་ལྟ་བུ་ཡིན། དྲག་ཤུལ་འཇིགས་རུང་རྣམ་གཉིས་ལ། །དཔའ་དང་མི་སྡུག་ངམ་པ་འཇུག །དྲག་ཤུལ་དང་འཇིགས་སུ་རུང་བ་བསྔགས་པའི་རྒྱན་ལ་དཔའ་བ་དང་མི་སྡུག་པ་དང་ངམ་པའི་རྒྱན་སྦྱོར་བ་མི་འགལ་ལོ། །ངམ་པའི་རྒྱན་ལ་སྒེག་ཅིང་དཔའ། །དགོད་ཅིང་དྲག་ཤུལ་འཇིགས་རུང་འཇུག །ངམ་པའི་རྒྱན་བསྔགས་པའི་སྐབས་སུ་སྒེག་པ་ལ་སོགས་པའི་ཡོན་ཏན་འདི་དག་སྦྱོར་ཤེས་ན་སྡེབ་སྦྱོར་སྐྱོན་མེད་ཡིན་ནོ། །སྒེག་དགོད་ངམ་པ་རྣམ་གསུམ་ལ། །བསྒྱིངས་དང་འཕྱར་དང་ཟིལ་གནོན་དང༌། །དཔེ་རྒྱན་སྒྲོ་བཏགས་སྣ་ཚོགས་པ། །རོལ་ཅིང་སྒེག་པའི་ཚིག་རྒྱན་འཇུག །སྒེག་པ་ལ་སོགས་པ་ཚིག་ཟབ་ཅིང་རོལ་པ་དང་བཅས་པ་དང༌། དགའ་བ་སྐྱེད་པ་དང༌། ཕ་རོལ་སྤ་སྐོང་བ་དང༌། དཔེ་སྣ་ཚོགས་དང༌། ཚིག་གི་རྒྱན་སྣ་ཚོགས་དང༌། སྒྲོ་བཏགས་པའི་སྦྱོར་བ་དོན་དང་འཕྲོད་པ་རོལ་ཅིང་སྒེག་པ་དང་བཅས་པའི་སྙན་ངག་འཇུག་གོ །དཔའ་དྲག་འཇིགས་རུང་རྣམ་གསུམ་ལ། །ཁམས་གསུམ་ཟ་བའི་ངང་ཚུལ་ཅན། །ངོ་བོ་ཉིད་ཀྱིས་འཇིགས་རུང་བ། །སྤུ་ཟིང་ཞེས་ནི་བྱེད་པའི་ཆོས། །རྩུབ་པའི་ཚིག་རྒྱན་སྦྱར་བར་བྱ། །དཔའ་བ་ལ་སོགས་པ་གསུམ་ལ་རང་དོགས་པ་མེད་ཅིང་ཕ་རོལ་སྐྲག་པར་བྱེད་པ། ནང་གི་ཁོང་ནས་འཁྲུགས་པ་དང༌། ལུས་དང༌། ངག་དང༌། མཚོན་ཆ་ལ་སོགས་པའི་རྣམ་འགྱུར་མི་བཟད་པ་ངོ་བོ་ཉིད་ཀྱིས་ནང་དང་ཕྱི་རོལ་གྱི་འཇིགས་པ་སྐྱེད་པ། ཁམས་གསུམ་ཟ་བར་ནུས་པའི་ངང་ཚུལ་ཅན། སྐྱི་གཡའ་ཞིང་སྤུ་ཟིང་ཞེས་བྱེད་ནུས་པའི་ཚིག་སྦྱར་བར་བྱའོ། །དེའང་སྨིན་མ་བསྡུས་པ་ལ་སོགས་པ་ལུས་ཀྱི་ཆོས། རྩུབ་པའི་མཚོན་ཆ་ལ་སོགས་པ་ལུས་དང་འབྲེལ། འཇིགས་པའི་ཧཱུྃ་སྒྲ་ལ་སོགས་པ་ངག་དང་འབྲེལ། སྟག་ལྤགས་དང༌། སྦྲུལ་གདུག་ལ་སོགས་པ་ཆ་ལུགས་དང་འབྲེལ། དུར་ཁྲོད་དང༌། ཚང་ཚིང་དང༌། ངམ་གྲོག་དང༌། གཡང་ས་དང༌། མུན་ནག་དང༌། གཅན་གཟན་གྱི་ཁྲོད་ལ་སོགས་པ་གནས་དང་འབྲེལ་ལོ། །མི་སྡུག་པ་ནི་ལུས་ངག་ཡིད། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །སྐྱོན་དང་འབྲེལ་བའི་ངང་ཚུལ་ཅན། །ཡིད་འབྱུང་བྱེད་པའི་ཚུལ་ཡིན་ནོ། །ལུས་མི་སྡུག་པ་ཁ་དོག་དང་དབྱིབས་ཕྱིན་ཅི་ལོག་དང༌། ངག་མི་སྡུག་པ་རྩུབ་པ་དང་མ་འབྲེལ་བ་དང་ཚོགས་པར་དབྱུང་བྱ་མ་ཡིན་པའི་ཚིག་འབྱིན་པ། ཡིད་མི་སྡུག་པ་ནི་ཕན་བཏགས་པ་ལ་གནོད་པའི་སེམས་དང༌། མཆོད་པར་འོས་པ་བསླུ་བ་ལ་སོགས་པའི་བསམ་པ་ཐོས་པ་ཙམ་གྱིས་ལྷ་དང་བཅས་པའི་འཇིག་རྟེན་ཡིད་འབྱུང་བར་ནུས་པའོ། །དེ་དག་ཀྱང་ནང་ནས་འབྱུང་བ་ནི་ལྷན་ཅིག་སྐྱེས་པའི་མི་སྡུག་པའོ། །ལུས་ཀྱི་དྲི་མ་དང༌། ཐལ་བ་བྱུགས་པ་དང༌། གོས་ཧྲལ་ཧྲུལ་ལ་སོགས་པ་ནི་ཆ་ལུགས་དང་འབྲེལ་བའོ། །གནས་ངན་པ་དང༌། མི་གཙང་བ་དང༌། ལྗན་ལྗིན་དང༌། རད་རོད་དང༌། གྱོ་མོ་དང༌། མགལ་དུམ་དང༌། སྐྲ་དང༌། རུས་པ་དང༌། སྡོང་དུམ་དང༌། རུལ་པའི་ཆུ་ལ་སོགས་པ་ནི་གནས་དང་འབྲེལ་བའོ། །དགོད་པའི་རྒྱན་ལ་རང་བཞིན་དང༌། །བསྒྲུབས་པ་ལས་བྱུང་རྣམ་པ་གཉིས། །རང་བཞིན་ཕལ་ཆེར་བླུན་པོ་ལ། །བསྒྲུབས་པ་མཁས་པ་རྣམས་ལ་ཡོད། །དགོད་པའི་རྒྱན་ལ་རང་བཞིན་གྱིས་གད་མོ་འབྱིན་པ་ནི་བླུན་པོ་ངོ་ཚ་མི་ཤེས་པའི་རྣམ་འགྱུར་ལས་ཕལ་ཆེར་འབྱུང་ལ། བསྒྲུབས་པ་ནི་སྙན་ངག་མཁན་དང༌། ཟློས་གར་མཁན་དང༌། བཞད་གད་མཁན་ལ་སོགས་པ་སྦྱངས་པའི་ཁྱད་པར་ཡིན་ལ། དེའང་ལུས་ངག་ལས་བྱུང་བའི་བཞད་གད་ནི་ནང་གི་ཡིན་ལ། ཡུལ་དང་ཡོ་བྱད་ལ་སོགས་པ་ལས་བྱུང་བའི་བཞད་གད་ནི་ཕྱིའི་ཡིན་ནོ། །འདི་དག་གི་དཔེ་བརྗོད་པ་ནི་ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར་ལ་སོགས་པར་ཤེས་པར་བྱའོ། །སྙིང་རྗེ་ཞི་བ་རྣམ་གཉིས་ལ། །སྒེག་ཅིང་དཔའ་བ་ལ་སོགས་པའི། །ཚིག་རྒྱན་སྦྱར་ན་གཉིས་པོ་འཇིག །དེ་ཕྱིར་བཅོས་མའི་དཔེ་རྒྱན་སྤང༌། །སྙིང་རྗེ་དང་ཞི་བ་གཉིས་རང་བཞིན་གྱིས་ཉེ་བར་ཞི་བ་ཡིན་པས་དེ་དང་མཐུན་པའི་རང་བཞིན་གྱིས་རྒྱན་རྐང་གི་ཁོང་ནས་སྐྱེས་པའི་ཚིག་བརྩེ་བ་དང་དུལ་བ་བསྐྱེད་ནུས་པས་ཕ་མས་བུ་སྡུག་པ་ལ་བརྗོད་པ་ལྟ་བུ་མ་བཅོས་པ་ཉིད་རྒྱན་གྱི་དམ་པ་ཡིན་ནོ། །འདི་ལ་བཅོས་མའི་ཚིག་རྒྱན་མི་སྦྱར་ཏེ། སྦྱར་ན་བརྩེ་བ་དང་དུལ་བ་ངང་གིས་སྐྱེས་པ་བཅོས་ནས་བྱས་པ་ལྟ་བུར་འགྱུར་བའི་ཕྱིར་རོ། །སྙིང་རྗེའི་དཔེ་བརྗོད་པ་ཐམས་ཅད་སྒྲོལ་དང༌། ཞི་བའི་དཔེ་བརྗོད་པ་ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལ་སོགས་པ་ལྟར་ཤེས་པར་བྱའོ། །སྒེག་སོགས་རྣམས་ལ་ཞི་བའི་དཔེ། །མི་འཇུག་ཞི་ལ་སྒེག་སོགས་བཞིན། །དེ་བཞིན་ཕན་ཚུན་འགལ་བའི་དཔེ། །ཀུན་ལ་རང་གིས་བརྟགས་ཏེ་སྦྱར། །ཞི་བ་ལ་སྒེག་པ་ལ་སོགས་པའི་དཔེ་མི་འཇུག་པ་བཞིན་དུ། སྒེག་པ་ལ་ཞི་བའི་དཔེ་དང༌། དྲག་ཤུལ་ལ་སྙིང་རྗེའི་དཔེ་མི་འཇུག་པ་བཞིན་དུ་སྙིང་རྗེ་ལ་དྲག་ཤུལ་གྱི་དཔེ་མི་འཇུག་པ་ལ་སོགས་པ་རང་གི་བློས་བརྟགས་ཏེ་ཤེས་པར་བྱའོ། །དཔེ་ཡི་རྒྱན་རྣམས་ཕལ་ཆེར་ནི། །རང་གི་ཆོས་དང་མཐུན་པར་སྦྱར། །དཔེ་དོན་འབྲེལ་པར་མ་གྱུར་ན། །སྙན་ངག་མཁན་གྱིས་སྨད་པ་སྲིད། །དཔེ་དང་རྒྱན་ལ་སོགས་པ་ཐམས་ཅད་རང་རང་གི་དོན་དང་མཐུན་པར་སྦྱར་ཏེ་དཔེ་དོན་འགལ་བ་མཐོང་ན། སྙན་ངག་མཁན་གྱིས་ཅོ་འདྲི་བའི་གནས་སུ་འགྱུར་བ་སྲིད་པའི་ཕྱིར་རོ། །དཔེར་ན་དབྱངས་ཅན་གྱི་མགུལ་རྒྱན་ལས། རི་སུལ་ཤིང་གཅིག་པ། ནགས་ཚང་ཚིང་ཅན། ཆུ་འབབ་པ་ཞེས་བྱ་བ་ལ་སོགས་པ་དང༌། རི་སུལ་ནགས་ཚང་ཚིང་གི་ནང་ནས་བྲག་གི་བུ་ག་ནས་ཆུ་འབབ་པ་ལ་སོགས་པ་སྐྱོན་ཅན་དུ་བཤད་པ་དང༌། ཁོ་བོའི་རྣམ་པར་རྟོག་པས་བསམས་ན། །ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇམ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་སྤྱད། །ཅེས་བྱ་བའང་དོན་ལ་སྐྱོན་ཅི་ཡང་མེད་མོད། སྙན་ངག་གི་སྐབས་ཡིན་ན། མུ་སྟེགས་དག་གིས་ཁྱེད་ཀྱི་ཐུབ་པ་དེ་ལྟར་སྤྱོད་དམ་ཞེས་ཅོ་འདྲིའི་དོགས་པ་ལ། སྐྱེས་རབས་ལས། བྱང་ཆུབ་སེམས་དཔའ་ཉའི་རྒྱལ་པོས་སྨྲས་པ། ཁྭ་རྣམས་རབ་ཏུ་དགའ་བ་མེད་པར་མཛོད། ཅེས་གསུངས་པ་ལ་བྱང་ཆུབ་སེམས་དཔའི་ཚིག་གི་རྒྱན་དུ་མི་མཛེས་ཏེ། ཁྭའི་འཇིགས་པ་འདི་ལས་བདག་ཅག་སྐྱོབ་ཅེས་བརྗོད་ན་མཛེས་པར་མངོན་ནོ། །འདི་ལྟ་བུའི་དཔེར་བརྗོད་དབྱངས་ཅན་གྱི་མགུལ་རྒྱན་ལས་མང་དུ་བརྗོད་ཀྱང༌། ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་ཏེ། རང་གི་ལེགས་པར་བརྟགས་ལ་ཤེས་པར་བྱའོ། །གྲགས་པའི་དཔེ་ལ་དཀར་བ་དང༌། །མཐོ་དང་འོད་དང་བ་དན་སོགས། །སྦྱར་ཞེས་དབྱངས་ཅན་མགུལ་རྒྱན་སྨྲ། །སྙན་ཅིང་གྲགས་པ་བརྗོད་པའི་དཔེ་ལ། གངས་རི་ལ་སོགས་པ་དཀར་ཞིང་མཐོ་བ་དང༌། རླུང་གིས་བསྐྱོད་པའི་བ་དན་ལ་སོགས་པ་དཔེར་བྱའོ་ཞེས་བཤད་དོ། །དཔའ་ལ་སེང་གེ་སྟག་ལ་སོགས། །ཞུམ་པ་ཝ་སྐྱེས་ཅེ་སྤྱང་སོགས། །མཁས་པ་འཇམ་དབྱངས་སྟོབས་སྲེད་མེད། །བླུན་ལ་བ་ལང་ཞེ་སྡང་སྦྲུལ། །གསལ་བ་སྐྱེ་དགུའི་སྒྲོན་མ་སོགས། །རྒྱས་པར་སྦྱར་ཞེས་མཁས་རྣམས་སྨྲ། །འཇིགས་པ་མེད་པ་ལ་སེང་གེ་ལ་སོགས་པ། ཞུམ་པ་ལ་ཝ་སྐྱེས་ལ་སོགས་པ། མཁས་པ་ལ་འཇམ་དཔལ་ལ་སོགས་པ། སྟོབས་ལ་སྲེད་མེད་ཀྱི་བུ་ལ་སོགས་པ། བླུན་པ་ལ་བ་ལང༌། ཞེ་སྡང་ལ་སྦྲུལ། གསལ་བ་ལ་ཉི་མ། དེ་བཞིན་དུ་སྐྱོན་གྱིས་མ་གོས་པ་ལ་པདྨ་ལ་སོགས་པ་དཔེར་བྱའོ། །ཞེས་སྙན་ངག་གི་བསྟན་བཅོས་དག་ལས་བཤད་དོ། །ཚིག་ཀྱང་ཚོགས་པར་དབྱུང་བྱ་བ། །ལེགས་པར་སྦྱར་དགོས་སྨད་པའི་ཚིག །སྙན་ངག་མཁན་གྱིས་སྤང་བར་བྱ། །སྙན་ངག་གི་སྐབས་སུ་ཚིག་ཀྱང་ཚོགས་པར་དབྱུང་བར་བྱ་བ། མཁས་པ་རྣམས་དགའ་བར་བྱེད་པའི་སྒྲ་སྦྱར་གྱི། ཚོགས་པར་དབྱུང་དུ་མི་རུང་བ་བླུན་པོ་དགའ་བ་བསྐྱེད་ཀྱང༌། མཁས་པ་རྣམས་ཀྱིས་འཕྱས་གདགས་སུ་རུང་བའི་སྒྲ་མི་སྦྱར་རོ། །དཔེར་ན་མཆོག་ལུས་ཉེར་གནས་དང༌། །བསྐུལ་དང་ཡང་ཞིང་གཡོ་སོགས་བཞིན། །ཚོགས་པར་དབྱུང་དུ་མི་རུང་བའི་སྒྲ་ཇི་ལྟ་བུ་ཞེ་ན། མཆོག་གི་ཡན་ལག་ནི་སཾ་སྐྲྀ་ཏའི་སྐད་དུ་ཝ་རཱཾ་ག ཉེར་གནས་ནི་ཨུ་པསྠཱ་སྟེ་ཕོ་མོའི་དབང་པོ་ལ་འཇུག སྐུལ་པའི་སྒྲ་ཙོད་ཡིན་ལ། འཕྲལ་སྐད་དུ་མི་ཚངས་པར་སྤྱོད་པ་ལ་འཇུག ཡང་ཞིང་གཡོ་བ་ལ་སཾ་སྐྲྀ་ཏས་ཧ་ར་ཎ་ཞེས་ཟེར་ལ། ངོ་ཚ་བའི་གནས་ལ་འཇུག་མོད། ལུང་ཆོས་ལ་སྐྱོན་མེད་སྙན་ངག་གི་སྐབས་སུ་སྒྲ་སྐྱོན་དུ་བརྩི། དེ་བཞིན་དུ་སཾ་སྐྲྀ་ཏས་ནས་ལ་ཡ་བ་ཟེར། བྷ་ཡ་ཞེས་བརྗོད་ན་མི་ཚངས་པར་སྤྱོད་པ་ལ་འཇུག་པས་སྒྲ་སྦྱོར་བའི་སྐབས་ལེགས་ན་སྐྱོན་མེད་མོད། ཉེས་ན་སྐྱོན་ཅན་དུ་བརྩི་བ་སྲིད། དེ་ལྟ་བུའི་སྒྲ་སཾ་སྐྲྀ་ཏ་ལ་སྐྱོན་མེད་དུ་འགྲོ། བོད་ལ་སྐྱོན་ཅན་དུ་འགྲོ་བ། དད་པ་ཅན་མང་བཟུང་ཉེས་ན། ཅིག་ཤོས་བསྲེགས་པ་སྨོས་ཅི་དགོས། །ཞེས་བྱ་བའང་རྒྱ་གར་སྐད་ལ་སྐྱོན་ཡེ་མེད་མོད། བོད་ལ་སྐབས་འགའ་བཞད་གད་དུ་འགྲོ་བའང་སྲིད། མེ་ཏོག་ཁ་འབྱེ་བ་དང༌། འབྱེ་འདོད་པ་དང༌། པོག་ཕོར་དང༌། སྤོག་གིས་བདུག་པ་ལ་སོགས་པ་སྒྲ་ལ་སྐྱོན་མེད་ཀྱང་ཡུལ་འགའ་ཞིག་ན་ཚོགས་པར་དབྱུང་དུ་མི་རུང་བའི་ངག་ཏུ་འགྱུར་བས་སྐབས་བརྟགས་ཏེ་སྦྱར་བར་བྱའོ། །ལུང་དང་རིགས་པའི་བསྟན་བཅོས་འགའ་ཞིག་ཏུ་དཔེ་མི་མཛེས་པ་དང༌། སྒྲ་ཚོགས་པར་དབྱུང་དུ་མི་རུང་བ་བྱུང་ཡང་དོན་ལ་རྟོན་པ་ཡིན་པས་སྐྱོན་མེད་དོ། །སྙན་ངག་ནི་སྒྲ་གཙོ་བོ་ཡིན་པས་ཐམས་ཅད་དུ་སྐྱོན་མེད་པར་སྦྱར་བར་བྱའོ། །བསྟན་བཅོས་བྱེད་པས་ཚིགས་བཅད་དང༌། །རྐྱང་པ་དང་ནི་སྤེལ་བ་གསུམ། །བསྟན་བཅོས་ལ་འཇུག་པ་རྣམས་ཀྱི་ལམ་ནི་གསུམ་སྟེ། ཚིགས་སུ་བཅད་པ་དང༌། རྐྱང་པ་སྟེ་ལྷུག་པ་དང༌། དེ་གཉིས་སྤེལ་བའི་རྒྱུན་ཆགས་བཅད་པ་ནི་ཚིགས་སུ་བཅད་པའི་ཁོངས་སུ་འདུ་ལ། རྒྱུན་ཆགས་མ་བཅད་པ་ནི་སྡེབ་སྦྱོར་རྒྱུན་ཆགས་འདྲ་བ་ལ་རྐང་པར་མ་ཕྱེ་བས་རྐྱང་པ་དང་འདྲ་བའོ། །ཚིགས་བཅད་ལུང་ལས་གྲགས་པ་དང༌། །སྡེབ་སྦྱོར་མཁན་ལ་གྲགས་པ་གཉིས། །བཅོམ་ལྡན་འདས་ཀྱི་ལུང་དང༌། །སྡེབ་སྦྱོར་མཁན་ལ་གྲགས་པའོ། །ལུང་ལ་རྐང་པ་གཉིས་པ་ནས། །བརྩམས་ཏེ་དྲུག་གི་བར་དུ་བཤད། །བཅོམ་ལྡན་འདས་ཀྱི་ལུང་དང༌། །འཇིག་རྟེན་པའི་བསྟན་བཅོས་འགའ་ཞིག་ལས་རྩ་བ་གཉིས་པའི་ཚིགས་བཅད་དང༌། དེ་བཞིན་དུ་གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པའི་བར་རོ། །བདུན་པ་ཡན་ཆད་གྲགས་པ་མེད་དོ། །སྡེབ་སྦྱོར་ཚིགས་བཅད་རྐང་བཞི་པ། འཇུག་དང་རིགས་ཀྱིས་དབྱེ་བས་གཉིས། །སྙན་ངག་མཁན་གྱི་ཚིགས་སུ་བཅད་པ་ནི་རྐང་པ་བཞི་པ་ཁོ་ནའོ། །འཇུག་པ་ཞེས་བྱ་བའི་ཚིགས་བཅད་ཡི་གེ་བགྲང་བ་དང༌། རིགས་ཞེས་བྱ་བ་ཕྱི་མོ་བགྲང་བ་སྟེ། འདི་དག་ཤེས་པར་འདོད་ན་ཁོ་བོས་བྱས་པའི་སྡེབ་སྦྱོར་མེ་ཏོག་གི་ཆུན་པོར་བལྟ་བར་བྱའོ། །ལུགས་འདི་སྙན་ངག་མཁན་རྣམས་འཇུག་པའི་གྲུ་བོ་ཆེ་ཡིན་ཏེ། རྒྱན་ལས་སྡེབ་སྦྱོར་སྤྲོས་པ་ཞེས་བྱ་ལ། །དེ་ལ་མཐའ་དག་སྤྲོས་ཏེ་བསྟན། །སྙན་ངག་རྒྱ་མཚོ་ཟབ་མོ་ལ། །རིགས་དེ་འཇུག་འདོད་རྣམས་ཀྱི་གྲུ། །ཞེས་བཤད་པ་ལྟར་རོ། །སྙན་ངག་ལ་ནི་ལུས་དང་རྒྱན། །རྣམ་པ་གཉིས་སུ་བསྡུས་ཏེ་བཤད། །སྙན་ངག་བསྡུ་ན་ལུས་དང་རྒྱན་གཉིས་སོ། །ལུས་ནི་འདོད་པའི་དོན་སྒྲུབ་པར་བྱེད་པ་ཡིན་ལ། རྒྱན་ནི་དེ་མཛེས་པར་བྱེད་པའི་ཚིག་དང་དཔེ་ལ་སོགས་པའི་སྦྱོར་བ་ཁྱད་པར་ཅན་ནོ། །ཚིགས་སུ་བཅད་པ་དེ་དག་ཀྱང་བརྗོད་ཚུལ་གྱིས་དབྱེ་ན། ཚིགས་བཅད་གཅིག་གིས་བརྗོད་བྱའི་དོན། །རྫོགས་པ་གྲོལ་བ་ཡིན་པར་འདོད། །ཚིགས་བཅད་གཅིག་གི་ནང་དུ་སྐབས་ཀྱི་བརྗོད་བྱ་ཚང་བར་སྟོན་པ་ནི་གྲོལ་བ་ཞེས་བྱའོ། །ཚིགས་བཅད་ཕན་ཚུན་འདུས་པ་ལས། །བརྗོད་བྱ་རྟོགས་པར་རིགས་འབྲེལ་ཡིན། །ཚིགས་བཅད་ཕན་ཚུན་བྱ་བ་མེད་ཅིང་འདུས་ནས་བྱ་བ་གཅིག་སྟོན་པ་ནི་རིགས་འབྲེལ་ཞེས་བྱའོ། །གནས་སྐབས་གཅིག་ལ་ཡུལ་ཐ་དད། །བྱ་བ་ཐ་དད་སྟོན་པ་མཛོད། །གནས་སྐབས་གཅིག་ཅིང་ཡུལ་ཐ་དད་བྱ་བ་ཐ་དད་སྟོན་པ་ནི་མཛོད་ཅེས་བྱའོ། །ཡུལ་གཅིག་བྱ་བ་དུ་མ་ཡིན། །བསྔགས་པ་ཚོགས་པ་ཡིན་པར་བཤད། །ཡུལ་གཅིག་ལ་བྱ་བ་དུ་མས་བསྔགས་པ་ནི་ཚོགས་པ་ཞེས་བྱའོ། །ཚིག་དོན་ཕུན་སུམ་ཚོགས་གྱུར་ཅིང༌། །སྐྱོན་མེད་མཁས་པ་མགུ་བྱེད་ན། །ཡོན་ཏན་འགའ་ཞིག་མ་ཚང་ཡང༌། །སྙན་ངག་སྐྱོན་ཅན་མིན་པར་བཤད། །ཚིག་དང་དོན་ཕུན་སུམ་ཚོགས་ཤིང༌། བརྗོད་ཚུལ་དང་དཔེའི་རྒྱན་ལ་སོགས་པ་ལ་སྐྱོན་གང་ཡང་མེད་ན་ཡོན་ཏན་འགའ་ཞིག་མ་ཚང་ཡང་སྙན་ངག་སྐྱོན་ཅན་མ་ཡིན་པར་བཤད་དེ། རྒྱན་ལས། གང་ཚེ་ཉེ་བར་ཕུན་སུམ་ཚོགས། །དེ་ཉིད་རིག་པ་མགུ་བྱེད་ན། །འདིར་ནི་གང་འགའ་མ་ཚང་ཡང༌། །སྙན་ངག་སྐྱོན་ཅན་མིན་ཤེས་བྱ། །ཞེས་བཤད་པ་ལྟར་རོ། །གཙོ་བོའི་ཡོན་ཏན་སྔར་བརྗོད་ནས། །དེ་ཡི་འགྲན་ཟླ་ཟིལ་གནོན་པ། །ཕྱི་ནས་འཆད་པའི་ཚུལ་འདི་ནི། །སྙན་ངག་མཁན་རྣམས་ཀུན་ལ་གྲགས། །སྔོན་ལ་གཙོ་བོའི་སྐྱོན་དང་ཡོན་ཏན་བརྗོད་ནས། ཕྱིས་འགྲན་ཟླ་ཟིལ་གྱིས་གནོན་པའམ་འགྲན་ཟླའི་བསྔགས་པ་བརྗོད་པ་ནི་སྙན་ངག་པ་རྣམས་ལ་ཐུན་མོང་དུ་གྲགས་པའོ། །རིགས་རྒྱུད་ཤེས་རབ་ཐོས་སོགས་ཀྱིས། །དགྲ་ཡི་ཡོན་ཏན་སྔར་བརྗོད་ནས། །ཕྱི་ནས་དེ་ཉིད་ཟིལ་གནོན་པའི། །སྐྱོན་ཡོན་བརྗོད་ལ་འགའ་ཞིག་དགའ། །སྔོན་ལ་སྒྲའི་སྐྱོན་དང་ཡོན་ཏན་བརྗོད་ནས། དེའང་ཁྱོད་ཀྱིས་ཟིལ་གྱིས་གནོན་ཞེས་སྐྱོན་གྱི་སྒོ་ནས་སྨོད་པའམ། ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི་ཤིན་ཏུ་མཛེས་སོ་ཞེས་མཁས་པ་འགའ་ཞིག་འདོད་དོ། །དེ་ལྟའི་ཚིགས་བཅད་སྦྱོར་བ་ལ། །བཻ་དྷརྦྷ་དང་གཽ་ཌ་བའི། །ཚིག་གི་སྦྱོར་ཚུལ་རྣམ་པ་གཉིས། །འཕགས་པའི་ཡུལ་གྱིས་མཁས་ལ་གྲགས། །འཕགས་པའི་ཡུལ་ནི་སངས་རྒྱས་བཞུགས་པའི་གནས་མ་ག་དྷཱ་ལ་སོགས་པའོ། །དེ་དག་གི་སྙན་ངག་མཁན་རྣམས་ལ་ཚིག་གི་སྦྱོར་ཚུལ་གཉིས་ཏེ། ལྷོ་ཕྱོགས་བཻ་དྷརྦྷའི་མཁས་པ་རྣམས་དགའ་བའི་ཚིགས་སུ་བཅད་པ་ནི་བཻ་དྷརྦྷ་ཞེས་ཟེར་ལ། ཤར་ཕྱོགས་གཽ་ཌ་བའི་ཡུལ་གྱི་མཁས་པ་རྣམས་དགའ་བའི་ཚིགས་བཅད་ནི་གཽ་ཌ་བ་ཞེས་བྱ་བར་གྲགས་སོ། །དེ་གཉིས་ཀྱི་ཚིག་གི་སྦྱོར་བའི་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་འཇམ་ཞིང་ཅུང་ཟད་ཞི། །གཉིས་པ་གསང་མཐོ་ཅུང་ཟད་རྩུབ། །བཻ་དྷརྦྷ་ནི་འདོན་པའི་ཚིག་འཇམ་ཞིང་ཅུང་ཟད་ཞི་ལ། ཚིག་གི་སྦྱོར་བ་མཉེན་པ་ལྟ་བུར་གསལ། །གཽ་ཌ་བ་ནི་ངག་གི་སྦྱོར་བ་གསང་མཐོ་ཅུང་ཟད་རྩུབ་ཅིང་གྱོང་བ་ལྟ་བུར་སྣང་བ་ཡིན། དེ་དག་དོན་གསལ་བར་བཤད་ན། བཻ་དྷརྦྷ་ལ་ཡོན་ཏན་བཅུ། །ཡོན་ཏན་འདི་བཅུ་ཕལ་ཆེ་བ། །བཟློག་པ་གཽ་ཌ་བ་ཞེས་བཤད། །བཻ་དྷརྦྷའི་ཚིགས་བཅད་ལ་ཡོན་ཏན་བཅུ་དང་ལྡན་ཞིང༌། གཽ་ཌ་བ་ལ་ཡོན་ཏན་བཅུ་པོ་དེ་ཕལ་ཆེར་བཟློག་པ་ཡིན་ཏེ། དེའང་རྒྱན་ལས། འབྲེལ་དང་རབ་གསལ་མཉམ་པ་ཉིད། །སྙན་རང་རབ་ཏུ་བཞོན་པ་དང༌། །དོན་གསལ་བ་དང་གོ་བདེ་བ། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻ་དྷརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་རྣམས་ཕལ་ཆེར་བཟློག་པ་ནི། །གཽ་ཌ་ལམ་དུ་མཚོན་པར་བྱ། །ཞེས་བཤད་པ་ལྟར་རོ། །ཤིན་ཏུ་གྲགས་པ་མ་ཡིན་པའི། །ཚིག་སྦྱོར་ལེགས་ཞེས་གཽ་ཌ་འདོད། །ཤར་ཕྱོགས་པ་དག་འཇིག་རྟེན་ལ་གྲགས་ཆེས་པ་མ་ཡིན་པའི་ཚིག་གི་སྦྱོར་བ་ནི་ཚིགས་སུ་བཅད་པ་འགའ་ཞིག་ནང་དུ་སྦྱར་ན་མཛེས་པའི་རྒྱན་དུ་འདོད་དོ། །ཆིངས་དང་ཡི་གེ་མཚུངས་པ་ཡི། །ཚིག་སྦྱོར་རྗེས་སུ་མཚུངས་ཞེས་བྱ། །ཚིགས་བཅད་ཀྱི་སྡེབ་སྦྱོར་གྱི་ཆིངས་དང༌། ཡི་གེ་མཚུངས་པར་སྦྱར་བའི་ཚིག་གི་སྦྱོར་བ་ནི་རྗེས་སུ་མཚུངས་པ་ཞེས་བྱའོ། །ཡི་གེ་འཁོར་མོ་མཚུངས་པ་ལ། །སྔ་མའི་འདུ་བྱེད་ཉམས་མྱོང་བ། །མི་རིང་བར་གནས་ཚིག་མི་རྩུབ། །དེ་ནི་ཤིན་ཏུ་བཞོན་ཞེས་བྱ། །ཡི་གེ་སྔ་ཕྱི་ཕན་ཚུན་བསྐོར་བ་མཚུངས་ཤིང་སྔ་མའི་ཚིག་གི་ཕྱི་མའི་ཚིག་ཉམས་སུ་མྱོང་བ་དང་འདྲེན་ནུས་པ་ཉེ་བར་གནས་ཤིང༌། ཚིག་འཇམ་པ་ནི་ཤིན་ཏུ་བཞོན་པ་ཞེས་བཤད་དོ། །ཆིངས་ལ་གཅམ་བུའི་སྐྱོན་མཐོང་གི །མཉེན་པའི་སྒོ་ནས་སྐྱོན་མ་ཡིན། །ཚིག་གི་སྦྱོར་བ་ལ་ཧ་ཅང་མཉེན་པའི་ཚིག་འགའ་ཞིག་ཡང་ཞིང་བརྗིད་ཆུང་བའི་སྐྱོན་དུ་མི་འགྱུར་རམ་ཞེ་ན། དེ་ནི་གཅམ་བུའི་སྒོ་ནས་སྐྱོན་དུ་སོང་བ་ཡིན་གྱི་མཉེན་པའི་སྒོ་ནས་སྐྱོན་དུ་འགྱུར་བ་མ་ཡིན་པར་བཤད་དོ། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །ཡང་དག་གཏོད་པར་བྱེད་པ་དང༌། །ཅིག་ཅར་དུ་ནི་ཆོས་དུ་མ། །བརྟགས་པའང་ཏིང་ངེ་འཛིན་དུ་བརྗོད། །འཇིག་རྟེན་གྱི་རྗེས་སུ་འབྲངས་པའི་ཚིག་གི་སྒོ་ནས་ཡང་དག་པའི་དོན་ལ་སྦྱར་བ་དང༌། ཅིག་ཅར་དུ་ཆོས་དུ་མ་དོན་གཅིག་ཏུ་བརྟགས་ནས་སྦྱོར་བ་ནི་ཏིང་ངེ་འཛིན་ཞེས་བྱའོ། །ཚིག་རྒྱན་སྦྱོར་བ་འདི་རྣམས་ནི། །སྔོན་གྱི་མཁས་པ་རྣམས་ཀྱིས་བསྟན། །དེའི་དཔེར་བརྗོད་པ་རྒྱན་ལས། །རི་བོའི་ངོགས་ཀྱིས་ཕོང་པ་ན། །ལྕི་བའི་མངལ་གྱིས་མནན་པ་ཡིས། །དུབ་བས་སྤྲིན་གྱིས་ཕྲེང་བ་མཁུན། །འདི་ནི་ཡང་དག་གནས་པས་ཉལ། །ཞེས་བཤད་པ་ལྟར་རོ། །མཉམ་གཞག་ཅེས་བྱའི་ཚིགས་བཅད་རྒྱན། །སྙན་ངག་མཁན་རྣམས་ཐམས་ཅད་འདོད། །མཉམ་འཇོག་ཅེས་བྱ་བའི་ཚིགས་སུ་བཅད་པའི་རྒྱན་གྱི་བྱེ་བྲག་སྙན་ངག་མཁན་རྣམས་ཐམས་ཅད་འདིའི་རྗེས་སུ་འབྲང་བ་ཡིན་ཏེ། རྒྱན་ལས། མཉམ་འཇོག་ཞེས་བྱའི་ཡོན་ཏན་གང༌། །དེ་ནི་སྙན་ངག་རྣམས་ཀྱི་ནོར། །སྙན་ངག་མཁན་རྣམས་ཐམས་ཅད་དུ། །འདི་ཡི་རྗེས་སུ་འགྲོ་བ་ཡིན། །ཞེས་བཤད་པ་ལྟར་རོ། །འདི་དག་གཅིག་གི་ཁྱད་པར་གྱིས། །དབྱེ་ན་ཤིན་ཏུ་མང་མོད་ཀྱི། །མངར་བའི་ངོ་བོའི་ཁྱད་པར་ལྟར། །དབྱེ་བ་དཀའ་ཕྱིར་འདིར་མ་བཤད། །ཚིག་གི་སྦྱོར་བའི་དབྱེ་བ་དཔག་ཏུ་མེད་པ་ཡོད་ཀྱང་མཁས་པ་རྣམས་ཀྱིས་རང་གི་རིག་པའི་ཤེས་རབ་ཀྱིས་ཕྱེ་ནས་རྟོགས་མོད་ཀྱི། སོ་སོའི་མཚན་ཉིད་འཇོག་མི་ནུས་ཏེ། བུར་ཤིང་དང་བུ་རམ་ཀ་ར་དང་སྦྲང་རྩི་ལ་སོགས་པའི་མངར་བའི་བྱེ་བྲག་ལྕེའི་དབང་པོས་མྱངས་པ་ན། རིག་ནུས་ཀྱི་སོ་སོའི་ངག་གི་རྣམ་པར་རིག་བྱེད་ཀྱིས་དེ་དག་གི་ཁྱད་པར་བརྗོད་མི་ནུས་པ་བཞིན་ནོ། །དེའང་རྒྱན་ལས། ལས་འདི་གཉིས་ཀྱི་དབྱེ་བ་ནི། །རང་གི་ངོ་བོས་རྣམ་དཔྱད་ན། །སྙན་ངག་མཁན་གྱིས་དེ་དག་གི །དབྱེ་བ་བརྗོད་པར་ནུས་མ་ཡིན། །ཞེས་པ་ལྟར་རོ། །དངོས་པོའི་གནས་སྐབས་ཁ་དོག་རང་བཞིན་ཐ་དད་པ་སྣ་ཚོགས་པའི། ངོ་བོས་དངོས་སུ་བསྔགས་པ་ནི། །རང་བཞིན་བརྗོད་དང་རིགས་ཡིན་ཏེ། །དེ་སོགས་དེ་ཡི་རྒྱན་བཤད་བྱ། །ཚིགས་སུ་བཅད་པ་རྩོམ་པའི་ཚུལ་ལ་གཉིས་ཏེ། རང་བཞིན་བསྔགས་པ་དང༌། རིགས་བསྔགས་པའོ། །དང་པོ་ནི་དངོས་པོའི་གནས་ལུགས་སྐྱོན་མེད་པར་བརྗོད་པ་ཡིན་ལ། གཉིས་པ་ནི་དེ་དང་རྗེས་སུ་འབྲེལ་བའི་ཆོས་བརྗོད་པ་ཡིན། དེའང་རིགས་ཙམ་བརྗོད་པའི་དཔེ་རྒྱན་ལས། མཆུ་ནི་ཤིན་ཏུ་དམར་ཞིང་གུག །གཤོག་པ་ལྗང་སེར་འཇམ་པ་པོ། །མགྲིན་པ་ཁ་དོག་གསུམ་གྱིས་བྲེས། །ནེ་ཙོ་འདི་ནི་འཇམ་པའི་ངག །ཅེས་བྱ་བ་དང༌། བྱ་བ་ཙམ་སྟོན་པའི་དཔེ། །སྙན་པའི་སྒྲ་ཡི་སྙིང་པོ་ཡིས། །མགྲིན་པ་ཀུན་ནས་སྤུར་བའི་མིག །ཕུག་རོན་ཀུན་ནས་བསྐོར་བ་ཡིས། །རྩེ་འདོད་དགའ་མ་ལ་མཆུ་སྟེར། །ཡོན་ཏན་བརྗོད་པའི་དཔེ། ལུས་ཀྱི་བ་སྤུ་ལངས་བྱེད་ཅིང༌། །ཡིད་ནི་དགའ་བར་བྱེད་པ་པོ། །མིག་ཀྱང་ཅུང་ཟད་ཟིམ་བྱེད་པ། །དགའ་མའི་རིག་པ་འདི་དང་ལྡན། །རྫས་བརྗོད་པའི་དཔེ། མགྲིན་པ་སྔོ་ཞིང་ལག་པ་ན། །ཐོད་གནས་གཙུག་ན་ཟླ་བ་ཅན། །རལ་པ་རྣམས་ཀྱང་དམར་ཞིང་སྣུམ། །སྣང་འགྱུར་ཁྱུ་མཆོག་རྒྱལ་མཚན་ཅན། །རིགས་དང་བྱ་བ་ཡོན་ཏན་རྫས། །རང་བཞིན་བརྗོད་པ་འདི་ལྟ་བུ། །བསྟན་བཅོས་རྣམས་ལ་འདི་གཙོ་སྟེ། །སྙན་ངག་རྣམས་ལའང་འདི་ཉིད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་ལྟར་རོ། །དེའང་རིགས་བརྗོད་པ་དང༌། རང་བཞིན་བརྗོད་པའི་དཔེ། རིགས་ནི་ཐམས་ཅད་ལ་ཁྱབ་པ་ལ། རྫས་ནི་ཕྱོགས་གཅིག་ཉི་ཚེ་བ་སྟེ། དབང་ཕྱུག་ཁོ་ནའི་རལ་པའོ། །མཛེས་པ་དང་བློ་ལ་སོགས་པ་ཡོན་ཏན་དེ་དག་དང་ལྡན་པས་རྫས་སོ། །དཔེ་གཅིག་གིས་དོན་ཐམས་ཅད་ལ་མཚུངས་པ་ཤེས་བྱ་ལ་མི་སྲིད་ཀྱི། འོན་ཀྱང་རིན་པོ་ཆེ་དང༌། སེང་གེ་དང༌། རྒྱ་མཚོ་ལ་སོགས་པ། དགོས་འདོད་འབྱུང་བ་དང༌། འཇིགས་པ་མེད་པ་དང༌། གཏིང་དཔག་པར་དཀའ་བ་ལ་སོགས་པ་གང་བརྗོད་པར་འདོད་པའི་ཕྱོགས་འགའ་ཞིག་དང་ཉེ་བར་མཚུངས་པ་ལ་དཔེ་ཞེས་བརྗོད་དོ། །དེ་ལྟའི་དཔེ་ཡི་རབ་དབྱེ་བ། །སྔོན་གྱི་མཁས་པས་འདི་ལྟར་བཤད། །དཔེ་ཉེ་བར་མཚོན་པའི་རབ་ཏུ་དབྱེ་བ་སྔོན་གྱི་སྙན་ངག་མཁན་གྱིས་འདི་ལྟར་བཤད་དེ། ཆོས་དང་དངོས་པོ་བཟློག་པ་དང༌། །ཕན་ཚུན་དཔེ་དང་ངེས་པའི་དཔེ། །ངེས་པ་མེད་དང་སྡུད་པའི་དཔེ། །དེ་སོགས་དཔེ་ནི་སྤྲོས་ཏེ་བཤད། །ཁྱོད་ཀྱི་ལག་པ་ཆུ་སྐྱེས་ལྟར་དམར། དངོས་སུ་མཚུངས་པའི་ཆོས་སྟོན་པས་ཆོས་ཀྱི་དཔེའོ། །གདོང་པདྨ། མིག་ཨུཏྤལ་འདྲ། ཆོས་གཅིག་གོ་བས་དངོས་པོའི་དཔེ། །ཁྱོད་ཀྱི་གདོང་ལྟར་རྒྱས་པའི་པུཎྜ་རཱི་ཀར་གྱུར། །གྲགས་པ་ལས་བཟློག་པའི་དཔེ། ཁྱོད་གདོང་ཆུ་སྐྱེས་འདྲ། ཆུ་སྐྱེས་ཁྱོད་གདོང་འདྲ། ཕན་ཚུན་གསལ་བར་བསྡེབས་པས་ཕན་ཚུན་གྱི་དཔེ། ཁྱོད་ཞལ་པདྨ་ཉིད་དང་འདྲ། །ངེས་པའི་དཔེ། ཁྱོད་གདོང་པདྨ་འདྲ་གཞན་དེ་འདྲ་ཡོན་ནའང་དེ་དང་འདྲ། མ་ངེས་པའི་དཔེ། གདོང་མཛེས་པར་མ་ཟད་སིམ་པར་བྱེད་པས་ཀྱང་ཡིན་ཏེ་ཟླ་བ་བཞིན། སྡུད་པའི་དཔེ། དེ་བཞིན་དུ་སྦྱར་ཏེ། ཁྱོད་ཉིད་ལ་ཁྱོད་གདོང༌། ནམ་མཁའ་ལ་ཟླ་བ་མཐོང༌། གནས་ཀྱི་ཁྱད་པར་ཙམ་སྟོན་པས་ཁྱད་པར་གྱི་དཔེ། འདིའི་གདོང་གི་དཔལ་ང་ལ་ཡོད་ཅེས་ཟླ་བ་མ་སྙེམས། པདྨ་ལའང་ཡོད། བརྟག་བྱའི་དཔེ། པདྨར་བསམ་པའམ་མིག་འཁྱུག་ན། །ཡ་མཚན་ཅན་གྱི་དཔེ། ཁྱོད་གདོང་རི་བོང་ཅན་བསམས་པས་མཁར་སོང༌། རྨོངས་པའི་དཔེ། པད་ནང་བུང་བ་འཁོར་བའམ། །གདོང་ལ་མིག་གཡོ་བ་སོམ་ཉིར་གྱུར་པ་ཐེ་ཚོམ་གྱི་དཔེ། པདྨ་ཟླ་བས་ཚར་གཅོད། མཛེས་པ་ལ་ཟླ་བས་མི་གནོད། དེས་ན་ཁྱོད་ཀྱི་གདོང་ཉིད་ཡིན། །གཏན་ལ་འབེབས་པའི་དཔེ། བསིལ་འོད་ཀྱིས་མི་མཐུན་ཕྱོགས། །ཁྱོད་ཀྱི་གདོང་ནི་པདྨ་ཡིད་འཕྲོག་པའི་དྲི་ངད་ལྡན། འདྲེས་པའི་དཔེ། འདྲ་ཚུལ་མཚུངས་པའི་སྒྲའི་སྒོ་ནས་དོན་གྱི་དཔེར་བྱས་པས་མཚུངས་པའི་དཔེ། པདྨ་རྡུལ་མང་ཟླ་བ་ནག་ནོག་ཅན། །མཚུངས་པ་ལས་ཁྱོད་ཀྱི་གདོང་སྐྱོན་མེད་པས་ལྷག སྨད་པའི་དཔེ། ཚངས་པ་པདྨ་ལས་སྐྱེས་ཟླ་བ་རང་བྱུང་གི་གཙུག་རྒྱན་ཁྱོད་གདོང་དེ་དང་འདྲ། བསྔགས་པའི་དཔེ། ཁྱོད་གདོང་ཟླ་བ་འདྲ། དེའི་སྐྱོན་ཡོན་མི་ཤིས་བརྗོད་འདོད་ཀྱི་དཔེ། པདྨ་སྟོན་ཟླ་ཁྱོད་གདོང་གསུམ། །འགལ་བར་སྟོན་པ་འགལ་བའི་དཔེ། །ཟླ་བ་བེམས་པོ་རྙོག་མ་ཅན། །ཡིན་པས་ནམ་ཡང་ཁྱོད་ཀྱི་གདོང་ཟིལ་གྱིས་གནོན་པར་མི་ནུས། སུན་འབྱིན་པའི་དཔེ། ཁྱོད་ཀྱི་བཞིན་རི་དྭགས་ཀྱི་མིག་གིས་མཚན། དེ་ལྟ་ནའང་དེ་དག་དང་མཚུངས་པ་མཛེས་པའི་དཔེ། འདི་པདྨ་མ་ཡིན་གདོང༌། འདི་བུང་བ་མ་ཡིན་མིག གསལ་བར་མཚུངས་པས་དེ་ཉིད་གནས་ལུགས་བཤད་པའི་དཔེ། ཟླ་བ་དང་པདྨའི་ཁྱད་པར་ལས་འདས་པ་ཁྱོད་ཉིད་དང་མཚུངས། ཐུན་མོང་མ་ཡིན་པའི་དཔེ། པདྨའི་ཡོན་ཏན་ཀུན་བསྡོམས་ཏེ་དྲིལ་བ་ལྟར། ཁྱོད་ཀྱི་བཞིན་མཛེས། མ་བྱུང་བའི་དཔེ། ཟླ་བའི་གཟུགས་ལས་དུག ཙནྡན་ལས་མེ། འདིའི་ཁ་ལས་ཚིག་རྩུབ་མི་སྲིད་པའི་དཔེ། ཙནྡན་གྱི་ཆུ། ཟླ་བའི་འོད། ཆུ་ཤེལ་ལ་སོགས་པ་ལྟར་ཁྱོད་ཀྱི་རེག་པ་བསིལ། མང་པོའི་དཔེ། ཁྱོད་ཀྱི་བཞིན་ཟླ་བ་ལས་བྱུང༌། །པདྨའི་སྙིང་པོ་ལས་བཏོན་པ་འདྲ། རྣམ་པར་འགྱུར་བའི་དཔེ། ཉི་མས་ཉིན་མོ་ཉིན་མོས་དྲོ། །དྲོ་བས་ལོ་ཏོག ཁྱོད་ལས་མཁས་པ། མཁས་པས་བྱས། ཕྲེང་བའི་དཔེ། འདི་དག་རྒྱུ་འབྲས་བུ་འབྲེལ་དགོས་མིན་ན་དཔེ་མང་པོར་འགྲོ། ངག་དོན་ཉིད་ཀྱིས་ངག་དོན་གང་ཡང་དཔེར་སྦྱོར་བ་འདྲ་བའི་ཚིག་གམ་མང་པོའི་ཕྱིར། ངག་དོན་གྱི་དཔེ་རྣམ་པ་གཉིས་ཏེ། ཁྱོད་ཀྱི་གདོང་མིག་མི་བརྟན། །སོའི་འོད་གསལ། བུང་བ་འཁོར། གེ་སར་གསལ། འདམ་སྐྱེས་བཞིན་མཛེས། ལུས་ཕྲ་པདྨའི་ཚལ་དང་མཚུངས། །དེ་བཞིན་བཞིན་རས་པདྨ་འདྲ། །ཁོ་བོ་སྦྲང་རྩིའི་བརྟུལ་ཞུགས་བཞིན། །འཐུངས་ཤིང་འཐུངས་ནས་རྩེ་འཇོ་བྱེད། །དངོས་པོ་གང་ཡང་རུང་བ་བཀོད། །དེའི་ཆོས་མཐུན་པ་འགོད་དེ་མཚུངས་པར་གོ་བ་དེ་མཐུན་དངོས་པོའི་དཔེ་སྟེ། དེང་སང་བར་དུ་ཁྱོད་འདྲ་མེད། །བྲྀ་ཀྵའི་གཉིས་པ་མེད་པ་ཉིད། །ཡོངས་སུ་འདུ་བའི་རྐང་འཐུང་བ། །ལྷག་པ་དང་དམན་པ་གཉིས་བསྡུས་ཏེ་བྱ་བ་གཅིག་ཏུ་བྱས་ནས་གང་ཞིག་སྨྲས་པ་དེ་མཚུངས་པ་སྦྱོར་བའི་དཔེའོ། །དཔེར་ན། པུ་ལོ་མ་ཡི་དགྲ་དང་ཁྱོད། །ལྷ་ཡུལ་ས་སྟེང་བསྐྱང་ལ་བརྩོན། །དེ་ཡིས་ལྷ་མིན་ཁྱོད་ཀྱིས་ནི། །མི་བདག་དྲེགས་ཅན་འཇོམས་པར་བྱེད། །ཅེས་པ་ལྟར་རོ། །མཛེས་ཕྱིར་ཟླ་བ། བརྗིད་ཕྱིར་ཉི་མ། བརྟན་ཕྱིར་རྒྱ་མཚོ། ཁྱོད་དེ་འདྲ་གཏན་ཚིགས་ཀྱི་དཔེ། རྟགས་དང་ཚིག་ཐ་དད་དམ་དཔེ་དོན་ལྷག་ཆད་ཡོད་ཀྱང་སྡེབ་སྦྱོར་ལ་སྐྱོན་མེད་ན་མཁས་པའི་གྲར་དབྱུང་བྱ་ཡིན་ཏེ། དཔེར་ན། མ་ནིང་འདི་ནི་མོ་ལྟར་འགྲོ། །བུད་མེད་འདི་ནི་ཕོ་ལྟར་སྨྲ། །འདི་ལ་ཁོ་མོ་སྲོག་ལྟར་དགའ། །དགའ་བ་ནོར་བཞིན་བསྒྲུབ་པར་བྱ། །དཔེ་དམན་པས་དོན་བཟང་པོ་འགའ་ཞིག་མཚོན་པ་མི་འཐད་དེ། དཔེར་ན། ངང་མོ་ལྟ་བུར་ཟླ་བ་དཀར། །མཚོ་ལྟར་ནམ་མཁའི་དྲི་མ་མེད། །ཁྱི་ལྟར་བྲན་ཕོ་རྗེ་ལ་གུས། །མེ་ཁྱེར་ཇི་བཞིན་སྣང་བྱེད་གསལ། །མཁས་པས་འདི་འདྲ་དོར་བར་བྱ། །དེ་ལ་རྒྱུ་མཚན་བསམ་པར་གྱིས། །ཞེས་བཤད་པ་ལྟར་རོ། །མཚུངས་དང་འདྲ་དང་ཇི་ལྟར་སོགས། །མཉམ་དང་རྗེས་མཚུངས་རྗེས་སུ་འདྲ། །དེ་ཡི་འགྲན་ཟླ་དགྲ་ཟླ་དང༌། །རིགས་མཐུན་རྗེས་སུ་སྒྲུབ་ལ་སོགས། །རང་བཞིན་མཚུངས་དང་གཟུགས་བརྙན་སོགས། །མཚན་ཉིད་གཅིག་དང་མཐུན་ཕྱོགས་དང༌། །དཔེ་དང་དཔེར་བྱ་རྟགས་མཚུངས་དང༌། །གནས་མཚུངས་དང་ནི་མཚུངས་པ་དང༌། །འགྲན་དང་ཟིལ་གྱིས་མནན་པ་དང༌། །སྒྲ་སྒྲོགས་པ་དང་ཡལ་བར་དོར། །གདུང་བར་བྱེད་དང་སྨྲ་འབེབས་དང༌། །དགོད་དང་ཕྲག་དོག་མི་བཟོད་དང༌། །དེ་ཡི་སྐལ་བཟང་འཕྲོག་པ་དང༌། །དེ་ཡི་མཛེས་དང་སྦེད་ལ་སོགས། །མཚུངས་ལས་དེ་ནི་གོང་དུ་བརྒལ། །དེ་ཡི་རྐང་རྗེས་རྐང་པས་འཇོག །དེ་ཡི་གནས་ལ་བརྒལ་བ་སོགས། །མཚུངས་པ་གསལ་བར་བྱེད་པ་ཡིན། །ཁྱོད་ཉིད་ཡོངས་འདུ་རྐང་འཐུང་བཞིན། །དཔེའི་དབྱེ་བ་མི་མངོན་པའི་ཚིག་སྦྱོར་རཱུ་པ་ཀ་སྟེ། རྒྱན་ལས། དཔེ་ཡི་དབྱེ་བ་མི་མངོན་པའི། །ཉིད་ནི་རཱུ་པ་ཀ་ཞེས་འདོད། །ཅེས་བཤད་པ་ལྟར་རོ། །དཔེར་ན་དཔུང་པ་འཁྲི་ཤིང༌། ལག་མགོ་པདྨ། རྐང་པ་ལ་སོགས་པ་སོར་མོ་རྣམས་ལོ་མ། སེན་མོའི་མེ་ཏོག ལག་གཉིས་འཁྲི་ཤིང་དཔྱིད་ཀྱི་དཔལ་ཁྱོད་བདག་གིས་མཐོང༌། འདི་ཚིག་བསྡུ་བ་མ་ཡིན། སྔར་གྱི་རཱུ་པ་ཀ་ཚིག་བསྡུ་བ་ཡིན། གདོང་ཟླ་འཛུམ་པའི་འོད་ཟེར། ཚིག་བསྡུ་དབྱེ་བའི་རཱུ་པ་ཀ །དམར་བའི་སོར་མོ་ལོ་མའི་ཕྲེང༌། །སེན་མོའི་འོད་ཟེར་གེ་སར། ཁྱོད་ཀྱི་ཞབས་ཀྱི་འདམ་སྐྱེས། །ས་སྐྱོང་གཙུག་ན་འཛིན་པར་བྱེད། །སོར་མོ་ལ་སོགས་ལོ་མ། རྐང་པ་པདྨར་སྒྲོ་བཏགས། རཱུ་པའི་གནས་སུ་དེ་འགོད་པ་མཐའ་དག་རཱུ་པ་ཀའོ། །གློ་བུར་ཉིད་དུ་གཏུམ་མོ་ཁྱོད། །མཆུ་ཡི་ལོ་མ་རབ་ཏུ་གཡོ། །གདོང་གི་མུ་ཏིག་གསལ་བ་ཡི། །རྔུལ་ཆུའི་ཟེགས་མའི་དོག་པ་འཛིན། །ངལ་བའི་ཆུ་ནི་དོག་པར་བྱས། །མཆུ་ནི་ལོ་མར་བྱས་ནས་ཀྱང༌། །རྣམ་པ་གཞན་དུ་གདོང་མ་བྱས། །དེས་ན་ཆ་ཤས་རཱུ་པ་ཀ །སྨིན་འཁྱོག རྔུལ་ཆུ་འཛག མིག་དམར། འདི་གདོང་གི་འདམ་སྐྱེས། མྱོས་པའི་སྐབས་ན་གསལ། གདོང་གི་ཡན་ལག་རྣམ་འགྱུར་མེད། །གདོང་པ་ཁོ་ན་པདྨ་སྟེ། །དེ་ནི་དེ་འགྱུར་དེ་ཕྱིར་འདི། །ཡན་ལག་ཅན་གྱི་རཱུ་པ་ཀ །མྱོས་པས་མཁུར་ཚོས་སྨུག་པ་ལ། །མིག་གི་ཨུཏྤལ་དམར་པོ་ཅན། །ཁྱོད་ཀྱི་བཞིན་རབ་མྱུ་གུ་ཡིས། །འགྲོ་རྣམས་ཆགས་པའི་བདག་ཉིད་བྱས། །ཡན་ལག་གཅིག་སྤོང་བྱེད་པ་ཡང༌། དེ་ལྟར་གཉིས་ལ་སོགས་པས་ཀྱང༌། །ཡན་ལག་དཔག་པར་བྱ་སྟེ་འདིར། །རུང་དང་མི་རུང་དབྱེ་བར་བྱ། །འདི་ཡི་གདོང་འཛུམ་མེ་ཏོག་འབར། །གཡོ་བའི་མིག་ནི་བུང་བ་སྟེ། །ཞེས་བྱ་མེ་ཏོག་གཉིས་གཉིས་ལ། །ལེགས་སྦྱར་སྦྱར་བའི་རཱུ་པ་ཀ །འདི་ཡི་གཤེར་བའི་འཛུམ་ཟླ་ཟེར། །སྣུམ་པའི་མིག་ནི་ཨུཏྤལ་གདོང༌། །འདི་ནི་ཟླ་ཟེར་ཨུཏྤལ། །སྦྱོར་བྲལ་ཕྱིར་ན་མ་སྦྱར་དཔོག །ཡན་ལག་ཅན་དང་ཡན་ལག་ནི། །དཔོག་དང་མི་དཔོག་ལ་བརྟེན་པས། །མི་མཉམ་དཔོག་པར་བྱེད་ཅེས་བྱ། །རོལ་སྒེག་སྐྱེ་བར་བྱེད་པ་དཔེར། །ཁྱོད་གདོང་ཟླ་བ་མྱོས་པ་ཡི། །མཁུར་ཚོས་དམར་པོ་གར་བྱེད་པ། །སྨིན་མ་འཁྲིལ་ལྕུག་ཡིད་སྲུབ་ཀྱིས། །ས་གསུམ་པོ་ནི་གཞོམ་པར་ནུས། །འཕྲོག་བྱེད་རྐང་རྩེ་ལ་རེག་པའི། །ཛཧྣུའི་བུ་མོའི་ཆུ་ཡི་དར། །ལྷ་མིན་ལས་རྒྱལ་ཐེ་ཚོམ་མེད། །ལྷ་དགའི་དགའ་སྟོན་རྒྱལ་མཚན་ཅན། །ཁྱད་པར་ཅན་ནི་ཡོངས་བཟུང་ནས། །དེ་ལྟར་རྟོགས་ལ་དཔག་པ་ན། རྐང་པ་ལ་དེ་སྒྲོ་འདོགས་པ། །དེ་ནི་ཁྱད་ཅན་རཱུ་པ་ཀ །པདྨ་མི་འཛུམས། མཁའ་ལ་མི་འགྲོའང་ཁྱོད་ཀྱི་གདོང་ཟླས་ངའི་སྲོག་འཕྲོགས་པ་ལ་འབད། ཟླ་བའི་བྱ་བ་མིན་པའི་བྱ་བ་གཞན་བྱེད་པ་སྟོན་པ་ནི་མི་འགལ་ལྡོག་པའི་རཱུ་པ་ཀ ཟབ་ཕྱིར་རྒྱ་མཚོ་བརླིང་ཕྱིར་རི། །འདོད་པ་སྟེར་བས་རྐང་འཐུང༌། ཟབ་པ་ལ་སོགས་པའི་རྟགས་ཀྱིས་དཔོག་པས་གཏན་ཚིག་དཔོག་པ། ངང་པའི་རྒྱལ་པོས་ཉེར་སྤྱད་རུང༌། །བུང་བ་དོན་བྱ་ཕྱིར་དྲི་ཞིམ། །གྲོགས་མོ་ཁྱོད་ཀྱི་གདོང་པདྨ། །འདི་ནི་འདྲེས་པའི་རཱུ་པ་ཀ །ཆོས་མཐུན་མི་མཐུན་མཐོང་བ་ལས། །རྩེ་དང་ཞར་ལས་བྱུང་བ་ནི། །དཔེ་དང་ལྡོག་པ་ཞེས་པ་ཡི། །རཱུ་པ་ཀ་ནི་གཉིས་འདོད་དཔེར། །འདི་ཡི་ཅུང་ཟད་དམར་བའི་འོད། །མྱོས་པའི་གདོང་གི་ཟླ་བ་ཡིས། །ཤར་མ་ཐག་པའི་དམར་བ་ཡི། །ཟླ་བས་ཡོངས་སུ་བསིལ་བར་བྱེད། །ལྷ་རྣམས་ཀྱིས་ནི་ཟླ་བ་འཐུང༌། །བདག་གིས་ཁྱོད་གདོང་ཟླ་བ། །འདི་ནི་གང་བ་མ་ཡིན་ལ། །འདི་ནི་རྒྱུན་དུ་དཀྱིལ་འཁོར་གང༌། །གདོང་གི་ཟླ་བ་ཟླ་བ་ཉིད། །འདྲར་གཞན་དག་ནི་གདུང་བར་བྱེད། །མཛེས་མ་ཁྱོད་ཀྱིས་མ་བསླུས་མིན། །དེ་འདྲ་སུན་འབྱིན་རཱུ་པ་ཀ །གཏུམ་མོ་ཁྱོད་ཀྱི་གདོང་ཟླ་ཡིས། །ཁོ་བོ་ངེས་པར་སྲེག་ཅིང་གདུང༌། །རང་གི་སྐལ་པའི་སྐྱོན་ཅན་ཡིན། །འདི་ནི་མཉམ་འཇོག་རཱུ་པ་ཀ །གདོང་གི་འདམ་སྐྱེས་གར་གྱི་སར། །ཁྱོད་ཀྱི་སྨིན་ལྕུག་གང་མཁན་ཏེ། །རོལ་ཅིང་དགའ་བས་གར་བྱེད་པ། །འདི་ནི་རཱུ་པ་ཀ་རཱུ་ཀ །འདི་དེ་གདོང་མིན་འདི་པདྨ། །འདི་དག་མིག་མིན་བུང་བའོ། །འདི་རྣམས་གེ་སར་ཉིད་ཡིན་གྱི། །ཁྱོད་ཀྱི་སོ་ཡི་འོད་ཟེར་མིན། །གདོང་ལ་སོགས་པ་བཟློག་ནས་པདྨ་ལ་སོགས་དཔག་པ་བཟློག་པའི་སྦྱོར་བའི་རཱུ་པ་ཀ འདི་དག་ཉེ་བར་མཚོན་པ་ཙམ་ཡིན། རྒྱས་པར་རང་གིས་བརྟགས་ལ་ཤེས་པར་བྱ་སྟེ། རྒྱན་ལས། རྣམ་རྟོག་རྣམས་ཀྱི་མཐའ་མེད་པས། །རཱུ་པ་ཀ་དང་དཔེ་དག་ནི། །ཕྱོགས་ཙམ་བསྟན་ཏོ་མཁས་རྣམས་ཀྱིས། །བརྗོད་པ་གཞན་ཡང་རྗེས་སུ་དཔག །ཅེས་བཤད་པ་ལྟར་རོ། །རིགས་དང་བྱ་བ་ལ་སོགས་པ་བརྗོད་པས་གཅིག་ལ་ཞུགས་ནས། དོན་ལེགས་པར་སྟོན་ན་གསལ་བྱེད་ཅེས་བྱ་སྟེ། རྒྱན་ལས། རིགས་དང་བྱ་བ་ཡོན་ཏན་རྫས། །བརྗོད་པ་གཅིག་ལ་ཞུགས་ནས་ནི། །གལ་ཏེ་ངག་རྣམས་ལ་ཕན་ན། །གསལ་བྱེད་ཅེས་ནི་བརྗོད་པ་ཡིན། །ཞེས་བཤད་པ་ལྟར་རོ། །རིགས་ཀྱི་དཔེ། ལྷོའི་རྫིས་འཁྲི་ཤིང་གི་ལོ་མ་རྙིངས་པ་ལྷགས་པར་བྱེད། ལུས་དུད་རྣམས་ཀྱིས་སྙེམས་པ་གསར་དུ་འཕམ་ནུས། བྱ་བའི་དཔེ། ཆུ་གཏེར་བཞི་ཡི་ནང་དུ་སོ་ཅན་རྒྱུ། །ཁོར་ཡུག་རི་བོའི་ནང་དུ་ཁྱོད་ཀྱི་ཡོན་ཏན་རྒྱུ། །ཡོན་ཏན་གྱི་དཔེ། དབྱར་སྤྲིན་སྔོ་བསངས་ཀྱིས་ཕྱོགས་ཁྱབ། རྩ་སྔོན་གསར་པས་ས་ཁྱབ། རྫས་ཀྱི་དཔེ། ཁྱབ་འཇུག་གི་རྣམ་པར་གནོན་པས་དཱ་ནུའི་བུའི་འབྱོར་པ་གར་བཞག ལྷའི་རྫུ་འཕྲུལ་ཀྱང་གང་ནས་འོངས་གྱུར། དེ་ལ་སོགས་པ་ཐོག་མའོ། །བར་དང་ཐ་མར་འབྱུང་བའི་དཔེ་ཅུང་ཟད་ཙམ་བཤད་ན། གར་བྱེད་ནི་ཙུ་ལའི་ཤིང་ཕང༌། །མཇུག་སྒྲོ་ལྡན་པ་གླུ་ཡང་ལེན། །བཅིངས་པས་ཆུ་འཛིན་རྣམས་ལ་ནི། །དགའ་བའི་མཆིལ་མས་ཁེབས་པ་ལྟ། །དལ་བུའི་དྲི་ལེན་བ་ཚ་སྟེ། །ཟླ་བའང་མེ་ཉིད་དུ་ནི་འགྱུར། །ཙནྡན་བདར་བ་གཏོར་བ་ཡང༌། །མཚོན་གྱིས་བཏང་གྱུར་འཁྱམས་རྣམས་ལའོ། །དཀར་ཕྱོགས་དཀར་པོའི་འོད་ཟེར་དང༌། །དེ་ཡིས་མདའ་ལྔ་དེ་ཡིས་ཀྱང༌། །ཆགས་པ་ཆགས་པས་ཀྱང་ན་ཆུང༌། །དགའ་བའི་དགའ་སྟོན་མཛེས་པ་འཕེལ། །སྔ་མ་སྔ་མ་ལ་ལྟོས་ནས། །ངག་གི་ཕྲེང་བ་སྦྱོར་བས་ཕྲེང་བའི་གསལ་བྱེད་ཡན་ལག་མེད་པའི་སྙེམས་པ་ནི། སྤྲིན་གྱིས་འཕེལ་བར་བྱེད་པ་ཡིན། །སེལ་བྱེད་སོས་ཀའི་ཚད་པ་ཡང༌། །རླུང་གིས་གཙུབས་པའི་ཟེགས་མ་ཡིས། །སྤྲིན་གྱིས་ཡན་ལག་མེད་པ་ཡི། །སྙེམས་པ་འཕེལ་བར་བྱེད་པ་ཡིན། །སྙེམས་པའི་ཚིག་དང་སྤྲིན་གྱི་ཚིག་གིས་འགལ་བ་སྟོན་པས་འགལ་བའི་གསལ་བྱེད། སྤྲིན་གྱི་ཕྲེང་བས་ཕྱོགས་ཀྱི་རྒྱ་ཕྲོགས། སྐར་མའི་ཚོགས་བཟུང༌། དེ་རིང་བདག་གི་སྲོག་ལེན། སྒྲ་དུ་མས་བྱ་བ་གཅིག་སྟོན་པས་དོན་གཅིག་གསལ་བྱེད། མཐོ་ཞིང་ཡིད་འོང་དྲི་ལྡན་ལྟར་སྔོ། །མཁའ་ལ་ཆུ་འཛིན་རྒྱུ། ས་ལ་གླང་ཆེན་རྒྱུ། སྤྲིན་དང་གླང་ཆེན་ཡོན་ཏན་མཚུངས་པས། རྒྱུ་བར་སྦྲེལ་བས། སྦྱར་དོན་གསལ་བྱེད། འདི་ལྟ་བུ་གསལ་བྱེད་ཀྱི་སྡེབ་སྦྱོར་ཐམས་ཅད་ཤེས་པར་བྱ་སྟེ། རྒྱན་ལས། འདི་ལྟ་བུ་ཡི་རྣམ་པ་ཡིས། །གསལ་བྱེད་ལྷག་མ་རྣམས་ལ་ཡང༌། །རྣམ་པར་རྟོག་པ་རྗེས་འགྲོ་བ། །མཁས་པ་ཉིད་ཀྱིས་དཔྱད་པར་བྱ། །ཞེས་བཤད་པ་ལྟར་རོ། །དོན་སྐོར་ཚིག་སྐོར་གཉིས་ཀ་བསྐོར་བ་གསུམ་གསལ་བར་བྱེད་པའི་གནས་སུ་རྒྱན་གསུམ་འདོད་དེ། དཔེར་ན་དོན་སྐོར་གྱི་དཔེ། ཀ་དམ་པ་ནི་རྣམ་པར་བྱེ། །ཀུ་ཊ་ཛི་གམ་ནི་གསལ། །ཀུནྡ་ལྱ་ཡི་རབ་ཏུ་རྒྱས། །ཀ་ཀུ་བྷ་ཡང་རྣམ་པར་བྱེ། །ཚིག་སྐོར་གྱི་དཔེ། སྤྲིན་གྱི་ཕྲེང་བ་རྣམས་ཀྱིས་ནི། །མཇུག་སྒྲོ་ལྡན་པའི་ཚོགས་སྙེམས་བྱེད། །ཆུ་སྲིན་རྒྱལ་མཚན་ཅན་གྱིས་དེང༌། །ན་ཆུང་རྣམས་ཀྱང་སྙེམས་པར་བྱེད། །གཉིས་ཀ་བསྐོར་བའི་དཔེ། དེ་རིང་ཁྱོད་ནི་བཙུན་མོ་དང༌། །གནས་བཞིན་ཀུན་ལས་རྒྱལ་བར་འགྱུར། ཁྱོད་ཀྱི་དགྲ་ཚོགས་ལྷ་མོ་དང༌། །གནས་བཞིན་ལྷ་ཡི་གནས་སུ་སོང༌། །འགོག་པའི་ཚིག་ནི་ཨ་ཀྵེ་པ་ཞེས་བྱ་ལ། དུས་གསུམ་ལ་ལྟོས་ནས་གསུམ་དུ་འགྱུར། འོན་ཀྱང་སྨོད་པ་ལ་དབྱེ་ན་མཐའ་ཡས་སོ། །རྒྱན་ལས། འགོག་པའི་ཚིག་ནི་ཨ་ཀྵེ་པ། །དུས་གསུམ་ལ་ལྟོས་རྣམ་པ་གསུམ། །འོན་ཀྱང་སྨོད་པ་འདི་ལ་ཡང༌། །དབྱེ་བ་མཐའ་ཡས་ཕྱིར་མཐའ་ཡས། །ཞེས་བཤད་པ་ལྟར་རོ།། །།འདས་པ་འགོག་པའི་དཔེ། །ཡན་ལག་མེད་པའི་མེ་ཏོག་གིས། །མདའ་ལྔས་ཀུན་ལས་རྒྱལ་བ་ནི། །འདི་ནི་མི་སྲིད་ཡང་ན་ནི། །དངོས་པོའི་ནུས་པ་རྣམས་སྣ་ཚོགས། །ད་ལྟར་བའི་དཔེ། ཅི་ག་རྣ་བར་ཨུཏྤལ། །འཇོག་བྱེད་སྙན་པར་སྨྲ་བ་མོ། །མིག་དཀྱུས་རིང་པོར་མི་འགྲུབ་པའི། །འདི་ནི་བྱ་བ་ཅི་ཞིག་ཡོད། །མ་འོངས་པ་འགོག་པའི་དཔེ། ཇོ་བོ་བདེན་པར་གླེགས་ན་བདག །ཁྱོད་ཀྱིས་གཟིགས་པར་འགྱུར་མ་ལགས། །གཞན་གྱི་ཙུམྦས་འཕོས་པ་ཡི། །རྒྱ་སྐྱེགས་ཀྱིས་ནི་དམར་པའི་སྤྱན། །སྙེམས་མས་ཕྱིས་མི་རིགས་པར་འགྱུར་བ་འགོག་པས་སོ། །ཆོས་འགོག་པའི་དཔེ། ལུས་ཕྲའི་ཡན་ལག་འཇམ་པ་བརྫུན། །བདེན་ན་བདག་ལ་གདུང་མི་འཐད། །ཆོས་ཅན་འགོག་པའི་དཔེ། དེ་མཛེས་མི་མཛེས་ཀྱི་རྣམ་དཔྱོད་ཅི་སྟེ་སྐྱེ། འོད་ཙམ་མཐོང་གི་རྟེན་མ་ཡིན། །རྒྱུ་འགོག་པའི་དཔེ། མིག་དམར། མཆུ་གཡོ། སྨིན་འཁྱོག་དེ་ལྟ་ནའང་ཉེས་པ་མེད་པས་བདག་མི་འཇིགས། །རྒྱུའི་གཙོ་ཉེས་པ་མེད་པས་རྒྱུ་འགོག་པའོ། །འབྲས་བུ་འགོག་པའི་དཔེ། རབ་དགའ་རྒྱང་རིང་ཆུ་འཛིན་དེ། །འདིར་ནི་འོངས་གྱུར་ནི་ཙུ་ལའི། །མེ་ཏོག་རྒྱས་པ་མཐོང་བར་གྱུར། །བདག་མ་ཤི་བ་དེ་ཅིག །དེ་ཡི་འབྲས་བུ་འཆི་བ། །ཟློག་བྱེད་པ། འབྲས་བུ་འགོག་པའོ། །དེའི་རྒྱུ། ལྗོན་ཤིང་དང་ནི་ཆུ་འཛིན་པ། །འོངས་པ་ཉེ་བར་འགོད་པ་ནི། །རྗེས་གནང་འགོག་པའི་དཔེ། ཁྱེད་གཤེགས་ན་བདག་གདུང་བ་ཡུན་མི་རིང༌། གཤེགས་ན་གཤེགས། ཐུགས་འཕྲིག་འབྲས་བུ་མེད། རྗེས་གནང་གི་སྒོ་ནས་འགྲོ་བ་འགོག་པའོ། །དབང་འགྱུར་འགོག་པའི་དཔེ། ནོར་ཡང་མང་པོ་རྙེད། ལམ་དུ་བདེ་ཞིང་དགེ བདག་སྲོག་ཐེ་ཚོམ་མེད་ཀྱང་མཛའ་བོ་མ་གཤེགས། རྒྱུ་བཤད་པས་གཙོ་བོ་འགྲོ་བ་དང་མི་འགལ་བའི་དབང་གྱུར་ཉིད་ཀྱིས་འགོག་པ་ནི་དབང་གྱུར་འགོག་པའོ། །མ་གུས་འགོག་པའི་དཔེ། གསོན་པའི་བསམ་པ་ཡོད། ནོར་གྱི་བསམ་པ་མེད། ཇོ་བོ་གཤེགས་སམ་བཞུགས་རང་གི་གནས་སྐབས་སྨོས་པ་ལགས། མ་གུས་པའི་ཚིག་གིས་འདི་ན་ཆགས་ཅན་ཇོ་བོའི་འགྲོ་བ་འགོག ཤིས་བརྗོད་འགོག་པའི་དཔེ། ཁྱོད་གཤེགས་ན་གཤེགས་ལམ་བདེ་བར་གྱུར་ཅིག ཁྱོད་གང་གཤེགས་པ་དེར་སྐྱེ་བར་ཤོག ཤིས་པར་བརྗོད་པའི་སྒོ་ནས་གནས་བསྟན་ཏེ་འགོག་པ། ཚིག་རྩུབ་ཀྱིས་འགོག་པའི་དཔེ། བདེ་བར་གཤེགས་ན་གཞན་པ་འགའ་ཚོལ། བདག་འཆི། ཚིག་རྩུབ་ཀྱི་ཡི་གེ་སྔོན་དུ་འགྲོ་བས་གཙོ་བོ་འགྲོ་བ་ལ་མགུ་བའི་གཞན་དབང་གིས་འགོག་པའོ། །མཐུན་རྐྱེན་གྱིས་འགོག་པའི་དཔེ། གཤེགས་ན་མྱུར། ཕྱི་ནས་ཉེ་དུའི་སྨྲེ་སྔགས་ཀྱིས་གཤེགས་པའི་འགལ་ཟླར་འགྱུར། འགྲོ་བའི་གྲོགས་བྱེད་པའི་སྒོ་ནས་ཆགས་པས་འགོག་པའོ། །རྩོལ་བ་འགོག་པའི་དཔེ། གཤེགས་པར་ཞུ་འབུལ་ཡིད་འོང༌། ཁྱོད་གཤེགས་ན་དགའ། མ་གཤེགས་ཞེས་བརྗོད་ཀྱང་ཅི། འབྲས་བུ་མི་འདོད་པ་བསྟན་ནས་འདོད་པའི་བྱ་བ་འགོག་པའོ། །གཞན་དབང་འགོག་པའི་དཔེ། སྐད་ཅིག་ལྟ་ལ་གེགས་བྱེད། རྫི་མ་བསྐྱོད་ལ་ཁྲོ། བྱམས་པའི་མཛའ་ལ་འགྲོ་བར་སྨྲོས། བདག་དེའི་འདོད་པ་འདོད། དགའ་བ་གཞན་བརྒྱུད་པས་དེའི་འགྲོ་བ་འགོག་པས་སོ། །ཐབས་ཀྱིས་འགོག་པའི་དཔེ། འབྲལ་བ་བཟོད། འདོད་ལྷས་མི་མཐོང་བའི་མིག་སྨན་སྩོལ། དཀའ་བ་གསོན་པའི་ཐབས་བཀོད་པས་སོ། །ཁྲོ་བ་འགོག་པའི་དཔེ། ཁྱོད་སོང༌། ད་མི་འགྲོ་ན་ཡང་དགོས་པ་ཞན་པས་བདག་གིས་ཅི་བགྱི། ཆེ་བས་ཆེའི་མཛའ་བ་མནན་དཀའ་ཁྲོ་བས་འགྲོ་བ་རྩོམ་པ་བཟློག་པས། སྙིང་རྗེ་འགོག་པའི་དཔེ། མ་གསུངས་རྣ་བར་མ་བཞག་ཅིང༌། །བུ་མོས་ཆང་ལ་མ་བཏབ་པར། །ཨུཏྤལ་སྔོན་པོ་ཁྱོད་དགྲ་ཡི། །རྫིང་ཉིད་དུ་ནི་ཟེགས་པར་གྱུར། །ཨུཏྤལ་སྙིང་རྗེའི་གནས་སུ་བྱས། །འོས་པའི་ལས་མ་བྱས། ཉམས་པའི་གནས་སྐབས་བསྟན་པས་སོ། །ཕྱིས་འགྱོད་འགོག་པའི་དཔེ། དོན་ནི་འགའ་ཡང་མ་བསྒྲུབས་ཤིང༌། །རིག་པ་འགའ་ཡང་མ་བསྒྲུབས་ལ། །དཀའ་ཐུབ་འགའ་ཡང་མ་བསགས་པར། །ལང་ཚོ་ཀུན་ཡང་ཡོལ་བར་འགྱུར། །དོན་སོགས་མ་གྲུབ་ཚེ་ཡང་ཡོལ་བ་སྟོན་པའོ། །ཐེ་ཚོམ་འགོག་པའི་དཔེ། ཅི་འདི་སྟོན་གྱི་ཆུ་འཛིན་ནམ། །ཅི་ག་ངང་པའི་མཐུ་ཡིན་ཅི། །སྒྲ་ནི་རྐང་གདུང་འདྲ་བ་དག །ཁུམས་ཕྱིར་ད་ནི་ཆབ་འཛིན་མིན། །ཆོས་ངང་པ་ལ་རྙེད་སླའི། །སྤྲིན་གྱི་རིགས་ལ་མི་རེག་པའོ། །སྦྱར་བ་འགོག་པའི་དཔེ། བདུད་རྩིའི་བདག་ཉིད་པདྨོ་རྣམས། །སྡང་སྐྱེ་སྡུམ་པའི་དཀར་འབྲས་ཅན། །ཁྱོད་གདོང་ཟླ་བ་ཡོད་བཞིན་དུ། །གཞན་གྱི་ཟླ་བས་ཅི་ཞིག་བྱ། །འདི་ཡི་གདོང་གི་ཟླ་བ་ཡིས། །འགོག་བྱེད་དེ་འདྲ་བའི་ཡོན་ཏན་བསྟན། །གཙོ་མིན་ཟླ་བ་ལ་བསྟོད་པའོ། །དོན་གཞན་འགོག་པའི་དཔེ། ཕ་རོལ་གནོན་པས་ཀུན་མནན་ཡང༌། །ཁྱོད་ལ་ཚིམ་པ་མེད་པ་རེ་མཚར། བྱིན་ཟ་ཤིན་ཏུ་འབར་བ་ལ། །ནམ་ཞིག་ཚེ་ན་ཚིམ་པ་མཐོང༌། །ངོ་མཚར་ལྡན་པ་བཟློག་ནས། དེ་དང་ཆོས་མཐུན་པའི་དོན་གཞན་སྟོན་པས་སོ། །རྒྱུ་མཚན་འགོག་པའི་དཔེ། ནམ་དུའང་གཏོང་བ་པོའོ་ཞེས། མི་བདག་ཁྱོད་ལ་མ་བསྟོད་དེ། །གང་ཕྱིར་དོན་གཉེར་གྱིས་ཁྱོད་ནོར། །རང་གི་ཉིད་དུ་ཤེས་ནས་ལེན། །འདི་ལྟ་བུའི་ཚུལ་གྱིས་ཕྱོགས་གཞན་ཐམས་ཅད་དཔག་པར་བྱའོ། །དངོས་པོ་ཅུང་ཟད་བརྗོད་ནས་དེ་བསྒྲུབ་པར་ནུས་པའི་དངོས་པོ་གཞན་འགོད་པ། དོན་གཞན་འགོག་པ་ཞེས་བྱ་སྟེ། རྒྱན་ལས། དངོས་པོ་ཅུང་ཟད་བརྗོད་ནས་ནི། །དེ་ཡི་སྒྲུབ་པར་ནུས་པ་ཡི། །གང་ཞིག་དངོས་པོ་གཞན་འགོད་པ། །དོན་གཞན་འགོག་པར་དེ་ཤེས་བྱ། །ཞེས་བཤད་པ་ལྟར་རོ། །སྦྱར་བའི་དཔེ། ལེགས་པར་སྦྱར་བའི་སྒྲ་ལས་ཤིན་ཏུ་མཛེས་པ་ཡོད་མོད། ཇི་ལྟ་བ་བཞིན་དུ་བོད་ཀྱི་སྐད་ལ་མི་འབྱོར་ཡང་དེ་དང་ཆ་མཐུན་པ་རང་གིས་བརྟགས་ཏེ་སྦྱར་བར་བྱའོ། །སྦྱར་བའི་དཔེ་གཞན་རྒྱན་ལས། ལེགས་«་་་་་ཀུན་ཁྱབ་ཀྱི་དཔེ་»ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་ཟླ་བ་འདི་གཉིས་ཀྱང༌། །ནུབ་པར་འགྲོ་བ་ཉིད་ལ་ལྟོས། །ངེས་པ་ལ་ནི་གང་གིས་འདའ། །ཆུ་འཛིན་འདི་«་་་་་ཁྱད་པར་ལ་གནས་དཔེ་»དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་པར་བྱེད། །བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །མཚན་«་་་་་འགལ་བའི་དཔེ་»མོར་བྱེད་པ་དྲི་ལྡན་ཡང༌། །འདིས་ནི་སྐྱེ་བོ་སིམ་པར་བྱེད། །སྐྱེ་གཉིས་དབང་ཕྱུག་སྐྱོན་ལྡན་ཡང༌། །ཕ་རོལ་རྗེས་སུ་འཛིན་པ་ཡིན། །སྦྲང་རྩི་འཐུངས་པས་སྙན་པ་ཡི། །བུང་བའི་མགུལ་ནས་འབྱུང་བའི་སྒྲ། །རྣ་བར་རྩུབ་པར་གྱུར་པ་ནི། །འདོད་ལྡན་རྣམས་ཀྱི་སྡིག་འདི་འདྲ། །ཆུ་«་་་་་མི་འོས་པའི་དཔེ་»སྐྱེས་འདབ་མའི་མལ་སྟན་འདིས། །བདག་གིས་ལུས་འདི་གདུང་བར་བྱེད། །སྲེག་པའི་བདག་ཉིད་སྲེག་ཟ་དང༌། །འདྲ་བས་རིག་པ་མ་ཡིན་ནམ། །བསིལ་«་་་་་འོས་པའི་དཔེ་»བའི་འོད་ཀྱིས་གདུང་མོད་ཀྱི། །དཔྱིད་ཀྱིས་ཁོ་བོ་ཅི་ག་གདུང༌། །རྙོག་པ་ཅན་གྱིས་སྤྱད་པའི་ལས། །སུ་ར་བྷ་ཡིས་རིགས་མ་ཡིན། །ལྡོག་པ་ཅན་གྱི་དཔེ། ཀུ་མུ་ཏ་ཡང་སྲེག་ཕྱིར་ན། །པདྨའི་ཚོགས་རྣམས་ཅི་སྟེ་མིན། །ཟླ་བའི་ཕྱོགས་ཀྱང་དྲག་ཤུལ་ན། །ཉི་མའི་ཕྱོགས་ཀྱང་འཇམ་འགྱུར་རམ།། །།སྒྲ་ཡིས་ལྡོག་གམ་གོ་འགྱུར་བའི། །འདྲ་བ་འདི་ནི་དངོས་པོ་གཉིས། །དེ་ལ་ཇི་ལྟའི་དབྱེ་བ་སྟོན། །དེ་ལ་ལྡོག་པ་ཅན་ཞེས་བཤད་པ་ལྟར་རོ། །ལྡོག་པ་ཅན་གྱི་དཔེ། བརྟན་ཅིང་ཆེ་བ་ལྡན་ལ་མཛེས། །དེ་སོགས་ཁྱོད་དང་ཆུ་གཏེར་ནི། །ཡོན་ཏན་མཚུངས་ཡིན་ཁྱད་པར་ནི། །ཁྱོད་ཀྱི་ལུས་ཉིད་འདི་ལྟ་བུ། །གཅིག་ལ་གནས་པའི་ཆོས་ཀྱིས་ནི། །ཡུལ་ནི་གོ་བ་ཐོབ་འགྱུར་པ། །ཡུལ་ནི་གཉིས་ཀ་ལ་ལྡོག་པ། །འདི་ནི་གཅིག་ལས་ལྡོག་པས་དཔེའོ། །མཚམས་ལས་མི་འདའ་ཟབ་པ་པོ། །ཆུ་ཡི་ཚོགས་དང་ཁྱོད་བདག་ཀྱང༌། །འདི་ནི་མིག་སྨན་དང་མཚུངས་ལ། །ཁྱོད་ནི་གསེར་གྱི་འོད་ལྟར་མཛེས། །འདི་ནི་གཉིས་ལས་ལྡོག་པའོ། །གཉིས་སུ་འབྱེད་བྱེད་ཡོན་ཏན་ནི། །གནག་ཉིད་དང་ནི་སེར་བ་ཡང༌། །གང་ཕྱིར་ཐ་དད་སྟོན་པས་ནའོ། །སྦྱར་བ་ཅན་གྱི་དཔེ། ཁྱོད་དང་རྒྱ་མཚོ་ལྡོག་པ་དཀའ། །སེམས་ཅན་ཆེན་པོ་བརྗིད་དང་བཅས། །ཁྱེད་ཀྱི་ཁྱད་པར་འདི་ཡིས་ཏེ། །དེ་ཆུ་ཁྱོད་ནི་བློ་གྲོས་གསལ། །དེ་ཉིད་སྦྱར་བའི་ཚུལ་ལྡན་པས། །དེ་ཉིད་སྦྱར་བ་ཅན་ཞེས་ཟུང༌། །ཨཱ་ཀྵེ་པ་དང་གཏན་ཚིགས་ཅན། །དེ་ནི་རྣམ་པ་གཉིས་སུ་བསྟན། །གནས་ཤིང་བརྟན་པ་དང་ལྡན་ཞིང༌། །རིན་ཆེན་འབྱུང་གནས་ལགས་མོད་ཀྱང༌། །ཁྱོད་དང་མཚུངས་པ་མ་ལགས་ཏེ། །དྲི་མ་ལྡན་པ་ཆུ་སྲིན་གནས། །རི་དང་གླིང་དང་རྒྱ་མཚོར་བཅས། །དཔའ་ཆེན་མཐའ་དག་ཁུར་ན་ཡང༌། །ལག་འགྲོ་གཙོ་བོར་གྱུར་པས་ན། །ལྷག་མ་ལྡན་པ་ཁྱོད་པས་དམན། །སྒྲ་ཡིས་བསྟན་པར་བྱ་བ་ཡིས། །ལྡོག་པ་ཅན་ནི་འདི་ལྟ་བུའོ། །གོ་བར་གྱུར་པ་འདྲ་བ་ཡང༌། །འདིར་ནི་རྗེས་སུ་བསྟན་པར་བྱ། །ཁྱེད་ཀྱི་གདོང་དང་པདྨའི་ཁྱད། །པདྨ་ཆུ་ལས་སྐྱེས། ཁྱོད་ཀྱི་གདོང་ཁྱོད་ལ་བརྟེན། །སྨིན་མས་མ་སྒེག་འདོད་ལྷ་ཡི། །ཆགས་པས་རི་དྭགས་མིག་མ་རེག །ཁྱོད་ཀྱི་མིག་གཉིས་འདི་དག་ནི། །ཡོན་ཏན་དེ་དག་གིས་ནི་བརྒྱན། །སྔ་མས་དབྱེ་བ་འབའ་ཞིག་བསྟན། །འདིས་ནི་ལྷག་མ་བསྟན་པ་ཡིན། །འདྲ་བ་ཡི་ནི་ལྷག་མ་ཡང༌། །སླར་ཡང་གཞན་པ་བསྟན་པར་བྱ། །ཁྱོད་གདོང་དང་པུཎྜ་རཱི་ཀ་རྒྱས་ཤིང་ཡིད་དུ་འོང༌། ཆུ་སྐྱེས་ལ་བུང་བ་འཁོར། ཁྱོད་གདོང་ལ་མིག་གཡོ། ཟླ་བས་མཁའ་བརྒྱན། ངང་པས་ཆུ་བརྒྱན། མཁའ་སྐར་ཕྲེང༌། ཆུ་ཀུ་མུ་ཏ་རྒྱས་པ། ཆུ་དང་མཁའ་ལ་སོགས་པ་དག་པར་ཆོས་མཐུན་སྔ་མ་སྒྲ་ལྡན་མཚུངས། གཉིས་ཀའི་ཁྱད་པར་བུང་བ་མིག་སོགས་མཚུངས་འདྲའི་ལྡོག་པའོ། །རིན་ཆེན་འོད་ཀྱིས་མི་སེལ། ཉི་མའི་ཟེར་གྱིས་མི་ཟློགས། ན་ཆུང་ལས་བྱུང་བའི་མུན་པས་ན་ཆུང་གི་མིག་སྒྲིབ། མུན་པའི་རིགས་ལས་མུན་པ་འདི། །ལྟ་བ་སྒྲིབ་པར་མཚུངས་པ་ལ། །གཞན་ལས་ཐ་དད་བསྟན་པས་ན། །འདི་ནི་རིགས་མཐུན་ལས་ལྡོག་ཅན། །གྲགས་པའི་གཏན་ཚིགས་ལས་བཟློག་ནས། །གང་རུང་པ་ཡི་གཏན་ཚིགས་གཞན། །ཡང་ན་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན། །འཐུངས་པ་མེད་པར་ངང་བཟང་མྱོས། །མ་ཕྱིས་ནམ་མཁའ་དྲི་མ་མེད། །གྲུངས་པར་མིན་ཡང་ཆུ་བོ་དང༌། །སྟེན་དུས་ཡིད་འཕྲོག་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་འདི་ལྟ་བུའི་སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང༌། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས། སྤྲོས་པ་དེ་ཙམ་ཞིག་ལས་རེ་ཞིག་བཞག་གོ །གཞན་ཡང་སྙན་ངག་གཞན་ལས་བཤད་པའི་དཔེ། སྐྱེས་རབས་ལས། ཕྱིའི་རྒྱ་མཚོ་མཐའ་མེད་པ་སྔོ་བའི་དཔེ། ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། །ཞེས་པའི་དཔེ་ལ། མུ་སྟེགས་ཚུན་ཆོད་དེང་སང་གི་བར་དུ་བསྔགས་པ་བྱེད་དོ། །མེ་ཏོག་ཀུནྡ་འཕངས་པའི་རྗེས་སུ་བུང་བ་བསྙགས་པ་ལ། ཟུར་མིག་གི་དཔེ་ཤིན་ཏུ་འཐད་པར་བྱེད། ཁྱོད་ཀྱི་རྣམ་ཐར་ལ་བུ་ག་མེད། ཡོན་ཏན་གྱི་སྲད་བུ་ལ་མཐའ་མེད། དེས་ན་ཕྲེང་བ་བརྒྱུད་མ་ཤེས་པས། ནམ་མཁའ་ལ་གཏོར་བ་སྐར་མར་སོང༌། དེ་ལ་རྒྱལ་པོ་དགའ་ནས་བྲམ་ཟེ་ལ་བྱ་དགའ་ཆེན་པོ་བྱིན། སེང་གེ་རྣམ་པར་བསྒྱིངས་པའི་ངང་ཚུལ་ཅན་ཟླ་བའི་འོད་ཟེར་འཐིགས་པ་འཁྱགས་པ་འདྲ། ཞེས་དཀར་པོའི་དཔེར་བརྗོད་པའང་མཁས་པ་རྣམས་དགའ་བའི་ཚིག་ཡིན་ནོ། །འདི་ལྟ་བུའི་དཔེ་དང་ཚིག་གི་རྒྱན་རྣམས་གོང་དུ་བརྟགས་ལ་ཤེས་པར་བྱའོ། །རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང༌། །སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག །མཁས་པ་རྣམས་འཇུག་པའི་སྒོ་ལས། རྩོམ་པ་ལ་འཇུག་པའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་རྩོམ་པ་ལ་འཇུག་པའི་ཚུལ་ཤེས་ནས་བཤད་པ་ལ་འཇུག་པར་བྱའོ། །འཆད་བྱེད་བཤད་པར་བྱ་བའི་ཡུལ། །བཤད་པར་བྱ་བ་རྣམ་པ་གསུམ། །འཆད་པར་བྱེད་པ་སློབ་དཔོན་དང༌། །བཤད་པར་བྱ་བའི་ཡུལ་སློབ་མ། །བཤད་པར་བྱ་བའི་ཆོས་སོ། །དེ་ལ་སློབ་དཔོན་གྱི་མཚན་ཉིད་གང་ཞེ་ན། གཙང་མཁས་གཞན་ལ་ཕན་པར་འདོད། །ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པའོ། །སློབ་དཔོན་གྱི་མཚན་ཉིད་ནི། མདོ་རྒྱུད་ལས་མང་དུ་གསུངས་ཀྱང་རེ་ཞིག་གསུམ་པོ་དེར་འདུས་སོ། །སློབ་མའི་མཚན་ཉིད་ནི། བློ་གསལ་ཤེས་འདོད་བླ་མར་གུས། །རང་བཞིན་གྱིས་བློ་གསལ་བ། རྩོལ་བས་ཤེས་པར་འདོད་པ། དད་པས་བླ་མ་ལ་གུས་པའོ། །སློབ་མའི་མཚན་ཉིད་མང་དུ་གསུངས་ཀྱང་རེ་ཞིག་འདིར་འདུས་སོ། །བཤད་པར་བྱ་བའི་ཆོས་ནི། ལུང་རིགས་རྗེས་སུ་གདམས་པའོ། །མདོ་རྒྱུད་བསྟན་བཅོས་དང་མཐུན་པའི་ལུང༌། སྒྲ་ཚད་དངོས་སྟོབས་དང་མཐུན་པའི་རིགས་པ། མདོ་རྒྱུད་བསྟན་བཅོས་དང་མི་འགལ་བའི་རྗེས་སུ་གདམས་པའོ། །བཤད་པར་བྱ་བའི་ཆོས་མང་དུ་ཡོད་ཀྱང་རེ་ཞིག་འདི་དག་ཏུ་འདུས་སོ། །ཚུལ་ཇི་ལྟར་བཤད་ཉན་བྱ་ཞེ་ན། སྒོ་གསུམ་ཀུན་སྤྱོད་རྣམ་དག་པས། །བསྟན་པ་བསྲུང་ཕྱིར་གུས་པས་བསྒྲུབ། །སློབ་དཔོན་གྱིས་ལུས་ཉལ་བ་དང་འཕྲེས་པ་དང་བརྐྱང་པ་ལ་སོགས་པ་སྤངས་ཏེ། ཤཱཀྱའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དུ་བྱ། ངག་སྒྲ་མང་བ་དང་ཟློས་པ་དང༌། སྐད་གདངས་ཞན་པ་དང༌། སྒྲ་གསང་མཐོ་དམན་ཅན་ལ་སོགས་པ་སྤངས་ཏེ། དབྱངས་ཀྱི་ཡན་ལག་ཕུན་སུམ་ཚོགས་པས་གསལ་ལ་དག་པར་བཤད་དོ། །ཡིད་ཆགས་སྡང་སྤངས་ཏེ། ཡི་དམ་གྱི་ལྷའི་ང་རྒྱལ་དང་ལྡན་པས། སེམས་ཅན་ཐམས་ཅད་ཕན་བདེ་ལ་དགོད་པའི་བསམ་པས་ཆོས་ཀྱི་ཆར་ཆེན་པོ་དབབ་སྙམ་པ་བྱའོ། །སྤྱིར་བླ་མ་མཁས་ཤིང་ཆོས་བཞིན་བྱེད་པ་མཁས་པར་གྲགས་པ་ཅིག་ལ་མཉན། མི་མཁས་ན་ཐེ་ཚོམ་གཅོད་མི་ནུས། མི་བཙུན་ན་སློབ་མའི་སྤྱོད་པ་ཆུད་འཛའ། མཁས་པར་མ་གྲགས་ན་སློབ་དཔོན་ལ་མེད་པར་ཁྱོད་ལ་གར་ཡོད་ཅེས་བརྙས་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་སྒྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའི་ལེགས་པར་སྨྲ་བ་ཡིན་པ་དེས། །བཤད་པ་སྐྱེ་བོའི་ནང་དུ་ཉི་མ་བཞིན་དུ་ལྷམ། །ཞེས་གསུངས་པ་ལྟར་རོ། །སློབ་མ་ལ་ཡང་ཆོས་སྟོན་པ། འབད་པར་ནུས་པ། གྲགས་པ་ངན་པས་འཇིགས་པ་ཅིག་དགོས་ཏེ། ཚིག་དོན་ཕྲ་མོ་ལ་ཡང་རྟོན་པ་མ་བྱས་ན་དོན་དང་ཚིག་འབྲུ་ཕྱིན་ཅི་མ་ལོག་པར་མི་ཤེས། འབད་པའི་ནན་ཏན་ཆུང་ན་མ་བྱང་ཞིང་ངོ་གནོང་ལ་ཡུན་རིང་དུ་འགོར། གྲགས་པ་ངན་པས་འཇིགས་པ་མེད་ན་གྲ་སར་གྲོགས་པོ་རྣམས་ཀྱིས་ཁྲེལ། རང་གི་ཡུལ་དུ་གཏམ་ངན་རྒྱ་ཆེན་པོ་འཕེལ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྙས་པའི་གནས་སུ་འགྱུར་རོ། །མཉན་བྱའི་ཆོས་ཀྱང་སངས་རྒྱས་ཀྱིས་གསུངས། མཁས་པ་ལས་བརྒྱུད། གྲུབ་ཐོབ་ཀྱིས་བསྒོམས། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། རྒྱ་གར་དང༌། བོད་ཀྱི་སྡེ་སྣོད་འཛིན་པ་མཁས་པ་ཐམས་ཅད་ལ་ལེགས་པར་གྲགས་པའི་ཆོས་ལ་ཉན་བཤད་བྱེད་དགོས། དེ་ལྟ་མ་ཡིན་ན་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་བརྙས་པར་འགྱུར་ཏེ། སངས་རྒྱས་ཀྱིས་དེ་ལྟ་བུའི་ཆོས་གསུངས་པ་མེད། རང་བཟོའི་ཆོས་བཤད་པ་བསྟན་པ་ལ་གནོད་ཅེས་ཁྲེལ་བར་འགྱུར་རོ། །དེང་སང་ཡང་རྒྱ་གར་གྱི་མཁས་པ་རྣམས་བོད་ཀྱི་ལུང་རིགས་ཕྱིན་ཅི་མ་ལོག་པར་བཤད་པ་ལ་དགའ་བར་མཐོང༌། ལུང་རིགས་དང་མི་མཐུན་པ་རྣམས་ལ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ཞེས་བརྙས་པ་བྱེད་པར་མཐོང༌། འདིར་བཤད་ཉན་བྱེད་པའི་ཚུལ་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །རྒྱས་པར་ཤེས་པར་འདོད་ན། བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོས་མཛད་པའི་ཆོས་ལ་འཇུག་པའི་སྒོ་ལས་གསུངས་པ་ལྟར། དཔོན་སློབ་གྱི་མཚན་ཉིད་དང༌། ཆོས་བཤད་ཉན་བྱ་བའི་ཚུལ་དང༌། བདུད་ཀྱི་སྡེ་ཚར་གཅད་པའི་གཟུངས་སྔགས་ལ་སོགས་པ་ལེགས་པར་གསུངས་པས་དེར་བལྟ་བར་བྱའོ། །དེ་ལྟར་ཤེས་ནས་བཤད་པ་ལ་འཇུག་པ་ན། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པས། ཐོག་མར་དགོས་པའི་དོན་དགོས་འབྲེལ་གྱི་ངག་ཡིན་ལ། དེ་ཐམས་ཅད་ལ་གྲགས་པས་རེ་ཞིག་བཞག་གོ །བསྡུས་པའི་དོན་ལ་རྣམ་པ་གཉིས། །ངག་དོན་བསྡུས་ཏེ་བསྟན་པ་དང༌། །གཞུང་དོན་སོ་སོའི་བསྡུས་དོན་ནོ། །གཞུང་དཀའ་ཞིང་རྒྱ་ཆེ་ལ་བཤད་པ་ན། ཐོག་མར་གཞུང་འདིའི་ངག་དོན་འདི་ཡིན་ཞེས་བསྡུས་ཏེ། གཞུང་དེ་ལ་དངོས་སུ་ཡོད་ཀྱང་རུང༌། དེ་ལ་ཉེ་བར་མཁོ་ན་དངོས་སུ་མེད་ཀྱང་ལུང་དང་རིགས་པའི་གཞུང་གཞན་ནས་བླངས་ཏེ། ཉུང་ཞིང་འདུས་ལ་གོ་བདེ་ཞིང་གཟུང་སླ་བའི་ངག་དོན་བསྡུས་ཏེ་ཐོག་མར་བཤད་དོ། །གཉིས་པ་གཞུང་ལུགས་སོ་སོའི་བསྡུས་དོན་ནི། གཞུང་གི་ཐོག་མཐའ་མ་ལུས་པ་བློ་ཡུལ་དུ་བྱས་ཏེ། བརྗོད་བྱ་རིགས་མཐུན་མི་མཐུན་བློས་ཕྱེ་ནས་སྤྱིའི་སྡོམ་ཆེན་པོ་རྣམས་སོ་སོར་གཞག ནང་གི་དབྱེ་བ་རྣམས་མི་འགལ་བར་ཕྱེ། དེའི་ཡན་ལག་གི་དབྱེ་བ་དགོས་པ་རྣམས་སོ་སོར་བསྡུས། མི་དགོས་པ་འགའ་ཞིག་དེའི་ཡན་ལག་གི་ནང་དུ་བསྡུས་ཏེ་བཤད། སྤྱིའི་བསྡུས་དོན་ཆོད་ཆེ་བ། བྱེ་བྲག་གི་བསྡུས་དོན་གོ་བདེ་བ། དེ་ལྟ་བུ་ཤེས་ན་འཆད་པ་པོ་མཁས་པའི་གྲངས་སུ་འགྲོ། དེ་ལྟ་བུ་མ་ཡིན་པར་སྤྱི་དོན་ཆོད་ཆུང་ཞིང་མངལ་གཟུང་མི་བདེ། བྱེ་བྲག་གི་བསྡུས་དོན་ཡུན་ལ་གོ་མི་བདེ། ནང་གསེས་ཀྱི་དབྱེ་བ་མངས་ནས་གཞུང་སིལ་བུར་འཐོར་ནས་གཞུང་གི་དགོངས་པ་མི་ལོན་པའི་སྐྱོན་དུ་འགྱུར་བས། མང་ཉུང་ལེགས་པར་བརྟགས་ཏེ་ཤེས་པར་བྱའོ། །འོ་ན་བསྡུས་དོན་ཇི་ལྟར་བྱས་ན་འཐད་ཅེ་ན། དོན་འདུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས། །གཞུང་གི་སྤྱིའི་དོན་ནམ་ཡན་ལག་གི་དོན་ཡིན་ཡང་རུང་སྟེ། བརྗོད་བྱའི་དོན་མ་ལུས་པ་ཕྱོགས་གཅིག་ཏུ་འདུས་པ། ནང་གསེས་ཀྱི་དབྱེ་བ་སྤྱི་དོན་གྱི་ཁོངས་སུ་མ་ཤོར་བ། སྤྱི་དོན་གྱི་མིང་ནང་གསེས་ཀྱི་དབྱེ་བར་མ་ཤོར་བ། བརྗོད་བྱ་ཐ་དད་ཀྱི་ས་མཚམས་མ་འཆུགས་པ། དོན་གྱི་བརྗོད་བྱ་ཕྱོགས་ཕྱོགས་སུ་མ་འདྲེས་ཤིང་དྲིལ་བས་ཕན་ཚུན་ཆོད་ཆེ་བའོ། །ཚིག་གསལ་བ་སྟེ། བསྡུས་པའི་དོན་ཉིད་ཀྱི་ཚིག་བདེ་བླག་ཏུ་གོ་བ། ངག་མི་གསལ་ཞིང་གོ་མི་བདེ་བ་མ་ཡིན་པའོ། །བརྗོད་པ་བདེ་བ་ནི་བསྡུས་དོན་གྱི་ཚིག་སྡེབ་ལེགས་པས་འདོན་པ་ན། ཚིག་བརྗོད་པ་བདེ་ཞིང་ངག་གདངས་ཕམ་པ་མི་སྐྱེད་པའོ། །ངག་ཉུང་བ་ནི་བསྡུས་དོན་གྱི་ཚིག་རིང་པོ་མ་ཡིན་པའོ། །བརྗོད་པ་ཉུང་ངུས་ངག་འདུས་པའོ། །བསྡུས་དོན་འགའ་ཞིག་དབུགས་ཐོག་རེ་ལ་ཚིག་གི་རྒྱུན་མི་རྫོགས་པ་མཐོང་སྟེ་དེ་ལྟ་བུ་བརྗོད་མི་བདེ་བ་ཡིན། ཚིག་སྙོམས་པ་ནི་ས་གཅོད་སྔ་ཕྱི་རྣམས་ཡི་གེ་མཉམ་པ་སྟེ། ངག་རིང་ཐུང་ཅན་མ་ཡིན་པ། ཚིག་ཕན་ཚུན་སྙོམས་པས་འཆད་པ་བདེ་ཞིང་གདངས་ཕམ་པ་མི་སྐྱེད་པ་ཡིན། གཟུང་བ་སླ་བ་ནི་ཚིག་བདེ་བས་རྣར་སྙན་ཅིང་ཡིད་ལ་གཅགས་པ་སྟེ། བསྡུས་དོན་སྔ་མའི་ཚིག་གི་ཕྲད་ཀྱིས་ཕྱི་མའི་ཚིག་འབད་མི་དགོས་པར་འདྲེན་ནུས་པས་གཟུང་སླ་ཞིང་བརྗོད་དཀའ་བ་ཡིན། བསྡུས་དོན་དེ་ཉིད་ཀྱིས་གཞུང་གོ་བ་ནི། བསྡུས་པའི་དོན་ཉིད་ཁོང་དུ་ཆུད་པས་གཞུང་གི་དགོངས་པ་འདི་ལྟ་བུ་ཞིག་ཡིན་ཞེས་བརྗོད་བྱའི་དོན་བདེ་བླག་ཏུ་རྟོགས་པའི་ནུས་པ་ཡོད་པའི་ཚིག་གོ །འདི་ལྟ་བུའི་དོན་ཤེས་པ་དེ་མཁས་པ་ཡིན་ལ། དེ་ལས་བཟློག་ན་མི་མཁས་ཏེ། བརྗོད་བྱའི་དོན་མ་འདུས་པ། བསྡུས་དོན་གྱི་ཚིག་མི་གསལ་བ། འཆད་པ་ན་བརྗོད་མི་བདེ་བ། ངག་མང་བས་དབུགས་ཐོག་རེའི་བར་དུ་བརྗོད་དགོས་པ། ཚིག་མ་སྙོམས་པ་བསྡུས་དོན་གོང་འོག་རིང་ཐུང་ཅན་དུ་ཤོར་བས་ཚིག་གི་ཁྲིགས་མི་མཛེས་པ། གཟུང་དཀའ་བ་སྟེ་ཚིག་དོན་མི་འཕྲོད་པས་ཡིད་ལ་གཟུང་དཀའ། ངག་ཏུ་བརྗོད་དཀའ་བའོ། །བསྡུས་དོན་བརྗོད་པས་གཞུང་གི་དགོངས་པ་མི་གོ་བ་སྟེ། བསྡུས་དོན་དང་གཞུང་ཚིག་དོན་མི་འཕྲོད་པས་བསྡུས་དོན་ལ་བརྟེན་ནས་གཞུང་གོ་བའི་ནུས་པ་མེད་པའོ། །འདི་ལྟ་བུའི་བསྡུས་དོན་མཐོ་དམན་ཅན་མང་པོ་མཐོང་སྟེ། དེ་ལྟ་བུའི་ས་གཅོད་འགའ་ཞིག་དོན་ཡང་འཆུག་ནུས་དོན་མ་འཆུགས་ཀྱང་སློབ་དཔོན་གྱིས་བརྗོད་དཀའ། སློབ་མས་གཟུང་དཀའ་བའི་ཕྱིར་ཁོ་བོས་བཏང་སྙོམས་སུ་བཞག་གོ །དེས་ན་རང་གིས་བརྗོད་བདེ། གཞན་གྱིས་རྟོགས་སླ། གཉིས་ཀ་ལ་རྣར་སྙན་པ་ཅིག་ཤེས་ན་མཁས་པ་ཡིན་ནོ། །གསུམ་པ་ངག་གི་དོན་བཤད་ན་ཚིག་གི་སྦྱོར་བ་དང༌། །ཚིག་རྣམ་པར་བཤད་པའི་ཚུལ་ལོ། །དང་པོ་ནི། དེ་ཡི་སྐྱེས་བུ་ལ་སོགས་པ། །ཚིག་སྡུད་པ་ཡི་སྦྱོར་བ་ཡིན། །དེའི་སྐྱེས་བུ་དང༌། ལས་འཛིན་པ་དང༌། འབྲུ་མང་པོ་པ་དང༌། བ་གཉིས་པ་དང༌། ཟླས་དབྱེ་བ་དང༌། ཟད་པར་མི་འགྱུར་བའི་བསྡུ་བའོ། །དེ་དག་ཕྱེ་ན་མངས་འགྱུར་ལ། །བསྡུས་ན་ཉུང་ཕྱིར་འདིར་མ་བཤད། །དེའི་སྐྱེས་བུ་ལ་སོགས་པའི་མཚན་ཉིད་དང༌། དབྱེ་བ་དང༌། དཔེར་བརྗོད་པ་རྣམས་རྒྱས་པར་བཤད་ན་ཡི་གེ་མངས་པར་འགྱུར་ལ། བསྡུས་ནས་བཤད་ན་དོན་མི་གོ་བས། ཁོ་བོས་བྱས་པའི་སྒྲའི་བསྟན་བཅོས་གཞན་དང༌། སྨྲ་སྒོ་ལ་སོགས་པར་བལྟ་བར་བྱའོ། །གཉིས་པ་ཚིག་རྣམ་པར་བཤད་པའི་ཚུལ་ནི། གཞུང་ལུགས་གང་དང་གང་འཆད་པ། །བྱེད་པའི་ཚིག་གིས་རབ་སྦྱར་ཏེ། །ཚིག་དོན་ལེགས་པར་སྦྲེལ་ནས་ནི། །འཆད་པ་བརྡ་སྤྲོད་བྱེད་པའི་ལུགས། །གཞུང་གང་ཞིག་འཆད་པར་བྱེད་པ་ན། བྱེད་པའི་ཚིག་དྲུག་ལ་སོགས་པ་དང་སྦྱར་ཏེ། ཚིག་དོན་ལེགས་པར་སྦྲེལ་ནས་མི་དགོས་པ་མི་འཆད། དགོས་པ་མི་འདོར་བར་དཔྱིས་ཕྱིན་པར་བཤད་པ་ནི་སྒྲ་པ་དག་གི་ལུགས་སོ། །བོད་སྒྲ་མི་ཤེས་པ་ལ་ལེགས་པར་བཤད་ཀྱང་འབྱོར་དཀའ་བས་འདིར་མ་བཤད་དོ། །གལ་ཏེ་ཤེས་པར་འདོད་ན་ཁོ་བོས་བྱས་པའི་སྒྲའི་བསྟན་བཅོས་སུ་བལྟ་བར་བྱའོ། །འདིར་བོད་ལ་ཉེ་བར་མཁོ་བའི་བཤད་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། ལས་དང་བྱེད་པོ་བྱ་བ་ཡི། །ཚིག་དོན་སྦྲེལ་ལ་ངག་དོན་བླང༌། །ལས་ནི་འབྲས་ཆན་ལ་སོགས་པའོ། །བྱེད་པ་པོ་ནི་ལྷས་བྱིན་ལ་སོགས་པའོ། །བྱ་བ་ནི་འཚེད་པར་བྱེད་པའོ། །དེ་བཞིན་དུ་ཕྱག་འཚལ་བའི་བཤད་པར་བྱ་བ་ལ་ཡང༌། ལས་ནི་སངས་རྒྱས་ལ་སོགས་པ། །བྱེད་པ་པོ་ནི་བརྒྱ་བྱིན་ལ་སོགས་པའི་གང་ཟག བྱ་བ་ནི་ཕྱག་འཚལ་བ་ལ་སོགས་པའོ། །དེ་བཞིན་དུ་བཤད་པར་བྱ་བ་ལ་ཡང༌། གང་བཤད། གང་གིས་བཤད། ཇི་ལྟར་བཤད་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་སྦྱར་ལ་ཤེས་པར་བྱའོ། །དཔེར་ན་གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། ཞེས་བྱ་བ་ལ་སོགས་པ་ལའང་ཚིག་དང་པོ་གང་གིས་ཞེས་བྱ་བ་དང༌། དྲུག་པའི་བསྟན་པ་ཞེས་བྱ་བ་དང༌། བརྒྱད་པའི་དེ་ལ་ཕྱག་འཚལ་ལོ་ཞེས་སྦྲེལ་ལ་གང་གིས་བསྟན་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཁྱད་པར་གྱི་གཞི་བླང་ངོ༌། །དེས་ན་ཁྱད་པར་གྱི་ཆོས་བཤད་དོ། །གང་བསྟན། གང་གིས་བསྟན། ཇི་ལྟར་བསྟན་ཞེས་དོན་གྱི་དྲི་བ་བཀོད་ལ། གང་བསྟན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན། །གང་གིས་བསྟན་ན་རྫོགས་པའི་སངས་རྒྱས་དེས་བསྟན། ཇི་ལྟར་བསྟན་ཞེ་ན་ཞི་བ་བསྟན་ཞེས་སྦྲེལ་ལོ། །དེ་དག་གི་དོན་ལེགས་པར་བཤད་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུ་ཞེ་ན། འགག་པ་མེད་པ་སྐྱེ་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་བརྒྱད་དང་བྲལ་བ་དེ་རྟེན་འབྲེལ་གྱི་ཁྱད་པར་གྱི་ཆོས་སུ་སྦྱར་རོ། །གང་གིས་བསྟན་པའི་སངས་རྒྱས་དེ་ཇི་ལྟ་བུ་ཞེ་ན། སྨྲ་བ་རྣམས་ཀྱི་དམ་པ་ཞེས་སྦྱར་ཏེ། །སྨྲ་བ་ནི་དྲག་པོ་དང་འཕྲོག་བྱེད་ལ་སོགས་པ་ལྷ་ཆེན་པོ་རྣམས་སམ། སེར་སྐྱ་དང་གཟེགས་གཟན་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཡིན་གྱི། སྨྲ་བ་གང་ཅིའང་རུང་བ་ཕལ་པ་རྣམས་མི་གཟུང་ངོ༌། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཇི་ལྟར་བསྟན་ཞེ་ན། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་སྦྲེལ་ལ། དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དེའང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཞི་བ་ཡིན་གྱི། དབང་ཕྱུག་ལ་སོགས་པ་ལ་ཞི་བར་འདོགས་པའི་ཞི་བ་མ་ཡིན་གྱི། ཡོད་མེད་ལ་སོགས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞིའོ་ཞེས་བཤད་པར་བྱའོ། །མངོན་རྟོགས་རྒྱན་གྱི་འགྲེལ་བའི་མཆོད་བརྗོད་དུ། གང་ལ། གང་གིས། ཇི་ལྟར། ཅིའི་ཕྱིར་ཕྱག་འཚལ་ཞེས་ཁོང་ནས་དྲི་བ་བཀོད་ལ། གང་ལ་ཕྱག་འཚལ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། གང་གིས་ཕྱག་འཚལ་ན་དོན་གྱིས་ཐོབ་པ་སེང་གེ་བཟང་པོས། ཇི་ལྟར་ཕྱག་འཚལ་ན་གུས་པས། དགོས་པ་ཅིའི་ཕྱིར་ཕྱག་འཚལ་ན། དེ་རྒྱན་ཚིག་ལེའུར་བྱས་པ་རྣམ་པར་དབྱེ་ཕྱིར་རོ། །ཞེས་ཚིག་གོང་འོག་སྦྲེལ་ལ་བཤད་དོ། །རྒྱན་ལ་མཛེས་པར་བྱེད་པ་དང༌། ཆགས་པར་བྱེད་པ་གཉིས་ལས། འདིར་ཕྱི་མ་གཟུང་སྟེ། རྒྱན་ལས། ཆགས་ཕྱིར་གྲང་བ་མཛེས་པ་ཡི། །རྒྱན་གྱིས་ལུས་ནི་བརྒྱན་འདོད་ལྟར། །རྣམ་འབྲེལ་རྒྱན་ཡང་བདག་གིས་ནི། །བྱས་ཀྱི་མཛེས་པའི་ཕྱིར་མ་ཡིན། །ཞེས་བཤད་པ་ལྟར་རོ། །ཡང་རྡོ་རྗེ་རྣམ་འཇོམས་ལས། ཆུ་ཡིས་གསེར་རམ་ཡང་ན་ནི། །ཞེས་པའི་གཞུང་ལ་གང་གིས་འགེངས། གང་ཇི་ལྟར་བྱས་ལ་དགང༌། བཀང་ནས་ཅི་བྱེད། བྱས་པའི་དགོས་པ་ཅི་ཡིན་ཞེས་ཁོང་ནས་དྲི་བ་བཀོད་ལ། གང་གིས་འགེངས་ན་ཆུ་ཡིས། གང་དགང་ཞེས་ཚིག་རྐང་དང་པོའི་མགོ་དང༌། གསུམ་པའི་མཇུག་སྦྱར་ལ་བཤད་དོ། །གང་དགང་ན་བུམ་པ་དགང་ཞེས་ཚིག་རྐང་གསུམ་པའི་བུམ་པ་དང་སྦྲེལ་ལོ། །བུམ་པ་ཇི་ལྟ་བུ་ཞེ་ན་གསེར་རམ་ནི་དངུལ་གྱི་བུམ་པ་དག་ཀྱང་རུང་ཞེས་སྦྱར་རོ། །ཇི་ལྟར་སྦྱར་ལ་དགང་ཞེ་ན། གཙང་མའི་གོས་ཀྱིས་དཀྲིས་ཤིང་དགང་ཞེས་སྦྲེལ་ལོ། །བཀང་ནས་ཅི་བྱེད་ན། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས། །ཞེས་སྦྱར་རོ། །དེ་ལྟར་བྱས་པའི་དགོས་པ་ཡང་ཅི་ཡིན་ཞེ་ན། རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག །ཅེས་ཚིག་སྔ་ཕྱི་སྦྲེལ་ལ། ཚིག་དོན་ལྷག་ཆད་མེད་པར་བཤད་པར་བྱའོ། །དེ་བཞིན་དུ་གཞུང་ལུགས་གང་བཤད་ཀྱང༌། གཞུང་ལས་ཁྱད་པར་གྱི་གཞི་བསྡུས་ལ་ངག་དོན་བླང༌། ཁྱད་པར་གྱི་ཆོས་བཤད་དེ་ཚིག་རྣམ་པར་དབྱེ་བར་བྱའོ། །དེ་ལྟ་བུའི་འཆད་ལུགས་ཤེས་ན་ལེགས་པར་སྦྱར་བའི་སྒྲ་དང་མཐུན། མཁས་པ་རྣམས་དགའ་བ་སྐྱེད། ཚིག་དོན་ལྷག་ཆད་མེད་པ་ཤེས་པར་འགྱུར་རོ། །འདི་ལ་སྒྲའི་བསྟན་བཅོས་ལས། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང༌། སྦལ་པའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་འབྱུང་བས་དེ་དག་གི་ཚུལ་དང་བསྟུན་ཏེ། གཞུང་ལུགས་རྒྱ་ཆེ་ཞིང་དཀའ་བ་རྣམས་བཤད་པར་བྱའོ། །དེ་ལྟ་བུའི་འཆད་པའི་ཚུལ་ནི། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །གཞུང་ལུགས་གང་འཆད་ཀྱང་རུང་སྟེ། ཐོག་མར་སྒྲ་དང་མི་འགལ་ཚིག་རྣམ་པར་ཕྱེ་སྟེ་བཤད་དོ། །དེ་ལ་འཇིག་རྟེན་ལ་གྲགས་པ། བསྟན་བཅོས་ལ་གྲགས་པ། ཐུན་མོང་མ་ཡིན་པ་ལ་གྲགས་པའི་སྒྲ་གསུམ། དང་པོ་ནི་འཇིག་རྟེན་ཐམས་ཅད་ལ་ཐུན་མོང་དུ་གྲགས་པ་ཀ་བ་དང་བུམ་པ་ལ་སོགས་པའོ། །གཉིས་པ་ནི་སྒྲ་པ་དག་ལ་གྲགས་པ་རྣམ་པར་དབྱེ་བ་དང་བྱེད་པའི་ཚིག་ལ་སོགས་པས་བསྒྲུབས་པ་མཁས་པ་རྣམས་ཀྱིས་གོ་བའི་བརྡའོ། །གསུམ་པ་ནི་འཇིག་རྟེན་དང་བསྟན་བཅོས་ལ་མ་གྲགས་པ། སྒྲ་འཇུག་པའི་རྒྱུ་མཚན་ངེས་པའི་ཚིག་བཤད་དཀའ་ཞིང༌། འཕགས་པའི་གང་ཟག་ལ་དགོས་པ་ཤིན་ཏུ་ཆེ་བ། མདོ་སྡེ་དག་ལས་ཀྱང་ཅུང་ཟད་བཤད་མོད། རྒྱུད་སྡེ་རྣམས་ལས་མང་དུ་བཤད་པ། དེ་བཞིན་གཤེགས་པའི་བརྡ་ཞེས་གྲགས་པའོ། །འདི་རྒྱུད་སྡེ་བཤད་པ་ན་དགོས་ཀྱི་འདིར་སྐབས་མ་ཡིན་པས་རེ་ཞིག་བཞག་གོ །འདིར་སྐབས་སུ་ཉེ་བར་དགོས་པ་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་སྒྲ། མཁས་པ་རྣམས་ཀྱིས་ཤེས་པར་བྱ་བའི་ཚུལ་ཅུང་ཟད་བཤད་དོ། །དེ་ལ་འཇིག་རྟེན་ལ་གྲགས་པའི་སྒྲ་ལ། འདོད་རྒྱལ་བ་དང་རྗེས་འཇུག་གི་སྒྲ་གཉིས་སྔར་བཤད་པ་བཞིན་ཤེས་པར་བྱ། བསྟན་བཅོས་ལ་གྲགས་པའི་སྒྲ་ལ། སྒྲ་དྲང་པོར་བཤད་པ། དྲངས་ནས་བཤད་པ། ཕན་ཚུན་བསྒྱུར་ཏེ་བཤད་པའོ། །དང་པོ་ནི་ཐམས་ཅད་མཁྱེན་པའམ་ལྷ་དང་མི་ལ་སོགས་པ། ཐམས་ཅད་ལ་གྲགས་པ་ཡིན་པས་བཤད་པར་སླ་ལ། མདོ་ལས། ཆོས་ཐམས་ཅད་བསྡུ་ན། །འབྲེལ་ན་འཆིང་ཞིང་བྲལ་ན་རྣམ་པར་གྲོལ། །ཞེས་གསུངས་པའི་དོན་བདེན་པ་བཞི་སྟོན་པའི་ཚིག་སྟེ། ཀུན་འབྱུང་གིས་འབྲེལ་ན། སྡུག་བསྔལ་གྱིས་འཆིང༌། ལམ་གྱིས་བྲལ་ན། འགོག་པས་རྣམ་པར་གྲོལ་ཞེས་བྱ་བའི་དོན་ཏོ། །ཡང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་ཞེས་བྱ་བ་ལ། འོད་ཟེར་བསམ་གྱིས་མི་ཁྱབ་པ་འགྱེད་པ་ལ་དྲུག་ཅུའི་གྲངས་ཅི་དགོས་ཤེ་ན། འོད་དཀར་པོ་ལ་སོགས་པ་ཁ་དོག་དྲུག་ཏུ་འདུས། དེ་ཕྱོགས་བཅུར་སྤྲོས་པས་དྲུག་ཅུ། དེ་ཐུགས་ཀ་ལ་སོགས་པ་གནས་གཅིག་ནས་སྤྲོས་པས་དྲུག་ཅུ། ཕྱག་གཉིས་ལ་སོགས་པ་མང་པོ་ནས་སྤྲོས་པས་དྲུག་ཅུ་དྲུག་ཅུ་དེ་ལ་སོགས་པ་ལེགས་པར་བརྟགས་ལ་བཤད་པར་བྱའོ། །གཉིས་པ་ནི་སྒྲའི་ཁམས་སོ་སོར་དྲངས་ནས་བཤད་པ་སྟེ། སའི་སྒྲ། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་བཞིན་གོང་དུ་བགྲོད་ལྡན་པས། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་བྱ་བའམ། ཀཱ་ཡའི་སྒྲ་དྲང་པོར་སྐུ་ལ་འཇུག ཁམས་ཀྱིས་དྲངས་ནི་ཀཻ གཻ་རཻ། ཤབྡ་ཞེས་བརྗོད་ན། སྒྲོགས་པས་ན། སྐུ་ཞེས་སྐུའི་སྒྲ་སྒྲོགས་པ་ལ་བཤད་དུ་རུང༌། ཨརྷ་ཏའི་སྒྲ། དགྲ་བཅོམ་པ་དང༌། མཆོད་པར་འོས་པ་གཉིས་ཀ་ལ་བཤད་དུ་རུང༌། མངོན་པ་ཀུན་ལས་བཏུས་ཀྱི་སྒྲ། །ཨ་བྷི་དྷརྨ་ས་མུཙྪ་ཡ་ཞེས་ཀུན་ལས་བཏུས་པ་དང༌། རྟོགས་ནས་བཏུས་པ་དང༌། ཡང་དག་པ་མཐོང་བའི་གནས་ཞེས་བྱ་བ་སྒྲས་དྲངས་ན་གསུམ་ལས་བཤད་དུ་རུང་བ་ལྟ་བུ་དང༌། དེ་བཞིན་དུ་མིག་གི་དབང་པོའི་ངེས་ཚིག མ་ཟད་པར་དུ་གཟུགས་དཔྱོད་དང༌། །གཡོ་ཞིང་སྐད་ཅིག་མ་ཉིད་དང༌། །རྣམ་པ་བཞི་པོར་གྲགས་པ་དང༌། །མཛེས་པའི་ལས་ལས་གྲུབ་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདིའི་རིགས་ཅན་མང་དུ་ཡོད་མོད་ཀྱི། ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །གསུམ་ལ་ཕན་ཚུན་བསྒྱུར་ཏེ་བཤད་པ་ལ། རྣམ་གྲངས་བསྒྱུར་བ་དང༌། ཡི་གེ་བསྒྱུར་བའོ། །དང་པོ་ནི་སུ་ག་ཏའི་སྒྲ། སུ་ནི་ལེགས་པའམ། བདེ་བའམ། བཟང་པོའམ། ཤིན་ཏུ་ལ་སོགས་པ་ལ་འཇུག ག་ཏའི་སྒྲ་གཤེགས་པའམ། རྟོགས་པ་ལ་འཇུག རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེས་ནི་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་སངས་རྒྱས་ཕལ་པོ་ཆེའི་སྒྲ་ལས་སངས་རྒྱས་མེ་ཏོག་གི་ཚོགས་སུ་བཤད་དུ་རུང་བའམ། ཆོས་ཀུན་ཏུ་འགྲོ་བ་ཆོས་ཡང་དག་པར་སྡུད་པར་བཤད་པ་ལྟ་བུའམ། སེང་གེའི་སྒྲའི་ཁམས་ཤྲཱི་སིཾ་ཧ་ས་ཡ་བྱ་བ་ཡིན་ལ། དེ་ལ་སྒྲའི་ཁམས་ཀྱིས་བཟློག་ནས་སིཾ་ཧ་བཤད་པ་ལྟ་བུ་དང༌། ལེགས་པར་སྦྱར་བའི་སྒྲ་ལ། དགག་པའི་སྒྲ་ཕྱིར་བཏོན་པ་དང་མ་བཏོན་པ་གཉིས་ཡོད། དཔེར་ན་བདུད་སྡིག་ཅན་གྱིས་དགེ་སློང་རྣམས་ལ་སྨྲས་པ། མི་རྣམས་ཚེ་ནི་རིང་བ་སྟེ། །སྐྱེས་བུ་དམ་པ་སླུ་མི་བྱེད། །འདིར་ནི་འཆི་བདག་འོང་བ་མེད། །འཕྱར་བ་དང་ནི་བག་མེད་སྤྱོད། །ཅེས་བརྗོད་པ་ལ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་ཉིད་ལ། མི་རྣམས་ཚེ་ནི་མི་རིང་སྟེ། །སྐྱེས་བུ་དམ་པ་སླུ་བར་བྱེད། །འདིར་ནི་འཆི་བདག་འོང་བ་ཡིན། །འཕྱར་དང་བག་མེད་མ་སྤྱོད་ཅིག །ཅེས་དགག་སྒྲ་ཕྱིར་བཏོན་པ་དང་ནང་དུ་བཞུགས་པའི་བྱེ་བྲག་གིས། ཚིགས་བཅད་གཅིག་ཉིད་ལ་བཤད་པ་གཉིས་འབྱུང་བ་མི་འགལ་བ་དང༌། དེ་བཞིན་དུ་ཨའི་སྒྲ་ཁོང་ནས་བཏོན་པ་དང༌། མི་བཏོན་པའི་སྒྲའི་མདོ་ལ་བརྟེན་ནས། མཁས་པའི་སྒྲ་མི་མཁས་པ་དང༌། ཆེན་པོའི་སྒྲ་མི་ཆེ་བ་དང༌། འགྲོ་བའི་སྒྲ་མི་འགྲོ་བ་དང༌། འགྱུར་བའི་སྒྲ་མི་འགྱུར་བ་ལ་སོགས་པ་ལེགས་པར་བརྟགས་ལ་ཤེས་པར་བྱའོ། །ཡང་སྐབས་འགར་ལོག་རྟོག་བཟློག་པ་ལ་སོགས་པ་དགོས་པ་ཁྱད་པར་ཅན་མཐོང་བའི་ཚེ། སྒྲ་པ་དག་གིས་ཡི་གེ་ཕན་ཚུན་བརྗེ་བ་དང༌། ཡི་གེ་ཁ་ཕྲལ་བ་དང༌། ཡི་གེ་མི་མངོན་པར་བྱ་བའི་སྒྲའི་སྦྱོར་བ་ཡོད་དེ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་བྷཱུ་ཏ་ཨརྠ་ཞེས་བྱ་བ་ཡང་དག་པའི་དོན་ཡིན། དེ་སངས་རྒྱས་ཀྱི་སྒྲར་སྒྲུབ་པ་ལ། བྷཱུ་ཏའི་གནས་སུ་བུད་བཞག ཨརྠའི་གནས་སུ་དྷ་བཞག་ནས་སངས་རྒྱས་སུ་སྒྲུབ་པ་དང༌། ཡང་མཚན་བརྗོད་ལས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་བའི་དོན་དུ་འཁོར་བས་འཆད་པ་ན་ཡི་གེ་ལ་ཤ་ཏ་ཨཱ་ཀྵ་ར་ཟེར་ལ། ཤའི་གནས་སུ་ཥ། ཏའི་གནས་སུ་ཊ་བཞག་ནས་ཡི་གེ་དྲུག་ཏུ་འཆད་པ་དང༌། སློབ་དཔོན་མི་ཐུབ་ཟླ་བས་ལུས་ཀྱི་སྒྲ་ལྷར་འཆད་པ་ན། ལུས་ལ་དེ་ཧ་ཟེར། ཧའི་གནས་སུ་བ་བཞག་པས་དེ་བར་བསྒྱུར་བ་དང༌། དེ་ལ་སོགས་པའི་སྒྲའི་བཤད་པ་དཔག་ཏུ་མེད་པ་ཡོད་མོད་ཀྱི། མཁས་པ་རྣམས་ལ་ཤིན་ཏུ་འཐད་ཀྱང་བླུན་པོ་རྣམས་ཀྱིས་གོ་བར་དཀའ་བས་འདིར་རྒྱས་པར་མ་བྲིས་སོ། །ཅུང་ཟད་བལྟ་བར་འདོད་ན་མདོ་རྒྱུད་ཀྱི་འགྲེལ་པ་རྣམས་སུ་བལྟ་བར་བྱའོ། །ཡང་སྒྲའི་ཁམས་གཅིག་ལ་ཉེར་བསྒྱུར་གྱི་རྐྱེན་ཐ་དད་དང་ཕྲད་ན་སྒྲ་དུ་མར་འགྱུར་ཏེ། མཱ་ན་ཞེས་བྱ་བའི་ཁམས་གཅིག་ལ། ཉེ་བར་སྒྱུར་བའི་ཡི་གེ་པྲ་དང་ཕྲད་ན། པྲ་མཱ་ན་ཚད་མར་འགྱུར། ཨ་ནུ་དང་ཕྲད་ན། ཨ་ནུ་མཱ་ན་རྗེས་དཔག་ཏུ་འགྱུར། ཨུ་པ་དང་ཕྲད་ན་དཔེ་རུ་འགྱུར། ཨ་བྷི་དང་ཕྲད་ན་མངོན་པའི་ང་རྒྱལ་ལ་སོགས་པ་སྐབས་དང་སྦྱར་ལ་ཤེས་པར་བྱའོ། །སྒྲའི་བསྟན་བཅོས་ལས། ཉེ་བར་བསྒྱུར་བའི་དབང་གིས་ན། །སྐད་བྱིངས་དོན་ནི་རབ་འགྱུར་ཏེ། །གངྒཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་འགྱུར་བ་བཞིན། །ཞེས་བཤད་པ་ལྟར་རོ། །གཅིག་ལ་དུ་མ་དུ་མ་གཅིག་འགྱུར་ཞིང༌། །དུ་མ་དུ་མ་གཅིག་ལ་གཅིག་གི་ཆ། །རྐྱེན་དང་ཕྲད་ན་གཞན་དང་གཞན་འགྱུར་བ། །ལུགས་འདི་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བར་སྐབས་ཀྱི་ཚིག་བཅད་དོ། །གང་གང་དེ་དང་དེ་ལ་སོགས། །སྔ་མའི་ཚིག་གིས་ཕྱི་མ་འདྲེན། །གང་དང་གང་ཞེས་བྱ་བའི་སྒྲ་སྔོན་ལ་ཡོད་ན་དེ་དང་དེ་ཞེས་སྒྲ་འདྲེན་པ། ཇི་ལྟ་ཇི་ལྟའི་སྒྲས། དེ་ལྟ་དེ་ལྟར་དང༌། ཇི་སྙེད་ཀྱི་སྒྲས་དེ་སྙེད་དང༌། གང་ཕྱིར་གྱིས་དེ་ཕྱིར་ལ་སོགས་པ་སྒྲ་སྔ་མས་ཕྱི་མ་འདྲེན་པའི་ནུས་པ་ཡོད་པ་རྣམས། ཚིག་གཞུང་དུ་དངོས་སུ་བཀོད་ཀྱང་རུང་མ་བཀོད་ཀྱང་རུང་སྟེ། དེ་ལྟར་སྦྱར་ལ་བཤད་པར་བྱའོ། །སྐབས་སུ་འབྲེལ་པ་མེད་པའི་མིང༌། །སྣང་ན་དེ་ནི་བོད་སྒྲ་ཡིན། །ཚིགས་སུ་བཅད་པ་གང་འབྲེལ་མེད་ཀྱི་མིང་ཞིག་གློ་བུར་དུ་བྱུང་ན། དེ་ནི་བོད་པའི་སྒྲ་ཡིན་ཏེ། དཔེར་ན་ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །རྒྱལ་པོའི་སྒྲ་ཀྱེ་རྒྱལ་པོ་ཞེས་བོད་པ་ཡིན་ནོ། །དེ་བཞིན་དུ། བཅོམ་ལྡན་སྡུག་བསྔལ་བ། བདག་ལ་པད་ལྟར་ཡངས་པའི་སྤྱན་གྱིས་གཟིགས། །ཞེས་བྱ་བའང༌། ཀྱེ་བཅོམ་ལྡན་འདས་ཞེས་བོད་པ་ཡིན་ནོ། །འཇིག་རྟེན་གསུམ་གྱི་རྒྱ་ཁྱོན་ཇི་ཙམ་ཡིན། །ཞི་བ་མ་ལུས་ས་འདི་ཇི་ཙམ་ཡིན། །ཞེས་བྱ་བའང༌། ཀྱེ་ཞི་བ་ཞེས་བྲམ་ཟེ་ལ་བོད་པ་ཡིན་ནོ། །རྒྱ་གར་སྒྲ་ལས་བརྒྱད་པ་བོད་པའི་སྒྲ། རྣམ་དབྱེ་ཕྱིས་པས་བདེ་བླག་ཏུ་གོ་མོད་ཀྱི། བོད་ལ་དེ་ལྟ་བུའི་སྒྲ་སྦྱོར་བ་མེད་པས་འདི་ལྟ་བུའི་སྐབས་སུ་ནོར་བ་འཆད་པ་མཐོང༌། འཆད་པའི་སྐྱོན་རྣམས་སྤངས་ནས་ནི། །ཤིན་ཏུ་བརྩེ་བའི་བསམ་པས་བཤད། །མི་འཆད་པ་དང༌། ལེགས་པར་མི་འཆད་པ་དང༌། ཐེ་ཚོམ་གྱིས་འཆད་པ་དང༌། དཀའ་བའི་གནས་ལ་བྱིལ་བྱིལ་པོ་དང༌། དགོས་པའི་གནས་སུ་མི་སྤྲོ་བ་དང༌། མི་གདོས་པར་སྤྲོ་བ་དང༌། གོང་འོག་འཁྲུགས་པ་མི་བསྡེབ་པ་དང༌། མི་དགོས་པ་དཀྲུགས་ཏེ་བཤད་པ་དང༌། གོང་དུ་བཤད་རྒྱུ་འོག་ཏུ་འདོར་བ་དང༌། འོག་ཏུ་བཤད་རྒྱུ་གོང་དུ་ལེན་པ་དང༌། སྐབས་སུ་མ་བབ་པ་བཤད་པ་དང༌། བབ་པ་མི་བཤད་པ་དང༌། བརྗོད་པ་མཐོ་དམན་ཅན་དང༌། མི་གསལ་བ་དང༌། སུབ་སུབ་པོ་དང༌། མྱུར་ཆེས་པ་དང༌། བུལ་ཆེས་པ་དང༌། ཚིག་དང་དོན་ལེགས་པར་བརྡ་མི་སྤྲོད་པ་ལ་སོགས་པ་འཆད་པའི་སྐྱོན་རྣམས་སྤངས་ཏེ་མཁས་པ་རྣམས་ཀྱིས་ལེགས་པར་བཤད་དོ། །སྤྱིར་ཆོས་ཀྱི་སྦྱིན་པར་འགྲོ་བ་ལ། ཆགས་སྡང་མེད་པའི་བསམ་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་ལ་སོགས་པ་བཤད་ན་ཆོས་ཀྱི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། མངོན་པ་མཛོད་ལས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཅེས་བྱ་བ་དང༌། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལས་བཟློག་ནས་བསམ་པ་ཆགས་སྡང་གིས། མདོ་སྡེ་དང༌། རྒྱུད་སྡེའི་ཉན་བཤད་རྣམས་འགོག ཆོས་མི་ཤེས་པའི་བླ་མ་དག་གིས་རྣམ་རྟོག་ཕྱིན་ཅི་ལོག་དང༌། རང་གིས་ཅི་དྲན་དྲན་རྣམས་བཤད་ནས། མདོ་རྒྱུད་ཀྱི་དགོངས་པ་འགོག་པ་ནི་ཆོས་ཀྱི་སྦྱིན་པ་མ་ཡིན། དེ་འཆད་མཁན་དེ་ཡང་མི་དགེ་བའི་བཤེས་གཉེན་ཡིན་ཞེས་སངས་རྒྱས་ཀྱིས་གསུངས། ཆོས་དེའང་ཆོས་ཀྱི་གཟུགས་བརྙན་ནམ། ཆོས་ལྟར་བཅོས་པ་ཞེས་གསུངས་པ་དེ་ཡིན། འདི་འདྲའི་རིགས་ཅན་བསྟན་པ་ལ་མི་ཕན་པའི་སྟེང་དུ་བསྟན་པ་འཇིག་པའི་རྒྱུར་འགྲོ། ཆོས་མ་ཡིན་པའི་སྦྱིན་པ་ཡིན་གྱི། ཆོས་ཀྱི་སྦྱིན་པ་མ་ཡིན་ནོ། །ཉན་པའི་སྐྱོན་རྣམས་སྤངས་ནས་ནི། །ཤེས་པར་འདོད་པས་ལེགས་པར་མཉན། །མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཞེས་གསུངས་པ་ལྟར། སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ། རིམ་པ་ལྟར་སྣོད་ཁ་བུབ་དང༌། དྲི་མ་ཅན་དང༌། ཞབས་རྡོལ་གྱི་སྐྱོན་གསུམ་སྤངས་ཏེ་མཉན་པར་བྱའོ། །ཇི་སྐད་དུ་རྣམ་བཤད་རིགས་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པ་ལྟར་ཉན་པའི་དྲི་མ་འདི་དག་སྤང་ངོ༌། །ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། འཁོར་བའི་ཉེས་དམིགས་ལེགས་པར་བཤད། བློ་དང་ལོངས་སྤྱོད་དང་རྒས་པ་དང་ཚེ་ཐུང་བ་ལ་སོགས་པའི་སྒོ་ནས་ཞུམ་སྟེ་ཉན་པར་མི་འདོད་པ་ལ། འཕགས་པ་ལམ་ཕྲན་པ་དང༌། རྒན་པོ་སྐྱེས་དང༌། བ་ལང་བདག་བསྐནྡྷ་ལ་སོགས་པའི་ལོ་རྒྱུས་ཀྱིས་སྤྲོ་བ་བསྐྱེད་དོ། །གཞན་ཡང༌། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པ་མི་སྲིད་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་བྱ་བ་ལ་སོགས་པའང་དྲན་དུ་གཞུག་གོ །སེམས་རྒོད་པས་ཕྱོགས་བཅུར་རྣམ་པར་གཡེང་བ་ལ་རྒ་ཤི་ལ་སོགས་པ་ཚེ་འདིའི་འཇིགས་པ་དང༌། ངན་སོང་ལ་སོགས་པ་ཚེ་ཕྱི་མའི་འཇིགས་པ་དང༌། དུས་ཐམས་ཅད་དུ་སྐབས་སུ་བབ་པའི་འཁོར་བའི་ཉེས་དམིགས་རྣམས་བཤད་ལ། སེམས་ཆོས་ལ་འབབ་པར་བྱའོ། །རྨུགས་པ་རྣམས་ནི་ངོ་མཚར་གྱི། །གཏམ་བཤད་ནས་ནི་ཉན་དུ་གཞུག །རྣམ་བཤད་རིགས་པར་གསུངས་པ་ལྟར། སེང་གེ་དང་ཝ་སྐྱེས་དང་ཁོང་སྟོང་དུ་ཉལ་བའི་བུད་མེད་ལ་སོགས་པའི་གཏམ་རྒྱུད་དང༌། གཞན་ཡང་སྐབས་སུ་ཆོས་ལ་བློ་གཞུག་ཏུ་རུང་བའི་གཏམ་རྒྱུད་ཅི་རིགས་པ་བཤད་དེ་རྨུགས་པ་ལས་བཟློག་པར་བྱའོ། །བཤད་པའི་ཚུལ་ཇི་ལྟར་བཤད་ཅེ་ན། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་གཟུང་བདེ་གོ་སླ་བ། །སློབ་མ་དབང་པོ་རྣོ་ཞིང་ཤེས་རབ་ཆེ་བ་རྣམས་ལ། ཚིག་བརླིང་ཞིང་སྦྲེལ་ལེགས་ལ་དོན་ཟབ་ཅིང་རྒྱ་ཆེ་བ་བཤད། དབང་པོ་རྟུལ་ཞིང་བློ་ཆུང་བ་རྣམས་ལ། ཚིག་གཟུང་སླ་ཞིང་གོ་བདེ་བ། དོན་ཡང་རྟོགས་སླ་ཞིང་རྣར་སྙན་པ་བཤད། མདོར་ན་ལུང་དང་རིགས་པ་ལ་སོགས་པ་གང་བཤད་ཀྱང༌། ཐོག་མར་བརྗོད་བྱ་རགས་ཤིང་གཞུང་གི་ངག་དོན་འདུས་ལ་གོ་བདེ་བར་བྱས་ཏེ་བཤད། ཕྱི་ནས་ཚིག་དོན་འབྲེལ་ཆགས་ནས། །དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད། །སློབ་མ་ཚིག་དང་དོན་ལ་འབྲེལ། །ཅུང་ཟད་ཆགས་ཤིང་དཔྱོད་པར་ནུས་པ་ན་བརྗོད་བྱ་ཕྲ་ཞིང་ཕྲ་བ་ནས་བསྟན་ཅིང༌། ཚིག་དང་དོན་གྱི་འགལ་འབྲེལ་ལེགས་པར་དཔྱད་ཅིང་བཤད་དོ། །དེ་ལས་བཟློག་ན་མཁས་རྨོངས་ཀྱིས། །སློབ་མ་དགའ་བ་སྐྱེད་མི་ནུས། །མཁས་པ་དང་རྨོངས་པ་ལ་བཤད་པའི་ཚུལ་གཉིས་གོ་བཟློག་ན། བླུན་པོ་གོ་དཀའ་བས། ཆོས་སྤོང་བའི་རྒྱུར་འགྱུར། མཁས་པས་ཆོས་དང་སློབ་དཔོན་གཉིས་ཀ་བརྙས་ཤིང༌། ཡིད་ཁྲེལ་བའི་རྒྱུར་འགྱུར་བའི་ཕྱིར་རོ། །གཞུང་ལུགས་ཕལ་ཆེར་མི་ཤེས་ན། འཆད་པ་སྦྱངས་པ་ཆུང་བའི་སྐྱོན། གཞུང་ལུགས་གང་འཆད་ཀྱང་ཕལ་ཆེར་ཚིག་མ་འབྲེལ་ཞིང་དོན་རྟོགས་པར་མ་ནུས་ན། སློབ་དཔོན་ཉིད་ཀྱིས་མཁས་པ་ལ་མ་བསླབས་ཤིང་མ་སྦྱངས་པའི་སྐྱོན་ཡིན་ནོ། །གཞུང་དོན་གོ་ཡང་ཚིག་འགའ་ཞིག །མ་རྟོགས་དེ་ཡི་རྒྱུ་མཚན་བརྟག །གཞུང་དོན་ཕལ་ཆེར་ལེགས་པར་ཤེས་ཀྱང༌། མིང་ཚིག་འགའ་ཞིག་མ་ཤེས་པར་གྱུར་ན་དེའི་རྒྱུ་མཚན་དཔྱད་པར་བྱའོ། །ལེགས་པར་སྦྱར་ལ་མ་གྲགས་པའི། །སྒྲ་ཡི་སྦྱོར་བ་རྟོགས་པར་དཀའ། །དེ་ཕྱིར་འཆི་མེད་མཛོད་ལ་སོགས། །ལེགས་པར་ཤེས་ན་ཐེ་ཚོམ་མེད། །ལེགས་པར་སྦྱར་བའི་སྐད་ལ་མཛེས་པ་བྱུང་ན། འཇིག་རྟེན་ཕལ་ཆེར་ལ་མ་གྲགས་པའི་སཾ་སྐྲྀ་ཏས་སྦྱར་བ་ཡིན་པས། ཨ་མ་ར་ཀོ་ཥཱ་དང༌། བི་ཤ་པྲ་ཀཱ་ཤ་ལ་སོགས་པ་མིང་གི་མངོན་བརྗོད་རྣམས་ལེགས་པར་ཤེས་པ་ཚིག་གི་དོན་ཐམས་ཅད་ལ་ཐེ་ཚོམ་ཆོད་པ་ཡིན་ནོ། །འདིའི་ཕྱོགས་ཙམ་ཁོ་བོས་ཚིག་གི་གཏེར་དུ་བཤད་པ་ལྟར་ཤེས་པར་བྱའོ། །བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང༌། །ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །བོད་ཀྱི་སྐད་ལ་འཆད་པ་པོ་དག་གིས་ཅུང་ཟད་མ་ཤེས་པ་ཡོད་དེ། དེ་དག་ནི་ལོ་ཙཱ་བ་སྔ་རབས་པ་དང་ཕྱི་རབས་པ་དག་གིས་བརྡ་གསར་རྙིང་གི་ཁྱད་པར་ལ་བྱུང་བའང་ཡོད། ལ་ལས་རྒྱ་གར་གྱི་རང་སྐད་དུ་བཞག ལ་ལས་བོད་སྐད་དུ་བསྒྱུར། དེ་གཉིས་མ་འཕྲོད་པས་མ་ཤེས་པའང་ཡོད། ལ་ལས་སྒྲ་འགྱུར་ལ་དོན་འགྱུར་དུ་བྱས་པའང་ཡོད། སྒྲ་འགྱུར་ལའང་ཁམས་ཐ་དད་ཀྱིས་དྲངས་པས་སྒྲ་དོན་མི་འདྲ་བ་ཐ་དད་དུ་སོང་བ་ཡོད། འགའ་ཞིག་ཡུལ་ཐ་དད་ཀྱི་སྐད་ཀྱི་ལུགས་སུ་བསྒྱུར་བས་འགའ་ཞིག་ལ་མ་གྲགས་པའི་སྟོབས་ཀྱིས་མ་ཤེས་པར་སོང་བ་ཡོད། དཔེར་ན་ཧྲགས་ལ་བྱེ་མ་ཀ་ར་དང༌། །གླ་གོར་ཞོ་ཤ་ལ་གོ་ཡུ་དང༌། །རིན་ཆེན་ཏོག་ལ་རིན་ཆེན་དབལ་དང༌། །ནམ་ཡང་ལ་གཞར་ཡང་ལ་སོགས་པ་བོད་ཀྱི་བརྡ་རྙིང་པ་རྣམས་དེང་སང་གོ་དཀའ་བ་དང༌། གཞན་ཡང་ཤཱཀྱ་ལ་ཕོད་པར་བསྒྱུར། གོ་པ་ལ་ས་འཚོར་བསྒྱུར། མ་ག་དྷཱ་ལ་བྱིངས་འཛིན། ཝཱ་རཱ་ཎ་སཱི་ལ་འཁོར་མོ་འཇིག ཀོ་ས་ལ་ལ་མཛོད་ལེན། སིནྡྷུ་ར་ལ་ལི་ཁྲིར་བསྒྱུར་བ་ལ་སོགས་པ་སྒྲ་མི་ཤེས་ན་གོ་དཀའ་བ་དང༌། གཞན་ཡང་གདུགས་དཀར་ལ་ཚད་སྐྱོབ་དཀར་པོ། སྨོན་ལམ་ལ་ཡོངས་སུ་བསྒྱུར་བ། དགེ་བ་ལ་ངན་འབྱོལ་ལ་སོགས་པ་ལྟ་བུ་སྒྲའི་ཁམས་མི་ཤེས་ན་གོ་དཀའ། སྒྲ་འགྱུར་ཉིད་ལའང་ཁམས་ཐ་དད་ཀྱིས་འགྲོ་བ་ཡོད། དཔེར་ན་ཀཱ་ཡའི་སྒྲ་དབྱངས་སུ་འགྲོ་བ་དང༌། ལེན་པའི་སྒྲ་གཅད་པར་འགྲོ་བ་དང༌། འཁོར་བའི་སྒྲ་འཁྲུལ་པར་འགྲོ་བ་ལ་སོགས་པ་སྒྲ་མི་ཤེས་ན་ནི་གོ་དཀའ་བ་ཡོད། གཞན་ཡང་རང་རང་གི་ཡུལ་གྱི་སྐད་དུ་བསྒྱུར་བས། མདའ་ལ་ཉག་ཕྲན། གཞུ་ལ་གནམ་རུ། ཏོག་ཙེ་ལ་འཇོར་རམ་ཤིམ་པ། གཤོལ་ལ་ཐོང་པ། གཞོང་པ་ལ་ཡོལ་གོ བུ་རམ་ལ་ལྀ་ཁ་ར། འཕངས་པ་ལ་འགྱོང་པ། ལག་པ་ལ་སུག་པ། བཞོན་པ་ལ་ཕྱུགས་ཆུང༌། ཆུད་མི་འཛའ་བ་ལ་ཆབ་མི་འཚལ་བ་ལ་སོགས་པ་ཡུལ་ཕན་ཚུན་དུ་མ་གྲགས་པ་བསྒྱུར་བས་གོ་དཀའ་བ་ཡོད། འགའ་ཞིག་རྣམ་གྲངས་ནོར་བ་དང༌། །ལ་ལས་ས་མཚམས་འཆུགས་པ་དང༌། །ལ་ལ་མུན་སྦྲུལ་ཀྱིས་བསླད་པས། །ལོག་པར་བསྒྱུར་བ་གོ་བ་དཀའ། །སཾ་སྐྲྀ་ཏའི་རྣམ་གྲངས་ཀྱི་སྒྲ། །བསེ་རུ་ལ་རལ་གྲི་རལ་གྲི་ལ་བསེ་རུར་བསྒྱུར་བ་དང༌། རྗེས་དང་རྐང་པའི་སྒྲ་བཟློག་ནས་བསྒྱུར་བ་དང༌། བྱིས་པ་དང་བྱེ་མ་དང་སྐྲའི་སྒྲ་ཕན་ཚུན་འཆོལ་བར་བསྒྱུར་བ་ལ་སོགས་པ་དང༌། ལ་ལ་ས་མཚམས་འཆུགས་པ་ཡོད་དེ། རྣམ་དབྱེ་གསུམ་པའི་ནའི་སྒྲ་ཚིག་འོག་མའི་དགག་པའི་སྒར་འོག་ཏུ་སྦྱར་བ་དང༌། ཚིག་འོག་མའི་དགག་སྒྲའི་ན། གོང་མའི་རྣམ་དབྱེ་གསུམ་པའི་ནའི་སྒྲ་ཡར་སྦྱར་བའི་སྟོབས་ཀྱིས་སྒྲ་འཁྲུལ་པར་བསྒྱུར་བ་དང༌། གཏོར་མ་ཤ་ཁྲག་མེད་པ་ལ། །ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པར་བསྒྱུར་བ་ལ་སོགས་པ་གཅོད་མཚམས་འཆུགས་པས་དོན་ནོར་བར་བསྒྱུར་བའང་ཡོད། ལ་ལ་སྒྲ་མི་ཤེས་པས་མ་རྟོགས་ཏེ་མུན་སྤྲུལ་དུ་བསྒྱུར་བ་སྙིང་པོ་ལ་མདར་བསྒྱུར་བ་དང༌། ལྗང་གུ་ལ་འཕྲོག་པ་དང༌། འབྱུང་པོའི་དབང་པོ་ལ་བརྒྱ་བྱིན་བྱང་ཆུབ་ཏུ་བསྒྱུར་བ་ལ་སོགས་པ་འཁྲུལ་པར་བསྒྱུར་བའི་སྟོབས་ཀྱིས་བརྗོད་བྱའི་དོན་ཇི་ལྟར་ཡིན་པ་མི་རྟོགས་པ་མཐོང་ངོ༌། །ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མ་རྟོགས་ནས། །ལོག་པར་བསྒྱུར་བ་ཅུང་ཟད་མཐོང༌། །མུ་སྟེགས་བྱེད་ཀྱི་སྔོན་རབས་དང༌། །མདོའི་རྟོག་པ་བརྗོད་པ་སྣ་ཚོགས་ལས། །སེམས་ཅན་གྱི་མིང་དང་ཡུལ་གྱི་མིང་ཐ་དད་དུ་འདོགས་པ་རྣམས་སྔོན་རབས་ཀྱི་གཏམ་རྒྱུད་མ་ཤེས་པས། ལོ་ཙཱ་བ་མཁས་ཀྱང་ཕྱིན་ཅི་ལོག་ཏུ་བསྒྱུར་བ་མཐོང་སྟེ། རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply