དཔེར་ན་ས་ར་སྭ་ཏཱི་སྒྲ་སྔོན་རྒྱ་མཚོ་བསྲུབས་པ་ལས་བྱུང་བས་མཚོ་ལས་བྱུང་བ་ཡིན་མོད་ཀྱི། གཏམ་རྒྱུད་མ་གཟིགས་པ་དང་བོད་ཀྱིས་གོ་བདེ་བར་བྱ་བའི་དོན་དུ་དབྱངས་ཅན་མར་བསྒྱུར་རོ། །ས་ར་སྭ་ཏཱི་ཞེས་སྒྲ་བཟློག་ན་དབྱངས་ཅན་ཡིན་མོད་ཀྱི། འདིར་ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ༌། །དེ་བཞིན་དུ་གླང་པོ་ཆེ་ས་སྲུང་གི་བུའང་དེ་དང་འདྲའོ། །ཡང་པྲིདྡྷ་སནྡྷ་ན་ཞེས་བྱ་བ་གཏམ་རྒྱུད་ལས་ལྷ་མ་ཡིན་རྒན་མོ་ཞེས་བྱ་བ་ལུས་ཕྱེད་དུ་སོང་བ་སྦྱར་བ་ཡིན་མོད་ཀྱི། རྒན་པོས་སྦྱར་བ་ཞེས་བྱ་བར་བསྒྱུར་བ་དང༌། བྷ་གི་ར་ཐ་ཞེས་བྱ་བ་སྔོན་རབས་ལས་བདག་ཉིད་ཆེན་པོ་དུག་ཅན་པའི་བུ་མོ་དག་གི་བྷ་ག་བསྲུབས་པ་ལས་སྐྱེས་པས་བྷ་ག་སྲུབ་ཅེས་བྱ་བ་ཡིན་མོད་ཀྱི། སྒྲ་འགྱུར་དུ་སྐལ་ལྡན་ཤིང་རྟ་ཞེས་བསྒྱུར་བ་དང༌། གོ་དཱ་ཝ་རི་ཞེས་བྱ་བ་དྲང་སྲོང་ཞིག་གིས་བ་ལང་བསད་པའི་སྡིག་སྦྱོང་གི་ཆུ་ཡིན་པས། བ་ལང་བསད་པའི་ཆུ་ཞེས་བྱ་བར་འགྱུར་མོད་ཀྱི། བའི་མཆོག་སྦྱིན་ཞེས་དོན་འགྱུར་བྱས་པ་དང༌། ན་ར་ཡ་ནའི་སྒྲ་མིའི་ཐེག་པ་བྱ་བ་ཡིན་མོད་ཀྱི་སྲེད་མེད་ཀྱི་བུར་བསྒྱུར་བ་དང༌། མནྡ་ཀའི་སྒྲ་དལ་འགྲོའམ་གྱ་གྱུ་ཞེས་བྱ་བ་ཡིན་མོད་ཀྱི། དལ་གྱིས་འབབ་ཏུ་བསྒྱུར་བ་དང༌། མནྨ་ཐའི་སྒྲ་བདུད་སྡིག་ཅན་གྱིས་སེམས་ཅན་གྱི་ཡིད་བསྲུབས་པས་ཡིད་སྲུབ་དང༌། ཨ་ནཾ་ག་ཀྲྀ་ཌའི་སྒྲ་ལུས་མེད་པ་སེམས་ཅན་གྱི་སེམས་རོལ་ཅིང་རྩེ་བར་བྱེད་པས་ལུས་མེད་རྩེན་བྱ་བར་འཐད་མོད་ཀྱི། འདོད་པའི་བདུད་དམ་འདོད་པའི་ལྷར་བསྒྱུར་བ་དང༌། སྐནྡྷའི་སྒྲ་སྨིན་དྲུག་གི་བུས་ལྷ་མ་ཡིན་གྱི་དམག་དཔུང་མཐོང་བ་ན་ངུས་པས་དྲང་པོར་བསྒྱུར་ན་ངུ་བ་ཡིན་མོད་ཀྱི། སྐེམ་བྱེད་དུ་བསྒྱུར་བ་དང༌། དྷ་མོ་ད་རའི་སྒྲ་ནོར་ལྷའི་བུ་བྱིས་པའི་གནས་སྐབས་ན་ཐ་གུ་ལྟོ་བ་ལ་དཀྲིས་པས་ཐ་གུ་ལྟོ་ཞེས་འཐད་མོད་ཀྱི་ཁྱབ་འཇུག་ཏུ་བསྒྱུར་བ་དང༌། སིངྒ་ལའི་སྒྲ་དེད་དཔོན་སེང་གེ་ཞེས་བྱ་བས་རྒྱ་མཚོ་ལས་ནོར་བུ་ལེན་པའི་ཚེ་རྙེད་པའི་གླིང་ཡིན་པས། དོན་དུ་སེངྒེའི་གླིང་ཞེས་བྱ་བ་ཡིན་མོད་ཀྱི། སིངྒ་ལར་གཞག་པ་དང༌། ཧི་མ་ལ་ཡའི་སྒྲ་ལྷ་མོ་ཨུ་མའི་ཕ་དབང་ཕྱུག་ཆེན་པོ་འདུག་པའི་གནས། མཚོ་མ་དྲོས་པ་དང་ཉེ་བའི་རི་བོ་གངས་ཅན་ཞེས་བྱ་བ་ཡིན་མོད་ཀྱི། ལོ་ཙཱ་མི་ཤེས་པ་དག་གིས་ཏི་སེར་བསྒྱུར་བ་འགའ་རེ་མཐོང༌། གངས་ཅན་ལ་རྒྱ་གར་སྐད་ཧི་མ་ལ་ཡ་ཟེར། ཏི་སེ་ལ་རྒྱ་གར་སྐད་དུ་ཀེ་ཏ་ར་ཟེར་བ་ཡིན། གངས་ཅན་དང་ཏི་སེ་གཉིས་རྒྱ་གར་གྱི་སྒྲ་ཡང་ཐ་དད། དོན་ཡང་ཐ་དད་དུ་གནས་པ་ལ་མ་ཤེས་པས་འཁྲུལ་པར་བསྒྱུར་བ་ཡོད་དོ། །འགའ་ཞིག་བོད་ལ་གོ་བདེའི་ཕྱིར། །ལེགས་པར་སྦྱར་ལ་མེད་ན་ཡང༌། །ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། །དེ་ལ་མཁས་པས་བཤད་མི་དགོས། །ལེགས་པར་སྦྱར་བའི་སྐད་ལ་མེད་ཀྱང་བོད་ཀྱིས་གོ་བདེ་བར་བྱ་བའི་ཕྱིར་ཚིག་གི་རྒྱན་ཅུང་ཟད་བསྣན་ནས་བསྒྱུར་བ་ཡོད་དེ། རྒྱ་གར་ལ་སྒྲ་མེད་ཀྱང་རིན་པོ་ཆེ་བཻ་ཌཱུ་རྻ་དང༌། རིན་པོ་ཆེ་པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པ་དང༌། རྒྱ་གར་ལ་མེ་ཏོག་གི་སྒྲ་མེད་ཀྱང་མེ་ཏོག་ཨུཏྤ་ལ་དང༌། མེ་ཏོག་པདྨ་དང༌། མེ་ཏོག་སཽ་གནྡྷི་ཀ་ཞེས་བྱ་བ་ལ་སོགས་པ་བསྣན་པ་དང༌། རྒྱ་གར་ལ་ཤིང་གི་སྒྲ་མེད་ཀྱང་ཤིང་ནྱ་གྲོ་དྷ་དང༌། ཨ་ཤྭ་ཀ་དང༌། ཤིང་པ་ལ་ཤ་ཞེས་བྱ་བ་ལ་སོགས་པ་བསྣན་པ་དང༌། རྒྱ་གར་ལ་རི་དྭགས་ཀྱི་སྒྲ་མེད་ཀྱང་འགའ་ཞིག་གིས་རི་དྭགས་ཁྲི་སྙན་ས་ལེ་དང༌། རི་དྭགས་ཨེ་ཎ་ཡ་ཞེས་བྱ་བ་ལ་སོགས་པ་བསྣན་པ་དང༌། རྒྱ་གར་ལ་ཉའི་སྒྲ་མེད་ཀྱང་ཉ་ཏི་མི་ལ་སོགས་པ་དེ་དག་བསྣན་པའི་རྒྱུ་མཚན་གང་ཡིན་སྙམ་ན། བོད་བརྡ་མི་ཤེས་པ་དག་གིས། རིན་པོ་ཆེ་དང༌། མེ་ཏོག་དང༌། ཤིང་དང༌། རི་དྭགས་དང༌། གོས་དང༌། སྲོག་ཆགས་ཀྱི་བྱེ་བྲག་ལ་སོགས་པའི་མིང་གང་ཡིན་ཞེས་དོགས་པ་སྐྱེ་བས། དེ་གཅད་པའི་དོན་དུ་རིན་པོ་ཆེ་དང༌། མེ་ཏོག་དང༌། ཤིང་ལ་སོགས་པ་བསྣན་པའོ། །དེ་བཞིན་དུ་ཡེ་ཤེས་དང༌། ཕྱག་རྒྱ་དང༌། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང༌། ཕྱག་དང༌། གོ་ལ་སོགས་པའི་སྒྲ་མེད་ཀྱང་བོད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ་དང༌། རྒྱ་གར་ལ་ཞེ་སའི་སྒྲ་དང་ཕལ་པའི་སྒྲ་ཕལ་ཆེར་ཁྱད་མེད་ཀྱང༌། སངས་རྒྱས་ཀྱིས་གཞན་ལ་སྨྲས་པ་བཀའ་སྩལ། གཞན་གྱིས་སངས་རྒྱས་ལ་ཞུས་པ་ལ་གསོལ་པ། མཉམ་པོ་ཕན་ཚུན་འདྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར། དེ་བཞིན་དུ་ཞེ་ས་དང་ཞེ་ས་མ་ཡིན་པའི་ཚིག་ཐམས་ཅད། བོད་ཀྱི་ཚིག་བཟང་ངན་ལ་གོ་བདེ་བར་སྒྱུར་ཅིག་ཅེས་སྐད་གསར་བཅད་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གཞན་ཡང་རྒྱ་གར་ལ་ལྷའི་མེ་ཏོག་དང༌། ལྷའི་བདུག་སྤོས་དང་ཞེས་བྱ་བ་ལ་སོགས་པ་ལ་འགའ་ཞིག་གིས་རྫས་ཀྱི་སྒྲ་བསྣན་ནས། ལྷ་རྫས་ཀྱི་མེ་ཏོག་དང་ལྷ་རྫས་ཀྱི་བདུག་སྤོས་དང་ཞེས་བྱ་བ་ལ་སོགས་པར་བསྒྱུར་བ་དང༌། དེ་བཞིན་དུ་མེ་ཏོག་ཟ་བ་དང་བདུག་སྤོས་ཟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཟས་སུའི་སྒྲ་བསྣན་ནས་ཟས་སུ་མེ་ཏོག་ཟ་བ་དང༌། ཟས་སུ་བདུག་སྤོས་ཟ་བ་དང༌། ཟས་སུ་དྲི་ཟ་བ་དང་ཞེས་བྱ་བ་ལ་སོགས་པར་བསྒྱུར་བ་དང༌། དེ་བཞིན་དུ། གཞན་ཡང་བོད་ཀྱི་མགོ་བདེ་བའི་དོན་དུ་ཚིག་གི་ལྷད་བག་རེ་བསྣན་པ་ཡོད་མོད། དེ་ཤེས་པར་བྱས་ལ་བཤད་པ་དཀྱུས་མའི་ནང་དུ་མི་གཞུག གལ་ཏེ་བཅུག་ན་སྒྲ་ཤེས་པ་རྣམས་ཀྱིས་ཁྲེལ་བར་འགྱུར་ཏེ། དཔེར་ན་ཡེ་ཤེས་ལ་གདོད་མའི་ཤེས་པ་དང༌། བཅོམ་ལྡན་འདས་ལ་མྱ་ངན་ལས་འདས་པ་དང༌། ཕྱག་རྒྱ་ཆེན་པོ་ལ་ལག་པའི་རྒྱར་བཤད་པ་ལ་སོགས་པ་བོད་ལ་བཤད་དུ་རུང་ཡང༌། སྒྲ་ཤེས་པས་མཐོང་ན་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །འགའ་ཞིག་དོགས་པ་བཟློག་པའི་ཕྱིར། །རྣམ་གྲངས་ཟློས་པར་བཤད་ན་ཡང༌། །དེ་དག་སྐྱོན་དུ་མི་གཟུང་སྟེ། །དགོས་པ་མཐོང་ནས་བཤད་ཕྱིར་རོ། །དཔེར་ན་བརྒྱད་སྟོང་པ་ལས། འདབ་ཆགས་བྱ་ཞིང་ཅེས་འབྱུང་སྟེ། །འདབ་ཆགས་དང་བྱ་གང་རུང་གིས་དོན་གོ་མོད་གཉིས་ཀ་བཟླས་པ་དོན་མེད་དོ་སྙམ་ན་མ་ཡིན་ཏེ། འདབ་ཆགས་ལ་སཾ་སྐྲྀ་ཏས་པཀྵི་ཟེར་ལ། སྒྲ་དེ་ཕྱོགས་ལ་སོགས་པ་མང་པོ་ལ་འཇུག་པས་དེ་སྤང་བའི་དོན་དུ་བྱ་ཞེས་སྨོས་སོ། །ཡང་བྱ་ལ་སཾ་སྐྲྀ་ཏའི་སྐད་ཤ་ཀུན་ཞེས་ཟེར་ལ། དེ་བཀྲ་ཤིས་དང་དགེ་མཚན་ལ་སོགས་པ་གཞན་ལ་ཡང་འཇུག་པས། དེ་གཅད་པའི་དོན་དུ་འདབ་ཆགས་ཞེས་སྨོས་པ་ཟློས་པའི་སྐྱོན་མེད་དོ། །དེ་བཞིན་དུ་ཤིང་ལྗོན་པ་ལ་སོགས་པ་ལའང་སྦྱར་ཏེ་ཤེས་པར་བྱའོ། །འགའ་ཞིག་གུས་པ་བསྐྱེད་པའི་ཕྱིར། །བཟླས་པའི་ཚིག་དོན་སྦྱོར་བར་བྱེད། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་གང་རུང་གིས་གོ་བ་ལ་གཉིས་བཟླ་ཅི་དགོས་སྙམ་ན། འདི་ལ་ཊཱི་ཀ་བྱེད་པ་འགའ་ཞིག་གིས་འདི་ལྟར་བཤད་དེ། སངས་རྒྱས་ཞེས་ཚིག་རྐྱང་བ་བརྗོད་ན་མ་གུས་པར་འགྱུར་ལ། བཅོམ་ལྡན་འདས་ཞེས་བརྗོད་ན་གུས་པའི་ཚིག་ཏུ་འགྱུར་རོ་ཞེས་ཟེར་རོ། །འགའ་ཞིག་ན་རེ་སངས་རྒྱས་ཞེས་བརྗོད་ན་བློའི་བྱེ་བྲག་ལའང་འཇུག་པས་བཅོམ་ལྡན་སྨོས་སོ། །བཅོམ་ལྡན་ཞེས་བརྗོད་ན་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་ཡང་འཇུག་པས་སངས་རྒྱས་ཞེས་སྨོས་སོ། །གཉིས་ཀ་ལྟར་ཡང་འགལ་བ་མེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སོགས་པ་ལའང་སྦྱར་བར་བྱའོ། །དེ་བཞིན་དུ་རྒྱལ་པོ་མིའི་བདག་པོའམ། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ལ་བརྟགས་ཏེ་ཤེས་པར་བྱའོ། །དེ་ལྟར་ཚིག་གི་དོན་ལེགས་པར་ཤེས་པར་འདོད་ན། །རིག་པའི་གནས་ལྔ་ཀ་ལ་ཅི་རིགས་པར་སྦྱང་དགོས། ཁྱད་པར་དུ་སྒྲ་དང་སྡེབ་སྦྱོར་དང་སྙན་ངག་དང༌། མིང་གི་མངོན་བརྗོད་ལ་སོགས་པ་ལ་འདྲིས་པར་བྱའོ། །སྤྱིར་ཤེས་བྱ་ཐམས་ཅད་ལ་དབང་འབྱོར་པ་ལ་གཟུངས་ཀྱི་སྒོ་ཤེས་དགོས། དེའི་དོན་ཅུང་ཟད་བཤད་ན་བཞི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཨ་ར་པ་ཙ་ན་ལ་སོགས་པ་བསྒོམས་པས་དེའི་དོན་ལ་བཟོད་པ་སྐྱེ་བ་ནི་བཟོད་པའི་གཟུངས་སོ། །དེ་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུར་འགྱུར་བ་ནི་ཆོས་ཀྱི་གཟུངས་སོ། །དེའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་དོན་རྟོགས་པ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་ཡོངས་སུ་བསྡུ་བའི་ཕྱིར་ཆོས་ཐམས་ཅད་སྟོན་པ་དང་སྔགས་སྦྱོར་བ་དོན་ཡོད་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་སོ། །ཨ་ནི་ཨཱ་དྱ་ནུཏྤནྣ་སྟེ་གདོད་མ་ནས་མ་སྐྱེས་པས་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ནི་བི་ར་ཛ་སྟེ་རྡུལ་དང་བྲལ་བའི་ཕྱིར་རོ། །པ་ནི་པ་ར་མཱརྠ་ཤུ་ནྱ་ཏཱ་སྟེ་དོན་དམ་པ་སྟོང་པ་ཉིད་དུ་ཁྱད་མེད་པའི་ཕྱིར་རོ། །ཙ་ནི་ཨ་ཙྱུ་ཏ་སྟེ་འཆི་འཕོ་བ་མེད་པའི་ཕྱིར་རོ། །ན་ནི་ནཱ་མ་བི་ག་ཏ་སྟེ་མིང་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །གཟུངས་ཀྱི་སྒོ་གཞན་ཡང་བཤད་དུ་ཡོད་མོད་ཀྱི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཟུངས་ཀྱི་སྒོ་འདི་དག་འཕགས་པ་ས་ཆེན་པོ་ལ་གཏོགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། དེང་སང་འདིའི་ཆ་ཤས་ཙམ་ཡང་བསྒྲུབ་དཀའ། འོན་ཀྱང་འཕགས་པ་འཇམ་དཔལ། བླ་མ་དམ་པ་ལ་གདམས་ངག་ཕྱིན་ཅི་མ་ལོག་པ་ཞུས་ཏེ། སྒྲུབ་པ་སྙིང་པོར་བྱས་ན་འགྲུབ་པའི་གོ་སྐབས་ཡོད། གཞན་ཡང་བསྟན་བཅོས་ཆེན་པོ་ལས། དཔེ་དང་ཚིག་སྦྱར་མང་བཤད་པ། །དེ་དག་ཀྱང་ནི་མདོར་བསྡུས་ཏེ། །བཤད་པར་བྱ་བ་ཅུང་ཟད་ཉོན། །རྒྱལ་པོའི་གྲ་སའི་རྣམ་གཞག་དང༌། །རྒྱལ་རིགས་ཀྱི་ལུགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི། རང་མི་རིགས་པ་ལ་སྤྱོད་ཅིང་གཞན་མི་རིགས་པ་བྱེད་པ་ཚར་གཅོད་པའི་དཔེའོ། །ལྷ་རྣམས་དགའ་བ་ཞེས་བྱ་བ་ནི། ར་དང་མ་ཧེ་ལ་སོགས་པའི་མཆོད་སྦྱིན་དག་ལ་ལྷ་རྣམས་དགའ་བས། ཁྱོད་ཀྱི་བློ་ཡང་དུད་འགྲོ་དང་འདྲའོ་ཞེས་བསྟིང་པའི་ཚིག་གོ །འབྱུང་པོ་དང་མགུལ་ཆིངས་བཞིན་ནོ་ཞེས་པ་ནི། འབྱུང་པོ་མཆོད་པ་དག་གིས་སྲོག་ཆགས་ཀྱི་གཟུགས་བརྙན་མི་འདྲ་བ་མང་པོའི་མགྲིན་པར་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་སྲད་བུ་གཅིག་གིས་བཅིངས་པ་ལྟར། བྱེ་བྲག་དུ་མ་ལ་སྤྱི་གཅིག་གིས་ཁྱབ་པའི་དཔེའོ། །བྱ་རོག་དང་ཏ་ལའི་ཚུལ་ཞེས་པ་ནི། ཏ་ལའི་ཡལ་ག་རང་ཉིད་ཆག་པའི་སྟེང་དུ་བྱ་རོག་བབས་པ་ན། བྱ་རོག་གིས་ཏ་ལ་བཅག་ཅེས་འཇིག་རྟེན་སྒྲོགས་པ་ལྟར་སྟེས་དབང་གིས་དོན་འགྲུབ་པའི་དཔེའོ། །བྱ་རོག་གི་དྲི་བ་ཞེས་བྱ་བ་ནི། གཞུང་ལུགས་འཆད་པ་ན་སྔར་མ་བསམས་པ་གློ་བུར་དུ་དགོས་པ་དྲན་ནས་དེ་ཅི་ཞེས་པ་བབ་ཅོལ་དུ་འདྲི་བའོ། །བཞད་གད་མཁན་རི་མོ་འདྲི་བའི་ཚུལ་ཞེས་པ་ནི། བཞད་གད་མཁན་རི་མོ་མཁན་ལ་འགྲན་པའི་ཚེ་མིའི་མགོ་ལ་ལྟག་པའམ། གླང་པོ་ལ་གཞུའི་དབྱིབས་བྲིས་ནས་ང་སྐྱེན་ཞེས་ཟེར་རོ། །རི་མོ་མཁན་གྱིས་སྨྲས་པ་ཁྱོད་ཀྱི་ལ་ཁ་མིག་དང་ཡན་ལག་མ་ཚང་ངོ་ཞེས་བརྩད་པ་ན། ཁྱོད་ཀྱི་ལའང་ལྟག་པའམ་ཕྱོགས་གཅིག་མ་ཚང་ངོ་ཞེས་མགོ་བསྒྲེ་བ་ལྟར། མཁས་པ་ལེགས་པར་ཤེས་པ་ལ། བླུན་པོ་ཕྱོགས་གཅིག་ཙམ་ཤེས་པས་མཚུངས་པ་རྩོད་པའི་དཔེའོ། །གཡེམ་མ་མུ་ཅོར་གྱིས་རྒྱལ་ལོ་ཞེས་བྱ་བ་ཡང་འཕྱོན་མས་ལོག་པར་སྤྱོད་པ་བདག་པོས་མཐོང་བའི་ཚེ། བདག་པོས་འཐབས་པ་ན་ཁྱོད་ཀྱི་མིག་ཆུ་བུར་བེམས་པོ་ལ་ཡིད་བརྟན་ཅི། ང་སྙིང་དང་འདྲ་བ་བདེན་ནོ་ཞེས་ཟེར་བ་ལྟར། ཁྱོད་ཀྱི་ལུང་རིགས་ལ་ཡིད་བརྟན་ཅིང༌། ངའམ་ངའི་བླ་མ་གསུང་བ་བདེན་ནོ་ཞེས་ཟེར་བའི་དཔེའོ། །ལོ། གྲག ཅེའོ། །ཞེས་ཟེར་བའི་ཚིག་ཕྲད་ནི་ཟེར་ཡང་མི་བདེན་ནོ་ཞེས་ཟེར་བའི་དོན་ཡིན་ནོ། །དེ་ལ་སོགས་པ་ཐམས་ཅད་རང་གིས་བརྟགས་ལ་ཤེས་པར་བྱའོ། །སྒྲ་དང་དོན་གྱི་དབྱེ་བ་ཡིས། །མཚམས་སྦྱར་བ་ནི་རྣམ་པ་གཉིས། །སྒྲ་སྔ་ཕྱི་མཚམས་སྦྱར་བ་དང་དོན་ཕན་ཚུན་མཚམས་སྦྱར་བའོ། །དང་པོ་ནི་གཞུང་གི་ཚིག་གི་དོན་སྔར་བརྗོད་པའི་ནུས་པ་ལ་བརྟེན་ནས་འདྲེན་མི་ནུས་པའམ། གལ་ཏེ་ནུས་ཀྱང་དངོས་སུ་མི་གསལ་བའམ། ཚིག་སྦྱར་བའི་ཚུལ་དཀའ་བ་འགའ་ཞིག་ཚིག་སྔ་ཕྱིའི་དོན་འདི་ལྟར་འབྲེལ་ཏེ་ཞེས་བརྗོད་པ་སྟེ། དཔེར་ན། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་ཡི་དོན་ནི་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟར། ཚིག་དངོས་སུ་མ་སྦྱར་ཡང་འགའ་ཞིག་བརྗོད་འདོད་ཀྱི་སྟོབས་ཀྱིས་རྟོགས་པ་ཡང་ཡོད། འགའ་ཞིག་དངོས་ཤུགས་ཀྱི་སྒོ་ནས་རྟོགས་པའང་ཡོད། འགའ་ཞིག་དགོས་པའི་སྒོ་ནས་རྟོགས་པ་ཡོད་དོ། །དོན་ནི་མདོར་བསྟན་རྒྱས་བཤད་དམ། །འགལ་འབྲེལ་སྒོ་ནས་མཚམས་སྦྱོར་བྱེད། །དེ་ལྟར་མདོར་བསྟན་ནས་དེ་ཉིད་རྒྱས་པར་འཆད་ཅེས་པ་ལྟ་བུའམ། འགལ་འབྲེལ་གྱི་སྒོ་ནས་སྤང་བྱ་དང་གཉེན་པོའམ། རྒྱུ་དང་འབྲས་བུའི་ལ་སོགས་པའི་སྒོ་ནས་མཚམས་སྦྱོར་བར་བྱེད་དེ། །དཔེར་ན། དེ་ལྟར་སྤང་བྱ་བཤད་ནས་གཉེན་པོ་འཆད་ཅེས་བྱ་བའམ། རྒྱུ་བཤད་ནས་འབྲས་བུ་འཆད་ཅེས་བྱ་བ་ལྟ་བུ་དངོས་སུ་བཀོད་པའམ། གཞུང་དངོས་སུ་མ་བཀོད་ཀྱང་རུང་སྟེ། འཐད་པའི་སྒོ་ནས་མཚམས་སྦྱར་ཏེ་བཤད་པར་བྱའོ། །བརྒལ་ལན་སྒོ་ནས་གཞུང་གི་དོན། །ལུང་དང་རིགས་པས་གཏན་ལ་དབབ། ཚིག་དང་དོན་ཤིན་ཏུ་བརླིང་ཞིང་རྟོགས་དཀའ་བ་དང་མུ་སྟེགས་པ་དང་སངས་རྒྱས་པའི་རྣམ་གཞག་ཕན་ཚུན་འདྲེས་པ་ལྟ་བུ་དང༌། སངས་རྒྱས་པ་ལ་ཡང་ཐེག་པ་ཆེ་ཆུང་དང༌། ཐེག་པ་ཆུང་ངུ་ལ་ཡང་རྩ་བའི་སྡེ་བཞི་དང་དེ་ལས་གྱེས་པའི་བཅོ་བརྒྱད་ལ་ཡང་ལྟ་བ་དང་སྤྱོད་པ་མི་འདྲ་བའི་སྒོ་ནས་རྩོད་པའི་གཞི་མང་དུ་ཡོད་ལ། ཐེག་པ་ཆེན་པོ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་པར་དང༌། ཕ་རོལ་ཏུ་ཕྱིན་པ་ལ་ཡང་སེམས་ཙམ་དང་དབུ་མ་དང༌། གསང་སྔགས་ལ་ཡང་རྒྱུད་སྡེ་བཞི་ལ་སོགས་པའི་སྒོ་ནས་གྲུབ་པའི་མཐའ་འགལ་བར་སྣང་བ་མང་དུ་ཡོད་པས། དེ་ལྟ་བུའི་གནས་སྐབས་སུ་བརྒལ་ལན་གྱིས་གཏན་ལ་མ་ཕབ་ན། ཆོས་ནོར་བ་དང་མ་ནོར་བ་མི་ཤེས་པས། ལུང་དང་རིགས་པའི་སྒོ་ནས་བརྒལ་ལན་གྱིས་གཏན་ལ་ཕབ་སྟེ་བསྙད་པར་བྱའོ། །མཐའ་དྲུག་གང་གིས་ཤེས་པ་དེ། །གཞུང་བཤད་པ་ལ་ཤིན་ཏུ་མཁས། །གཞུང་ལུགས་ཆེན་པོ་བཤད་པ་ལ་མཐའ་དྲུག་ཤེས་དགོས་ཏེ། དགོངས་པ་དང་དགོངས་པ་མ་ཡིན་པ། དྲང་བའི་དོན་དང་ངེས་པའི་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའོ། །དགོངས་པ་བཤད་པ་ནི་མཉམ་པ་ཉིད་ལ་སོགས་པ་དགོངས་པ་བཞི་དང༌། གཞུག་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པ་ལྡེམ་དགོངས་བཞི་ཤེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚིག་དོན་འགལ་བར་སྣང་བ་རྣམས་དགོངས་པ་ཤེས་པས་མི་འགལ་བར་འགྱུར་རོ། །འདི་དག་རྒྱས་པར་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་ཏེ། མདོ་སྡེ་རྒྱན་ལ་སོགས་པར་བལྟ་བར་བྱའོ། །དགོངས་པ་མ་ཡིན་པ་བཤད་པ་ནི། དེ་ལྟར་དགོངས་པ་གཞན་བཙལ་མི་དགོས་པར་ཚིག་དོན་དེ་ཉིད་ཀྱིས་སངས་རྒྱས་ཀྱི་དགོངས་པ་དངོས་སུ་འཕྲོད་པའོ། །སེམས་ཅན་འགའ་ཞིག་རྗེས་སུ་གཟུང་བའི་ཕྱིར་དོན་བདེན་པ་མ་ཡིན་ཡང་གང་ཟག་གི་བསམ་པ་དང་བསྟུན་ནས། སེམས་དགའ་བ་བསྐྱེད་དེ་བློ་དྲངས་ནས། །ཕྱིས་ངེས་པའི་དོན་ལ་འཇུག་པའི་གཞི་མཛད་པའོ། །ངེས་པའི་དོན་ནི་གང་ཟག་དབང་པོ་རྣོན་པོ་རྣམས་ལ་ཚིག་དེ་ཉིད་ཀྱིས་རྗེས་སུ་འབྲངས་པས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །འདི་དག་རྒྱས་པར་དགོངས་འགྲེལ་ལ་སོགས་པར་ཤེས་པར་བྱའོ། །འགའ་ཞིག་སངས་རྒྱས་ཀྱི་གསུང་ཐམས་ཅད་ངེས་དོན་ཁོ་ན་ཡིན་གྱིས་དྲང་དོན་མི་སྲིད་དེ། གལ་ཏེ་དྲང་དོན་ཡོད་ན་སངས་རྒྱས་བརྫུན་གསུང་བར་འགྱུར་རོ་ཞེས་ཟེར་རོ། །དེ་དག་གིས་མདོ་རྒྱུད་ཀྱི་དགོངས་པ་མ་ཤེས་པར་ཟད་དེ། ངེས་དོན་ཁོ་ན་ཡིན་ན་སྐུ་གསུམ་དང་སྡེ་སྣོད་གསུམ་དང་བསླབ་པ་གསུམ་ལ་སོགས་པའི་རྣམ་གཞག་ཐ་དད་པ་ཕལ་ཆེར་འགལ་བར་འགྱུར་ཏེ། རྣམ་གཞག་ཐ་དད་དོན་དམ་པ་ངེས་པའི་དོན་ལ་གར་ཡོད། ཐ་སྙད་ཀུན་རྫོབ་དྲང་བའི་དོན་ལ་བརྟེན་ནས་མཛད་དོ། །ཡང་ངས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་དང༌། ང་ནི་གཅིག་ཏུ་རྫོགས་སངས་རྒྱས། །ང་དང་འདྲ་བ་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པའང་ངེས་དོན་ཡིན་ན་མུ་སྟེགས་དང་འདྲ་བར་བདག་འཛིན་ཅན་དུ་ཐལ་བ་དང་འདས་མ་འོངས་ཀྱི་ལུང་བསྟན་པ་ཡང་དུས་གསུམ་རྫས་བསྒྲུབ་ཏུ་འགྱུར་བ་ལ་སོགས་པ་སྐྱོན་དཔག་ཏུ་མེད་དོ། །སྒྲ་ཇི་བཞིན་པ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་བྱ་བ་ལ་སོགས་པ་དགེ་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་སྒྲ་ཇི་ལྟ་བ་བཞིན་དོན་ལ་འཇུག་པའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི། ཕ་དང་མ་ནི་གསད་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་སྒྲ་དེ་དོན་གཞན་ལ་འཇུག་པ་སྟེ། མདོ་རྒྱུད་རྣམས་དང་སྙན་ངག་གི་བསྟན་བཅོས་འགའ་ཞིག་ལ་ཇི་ལྟར་འབྱུང་བ་ལྟར་རོ། །འདི་དག་གི་ཚུལ་རྒྱས་པར་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །མཐའ་དྲུག་མི་ཤེས་ན་མདོ་རྒྱུད་གང་བཤད་ཀྱང་ནོར་བར་འགྱུར་ཏེ། སློབ་དཔོན་ཟླ་བ་གྲགས་པས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་གསུངས་པ་ལྟར་རོ། །མཐའ་དྲུག་གི་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །འདི་ལྟ་བུའི་བཤད་པའི་ཚུལ་ལེགས་པར་ཤེས་ན། མདོ་རྒྱུད་ཀྱི་དགོངས་པ་ལེགས་པར་ཤེས་ཤིང༌། བརྒལ་ལན་གྱིས་གཏན་ལ་འབེབས་པ་མཁས་པར་འགྱུར་རོ། །བརྒལ་ལན་གྱི་ཚུལ་འདི་ལེགས་པར་ཤེས་པར་འདོད་ན། རིགས་པའི་གཏེར་དུ་བལྟ་བར་བྱའོ། །མཁའ་མཉམ་སེམས་ཅན་ཀུན་ལ་བརྩེ་བ་ཡིས། །ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་སྟེ། །ཐུབ་པའི་གསུང་རབ་ལེགས་པར་བཤད་པ་ཡིས། །དགེ་ལེགས་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །མཁས་པ་རྣམས་འཇུག་པའི་སྒོ་ལས་བཤད་པ་ལ་འཇུག་པའི་ལེའུ་གཉིས་པའོ།། །།དེ་ལྟར་བཤད་པ་ལ་འཇུག་པའི་ཚུལ་བསྟན་ནས། གྲུབ་པའི་མཐའ་བླང་བ་དང་དོར་བར་ཤེས་པའི་ཕྱིར་རྩོད་པའི་ཚུལ་བཤད་ན། འབེལ་བའི་གཏམ་ལ་སྦྱོར་དངོས་རྗེས། །སྦྱོར་བ་རྩོད་པའི་ལམ་སྦྱང་ཕྱིར། །རྒོལ་བ་གཉིས་དང་དཔང་པོ་རྣམས། །ངེས་པར་བྱས་ནས་བརྩད་ལ་འཇུག །ཆོས་དང་མཐུན་པའི་བདེན་པ་ལེན་ཅིང་ནོར་བ་འདོར་བའི་སྒོ་ནས་འབེལ་བའི་གཏམ་གྱིས་རྩོད་པ་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་བ་རྒོལ་བ་ངེས་པའི་ཕྱིར་རྩོད་པའི་ལམ་སྦྱང་བ། དངོས་གཞི་བསྟན་པ་བསྲུང་བའི་ཕྱིར་བརྒལ་ལན་གྱིས་དོན་གཏན་ལ་དབབ་པ། མཇུག་ཚོགས་པས་གཟུང་བདེ་བའི་ཕྱིར་ངག་བསྡུས་ཏེ་བརྡ་སྤྲད་པའོ། །དང་པོ་ནི་རང་རང་གི་གྲུབ་མཐའ་འཛིན་པར་ཁས་ལེན་པའི་རྒོལ་བ་དང༌། དེ་སུན་འབྱིན་པར་ཁས་ལེན་པའི་ཕྱིར་རྒོལ་བ་དང༌། དེ་གཉིས་ཀྱི་སྐྱོན་དྲང་པོར་འབྱེད་པའི་ཁས་ལེན་པའི་དཔང་པོ་གསུམ་ངེས་པར་བྱས་ནས་བརྩད་པར་བྱའི། དེ་དག་ངེས་པར་མ་བྱས་པར་བབ་ཅོལ་དུ་རྩོད་པ་ནི་མ་རབས་ཀྱིས་ཤགས་འགྱེད་པ་ལྟར་མཁས་པས་སྨད་པའི་གནས་སུ་འགྱུར་བས་རང་རང་གི་བསྟན་པ་འཛིན་ནུས་པ་མཁས་པས་བསྔགས་པའི་འབེལ་གཏམ་ལ་འཇུག་པར་བྱའོ། །རྒོལ་ཕྱིར་རྒོལ་ལ་ཚར་གཅད་པ་དང་རྗེས་སུ་གཟུང་བའི་གནས་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་གཞན་གྱི་ལུགས་དགག་པ། རང་གི་འདོད་པ་བརྗོད་པ། དེ་ལ་རྩོད་པ་སྤང་བ་གསུམ་ལས། དང་པོ་ལ་གཉིས་ཏེ། གངས་ཅན་པའི་ལུགས་དགག་པ་དང༌། རྐང་མིག་པའི་ལུགས་དགག་པའོ། །དང་པོ་ནི། རྒོལ་བ་གཉིས་དང་དཔང་པོ་ལ། །ཚར་གཅད་གནས་ནི་བཅུ་དྲུག་ཟེར། །ཚར་གཅད་གྱི་གནས་བོད་རྣམས་རྒོལ་བ་ལན་འདེབས་པའི་སྐབས་སུ་ཚར་གཅད་གསུམ། སྐྱོན་སྤོང་བའི་སྐབས་སུ་ཚར་གཅད་གསུམ་སྟེ་དྲུག་དང༌། ཕྱིར་རྒོལ་འདྲི་བའི་སྐབས་སུ་ཚར་གཅད་གསུམ། སྐྱོན་བརྗོད་པའི་སྐབས་སུ་གསུམ་སྟེ་དྲུག་དང༌། དཔང་པོས་རྣམ་པར་འབྱེད་པའི་སྐབས་སུ་ཚར་གཅད་གསུམ། ཐུན་མོང་དུ་རྣ་མི་གཏོད་པ་གསུམ་སྟེ་ཚར་གཅད་བཅུ་དྲུག་ཡིན་ནོ་ཞེས་ཟེར་རོ། །ཆོས་ཀྱི་གྲགས་པ་འདི་མི་བཞེད་དེ། རྩོད་པའི་རིགས་པར། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་གཅད་པ་ཡི་གནས་ཡིན་ཏེ། །གཞན་ནི་མི་རིགས་ཕྱིར་མི་འདོད། །ཅེས་གསུངས་པ་ལྟར་རོ། །རྒོལ་བ་གཉིས་ཀྱི་ཚར་གཅད་ཀྱི་གནས་སུ་གཉིས་པོ་དེའང་ཚར་གཅད་ཡིན་ན་རྒོལ་བ་ལ་སྒྲུབ་པའི་ཡན་ལག་མི་བརྗོད་པ་ཡན་ལག་མ་ཡིན་པ་བརྗོད་པ་གཉིས། ཕྱིར་རྒོལ་ལ་སྐྱོན་མི་བརྗོད་པ་དང་སྐྱོན་མ་ཡིན་པ་བརྗོད་པ་སྟེ་གཉིས་ལས་ཕྱེ་བས་བཞི་པོ་གང་རུང་དུ་འདུ་ལ་དེ་དག་ཏུ་མི་འདུ་ན་ཚར་གཅད་ཉིད་མ་ཡིན་ནོ། །དབང་པོ་ལ་ཚར་གཅད་མེད་དེ་གཉིས་པོ་དག་ཚར་གཅད་པའི་གནས་ཡིན་ཏེ་ཞེས་གསུངས་ལ་གཞུང་གི་ཆ་འགར་ཡང་དེ་མ་གསུངས་པའི་ཕྱིར་རོ། །ལ་ལ་དཔང་པོ་མི་དགོས་ཟེར། །མཁས་པའི་དཔང་པོས་མ་ཕྱེ་ན། །རྒོལ་བའི་མཁས་རྨོངས་མི་ཤེས་པས། །རྩོད་པའི་རིགས་པར་དགོས་པར་གསུངས། །ལ་ལ་རྩོད་པའི་སྐབས་སུ་དཔང་པོ་མི་དོགས་ཏེ། རྟོག་གེའི་གཞུང་ལས་མ་བཤད་པས་སོ་སྙམ་ན། མི་འཐད་དེ་རྩོད་པའི་རིགས་པ་ལས། སྒྲུབ་བྱེད་ཡང་དག་པར་བརྗོད་པའམ། སྐྱོན་ཡང་དག་པ་བརྗོད་པའི་སྒོ་ནས། རིགས་པའི་རྗེས་སུ་འཇུག་པར་འགྱུར་ཏེ། དཔང་པོས་དངོས་སུ་གོ་བར་བྱ་བའི་ཕྱིར་རོ། །དེ་ལྟ་ན་དམ་པ་རིགས་པའི་རྗེས་སུ་འབྲང་བའི་རྩོད་པའོ་ཞེས་གསུངས་པ་ལྟར་རོ། །གཉིས་པ་རྐང་མིག་གི་ལུགས་དགག་ན། དམ་བཅའ་ལ་གནོད་དམ་བཅའ་གཞན། །དམ་བཅའ་འགལ་དང་དམ་བཅའ་སེལ། །གཏན་ཚིགས་གཞན་དང་དོན་གཞན་དང༌། །དོན་མེད་པ་དང་དོན་མི་ཤེས། །དོན་བྲལ་དུས་ལ་མ་བབ་དང༌། །མ་ཚང་ལྷག་དང་ཡང་བརྗོད་དང༌། །རྗེས་སུ་མི་སྨྲ་མི་ཤེས་དང༌། །སྤོབས་པ་མེད་དང་རྣམ་གཡེང་དང༌། །འདོད་པ་ཁས་ལེན་བརྒལ་བརྟག་འདོར། །རྗེས་སུ་སྦྱོར་མེད་ལ་སྦྱོར་དང༌། གྲུབ་མཐའ་ཉམས་དང་རྟགས་ལྟར་སྣང༌། །ཐུབ་པ་རྐང་མིག་གིས་བཤད་པའི། །ཚར་གཅད་ཉི་ཤུ་རྩ་གཉིས་ཡིན། །དེ་ལ་དཔལ་ལྡན་གྲགས་པ་ཡིས། །འགའ་ཞིག་ཚར་གཅད་མིན་པར་བཤད། །ཚར་གཅད་ཡིན་ན་གཉིས་པོར་སྡུད། །ཚར་གཅད་ཀྱི་གནས་ཉི་ཤུ་རྩ་གཉིས་པོ་འདི། འགའ་ཞིག་ཚར་གཅད་ཀྱི་གནས་མ་ཡིན་ལ། ཡིན་ན་སྔར་བཤད་པའི་བསྒྲུབ་པའི་ཡན་ལག་མི་བརྗོད་པ་ལ་སོགས་པར་འདུ་བར་ལེགས་པར་རིགས་པའི་གཏེར་དུ་ཤེས་པར་བྱའོ། །ཕྲད་དང་མ་ཕྲད་གཏན་ཚིག་དང༌། །རྟགས་དང་མ་སྨྲས་མ་སྐྱེས་དང༌། །འབྲས་བུ་ཆོས་མཐུན་མི་མཐུན་དང༌། །རྣམ་རྟོག་ཁྱད་པར་དམིགས་པ་དང༌། །ཐེ་ཚོམ་དོན་གོ་ཐལ་འགྱུར་རྣམས། །ཀུན་ལས་བཏུས་ཡིན་རིགས་བརྟགས་ལ། །འཕེལ་འགྲིབ་བརྗོད་དང་མ་བརྗོད་དང༌། །རིགས་པ་དང་ནི་སོ་སོའི་དཔེ། །བསྒྲུབ་བྱ་མི་རྟག་རབ་བྱེད་དང༌། །དུས་འདས་མཚུངས་པའི་ལྟག་ཆོད་ནི། །ཉི་ཤུ་རྩ་བཞི་ཕྱོགས་གླང་གིས། །བཀག་ཕྱིར་གྲགས་པས་བཏང་སྙོམས་མཛད། །ལྟག་ཆོད་ཉི་ཤུ་རྩ་བཞི་པོ་འདི་དག ཇི་ལྟར་རིགས་པས་འགལ་མ་ངེས་མ་གྲུབ་གསུམ་དུ་འདུ་ལ་དེར་མི་འདུ་ན་ཚད་མ་ཉིད་དུ་དགོངས་ཏེ། རྩོད་རིགས་ལས་ཇི་ལྟར་རིགས་པས་གཏན་ཚིགས་ལྟར་སྣང་བ་དག་གི་ནང་དུ་འདུ་བའི་ཕྱིར་རོ་ཞེས་གསུངས་པ་ལྟར་རོ། །ལྟག་ཆོད་འདི་དག་ཕྱོགས་ཀྱི་གླང་པོས་རྒྱས་པར་བཀག་པས། རྣམ་འགྲེལ་མཛད་པས་བཏང་སྙོམས་སུ་མཛད་དོ། །གཉིས་པ་རང་གི་ལུགས་ནི། ཚར་གཅད་གཉིས་ལས་ཕྱེ་བས་བཞི། །ཉིད་ཡིན་དེ་ལས་གཞན་མི་དགོས། །རྩོད་པའི་རིགས་པར། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་གཅད་པ་ཡི་གནས་ཡིན་གྱི། །གཞན་ནི་མི་རིགས་ཕྱིར་མི་འདོད། །ཅེས་གསུངས་པ་ལྟར་རོ། །རྒོལ་བ་སྒྲུབ་པའི་ཡན་ལག་མི་བརྗོད་པ་དང༌། ཡན་ལག་མ་ཡིན་པ་བརྗོད་པ་གཉིས། ཕྱིར་རྒོལ་སྐྱོན་མི་བརྗོད་པ་དང༌། སྐྱོན་མ་ཡིན་པ་བརྗོད་པ་གཉིས་སོ། །འདི་ལྟ་བུ་ཚར་གཅད་ཀྱི་གནས་ཡིན་གྱི། གཞན་ནི་ཚར་གཅད་ཀྱི་གནས་མ་ཡིན་པར་དགོངས་སོ། །ཆོས་དང་མཐུན་པའི་རྩོད་པ་ལ། །ལོག་རྟོག་བཟློག་ཕྱིར་བརྩད་བྱ་ཡི། །ཆགས་སྡང་དབང་གིས་རྒྱལ་འདོད་དང༌། །ཕ་རོལ་ཕམ་པ་བསྐྱེད་ཕྱིར་མིན། །གང་ཟག་དམ་པ་རང་རང་གི་བསྟན་པ་གཟུང་བར་བྱ་བའི་དོན་དུ་འཁྲུལ་པ་བཟློག་ཅིང་མ་འཁྲུལ་པའི་དོན་གོ་བར་བྱ་བའི་ཕྱིར་རྒོལ་ཕྱིར་རྒོལ་བརྩད་ཀྱི། ཆགས་སྡང་གིས་ཀུན་ནས་བསླངས་ཏེ་རང་རྒྱལ་བ་དང་ཕ་རོལ་ཕམ་པ་བསྐྱེད་པའི་ཕྱིར་རྩོད་པས་ནི་བསྟན་པ་སྐྱོང་མི་ནུས་ཤིང་ཁྲོ་བ་དང་ཁོན་དུ་འཛིན་པར་འགྱུར་བས་དམ་པ་དག་མི་བཞེད་དེ། དབྱིག་གཉེན་གྱིས། གང་ཞིག་རྒྱལ་འདོད་འབའ་ཞིག་གིས། །རྩོད་སྨྲ་དམ་པ་མ་ཡིན་གྱི། །དེ་ཉིད་སོམ་ཉི་ངེས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེས་ན་མཁས་པས་གྲུབ་མཐའི་སྐྱོན། །གཟུ་བོར་བརྗོད་པས་ཚར་གཅད་ཀྱི། །གང་ཟག་སྐྱོན་དང་བདག་བསྟོད་པ། །ངན་འགྲོའི་རྒྱུ་ཕྱིར་མཁས་པས་སྨད། །སྐྱེས་བུ་དམ་པའི་རྩོད་པ་ནི་རང་གི་གྲུབ་མཐའ་བསྒྲུབ་པ་དང༌། གཞན་གྱི་གྲུབ་མཐའ་ནོར་བ་རྣམས་སུན་དབྱུང་གི་མ་ནོར་བ་སུན་མི་འབྱིན་པ་དང༌། དམ་པ་དང༌། བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པ་དང༌། མཚང་འདྲུ་བའི་སྒོ་ནས་གདུང་བ་བསྐྱེད་པ་དང༌། རང་གི་གྲུབ་མཐའ་འཁྲུལ་ཡང་ཞེན་པས་ཁས་ལེན་པ་དང༌། གཞན་གྱི་གྲུབ་མཐའ་མ་འཁྲུལ་ཡང་སྡང་བས་སུན་འབྱིན་པ་དང༌། ཅ་ཅོ་དང༌། བཞད་གད་དང༌། གར་དང༌། འདོན་པ་བསྒྱུར་བ་དང༌། ཧ་ཅང་མྱུར་ཆེས་པ་དང༌། ཚིག་མཐོ་དམན་དང༌། སུབ་སུབ་པོ་ལ་སོགས་པས་རྒོལ་བའི་སྤོབས་པ་ཟིལ་གྱིས་གནོན་པར་འདོད་པ་ནི། སྒྲུབ་པའི་ཡན་ལག་མི་བརྗོད་པའམ། མ་ཡིན་པ་བརྗོད་པའི་སྒོ་ནས་རང་ཉིད་ཚར་གཅད་དུ་འགྱུར་མོད། གཞན་ཕམ་པར་མི་ནུས་ལ། ཆོས་དང་མི་མཐུན་པའི་རྩོད་པ་ངན་འགྲོའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་སྤང་བར་བྱའོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། བསྟན་པ་བསྲུང་ཕྱིར་དམ་པས་ཀྱང༌། །གཡོ་སྒྱུས་སྨྲ་བ་འཐད་ཅེ་ན། །གཡོ་སྒྱུས་བསྟན་པ་འཛིན་མི་ནུས། །དེ་འདྲའི་རྩོད་པའི་རིགས་པར་བཀག །མུ་སྟེགས་འགའ་ཞིག་བསྟན་པ་བསྲུང་བའི་ཕྱིར། གཡོ་སྒྱུའི་སྒོ་ནས་ཀྱང་སྐབས་དེར་ཕ་རོལ་མི་སྨྲ་བར་འདུག་ནའང་བདག་རྒྱལ་བ་ཡིན་ནོ་ཞེས་ཟེར་བ་ནི། གཡོ་སྒྱུས་བསྟན་པ་བསྲུང་དགོས་ན། བསྟན་པ་ཉིད་མ་དག་པར་འགྱུར་ལ། མི་སྨྲ་བར་གྱུར་བ་ཙམ་གྱིས་སྐབས་དོན་འགྲུབ་ན་མཚོན་དང་མེ་ལ་སོགས་པས་བསྡིགས་ཀྱང་མི་སྨྲ་བ་ཡང་དེར་འགྱུར་བས་ཧ་ཅང་ཐལ་ལོ། །རྩོད་རིགས་ལས། གཞན་གདུང་བར་བྱ་བའི་ཕྱིར་དམ་པར་འཇུག་པའམ། བསྟན་བཅོས་བྱེད་པར་མི་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་དངོས་གཞི་ལ། རྒོལ་བ་རྣམ་གཉིས་རང་རང་གི །གྲུབ་མཐའ་བཟུང་ནས་རྩོད་པ་ནི། །སྔོན་གྱི་མཁས་པ་རྣམས་ཀྱི་ལུགས། །ཆོས་ཀྱི་གྲགས་པ་ལ་སོགས་པ་དག་མུ་སྟེགས་བྱེད་དང་རྩོད་པ་ན། སངས་རྒྱས་པ་དང་གཟེགས་ཟན་ལ་སོགས་པའི་གྲུབ་མཐའ་བཟུང་ནས་རྩོད་ཀྱི་བསྟན་པ་འཛིན་མི་ནུས་པ་གང་ཡང་རུང་བའི་མཚན་ཉིད་དང་གཞུང་དུམ་བུར་བཏོན་ནས་སྦྱོར་བ་ཁོད་ཅེས་ཟེར་བ་ནི་བྱིས་པའི་སྐྱེ་བོ་ཉམས་སད་པའི་རྩོད་པ་ཡིན་གྱི། མཁས་པའི་སྐྱེ་བོ་གྲུབ་མཐའ་འཛིན་པའི་རྩོད་པ་མ་ཡིན་ནོ། །འདི་ལྟ་བུ་འཆད་པའི་སྐབས་ཀྱི་རྩོད་པར་བཤད་ཀྱི། རྩོད་པའི་སྐབས་ཀྱི་རྩོད་པར་མི་རུང་སྟེ། གྲུབ་མཐའ་བླང་དོར་མི་ནུས་པའི་ཕྱིར་རོ། །གྲུབ་མཐའ་བླང་དོར་གྱི་སྐབས་བཙལ་བའི་ཕྱིར་དེ་ལྟར་འདྲི་ན་འཇུག་པའི་སྐབས་ཀྱང་སྲིད་དོ། །ཕྱིར་རྒོལ་གྲུབ་མཐའ་མི་འཛིན་པར། །རྒོལ་བའི་གྲུབ་མཐའ་སུན་འབྱིན་པ། །རིགས་པའི་གཞུང་ལུགས་འགའ་ལ་སྣང༌། །དབུ་མ་པ་འགའ་ཞིག་རང་གི་གྲུབ་མཐའ་ཁས་མི་ལེན་པར་རྒོལ་བ་ཡོད་མེད་ལ་སོགས་པ་ཇི་ལྟར་ཁས་ལེན་ཡང་སུན་འབྱིན་ཏེ། སློབ་དཔོན་འཕགས་པས། གལ་ཏེ་དངོས་གང་དམ་བཅས་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་གྲུབ་མཐའ་ཁས་ལེན་ཡང༌། །གཞུང་ནས་བཤད་པའི་གྲུབ་མཐའ་ཀུན། །རྩོད་པའི་སྐབས་སུ་བླང་མི་དགོས། །རྩོད་པའི་སྐབས་ཀྱི་གྲུབ་མཐའ་ཉིད། །སྒྲུབ་པ་མཁས་པ་རྣམས་ཀྱི་ལུགས། །དཔེར་ན་ཕྱི་རོལ་དོན་སྒྲུབ་ཚེ། །རྣམ་རིག་གཞུང་གིས་འདིར་མི་གནོད། །དེ་བཞིན་གྲུབ་མཐའ་ཀུན་ལ་སྦྱར། །སངས་རྒྱས་པའི་གྲུབ་མཐའ་ཁས་བླངས་ནས་རྩོད་ཀྱང་མུ་སྟེགས་བྱེད་སུན་འབྱིན་པའི་སྐབས་སུ་མདོ་སྡེ་པ་ལྟར་ཕྱི་རོལ་གྱི་དོན་ཁས་བླངས་ནས་རྩོད་མོད་ཀྱི་ཁྱེད་རང་གི་གཞུང་ལ་སྣང་བ་སེམས་སུ་བཤད་པ་དང་འགལ་ལོ་ཞེས་བརྩད་པས་མི་གནོད། དེ་བཞིན་དུ་སེམས་ཙམ་ཁས་ལེན་པའི་སྐབས་སུ་མདོ་ལས་ཕྱི་རོལ་གྱི་དོན་གསུངས་པའང་ཁྱེད་རང་གི་དམ་བཅར་འགྱུར་རོ་ཞེས་བྱ་བ་དང༌། དབུ་མ་རྩོད་པ་ན་རྣམ་རིག་ཀྱང་ཁྱེད་རང་གི་མདོ་ཡིན་པས་དམ་བཅར་འགྱུར་རོ་ཞེས་བྱ་བ་དང༌། དེ་བཞིན་དུ་མུ་སྟེགས་བྱེད་ནང་ལ་ཡང་བྱེ་བྲག་པ་ལ་གྲངས་ཅན་པས་སྒྲ་མི་རྟག་པའི་སྒྲུབ་བྱེད་བརྗོད་པ་ན་རང་གི་གཞུང་ལས་སྒྲ་ནམ་མཁའི་ཡོན་ཏན་ཡང་དམ་བཅར་འགྱུར་བས་དེ་དང་འགལ་བ་ཡང་དམ་བཅའ་དང་འགལ་བ་ཡིན་ནོ་ཞེས་བྱ་བའི་སྐྱོན་གྱིས་མི་གནོད་དེ། གྲུབ་མཐའ་ཁས་ལེན་དུ་ཟིན་ཡང༌། རང་ཉིད་འདོད་པའི་སྐབས་ཀྱི་དོན་དེ་ཉིད་དམ་བཅར་འགྱུར་གྱི་དོགས་པ་ཐ་དད་ལ་དགོངས་པའི་དོན་ཐམས་ཅད་དམ་བཅར་ཁས་མི་ལེན་པའི་ཕྱིར་རོ། །རྣམ་འགྲེལ་ལས། ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །ཞེས་གསུངས་པ་ལྟར་རོ། །ལུང་དང་རིགས་པའི་རྩོད་པ་གཉིས། །ལེགས་པར་ཤེས་ན་མཚུངས་མོད་ཀྱི། །གཞལ་བྱ་གཉིས་ལ་མངོན་སུམ་དང༌། །རྗེས་སུ་དཔག་པའི་རིགས་པས་གནོད། །ལུང་གི་རྩོད་པ་དང་རིགས་པའི་རྩོད་པ་ནི་གཉིས་ཏེ། དགག་པ་དང་སྒྲུབ་པ། རང་རྒྱུད་དང་ཐལ་འགྱུར། གཏན་ཚིགས་དང་བསྒྲུབ་བྱ། སྒྲ་སྐྱོན་དང་དོན་སྐྱོན་ཐམས་ཅད་རིགས་པའི་རྩོད་པ་ལ་སྐྱོན་ཡོན་དུ་ཇི་ལྟར་འགྱུར་པ་ལྟར། ལེགས་པར་ཤེས་ན་ལུང་གི་རྩོད་པ་ལ་ཡང་ཚུལ་དེ་ཉིད་མཚུངས་པར་འཇུག་གོ །འོན་ཀྱང་ཚན་མ་གཉིས་ཀྱི་ཡུལ་མངོན་གྱུར་དང་ལྐོག་གྱུར་ལ་འཇུག་ལ། སྒྲུབ་བྱེད་དང་གནོད་བྱེད་ཀྱང་མངོན་སུམ་དང་རྗེས་སུ་དཔག་པ་ཡིན་གྱི་འདིར་ལུང་མི་འཇུག་གོ །ལུང་གི་ཡུལ་གང་ཡིན་ཞེ་ན། གཞལ་བྱ་གསུམ་པ་དཔྱོད་པ་ན། །རང་རང་ལུང་དང་འགལ་ན་གནོད། །དཔེར་ན་ཆགས་སོགས་སྡིག་པ་དང༌། །ཆགས་བྲལ་ཆོས་སུ་འཆད་བཞིན་དུ། །ཁྲུས་ཀྱིས་སྡིག་པ་འདག་པ་དང༌། །འཚེ་བ་ཆོས་སུ་སྨྲ་བ་བཞིན། །ཤིན་ཏུ་ལྐོག་གྱུར་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་དང་མཐོ་རིས་དང་ངན་སོང་གི་བྱེ་བྲག་ལ་སོགས་པ་དཔྱོད་པ་ན་ལུང་ལ་བརྟེན་དགོས་ཏེ། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་གསུངས་པ་ལྟར་རོ། །ཤིན་ཏུ་ལྐོག་གྱུར་གཞི་ཉིད་མ་གྲུབ་པ་ལ་ཁྱད་པར་གྱི་ཆོས་བདེན་བརྫུན་དུ་ཇི་ལྟར་གྲུབ་ཅེ་ན། དེ་ལྟར་དྲི་བ་རིགས་མོད། རྣམ་པར་དག་པའི་ལན་འདི་ཡིན་ཏེ། སངས་རྒྱས་པ་དང་རིག་བྱེད་པ་གཉིས་རྩོད་པ་ན། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་སོགས་པ་བདེན་པར་འདོད་ཅིང་ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི་ལས་སྡིག་པ་དང༌། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ལས་དགེ་བར་རྒོལ་བ་གཉིས་ཀ་མཐུན་པ་ལ། སྡིག་པས་འཁོར་བ་དང་སྡིག་པ་ལས་གྲོལ་ན་ཐར་པ་ཐོབ་པར་རྒོལ་བ་གཉིས་ཀའི་ལུང་མཐུན་མོད། འོན་ཀྱང་ཐབས་ཀྱི་ལུང་མི་མཐུན་པ་ལ་རྩོད་དེ་རིག་བྱེད་ལས། གངྒཱའི་སྒོ་དང་ཀུ་ཤ་འཁྱིལ། །བིལ་བ་ཅན་དང་སྔོན་པོའི་རི། །ཀ་ན་ཁ་ཡི་འཇུག་ངོགས་སུ། །ཁྲུས་བྱས་ཡང་སྐྱེ་སྲིད་མ་ཡིན། །ཞེས་འདོན་པ་ནི་ཁོང་རང་གི་ལུང་ནང་འགལ་ཏེ། སྡིག་པའི་རྩ་བ་འདོད་ཆགས་ལ་སོགས་པ་སེམས་ཀྱི་ཆོས་ཡིན་ལ། དེའི་རྩ་བ་སེམས་མི་འཁྲུད་པར་འབྲེལ་མོད་ཀྱི་ལུས་འཁྲུད་པ་འགལ་ཏེ། རྒྱ་མཚོའི་སྲོག་ཆགས་གསོད་པ་ལ་ནགས་ལ་མེ་སྦོར་བ་བཞིན་ནོ། །ངེད་ཀྱི་ལུང་ནི་ཕྱོགས་རེ་མགོ་གནོན། །འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། མཐའ་དག་དཔྱིས་འབྱིན། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང༌། །ཁྱོད་ལ་ཀུན་ཏུ་མི་རྟོག་པས། །དེ་ཕྱིར་ང་ལ་མི་འབྱུང་ངོ༌། །ཞེས་གསུངས་པ་ལྟར། འཁོར་བའི་ས་བོན་བདག་འཛིན་བཅད་པས་དེས་བསྐྱེད་པའི་ཉོན་མོངས་པ་འགག དེ་འགགས་པས་སྡུག་བསྔལ་ལས་གྲོལ་ཏེ་བུད་ཤིང་ཟད་པས་མེ་རྣལ། དེའི་སྟོབས་ཀྱིས་དུ་བ་མི་འབྱུང་བ་བཞིན་ནོ། །དེ་བཞིན་དུ་མཐོ་རིས་ཀྱི་རྒྱུ་དགེ་བར་འདོད་བཞིན་དུ། རྒྱལ་རིགས་ལ་ནི་རྒྱལ་རིགས་གསད། །ཅེས་བྱ་བ་ལ་སོགས་པ་རང་གི་གཞུང་དང་འགལ་ལ། སངས་རྒྱས་པས་ནི། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ཞེས་བྱ་བ་ལ་སོགས་པ་དང༌། བསོད་ནམས་མིན་པས་ངན་འགྲོར་འཕེན། །ཞེས་བྱ་བ་ལ་སོགས་པ་རང་གི་ལུང་ཕན་ཚུན་འགལ་བ་མེད་དོ། །སངས་རྒྱས་པ་ཉིད་ལའང་མདོ་ཕན་ཚུན་འགལ་བ་མཐོང་ངོ་ཞེ་ན། བདེ་བར་གཤེགས་པའི་གཞུང་ལུགས་ལ། །ཉན་ཐོས་དང་ནི་ཐེག་ཆེན་གཉིས། །རྣམ་གཞག་ཕལ་ཆེར་མི་མཐུན་པས། །དེ་དག་ཀྱང་ནི་འགལ་ཞེ་ན། །སངས་རྒྱས་པའི་གཞུང་ལ། ཉན་ཐོས་དང་ཐེག་ཆེན་གཉིས་པོ་སྤྱིར་གྲུབ་མཐའ་འགལ། བྱེ་བྲག་ཉན་ཐོས་རྩ་བའི་སྡེ་བཞི་ལས་གྱེས་པ་བཅོ་བརྒྱད་པོ་ལྟ་སྤྱོད་ཕལ་ཆེར་འགལ་བར་སྣང༌། ཐེག་ཆེན་ལའང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཕལ་ཆེར་མི་འདྲ་བར་སྣང་ལ། ཕ་རོལ་ཏུ་ཕྱིན་པ་ལའང་སེམས་ཙམ་དང་དབུ་མ་མི་འདྲ་ཞིང༌། གསང་སྔགས་ལའང་རྒྱུད་སྡེ་བཞི་པོ་རྣམ་གཞག་མི་འདྲ་བར་སྣང་ལ་ཁྱེད་རང་གིའང་ལུང་འགལ་བས་ཡིད་བརྟེན་མེད་དོ་ཞེ་ན། གང་ཟག་གཞུག་པའི་རིམ་པ་དང༌། །འཆད་ཚུལ་ཤེས་ན་འགལ་བ་མེད། །གང་ཟག་དམན་པ་དང་མཆོག་ལ་མོས་པ་དང༌། རང་དོན་དང་གཞན་དོན་ལ་འཇུག་པ་དང༌། ཟབ་པ་དང་རྒྱ་ཆེ་བ་ལ་དགའ་བ་དང༌། དྲང་དོན་དང་ངེས་དོན་གྱི་སྒོ་ནས་ཐབས་མཁས་པས་བཀྲི་བ་མི་འགལ་ཏེ། སློབ་དཔོན་འཕགས་པས། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བསྟན་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པ་ཉིད། །ཅེས་བྱ་བ་དང༌། བདག་གོ་ཞེས་ཀྱང་བཏགས་གྱུར་ལ། །བདག་མེད་ཅེས་ཀྱང་བཏགས་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་པ་ལྟར་རོ། །འདི་འདྲའི་རྣམ་གཞག་མི་ཤེས་པ། །འགལ་བར་བསམས་ནས་རྩོད་མོད་ཀྱི། །ལེགས་པར་ཤེས་ན་འགལ་བ་མེད། །གང་ཟག་དབང་པོ་རབ་འབྲིང་དང༌། །ཁམས་དང༌། མོས་པ་དང༌། མཆོག་དམན་གྱི་རིམ་པ་ལ་དགོངས་ནས་ཐེག་པའི་རིམ་པ་མི་འདྲ་བ་གསུངས་པ་དང༌། གང་ཟག་གི་བསམ་པ་ཐ་དད་ལ་དགོངས་ནས་བཤད་པའི་ཚུལ་ཐ་དད་གསུངས་པ་ལ་བླུན་པོ་དག་ལུང་འགལ་བར་སེམས་མོད་ཀྱི། ཐུབ་པའི་དགོངས་པ་མཐའ་དྲུག་ལེགས་པར་ཤེས་ན་འགལ་བ་མེད་དོ། །ཐེག་པ་འགལ་བ་ལྟར་སྣང་བ། །གང་ཟག་རིམ་གྱིས་གཞུག་ཕྱིར་གསུངས། །ཕ་དང་མ་ནི་གསད་བྱ་སོགས། །ལས་དང་ཉོན་མོངས་སོགས་ལ་དགོངས། །དེ་བཞིན་གཤེགས་པའི་སྙིང་པོ་སོགས། །བདག་འཛིན་ཅན་རྣམས་དྲང་ཕྱིར་ཡིན། །བསད་པས་བྱང་ཆུབ་ཐོབ་པ་སོགས། །སྒྲ་དེ་བདག་འཛིན་གསོད་ལ་འཇུག །དེ་འདྲའི་འགལ་བས་རྩོད་པ་ལ། །མཁས་པ་རྣམས་ཀྱིས་ལན་འདི་གདབ། །བར་སྐབས་ཀྱི་ཚིགས་བཅད་དོ། །ལུང་ལ་རྩོད་པའི་གནས་སྐབས་སུ། །ལུང་གི་དོན་ལ་འདྲི་བའམ། །མིན་ཡང་ཤིན་ཏུ་ལྐོག་གྱུར་གྱི། །དོན་ལ་འདྲི་བ་འགལ་བ་མེད། །ལུང་གི་ཆོས་ལ་རྩོད་པ་ན་སྡེ་སྣོད་གསུམ་གྱི་དོན་ཚུལ་ཁྲིམས་དང་ཤེས་རབ་དང་ཏིང་ངེ་འཛིན་ལས་བརྩམས་ཏེ་འདྲི་བའམ། རྒྱུད་སྡེ་བཞིའི་དོན་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་ལ་བརྩམས་ཏེ་འདྲི་བའམ། མདོ་རྒྱུད་ནས་མ་གསུངས་པ་ལྐོག་གྱུར་གྱི་དོན་སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་དབང་ཕྱུག་ལ་སོགས་པའམ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་ལས་གཞན་བདག་དང་གང་ཟག་ལ་སོགས་པའམ། སྤྱོད་པ་དབུ་མ་ལས་གཞན་བསོད་ཉམས་དང་ངལ་ཞིང་དུབ་པ་ལ་སོགས་པ་ལས་བརྩམས་ཏེ་འདྲིའམ་མ་རྟོགས་པ་དང་ལོག་རྟོག་དང་ཐེ་ཚོམ་གྱི་སྒོ་ནས་འདྲི་ན། འདྲི་བར་འོས་པས་བཞད་གད་ཀྱི་གནས་མ་ཡིན་ནོ། །དེའི་ལན་ཡང༌། མདོ་ལས་ལན་གདབ་རྣམ་བཞིར་གསུངས། །མགོ་གཅིག་རྣམ་ཕྱེ་དྲི་དང་གཞག །རིམ་བཞིན་འཆི་དང་སྐྱེ་བ་དང༌། །བཟང་དང་བདག་གི་ཡོན་ཏན་སོགས། །བཅོམ་ལྡན་འདས་ཀྱིས་ལན་གདབ་པའི་ཚུལ་བཞི་གསུངས་ཏེ། སྐྱེས་པ་ཐམས་ཅད་འཆི་མི་འཆི། །ཞེས་འདྲི་ན་ངེས་པར་འཆི་ཞེས་མགོ་གཅིག་ཏུ་ལན་གདབ། ཤི་བ་ཐམས་ཅད་སྐྱེ་མི་སྐྱེ་ཞེས་འདྲི་ན་བདག་འཛིན་ཅན་སྐྱེ། བདག་འཛིན་མེད་ན་མི་སྐྱེ་ཞེས་རྣམ་པར་ཕྱེ་སྟེ་ལན་གདབ། མིར་སྐྱེས་པ་བཟང་ངམ་ཞེས་འདྲི་ན་གང་ལ་ལྟོས་ཞེས་འདྲི། ངན་འགྲོ་ལ་ལྟོས་ན་བཟང༌། ལྷ་ལ་ལྟོས་ན་ངན་ངན་ཞེས་ལན་གདབ། བདག་རྟག་གམ་མི་རྟག་ཅེ་ན་འདྲི་ན། བདག་མ་གྲུབ་པས་དེ་ལ་རྟག་པ་དང་མི་རྟག་པ་གཉིས་ཀ་མི་འགྲུབ་བོ་ཞེས་ལན་གདབ། མཛོད་ལས། མགོ་གཅིག་དང་ནི་རྣམ་ཕྱེ་དང༌། །དྲི་དང་གཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་གསུངས་པ་ལྟར། འདི་འདྲའི་རིགས་ཅན་གྱི། དྲི་བ་ཀུན་ལ་ལན་གྱི་རྣམ་གཞག་དེ་ལྟར་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་ལ་ཀུན་དུ་རྒྱུ་སེན་རིངས་ཀྱིས་གསོལ་པ། གཽ་ཏ་མ་བདག་གིས་ཐམས་ཅད་མི་བཟོད་དོ། །བཀའ་སྩལ་པ། མི་བཟོད་ཅེས་པའི་ཚིག་དེ་བཟོད་དམ་མི་བཟོད། བཟོད་ན་ཐམས་ཅད་མི་བཟོད་པ་ཉམས་སོ། །མི་བཟོད་ན་མི་བཟོད་པ་བཟོད་ན་བཟོད་པ་དེ་ཉིད་ཡིན་ཏེ། དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །ཀུན་ཏུ་རྒྱུ་ཅང་མི་སྨྲ་བར་གྱུར་ཏོ། །ཡང་བཅོམ་ལྡན་འདས་ལ་ཟད་བྱེད་བདག་གིས་གསོལ་པ། གཽ་ཏ་མ་འཇིག་རྟེན་ལ་མཐའ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་བཅུ་བཞི་ཞུས་པ་ལ་ཅང་མི་གསུང་བར་བཞུགས་སོ། །རིན་ཆེན་ཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་གོ །ཞེས་གསུངས་པ་ལྟར་རོ། །དེས་ན་ལུང་དུ་མ་བསྟན་པ་ནི་གཞན་པར་ལན་གདབ་པ་ལས་མ་འདས་སོ། །ལུང་གི་སྐབས་སུ་འདི་འདྲ་ཡི། །རྩོད་པའི་ལན་ལ་འགལ་བ་མེད། །རིགས་པ་ལ་ཡང་མི་འགལ་མོད། །འོན་ཀྱང་བླུན་པོས་གོ་བར་དཀའ། །ལུང་གི་སྐབས་སུ་འདི་ལྟ་བུའི་རྩོད་པ་སྐབས་སུ་བབ་པས་འཐད་ལ། རིགས་པ་ལ་ཡང་འདི་ལྟ་བུ་འཇུག་མོད། འོན་ཀྱང་བླུན་པོས་བདེ་བླག་ཏུ་གོ་དཀའ་བས་རིགས་པ་ལ་གྲགས་པའི་ལན་གདབ་བོ། །ཡང་ན་ལུང་གི་ལན་རྣམ་པ་གཉིས། །ལུང་ངམ་ལུང་ལ་བརྟེན་པ་ཡི། །རིགས་པ་ཉིད་ཀྱིས་དེ་བཟློག་བྱ། །ཡང་ན་ལུང་གི་ཆོས་རྩོད་པའི་སྐབས་སུ། སྐབས་དེ་དང་འཚམ་པའི་ལུང་དེ་ཉིད་ཀྱིས་ལན་གདབ་པ་དང༌། ལུང་དེ་ལ་འཇུག་པའི་རིགས་པས་གཞན་གྱིས་ལན་གདབ་པའོ། །ལུང་ཡང་གང་ལ་རྩོད་པ་ཡི། །སྐབས་དང་འབྲེལ་པ་དེ་ལུང་ཡིན། །སྐབས་མིན་རྒོལ་བ་མི་འདོད་པའི། །ལུང་གཞན་འགལ་ཡང་སྐྱོན་མ་ཡིན། །དཔེར་ན་ཉན་ཐོས་ཐེག་ཆེན་དང༌། །རྣམ་རིག་ངོ་བོ་ཉིད་མེད་སོགས། །ཕན་ཚུན་འགལ་ཡང་སྐྱོན་མིན་བཞིན། །ལུང་ལ་བརྟན་ཏེ་ཕན་ཚུན་རྩོད་པ་ན་ཐེག་པའི་རིམ་པ་དང་ལྟ་བའི་བྱེ་བྲག་དང་སྐབས་སུ་བབ་པ་རང་གི་གཞུང་དུ་ཇི་ལྟར་ཁས་བླངས་པ་དེ་ལུང་ཡིན་ཏེ། དཔེར་ན་འདུལ་བ་ཁས་ལེན་པ་ན། རྩ་བའི་སྡེ་བཞི་རང་རང་གི་ལུང་དུ་ཁས་བླངས་པ་དེ་ལུང་ཡིན་པས་དེ་དང་འགལ་ན་ལུང་དང་འགལ་བ་ཡིན་གྱི། ཐམས་ཅད་ཡོད་སྨྲའི་ཁས་བླངས་ནས་གནས་བརྟན་པ་ལ་སོགས་པ་སྡེ་པ་གཞན་གྱི་ལུང་དང་འགལ་ཡང་ལུང་དང་འགལ་བར་མི་འགྱུར་ལ། གནས་བརྟན་པ་ལ་སོགས་པ་ཁས་བླངས་ནས་ཐམས་ཅད་ཡོད་སྨྲ་ལ་སོགས་པ་གཞན་དང་འགལ་ཡང་ལུང་གི་སྐྱོན་མ་ཡིན་པ་དང༌། དེ་བཞིན་དུ་ཉན་ཐོས་ལས་གསེར་དངུལ་ལེན་པ་ལྟུང་བར་འགྱུར་ལ་ཐེག་པ་ཆེན་པོ་ལས་མ་བླངས་པ་ལྟུང་བར་བཤད་པ་དང༌། ཉན་ཐོས་པས་རྣམ་གསུམ་དག་པའི་ཤ་ལྟུང་བ་མེད་ལ་ཐེག་ཆེན་པས་ལྟུང་བར་གསུངས་པ་དང༌། ཉན་ཐོས་ལས་ཟས་བཅད་པ་དང་མི་སྨྲ་བའི་བརྟུལ་ཞུགས་ལྟུང་བར་གསུངས་པ་ལ། རྒྱུད་སྡེ་འགའ་ཞིག་ལས། སྨྱུང་གནས་དང་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་གསང་སྔགས་བསྒྲུབ་པར་གསུངས་པ་ལ་སོགས་པ་སྤྱོད་པ་འགལ་བ་ལྟར་སྣང་བ་ནི་རང་གི་གཞུང་དེ་ཉིད་ལ་གནས་སྐབས་དེ་ཉིད་དུ་སྤྱོད་པ་དེ་དག་བཟློག་སྟེ། སྤྱོད་པར་གསུངས་ན་ལུང་འགལ་བར་འགྱུར་གྱི་གནས་སྐབས་ཐ་དད་དུ་གསུངས་པ་ནི་སྤྱོད་པའི་དབྱེ་བ་ཡིན་པས་མི་འགལ་ཏེ་ནད་ཐ་དད་ལ་སྨན་ཐ་དད་གཏོང་བ་བཞིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ཉན་ཐོས་ལས་རྡུལ་དང་སྐད་ཅིག་གིས་བསྡུས་པའི་གཟུང་འཛིན་དོན་དམ་པར་བཤད་ལ། སེམས་ཙམ་པས་མྱོང་བ་གཉིས་མེད་ཀྱི་ཤེས་པ་དོན་དམ་པར་གསུངས་ཤིང༌། དབུ་མ་པས་ཆོས་ཐམས་ཅད་རང་བཞིན་མེད་པར་བཞེད་པའི་ལུང་རྣམས་ཕན་ཚུན་འགལ་བར་སྣང་བ་ནི་རང་རང་གི་གྲུབ་མཐའ་ཁས་ལེན་པའི་ལུང་གིས་གནོད་ན་འགལ་བ་ཡིན་མོད། རང་རང་གི་གཞུང་དང་མི་འགལ་ན་གཞན་དང་འགལ་བ་སྐྱོན་མེད་དེ་རང་གི་གྲུབ་མཐར་ཁས་མི་ལེན་པའི་ཕྱིར་ཞིང་ལས་ཀྱི་རིམ་པ་བཞིན་ནོ། །དེའང་རང་དང་འགལ་བའི་གཞུང་གཞན་རིགས་པའི་སྟོབས་ཀྱིས་དྲང་དོན་ནམ་དགོངས་པ་ཅན་དུ་བསྒྲུབས་ནས་རང་གི་གྲུབ་མཐའ་ངེས་དོན་ནམ་དྲང་པོའི་དགོངས་པར་བསྒྲུབ་ཤེས་ན་འགྱུར་གྱི། དེ་ལྟར་རིགས་པས་བསྒྲུབ་མི་ཤེས་ན་ལུང་དང་འགལ་བ་ལས་མི་འདའོ། །རང་འདོད་ལུང་དང་འགལ་གྱུར་ན། །དེ་ཡི་དགོངས་པ་ཕྱེ་སྟེ་བཤད། །གལ་ཏེ་དགོངས་པ་མི་ཤེས་ན། །ཚར་གཅད་པ་ཡི་གནས་སུ་འགྱུར། །བསྡུ་བའི་ཚིགས་བཅད་དོ། །ཡང་ན། རིགས་པའི་སྒོ་ནས་རྩོད་པ་ན། །གྲུབ་མཐའི་རྗེས་སུ་འབྲང་མི་འབྲང༌། །རྣམ་པར་ཕྱེ་སྟེ་གསལ་བར་རྩོད། །རིགས་པའི་རྗེས་སུ་འབྲངས་ནས་རྩོད་པ་ན། རིགས་པ་དེའང་རང་རང་གི་བསྟན་པ་ལ་ཕན་པར་བྱ་བའི་ཕྱིར་རྒོལ་ཕྱིར་རྒོལ་སངས་རྒྱས་པ་དང་མུ་སྟེགས་པས་གྲུབ་མཐའ་བཟུང་ནས་ཕན་ཚུན་རྩོད་པ་ནི་རང་རང་གི་བསྟན་པ་གཟུང་བའི་ཕྱིར་ཡིན་ལ། བསྟན་པ་གཟུང་བར་མི་འདོད་ཅིང་ཕན་ཚུན་ཉམས་སད་པའི་དོན་དུ་བླུན་པོའི་ཁ་ཤགས་ལྟར་བབ་ཅོལ་དུ་རྩོད་པ་ནི་སྐྱེས་བུ་དམ་པ་དག་གི་རྩོད་པ་མ་ཡིན་གྱི་གཡོ་སྒྱུ་དག་གིས་བླུན་པོ་ངོ་མཚར་སྐྱེད་པར་ཟད་དོ། །དེས་ན་གྲུབ་མཐའ་ཁས་ལེན་མི་ལེན་ངེས་པར་བྱས་ལ་ལེན་ན་གཉིས་ཀས་གྲུབ་མཐའི་གཞུང་བཟུང་སྟེ་བརྩད་དོ། །གྲུབ་མཐའ་རྗེས་སུ་མི་འབྲངས་ན། དེ་ཡི་རྩོད་གཞི་ངེས་བྱས་པས། །ཕལ་ཆེར་གྲུབ་མཐའི་ཕྱོགས་སུ་ལྟུང༌། །བླུན་པོ་མཁས་པར་འཆོས་པ་དག་ཁོ་བོས་གྲུབ་མཐའ་ཁས་མི་ལེན་གྱི་རིགས་པས་ཇི་ལྟར་ནུབ་པ་ཞིག་འཛིན་ཏོ་ཞེ་ན། དེ་ལ་ཐོག་མར་རྩོད་པའི་གཞི་བསྟན་ཏེ། རྩོད་པའི་གཞི་དེ་ཡོད་པའམ། མེད་པའམ། རྟག་པའམ། ཆད་པའམ། བདེན་པའམ། བརྫུན་པའམ། འཁོར་བའམ། མྱ་ངན་ལས་འདས་པ་ལ་སོགས་པ་གང་ཡང་རུང་བ་ཞིག་ལ་འཐད་མི་འཐད་མ་བྱུང་ན། རྩོད་པའི་གོ་སྐབས་མི་འཇུག་ལ་འཐད་མི་འཐད་ཅིག་ལ་རྩོད་པ་ན། གང་འཐད་པ་ཁས་ལེན་པ་དེ་ཉིད་གྲུབ་མཐར་འགྱུར་ཏེ། ཡོད་མེད་འཐད་ན་ཡོད་པའང་མེད་པར་སྨྲ་བའི་གྲུབ་མཐར་འགྱུར་ལ། རྟག་ཆད་འཐད་ན་རྟག་ཆད་ཀྱི་ལྟ་བར་འགྱུར་ཞིང༌། དེ་བཞིན་དུ་བདེན་བརྫུན་དང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་ཡོད་མེད་གང་དུ་ཁས་ལེན་ཡང་དེའི་རིགས་ཅན་གྱི་ཕྱི་ནང་གི་གྲུབ་མཐའ་ཞིག་གི་ཁོངས་སུ་མི་ལྟུང་མི་སྲིད་པས་དེ་དག་ལ་བརྗོད་པའི་སྐྱོན་ཉིད་འཇུག་གོ །གྲུབ་མཐའི་ཕྱོགས་སུ་མི་ལྟུང་ན། དེ་ཡི་ཕྱོགས་སྔ་ངེས་བྱས་པས། །ཕལ་ཆེར་བླུན་པོའི་རིགས་པར་འགྱུར། །ཇི་ལྟར་བརྟགས་ཀྱང་རྩོད་པའི་སྐབས་སུ་གྲུབ་མཐའ་ཁས་མི་ལེན་ན་མི་ཤེས་ནས་ཁས་མི་ལེན་པའམ་སྐྱོན་བྱུང་གི་དོགས་ནས་ཁས་མི་ལེན་པ་ཅིག དང་པོ་ལྟར་ན་ལེན་ཡང་ཅི་དགོས། བ་ལང་དང་སུ་ཞིག་རྩོད། གཉིས་པ་ནི་ཁས་མི་ལེན་པ་ཉིད་ཁས་ལེན་ནམ་མི་ལེན། ལེན་ན་ཁས་མི་ལེན་པའི་དམ་བཅའ་བུད་དེ་ཁས་མི་ལེན་པ་ཉིད་ཁས་བླངས་པའི་ཕྱིར་མིང་མེད་དུ་བཏགས་པ་མིང་དུ་སོང་བ་བཞིན་ནོ། །ཁས་མི་ལེན་པ་ཁས་མི་ལེན་ན་ཁས་ལེན་པར་འགྱུར་ཏེ། དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར། སྔོན་པོ་མ་ཡིན་པ་མ་ཡིན་ན་སྔོན་པོར་འགྱུར་བ་བཞིན་ནོ། །མཁས་ན་གྲུབ་མཐའ་འགའ་ཞིག་གི །རྗེས་སུ་མི་འཇུག་མི་སྲིད་དོ། །རིགས་པ་ལ་བློ་སྦྱང་བ་དག་དམ་བཅའ་ཁས་མི་ལེན་པ་ལ་གཉིས་ཏེ། གཡོ་སྒྱུས་ཁས་མི་ལེན་པ་དང༌། དྲང་པོས་ཁས་མི་ལེན་པའོ། །དང་པོ་ནི་གྲངས་ཅན་འདུས་པ་མ་ཡིན་པ་གཞན་གྱི་དོན་ཡིན་ཏེ་ཞེས་རང་གི་དོན་བྱེད་པའི་ཞེ་འདོད་ཁས་མི་ལེན་པར། སྒྱུ་ཐབས་ཀྱི་མི་འདོད་པའི་གཞན་གྱི་དོན་ཁས་ལེན་པའམ། ཚུ་རོལ་མཛེས་པ་བདག་གཉིས་བཅས་ཀྱི་སྦྱོར་བ་ལྟ་བུ་འདོད་པ་ཁས་མི་ལེན་པར་མི་འདོད་པ་དམ་བཅའ་བ་ནི་སློབ་དཔོན་ཐོགས་མེད་ཀྱིས་ངན་གཡོའི་ལྟ་བ་ཞེས་གསུངས་ལ། གནས་མ་བུ་བས་བདག་རྟག་དང་མི་རྟག་པར་བརྗོད་དུ་མེད་དོ་ཞེས་ཁས་མི་ལེན་པ་ནི། སློབ་དཔོན་གྱིས་ཁས་མི་ལེན་པའི་ལྟ་བ་ཞེས་ལྟ་ལོག་གི་ནང་དུ་བསྡུས་སོ། །གཉིས་པ་དྲང་པོས་ཁས་མི་ལེན་པ་ནི་ཤེས་ན་དབུ་མའི་ལྟ་བ་ཡང་དག་སྟེ། དངོས་པོའི་གནས་ལུགས་སྤྲོས་པ་དང་བྲལ་བ་ལ་སྒྲ་བློའི་ཡུལ་མ་ཡིན་པས་ཤེས་བརྗོད་ལས་འདས་པའི་ཕྱིར་ཏེ། རྒྱལ་བའི་སྲས་པོ་མི་གསུང་བཞུགས། །མི་གསུང་བ་ཉིད་རྒྱ་ཆེར་འགྲེལ། །ཞེས་བྱ་བ་དང༌། རིན་ཆེན་ཕྲེང་བ་ལས། འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ལགས་མཁྱེན་མཛོད། །ཅེས་གསུངས་པ་ལྟར་རོ། །དེས་ན་མུ་སྟེགས་བྱེད་ཁས་ལེན་ཡོད་བཞིན་དུ་གཡོ་སྒྱུས་ཁས་མ་ལེན་པ་རྐུན་མ་ཁས་མི་ལེན་པ་ལྟ་བུའོ། །དབུ་མ་བ་ཁས་མི་ལེན་པ་ནི་མ་བརྐུས་པ་ཁས་མི་ལེན་པ་ལྟ་བུ་ཡིན་པས་ཁྱད་པར་ཆེའོ། །གལ་ཏེ་ཁས་བླངས་གཏན་མི་འདོད། །དེ་ལ་བརྟགས་ནས་གཉིས་སུ་འགྱུར། །སྤྲོས་བྲལ་ཡིན་ཕྱིར་མི་འདོད་ན། །ཤེས་ན་དབུ་མའི་གྲུབ་མཐར་འགྱུར། །ཡོད་ཀྱང་ཁས་ལེན་མི་ནུས་ན། །དེ་ནི་ངན་གཡོའི་ལྟ་བར་བཤད། །ཅེས་བྱ་བ་བསྡུ་བའི་ཚིགས་བཅད་དོ། །ལ་ལ་གྲུབ་མཐའ་མི་འདྲ་བ། །ཕན་ཚུན་བསྲེས་པའི་གྲུབ་མཐའ་འདོད། །སྐྱོན་ཅན་ཡིན་ན་སོ་སོར་དགག །སྐྱོན་མེད་ན་ནི་དེ་རྗེས་འབྲང༌། །ཁ་ཅིག་གྲུབ་མཐའ་ཐུན་ཚགས་བསྡེབས་ནས་ཁས་ལེན་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་བསྡེབས་ནས། ཡུལ་རྣམ་ཤེས་ཀྱིས་དུས་མཉམ་དུ་འཛིན་པར་འདོད་པ་དང༌། མདོ་སྡེ་པ་དང་རྣམ་རིག་པ་བསྡེབས་ནས་སེམས་ཙམ་ཕྱི་རོལ་གྱི་དོན་ཁས་བླངས་ཞེས་ཟེར་བ་དང༌། མདོ་སྡེ་པ་དང་དབུ་མ་པ་བསྡེབས་ནས་མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། སེམས་ཙམ་པ་དང་དབུ་མ་བསྡེབས་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་ལ་སོགས་པར་འདོད་པ་ནི་དེ་དག་སྐྱོན་ཡོད་ན་རིགས་པས་སུན་དབྱུང་ཞིང༌། སྐྱོན་མེད་ན་གཟུ་བོའི་བློས་བླང་བར་བྱའོ། །མཁས་པས་འཛིན་པའི་གྲུབ་མཐའ་ནི། །སངས་རྒྱས་པ་དང་མུ་སྟེགས་གཉིས། །དེ་ལས་གཞན་པ་བླུན་པོ་ཡིས། །གློ་བུར་རྟགས་པའི་གྲུབ་མཐའ་ཡིན། །སངས་རྒྱས་པའི་གྲུབ་མཐའ་འཁོར་བའི་སྡུག་བསྔལ་ཞི་བར་བྱེད་ཅིང༌། འཕགས་པའི་བདེན་པ་ལ་འཇོག་པར་བྱེད་པ་མངོན་གྱུར་ལ་མངོན་སུམ། ལྐོག་གྱུར་ལ་རྗེས་སུ་དཔག་པ་དང༌། ཤིན་ཏུ་ལྐོག་གྱུར་ལ་རིགས་པས་མི་གནོད་པའི་ལུང་ཁས་ལེན་པ། མཁས་པ་རྣམས་ཀྱིས་ལེགས་པར་བརྟགས་ནས་བཟུང་བ། ལྷ་དང་བཅས་པའི་འཇིག་རྟེན་གྱི་བསྟི་གནས་ཡིན་ནོ། །མུ་སྟེགས་བྱེད་ནི་སྔོན་ཡུན་རིང་པོ་ནས་སྦྱངས་པ། སོ་སོའི་སྐྱེ་བོའི་ཤེས་རབ་ཕུལ་དུ་བྱུང་བས་བརྟགས་པ། འཇིག་རྟེན་པའི་ལམ་ལ་བརྟེན་པ། ཚུ་རོལ་མཐོང་བའི་རིགས་པ་དང་མི་རིགས་པ་ཅུང་ཟད་དཔྱོད་ནུས་པ། མཁས་པ་རྣམས་ཀྱིས་སུན་དབྱུང་བར་འོས་པ་ཡིན་ནོ། །དེ་ལྟར་འདི་གཉིས་ནི་མཁས་པ་རྣམས་ཀྱིས་སྒྲུབ་པ་དང་སུན་འབྱིན་པའི་ཡུལ་དུ་རུང་བ་ཡིན་གྱི། དེ་ལས་གཞན་པའི་གྲུབ་མཐའ་གསར་པ་བླུན་པོས་སྦྱར་བ་རིགས་པས་སྟོང་པ། ལུང་དང་འགལ་བ། མི་དགེ་བའི་བཤེས་གཉེན་གྱིས་འཚོ་བའི་ཡོ་བྱད་ཀྱི་ཕྱིར་བརྫུན་སྦྱར་བ། བླུན་པོ་རྣམས་ཀྱིས་ཆགས་སྡང་གིས་རང་རང་གི་གྲུབ་མཐའ་གཟུང་བ་ཡིན་གྱི། ཁུངས་ནས་མ་བྱུང་བས་དགག་སྒྲུབ་ཀྱི་འོས་མ་ཡིན་མོད། འོན་ཀྱང་ནོར་བ་ཧ་ཅང་འཕེལ་ན་ཞིང་གི་ཡུར་མ་ལྟར་སངས་རྒྱས་ཀྱི་སྟན་པ་ལ་གནོན་པར་འགྱུར་བས་ལུང་དང་རིགས་པ་དག་གིས་ཅི་རིགས་པར་སུན་དབྱུང་སྟེ། ཆགས་སྡང་ཅན་གྱི་བླུན་པོས་མི་གོ་ཡང་གཟུ་བོར་གནས་པའི་མཁས་པས་གོ་བའི་ཕྱིར་རོ། །གངས་ཅན་འདི་ན་དེ་ལས་གཞན། །བླུན་པོའི་གྲུབ་མཐའ་མང་མོད་ཀྱི། །དེ་ནི་བླུན་པོས་གོ་སླའི་ཕྱིར། །མཁས་པས་ཕལ་ཆེར་བཏང་སྙོམས་བཞག །བར་སྐབས་ཀྱི་ཚིགས་བཅད་དོ། །མུ་སྟེགས་བྱེད་ལ་རྟོག་གེ་ལྔ། །རིག་བྱེད་གྲངས་ཅན་འུག་ཕྲུག་པ། །ཟད་བྱེད་ཚུ་རོལ་མཛེས་པའོ། །མུ་སྟེགས་བྱེད་ཀྱི་ལྟ་བ་བསམ་གྱིས་མི་ཁྱབ་ཀྱང༌། རྟོག་གེ་འབར་བར་བརྒྱར་བསྡུས། དེ་བསྡུ་ན་ཡོངས་སུ་གྲངས་པ་རྟོག་གེ་སྡེ་ལྔའོ། །དེ་དག་ཀྱང་གདོད་མ་ནས་གྲུབ་པའི་རིག་བྱེད་པ། རྙིང་པ་བ། གསང་བར་སྨྲ་བ་པ། རྒྱལ་དཔོག་པ། སྤྱོད་པ་བ། དྲན་པ་བ་དང༌། ཚངས་པ་ལ་སོགས་པ་རྣམས་ནི་རྣམ་གྲངས་སོ། །གྲངས་ཅན་པ། སེར་སྐྱ་པ། རང་སྐྱེ་བ། སུམ་ཅུ་པ་ལ་སོགས་པ་ནི་རྣམ་གྲངས་སོ། །གསལ་བྱེད་པ་ཞེས་བྱ་བ་ནི་སྐབས་ཀྱིས་རིག་བྱེད་པ་དང་གྲངས་ཅན་གཉིས་ཀ་ལ་གྲགས་པ་ཡོད་དོ། །འུག་ཕྲུག་པ། གཟེགས་ཟན་པ། བྱེ་བྲག་པ། རིགས་པ་ཅན། ཚིག་གི་དོན་དྲུག་པ་ལ་སོགས་པ་ནི་རྣམ་གྲངས་སོ། །ཟད་བྱེད་པ། རྒྱལ་བ་དམ་པ་བ། ཚིག་གི་དོན་དགུ་པ། སྲོག་གི་སྡེ་ཚན་པ། འཛེམ་མེད་པ། གཅེར་བུ་པ། ཕྱོགས་ཀྱི་གོས་ཅན། ནམ་མཁའི་གོས་ཅན་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སོ། །དེ་ལྟར་སྡེ་བཞི་པ་ནི་ལས་རྒྱུ་འབྲས་བདེན་པར་འདོད་པས་རྟག་པར་སྨྲ་བ་ཞེས་ཟེར་རོ། །ཚུ་རོལ་མཛེས་པ་བ། འཇིག་རྟེན་ཀྱང་འཕེན་པ། ཆད་པར་ལྟ་བ་པ། མེད་པར་སྨྲ་བ་པ། ཕུར་བུ་པ། ངོ་བོ་ཉིད་རྒྱུར་སྨྲ་བ་པ་ལ་སོགས་པ་ནི་རྣམ་གྲངས་སོ། །བོད་འགའ་ཞིག་འཇིག་རྟེན་སྔ་ཕྱི་མི་འདོད་པས་རྒྱང་འཕེན་པ་ཞེས་ཟེར་བ་ནི་རྒྱང་འཕེན་པའི་སྒྲ་དོན་མ་ཤེས་པར་ཟད་ལ་མཁས་པ་རྣམས་ལ་མ་གྲགས་པས་གྱི་ནའོ། །རྒྱལ་རིགས་གཞུང་དུ་སྨྲ་བ་ལ་སོགས་པའང་འདི་ལ་བརྟེན་ཏེ་བྱུང་ངོ༌། །འདི་དག་གིས་ལས་རྒྱུ་འབྲས་ལ་སྐུར་བ་འདེབས་པས་ཆད་པར་སྨྲ་ཞེས་ཟེར་རོ། །དེ་ལྟར་ན་རྟོག་གེ་སྡེ་ལྔ་པོ་དེའང་རྟག་ཆད་གཉིས་སུ་འདུས་སོ། །སྔ་མ་གསུམ་པོ་རིག་བྱེད་འཛིན། །ཕྱི་མ་རྣམ་གཉིས་རིག་བྱེད་འདོར། །བདག་ཡོད་པར་ནི་ཐམས་ཅད་མཐུན། །ལྟ་བའི་བྱེ་བྲག་གཞན་མི་འདྲ། །དེ་ལྟར་རྟོག་གེ་སྡེ་ལྔ་སྔ་མ་གསུམ་ནི་རིག་བྱེད་པ། གྲངས་ཅན་པ། འུག་ཕྲུག་པ་རྣམས་ནི་རིག་བྱེད་ཚད་མར་བྱེད་ལ། འོན་ཀྱང་རིག་བྱེད་པ་དང་གྲངས་ཅན་པ་གཉིས་ནི་རིག་བྱེད་མ་བྱས་པ་རང་བྱུང་ཡིན་པས་ཚངས་པས་དྲན་ནས་གདོང་བཞི་ནས་བཏོན་ཏོ་ཞེས་ཟེར་རོ། །གཟེགས་ཟན་པ་ནི་དབང་ཕྱུག་གིས་བྱས་པར་འདོད་དོ། །དེ་ལྟར་ན་གྲུབ་མཐའ་གསུམ་པོ་དེ་ཚངས་པ་དང༌། དབང་ཕྱུག་དང༌། ཁྱབ་འཇུག་ལ་ལྷར་བྱེད་ལ། འོན་ཀྱང་གང་ལ་ཡི་དམ་དུ་བྱེད་པའི་མིང་ཐོབ་སྟེ། ཚངས་པ་བ་དང༌། དབང་ཕྱུག་པ་དང༌། ཁྱབ་འཇུག་པ་ཞེས་བྱ་བ་ལ་སོགས་པའི་མིང་དུ་གྲགས་ཏེ། སངས་རྒྱས་པ་ཡི་དམ་ཐ་དད་སྒོམ་པ་ལ་དེའི་མིང་དུ་གྲགས་པ་བཞིན་ནོ། །འོ་ན་གསུམ་ག་རིག་བྱེད་ལ་ཚད་མར་བྱེད་ན་རིག་བྱེད་པ་ཉིད་དུ་ཅིའི་ཕྱིར་མི་འཇོག་ཅེ་ན། བདེན་ཏེ་འོན་ཀྱང་རིག་བྱེད་པ་ནི་རིག་བྱེད་ཉིད་ལ་གཙོར་བྱེད་ལ། གྲངས་ཅན་དང་གཟེགས་ཟན་པ་ནི་རིག་བྱེད་འཆད་པའི་དྲང་སྲོང་ལ་གཙོ་བོར་བྱེད་པའི་ཕྱིར་དེ་དང་དེའི་མིང་གིས་བཏགས་ཏེ། སངས་རྒྱས་པ་སྤྱིར་མདོ་ལ་ཚད་མར་བྱེད་ཀྱང་མདོ་སྡེ་པ་འགའ་ཞིག་གིས་དེའི་མིང་ཐོབ་ལ་བྱེ་བྲག་ཏུ་སྨྲ་བ་དང་སེམས་ཙམ་པ་དང་དབུ་མ་པ་ལ་རྒྱུ་མཚན་གཞན་གྱིས་མིང་དུ་བཏགས་པ་བཞིན་ནོ། །མུ་སྟེགས་པ་ཐམས་ཅད་བདག་ཏུ་འཛིན་པར་མཐུན་ཏེ། རྟག་སྨྲ་བ་རྣམས་བདག་རྟག་པར་འདོད་ལ། ཆད་སྨྲ་བ་ནི་བདག་ཡོད་པ་ཆད་པར་འདོད་པས་སོ། །སློབ་དཔོན་ཐོགས་མེད་ཀྱིས་མུ་སྟེགས་བྱེད་ཀྱི་ལྟ་བ་གང་ཇི་སྙེད་པ་ཡོད་པ་དེ་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་གྱུར་ཏོ་ཞེས་གསུངས་པའང་དེ་ལ་དགོངས་པའོ། །གྲུབ་མཐའི་བྱེ་བྲག་གཞན་ལས་རྒྱུ་འབྲས་དང་ལམ་དང་འབྲས་བུའི་རྣམ་གཞག་མི་འདྲ་བར་སྣང་ངོ༌། །བོད་ཀྱི་རྟོག་གེ་བ་རྣམས་ནི། །འདི་ཡི་རྣམ་གཞག་འཁྲུགས་པ་མང༌། །དེ་ཕྱིར་དེ་དག་གིས་སྤེལ་བའི། །བསྟན་བཅོས་བདེན་པར་གཟུང་མི་བྱ། །བོད་ཀྱི་དགེ་བཤེས་འགའ་ཞིག་གིས། །སྦྱར་བའི་གྲུབ་མཐའ་མང་པོ་སྣང་མོད། དེ་དག་གཞུང་ལུགས་ཆེན་པོའི་རྣམ་གཞག་མ་གཟིགས་པར་ཕན་ཚུན་སུན་ཕྱུང་བ་ལ་བརྟེན་ནས་རྟོག་གེ་ཐ་དད་དུ་བཞག་ལ། གྲུབ་མཐའ་མཐུན་པ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་རྟོག་གེ་སྡེ་གཅིག་ཏུ་བཞག་པ་ནི་རྣམ་པར་འཁྱམས་པ་ཡིན་ཏེ། དཔེར་ན་ཉན་ཐོས་དང་ཐེག་ཆེན་དང༌། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། དབུ་མ་པ་ཕན་ཚུན་སུན་འབྱིན་ཡང་ཐ་དད་དུ་མི་འཇོག་པར་སངས་རྒྱས་པ་ཞེས་གཅིག་ཏུ་སྡུད་ལ། རིག་བྱེད་ཀྱི་མཐའ་པ་འགའ་དང་ཟད་བྱེད་པ་དང་སེམས་ཙམ་པ་དག་ཀྱང་སེམས་སུ་བྱེད་པའི་གྲུབ་མཐའ་འགའ་ཞིག་མཐུན་པ་དང༌། སྤྱོད་པ་བ་དང༌། རྒྱང་འཕེན་པ་དང༌། དབུ་མ་ཐལ་འགྱུར་ལ་འགའ་ཞིག་ཡོད་པ་སུན་འབྱིན་པ་དང༌། གཞན་ལས་གྲགས་པར་རྗེས་དཔག་དང་སྟོང་པ་ཉིད་ལ་སོགས་པ་མིང་མཐུན་ཡང་དོན་མི་འདྲ་བས་རྟོག་གེ་སྡེ་ཐ་དད་དུ་འཇོག་པ་བཞིན་ནོ། །སངས་རྒྱས་པ་ལ་གྲུབ་མཐའ་བཞི། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣམ་རིག་ངོ་བོ་ཉིད་མེད་སྨྲ། །འདི་དག་གིས་ནི་དབྱེ་བ་ལ། །གྲུབ་མཐའི་དབྱེ་བ་ཅི་རིགས་ཡོད། །རྒྱས་པར་གྲུབ་མཐའ་རྣམ་འབྱེད་ལྟོས། །བདེ་བར་གཤེགས་པའི་གཞུང་ལ་ཉན་ཐོས་ཐེག་ཆེན་གཉིས། ཉན་ཐོས་པ་ལ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་གཉིས། ཐེག་པ་ཆེན་པོ་ལ་སེམས་ཙམ་དབུ་མ་གཉིས། སེམས་ཙམ་ལ་རྣམ་བཅས་རྣམ་མེད་གཉིས། དབུ་མ་ལ་རང་རྒྱུད་ཐལ་འགྱུར་གཉིས་སོ། །དེ་དག་ནང་གསེས་ཀྱི་དབྱེ་བ་རྣམས་ནི་གྲུབ་མཐའ་རྣམ་འབྱེད་དུ་བལྟ་བར་བྱའོ། །དེ་དག་གྲུབ་མཐའ་ཁས་ལེན་ན། །ཐོག་མར་རྩོད་གཞི་ངེས་པར་བྱ། །མུ་སྟེགས་བྱེད་དང་ཉན་ཐོས་རྣམས། །ཕྱི་རོལ་དོན་འདོད་དེ་དག་དང༌། །རྩོད་ན་ཕྱི་རོལ་དོན་ཁས་བླང༌། །མིན་ན་རྩོད་གཞི་མི་མཐུན་པས། །རྩོད་པའི་གནས་སྐབས་འཇུག་པ་དཀའ། །རྒོལ་བ་གཉིས་དང་རང་གི་བསྟན་པ་གཟུང་བའི་ཕྱིར་གྲུབ་མཐའ་བདེན་བརྫུན་བཤད་པའི་སྐབས་སུ། ཉན་ཐོས་རང་མུ་སྟེགས་ཕྱི་རོལ་གྱི་དོན་བདེན་པར་ཁས་ལེན་པ་དེ་དག་དང་རྩོད་ན། དབང་ཤེས་རྟོག་བྲལ་ལ་སོགས་པར་བསྒྲུབ་པའི་སྐབས་སུ་ཡུལ་བེམས་པོ་ཉིད་བཀག་ནས་སྐབས་དོན་གྱི་རྩོད་པ་འགྱངས་པར་འགྱུར་བས་མདོ་སྡེ་པའི་ལུགས་བཟུང་སྟེ། དོན་གྱི་མཐུས་སྐྱེས་ལ་སོགས་པ་བཀོད་ནས་རྩོད་པའི་སྐབས་བདེ་བླག་ཏུ་འགྲུབ་པར་དགོངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་རྣམས་ལས་ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་ཏེ། རྣམ་འགྲེལ་ལས། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་དཔྱོད་ལ་འཇུག་པ་མཛད། །ཅེས་གསུངས་སོ། །དེའི་དགོངས་པ་བསྐང་བའི་ཕྱིར་ཆོས་ཀྱི་གྲགས་པས་གལ་ཏེ་ཕྱི་རོལ་དོན་ལ་འཇུག་པ་ན། ཁོ་བོས་མདོ་སྡེའི་སྐབས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲག་གོ །ཕྱི་རོལ་གྱི་དོན་ལ་བརྟེན་པའི་རྩོད་པའི་ཡལ་ག་རྣམས་ཆོད་ནས་དེའི་རྩ་བ་བཅད་པའི་ཕྱིར། གང་གི་དངོས་པོ་རྣམ་དཔྱད་པ། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གཅིག་དང་དུ་བྲལ་གྱིས་ཕྱི་རོལ་དངོས་པོ་བཀག་པའི་ཚེ་དེའི་རྟགས་གྲུབ་བོ་སྙམ་ན། དྲུག་གིས་ཅིག་ཅར་སྦྱར་བའི་རིགས་པས་བསྒྲུབས་ནས་ཕྱི་རོལ་གྱི་དོན་ཁེགས་པ་ན། མདོ་སྡེ་པའི་སྐྱེས་ལ་འདྲ་ཡང་མི་འགྲུབ་སྟེ། དོན་དངོས་མེད་པའི་སྣང་ཅན་དེས། །ཇི་ལྟར་དོན་འཛིན་ཞེ་ན་བདེན། །ངེས་ཀྱང་དེ་འདྲ་མི་ཤེས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །སྐབས་འདི་གཅིག་དང་དུ་བྲལ་ནི་སེམས་ཙམ་ཉིད་ཀྱི་རིགས་པ་ཡིན་གྱི། དབུ་མའི་ལུགས་སུ་འདོད་པ་ནི་གཞུང་གི་སྐབས་དོན་མ་ལོངས་པར་ཟད་དོ། །འོ་ན་སྣང་བ་འདི་དབང་ཕྱུག་ལ་སོགས་པས་ནི་མ་བྱས། རྡུལ་ཕྲན་ཁེགས་པས་རྒྱུ་མེད་ལས་སྐྱེ་བར་འགྱུར་རོ་ཞེ་ན། མི་འགལ་ཏེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་བྱ་བ་དང༌། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པའི་དོན་རིགས་པས་བསྒྲུབ་ན་ལྷན་ཅིག་དམིགས་ངེས་ལ་སོགས་པས་གཟུང་ཆ་ཕྱི་རོལ་གྱི་དོན་གཞན་ཡིན་པ་ཁེགས་སོ། །དེ་ལྟར་ཕྱི་རོལ་གྱི་དོན་ཁེགས་པས་གཟུང་བར་སྣང་བ་མི་འཐད་དོ་སྙམ་ན། གཟུང་ཆ་ཁེགས་པས་དེ་འཛིན་ཉིད་ཀྱང་ཁེགས་ཏེ། གཟུང་བ་མེད་པས་དེར་འཛིན་མེད། །ཅེས་གསུངས་པ་ལྟར་རོ། །དེས་ན་མྱོང་བ་ནི་རང་རིག་གིས་འགྲུབ། །གཟུང་འཛིན་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་ཁེགས་པས་གཉིས་མེད་ཤེས་པ་ཉིད་འགྲུབ་སྟེ། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་གསུངས་པ་ལྟར་རོ། །དེས་ན་རྟོགས་པ་དང་མ་རྟོགས་པའི་དབང་གིས་འཁྲུལ་མ་འཁྲུལ་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་གཞི་འདི་ཉིད་ཡིན་པར་དགོངས་སོ། །དེས་ན་ཀུན་ཏུ་ཐ་དད་པའི་གཞི་རྣམ་རིག་བསྒྲུབས་ནས། ཐ་སྙད་ལས་འདས་པ་དོན་དམ་པ་བསྒྲུབ་པའི་ཕྱིར་ལང་ཀར་གཤེགས་པ་ལས། སེམས་ཙམ་ལས་ནི་བཟླས་ནས་ཀྱང༌། །སྣང་བ་མེད་ལ་རབ་ཏུ་སྦྱར། །ཞེས་གསུངས་ཤིང༌། རྣམ་འགྲེལ་ལས། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། །ངེད་ཀྱི་དེ་ནི་རྐྱེན་ལས་སྐྱེས། །དེ་ཡང་བདག་མེད་ལྟ་རྟེན་ཡིན། །ཞེས་གསུངས་ལ། རིགས་པ་དྲུག་ཅུ་པ་ལས། ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་སྐྱེ་བར་རྣམ་པ་རྟགས་པ། །རྣམ་པར་མི་མཁས་དེ་ཡི་ནི། །རྐྱེན་ལས་སྐྱེ་བ་དེ་མ་མཐོང༌། །ཞེས་གསུངས་པས། གཉིས་མེད་ཀྱི་ཤེས་པ་ཉིད་གཞན་དབང་སྐད་ཅིག་མ་རྐྱེན་ལས་སྐྱེ་བ་ཡིན་ལ། རྐྱེན་ལས་སྐྱེ་བ་ཉིད་སྐྱེ་མེད་ཡིན་པས། དོན་དམ་པར་སྐྱེ་མེད་སྤྲོས་བྲལ་གྲུབ་སྟེ། རྒྱ་མཚོས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་པའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་རྣམ་རིག་ལེགས་པར་རྟོགས་ན་དབུ་མའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུད་པར་འགྱུར་རོ། །ཞེས་རྣམ་འགྲེལ་མཛད་པའི་དགོངས་པ་དེ་ཡིན་ནོ། །ཕྱི་རོལ་དཔྱོད་ན་མདོ་སྡེ་པའི། །གྲུབ་མཐའ་དངོས་པོ་སྟོབས་ཞུགས་ཡིན། །དེ་ཕྱིར་མཁས་པ་ཐམས་ཅད་ཀྱི། །གཞུང་ལུགས་ཐམས་ཅད་དེ་ལྟར་ཡོད། །ཕྱི་རོལ་གྱི་དོན་ལ་འཇུག་ན་མུ་སྟེགས་བྱེད་ཀྱི་འཕྲོད་པ་འདུ་བའི་འབྲེལ་པས་ཡུལ་རིག་པ་དང༌། བྱེ་བྲག་ཏུ་སྨྲ་བའི་ཡུལ་དང་དབང་པོ་དུས་མཉམ་པས་ཡུལ་རིག་པར་འདོད་པ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པས་མི་འཐད་ཅིང༌། མདོ་ལས། མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞེས་གསུངས་པའི་དོན་མདོ་སྡེ་པས་ཡུལ་དབང་པོ་ཡིད་ལ་བྱེད་པ་ལ་སོགས་པ་རྐྱེན་བཞི་ལས་རྣམ་ཤེས་སྐྱེ་བར་འདོད་པ་ལ་སྒྲུབ་བྱེད་ཡོད་ཅིང་གནོད་བྱེད་མེད་པས་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཡིན་ནོ། །དེས་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཆོས་གྲགས་ལ་སོགས་པ་མཁས་པ་ཐམས་ཅད་ཀྱིས་ལུང་དང་རིགས་པའི་རྣམ་གཞག་མདོ་སྡེ་པ་ལ་བརྟེན་ནས་མཛད་པའི་རྒྱུ་མཚན་དེ་ཡིན་ནོ། །འདི་ལ་སེམས་ཙམ་ཕྱི་རོལ་དོན། །ཁས་བླངས་ཡིན་ཞེས་བོད་རྣམས་སྒྲོགས། །རྟག་དངོས་བཞིན་ཏེ་འདི་མི་སྲིད། །མདོ་སྡེ་པ་ལ་བཏགས་པར་ཟད། །བོད་རྣམས་ཀུན་ལས་བཏུས་ལ་སོགས་པ་མངོན་པ་གོང་མའི་བསྟན་བཅོས་རྣམས་ཕྱི་རོལ་གྱི་དོན་དང་སེམས་གཉིས་ཞལ་གྱིས་བཞེས་པའི་གཞུང་ལུགས་འདི་དག་སེམས་ཙམ་ཕྱི་རོལ་གྱི་དོན་ཁས་བླངས་པ་ཡིན་ནོ་ཞེས་འདོད་པ་མི་འཐད་དེ། སེམས་ཙམ་ཡིན་ན་ཕྱི་རོལ་གྱི་དོན་ཁས་ལེན་པ་འགལ། ཕྱི་རོལ་དོན་ཁས་ལེན་ན་སེམས་ཙམ་དུ་འགལ་བའི་ཕྱིར་རོ། །དཔེར་ན་རྟག་དངོས་ཁས་ལེན་པ་བཞིན་ཏེ་རྟག་པ་ཡིན་ན་དངོས་པོར་མི་འཐད། དངོས་པོ་ཡིན་ན་རྟག་པར་མི་འཐད་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་གྲུབ་མཐའ་ལེགས་པར་མ་ཤེས་པའི་སྟོབས་ཀྱིས་བབ་ཅོལ་དུ་སེམས་ཙམ་ཕྱི་རོལ་གྱི་དོན་ཁས་བླངས་ཞེས་བརྗོད་པར་ཟད་དོ། །ཕྱི་རོལ་དོན་རྣམས་འགོག་པ་ན། །རྣམ་རིག་དངོས་པོ་སྟོབས་ཞུགས་ཡིན། །ཆོས་ཉིད་གཏན་ལ་འབེབས་པ་ན། །དབུ་མའི་གཏན་ཚིགས་དངོས་སྟོབས་ཡིན། །དེས་ན་ཕྱི་རོལ་གྱི་དོན་འགོག་པའི་དུས་སུ་སེམས་ཙམ་པའི་གཅིག་དང་དུ་བྲལ་དང༌། ལྷན་ཅིག་དམིགས་ངེས་དང༌། རིགས་པའི་གཏན་ཚིགས་དང༌། ལུང་ལ་བརྟེན་ནས་དོན་གཅིག་སྣང་པ་ཐ་དད་ལ་སོགས་པའི་གཏན་ཚིགས་ཐམས་ཅད་དངོས་པོ་སྟོབས་ཞུགས་ཡིན་ལ། དབུ་མ་རང་རྒྱུད་པའི་རྡོ་རྗེ་གཟེགས་མ་དང༌། མུ་བཞི་སྐྱེ་འགོག་ལ་སོགས་པ་དང༌། ཐལ་འགྱུར་བའི་བསྒྲུབ་བྱ་དང་མཚུངས་པ་དང༌། རྒྱུ་མཚན་མཚུངས་པ་ལ་སོགས་པ་དངོས་པོའི་སྟོབས་ཞུགས་ཡིན་ནོ། །ཁ་ཅིག་གྲུབ་མཐའ་ཁས་ལེན་ན། །དངོས་པོ་སྟོབས་ཞུགས་མེད་ཅེས་ཟེར། །མ་ཡིན་དངོས་པོའི་སྟོབས་མེད་ན། །རིགས་པའི་དགག་སྒྲུབ་ཇི་ལྟར་འཐད། །བོད་ཁ་ཅིག་གྲུབ་མཐའ་ལ་བརྟེན་ནས་རང་འདོད་པའི་ཆགས་སྡང་གི་སྒོ་ནས་མུན་སྤྲུལ་སྨྲ་བར་ཟད་ཀྱི། ལུང་ལ་བརྟེན་པའི་གྲུབ་མཐའ་ལ་དངོས་པོ་སྟོབས་ཞུགས་མེད་དོ་ཞེས་ཟེར་བ་མི་འཐད་དོ། །སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པའི་གང་ཟག་དང་མཁས་པའི་སྐྱེ་བོ་རྣམས་ལ་སྐུར་པ་བཏབ་པར་འགྱུར་ཏེ། ལུང་ལ་བརྟེན་པའི་གྲུབ་མཐའ་ནི་དེ་དག་གི་རྗེས་སུ་འབྲང་བའི་ཕྱིར་རོ། །དེས་ན་གྲུབ་མཐའ་ལ་རང་རང་གི་སྐབས་སུ་འཇུག་པའི་དངོས་པོའི་སྟོབས་མེད་ན་སྐབས་དེ་ལ་ལྟོས་པའི་དགག་སྒྲུབ་མི་ནུས་ཏེ། དཔེར་ན་ལས་ཀྱི་སྣང་བ་ཐ་དད་པའི་གང་ཟག་ལ་ཆུ་དང་མེ་ལ་སོགས་བར་སྣང་ན་ངོམས་པ་དང་སྲེག་པ་ལ་སོགས་པ་མངོན་སུམ་ཚད་མ་ཉིད་དངོས་པོ་སྟོབས་ཞུགས་ཡིན་ལ། ཡི་དྭགས་ལ་སོགས་པ་ལས་མི་མཐུན་པ་གཞན་ལ་ཆུ་ལ་སོགས་པ་དངོས་པོ་སྟོབས་ཞུགས་མ་ཡིན་གྱི། རང་རང་གི་སྣང་བ་གང་ཡིན་པ་དེ་ཉིད་དངོས་པོ་སྟོབས་ཞུགས་ཡིན་ནོ། །དེ་བཞིན་དུ་དངོས་པོ་ཁས་ལེན་ན་བྱས་ཡོད་ཀྱིས་མི་རྟག་པར་སྒྲུབ་པ་དངོས་པོ་སྟོབས་ཞུགས་ཡིན་གྱི། དབུ་མ་པ་ཆོས་ཐམས་ཅད་རང་བཞིན་མེད་པས་དངོས་པོ་ཉིད་མ་གྲུབ་པ་ལ་དེའི་ཆོས་ཡོད་པའམ་མེད་པ་ཁས་མི་ལེན་པས་བྱས་ཡོད་ཀྱིས་མི་རྟག་པར་སྒྲུབ་པ་དངོས་པོ་སྟོབས་ཞུགས་ག་ལ་ཡིན། ཡུམ་ལས་ཤཱ་རིའི་བུ་སེམས་མེད་པ་ལ་ཡོད་པའམ་མེད་པར་ལྟ་དམིགས་སུ་ཡོད་དམ་ཞེས་བྱ་བ་དང༌། སྡུད་པ་ལས། མི་རྟག་ཡོངས་སུ་བསྟན་པ་བཅོས་ལ་སྤྱོད་པ་སྟེ། ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་འབྲས་བུ་མི་དམིགས་པའི་རྟགས་ཀྱང་སྣང་བ་དང་གྲུབ་མཐའ་ཐ་དད་པའི་སྒོ་ནས་དངོས་པོ་སྟོབས་ཞུགས་ཉིད་ཐ་དད་པར་འགྱུར་ལ། ཡང་ཚུ་རོལ་མཐོང་བས་དབང་པོ་ལྔ་ཡུལ་སོ་སོ་ལ་འཇུག་པ་དངོས་པོ་སྟོབས་ཞུགས་ཡིན་ལ། ཕ་རོལ་གཟིགས་པའི་སངས་རྒྱས་ལ་དབང་པོ་ལྔ་ཡུལ་ཐམས་ཅད་ལ་འཇུག་སྟེ། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ཉིད་དངོས་པོ་སྟོབས་ཞུགས་ཡིན་པས། ལས་དང་གང་ཟག་གི་དབྱེ་བས་དངོས་པོ་སྟོབས་ཞུགས་ཉིད་ཐ་དད་ཡིན་པའི་ཕྱིར་གང་དངོས་པོ་སྟོབས་ཞུགས་ཡིན་མ་ཡིན་དཔྱོད་ཅིག གལ་ཏེ་ཀུན་རྫོབ་དང་དོན་དམ་པའི་རྣམ་གཞག་མི་འདྲ་བས། དོན་དམ་པ་སྤྲོས་པ་དང་བྲལ་བས་ཤེས་བརྗོད་ལས་འདས་ལ། ཀུན་རྫོབ་ཤེས་བརྗོད་ཀྱི་ཡུལ་ཡིན་པས་དེ་ལ་དངོས་པོ་སྟོབས་ཞུགས་ཀྱིས་དགག་སྒྲུབ་བྱེད་དོ་སྙམ་ན། དེ་ལྟར་ཀུན་རྫོབ་ཉིད་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང༌། བེམས་པོ་དང་རིགས་པ་དང་གཟུང་བ་དང་འཛིན་པ་ལ། སོགས་པ་འཐད་མི་འཐད་ཁས་ལེན་པ་ལ། མུ་སྟེགས་བྱེད་དང་སངས་རྒྱས་པའི་གྲུབ་མཐའི་རིམ་པ་རྣམ་པ་འཇུག་ལ། དེ་དག་ཀྱང་མུ་སྟེགས་བྱེད་བདག་རྟག་པ་ཡུལ་ལ་ལོངས་སྤྱོད་པ་ཞིག་ཁས་ལེན་ན་ཁོང་རང་གི་རིགས་པ་དེ་ལས་འོས་མེད་ལ། དེ་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་དབང་པོ་དང་ཡུལ་དུས་མཉམ་པས་འཛིན་པ་དང༌། མདོ་སྡེ་པས་རྐྱེན་བཞི་ལས་ཡུལ་འཛིན་གྱི་རྣམ་ཤེས་སྐྱེ་བ་དང༌། སེམས་ཙམ་པས་མྱོང་བ་གཉིས་མེད་ཀྱི་ཤེས་པ་བག་ཆགས་ཀྱི་ཕྱི་རོལ་དུ་སྣང་བ་དང༌། དབུ་མ་པ་རང་བཞིན་མེད་པ་ལ། རྟེན་འབྲེལ་གྱི་སྣང་བ་བཞེད་པ་ནི། རང་རང་གི་ལུགས་ཁས་ལེན་པ་ལ་རང་རང་གི་སྐབས་ཀྱི་རིགས་པ་དེ་ཉིད་སྐབས་དེ་ལ་ལྟོས་ནས་སྐབས་སུ་བབ་པའི་རིགས་པ་དེ་ཉིད་སྐབས་དེའི་དངོས་པོ་སྟོབས་ཞུགས་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། ཕན་ཚུན་འཆོལ་བའི་རིགས་པ་རྣམ་པར་འཁྱམ་པའི་ཕྱིར་རོ། །དཔེར་ན་ཡུལ་དུས་ཐ་དད་ཀྱི་སོ་ནམ་ལ་སོགས་པའི་བྱ་བ་ལ་རང་རང་གི་ལུགས་ཀྱིས་འགྲུབ་ཀྱི། ཕན་ཚུན་འཆོལ་ན་མི་འགྲུབ་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་པའི་བྱེ་བྲག་གིས་སྡེ་སྣོད་ཐ་དད་དུ་གསུངས་པའང་དེ་ལ་དགོངས་སོ། །གལ་ཏེ་གྲུབ་མཐའ་ཐ་དད་པ་རང་གི་སྐབས་ཀྱི་རིགས་པ་དེ་ལས་མི་འདའ་མོད། མཁས་པ་དག་གིས་རིགས་པས་དཔྱད་ན་འཇིག་པས་འཁྲུལ་ལ་གང་མི་འཇིག་པ་དེ་དངོས་པོ་སྟོབས་ཞུགས་ཡིན་སྙམ་ན། དེ་ལྟར་ན་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཉིད་བརྗོད་པ་མི་སྲིད་དེ། བློའི་ཡུལ་དུ་གང་གྲུབ་པ་དེ་ལ་བརྟགས་ན་སྐྱོན་འཇུག་པའི་ཕྱིར། མི་སྨྲ་བ་ལས་འོས་མེད་དེ། །ལིཙྪ་བྱིའི་མདོ་ལས། རྒྱལ་བའི་སྲས་པོ་མི་གསུང་བཞུགས། །མི་གསུང་བ་ཉིད་རྒྱ་ཆེར་འགྲེལ། །ཞེས་བྱ་བ་དང༌། རྣམ་འགྲེལ་ལས། ཇི་ལྟ་ཇི་ལྟར་རྣམ་དཔྱད་པ། །དེ་ལྟ་དེ་ལྟར་རྣམ་འབྲེལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་གསུངས་པས། དངོས་པོའི་སྟོབས་ཞུགས་ཀྱི་རིགས་པས་དཔྱད་ན་གང་ཡང་མི་འགྲུབ་པས་མཐར་ལིཙྪ་བྱིའི་རྣམ་ཐར་ལ་འཇུག་པར་བྱའོ། །རིགས་པ་ལ་ཡང་རྣམ་པ་གཉིས། །གཞན་སྡེ་མུ་སྟེགས་རྣམས་ཀྱི་ལུགས། །ཚད་མ་གཅིག་དང་མང་པོ་དང༌། །དེ་དག་སོ་སོའི་མཚན་ཉིད་དང༌། །དབྱེ་བསྡུའི་བྱེ་བྲག་མང་མོད་ཀྱི། །འཁྲུལ་པར་གྲགས་པས་འདིར་མ་བཤད། །རིགས་པའི་རྣམ་གཞག་ལ་ཡང་རང་སྡེ་སངས་རྒྱས་པ་དང་གཞན་སྡེ་མུ་སྟེགས་བྱེད་གཉིས་ལས། སངས་རྒྱས་པ་སྔ་རབས་པ་ནི་མངོན་སུམ་རྗེས་དཔག་ལུང་ཚད་མ་དང་གསུམ་བཞེད་ལ། ཕྱོགས་ཀྱི་གླང་པོ་ནི་རིགས་པ་དང་འགལ་བའི་ལུང་ཚད་མ་ཉིད་མ་ཡིན་པས། རིགས་པས་མི་གནོད་ཅིང་ལུང་ཕན་ཚུན་མི་འགལ་ན་ཚད་མ་ཡིན་མོད་ཀྱི་དེ་རྗེས་དཔག་གི་ཁོངས་དུ་འདུ་བར་བཞེད་དེ། རྣམ་འགྲེལ་ལས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པའི་ཚད་མར་བཞེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །མུ་སྟེགས་ཚད་མ་གཅིག་དང༌། གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། དྲུག་ལ་སོགས་པ་འདོད་པ་ཡོད་མོད་ཀྱི་འདི་དག་འཁྲུལ་པར་ཐམས་ཅད་ལ་གྲགས་པས་འདིར་མ་སྤྲོས་སོ། །རང་སྡེ་སངས་རྒྱས་ཚད་མར་འཛིན། །དེ་ལ་སྔ་ཕྱི་རྣམ་པ་གཉིས། །སྔ་མ་དབྱིག་གཉེན་ལེགས་ལྡན་སོགས། །དོན་ལ་འཁྲུལ་པ་མེད་མོད་ཀྱི། །དབྱེ་བསྡུའི་ཁྱད་པར་འགའ་ཞིག་དང༌། །བརྗོད་པའི་ཚུལ་ལ་ཁྱད་པར་ཡོད། །སྔ་རབས་པའི་མཁས་པ་དེ་དག་དོན་ལ་འཁྲུལ་པ་མེད་མོད། འོན་ཀྱང་ཚད་མའི་གྲངས་དང་ནང་གསེས་ཀྱི་དབྱེ་བསྡུ་དང་བརྗོད་པའི་ཚུལ་ལ་ཁྱད་པར་ཡོད་དེ་མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་གསུམ་བཞེད་པ་དང༌། སློབ་དཔོན་དབྱིག་གཉེན་རྩོད་པ་གྲུབ་པར་ལྟག་ཆོད་གསུམ་དུ་སྡུད་པ་དང༌། སྒྲུབ་པའི་ངག་ཡན་ལག་ལྔ་ལྡན་དུ་མཛད་པའི་ལུགས་འཛིན་ཏོ། །ཕྱི་མ་ཕྱོགས་གླང་ཆོས་གྲགས་སོགས། །གྲངས་དང་དབྱེ་བསྡུའི་བྱེ་བྲག་དང༌། །བརྗོད་པའི་ཚུལ་ལ་ཉུང་རྒྱས་སོགས། །སྔ་མའི་ཚུལ་ལས་ཁྱད་པར་འཕགས། །ཕྱི་རབས་ཀྱི་མཁས་པ་ཕྱོགས་ཀྱི་གླང་པོ་ལ་སོགས་པ་ཚད་མའི་གྲངས་གཉིས་སུ་ངེས་ལ། ལུང་ནི་རིགས་པ་དང་འགལ་ན་ཚད་མ་མ་ཡིན་ཞིང༌། མི་འགལ་ན་རྗེས་དཔག་ཏུ་སྡུད་པ་དང༌། དབྱེ་བསྡུ་ཡང་ཁྱད་པར་བྱ་བྱེད་ལ་སོགས་པའི་འབྲེལ་པ་རྣམས་བདག་གཅིག་དེ་བྱུང་དུ་སྡུད་པ་དང༌། ལྟག་ཆོད་གསུམ་དུ་མི་འདུ་སྟེ། །མདོ་ལས། ཕྱིན་ཅི་ལོག་དང་མི་བདེན་དང༌། །འགལ་ཉིད་ལྟག་ཆོད་རྣམས་ལ་ནི། །རྩོད་པ་གྲུབ་པར་ཚུལ་གསུམ་བཤད། །འདི་ལ་ཁྱད་པར་མཚོན་པ་མེད། །ཅེས་གསུངས་པས་སོ། །རྩོད་པའི་ངག་འགོད་ཚུལ་ཡང་ཡན་ལག་ལྔ་ལྡན་དཔེར་ན་ལ་ལ་མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཚང་མར་བཞིན། ལ་ལ་ཡང་དུ་བ་ཡོད་པས་མེ་ཡོད་ཅེས་འདོད་པ་མི་འཐད་དེ། སྤྱི་ཁྱབ་བརྗོད་པ་མ་ཚང༌། དམ་བཅའ་དང་ཉེར་སྦྱར་དང་མཇུག་སྡུད་གསུམ་ལྷག་པའི་ཕྱིར་རོ། །དེས་ན་རྩོད་པའི་ངག་ཉུང་རྒྱས་ཞེས་བྱ་བ་ཁྱབ་པ་དང༌། ཕྱོགས་ཆོས་བརྗོད་པ་ཡན་ལག་གཉིས་ལྡན་དུ་སྦྱོར་བས་ཕྱི་རབས་པའི་རྟོག་གེ་ཁྱད་པར་དུ་འཕགས་སོ། །ཕྱི་རབས་ཆོས་ཀྱི་གྲགས་པའི་གཞུང་ལ་བརྟེན་པའི་གང་ཟག་རྣམས་ལ་ཡང༌། རྩོད་པའི་ཚུལ་ལ་རྣམ་གཉིས་མཐོང༌། །ཆོས་གྲགས་སྒྲུབ་པའི་ངག་བཀོད་ནས། །གཏན་ཚིགས་ཚེར་མ་འབྱིན་པར་མཛད། །གཞན་དུ་ཚར་གཅད་གནས་སུ་བཞེད། །རྩོད་པའི་རིགས་པ་ལས་ཇི་ལྟར་གསུངས་པ་ལྟར། རྩོད་པའི་སྐབས་གང་ཡིན་པའི་སྒྲུབ་པའི་ངག་སྐྱོན་མེད་བཀོད་ནས་ཚེར་མ་འདི་ལྟར་འབྱིན་ཏེ། རྟགས་འདི་མ་གྲུབ་པ་མ་ཡིན་ཏེ་ཆོས་ཅན་ལ་མཐོང་བའི་ཕྱིར་རོ། །འགལ་བ་མ་ཡིན་ཏེ་མཐུན་ཕྱོགས་ལ་གྲུབ་པའི་ཕྱིར་རོ། །མ་ངེས་པ་མ་ཡིན་ཏེ་མི་མཐུན་ཕྱོགས་ལ་ཁེགས་པའི་ཕྱིར་རོ། །ཞེས་དེ་ལྟ་བུའི་ཚུལ་གྱི་ཚེར་མ་གསུམ་མི་འབྱིན་པའི་རྒོལ་བ་དེ་ཚར་གཅད་པའི་གནས་ཡིན་ཞིང༌། ཚེར་མ་ཕྱུང་བའི་རྗེས་ལ་ཕྱིར་རྒོལ་གྱི་སུན་འབྱིན་པའི་ངག་འཇུག་པར་གསུངས་སོ། །ཕྱི་མའི་རིགས་པར་སྨྲ་བ་འགའ། །སྒྲུབ་བྱེད་བརྗོད་ལ་ཕྱིར་རྒོལ་གྱིས། །སྐྱོན་བརྗོད་ནས་ནི་ཚེར་མ་འབྱིན། །བོད་རྣམས་དེ་དང་མཐུན་པར་རྩོད། །བྷྲི་ཀ་མ་ཤཱི་ལའི་མཁས་པ་ཞིག་དང་བྷཾ་གའི་བྲམ་ཟེ་ཞིག་རྒྱལ་པོ་སྒྲ་ཚད་ཤེས་པ་ཞིག་གིས་དཔང་པོ་བྱས་ཏེ་རྩོད་པ་ན། བྲམ་ཟེས་རིག་བྱེད་ཀྱི་སྒྲ་རྟག་པར་འདོད་པ་ལ། སངས་རྒྱས་པས་མི་རྟག་ཅེས་དམ་བཅས། བྲམ་ཟེས་མི་རྟག་སྟེ་ཅིའི་ཕྱིར་ཞེས་དྲིས། སངས་རྒྱས་པས་གང་ཡོད་པ་མི་རྟག་སྟེ་བུམ་པ་བཞིན་སྒྲ་ཡང་ཡོད་དོ་ཞེས་སྒྲུབ་པའི་ངག་བཀོད། དེ་ལ་བྲམ་ཟེས་རྟགས་དེའི་ཚེར་མ་མ་བྱུང་ངོ་ཞེས་བཤུད་ཞིང་རྒྱལ་པོ་ལ་བལྟས། རྒྱལ་པོ་དཔང་པོ་ཡིན་པས་སངས་རྒྱས་པ་ལ་རྟགས་དེའི་ཚེར་མ་ཕྱུར་ཤིག་ཅེས་སྨྲས། པཎྜི་ཏས་ཁོ་བོའི་རྟགས་སྐྱོན་མེད་པ་ལ་ཚེར་མ་དབྱུང་ཅི་དགོས་ཞེས་ལན་བཏབ། དེར་བྲམ་ཟེས་ཚེར་མ་འབྱིན་དགོས་པའི་རྒྱུ་མཚན་མ་ཤེས་པས་སྤོབས་པ་མེད་པར་འདུག་གོ །དེ་མན་ཆད་རྒོལ་བ་ཕལ་ཆེར་དེའི་རྣམ་ཐར་བཟུང་ནས་རྟགས་ལ་ཚེར་མ་མི་འབྱིན་པ་ལ་སོགས་པའི་རྣམ་གཞག་བྱེད་པ་རྨོང་ངོ་ཞེས་གྲག་གོ །རྩོད་པའི་རིགས་པའི་རྣམ་གཞག་མི་ཤེས་པའི་བོད་ཀྱི་རྟོག་གེ་པ་རྣམས་ཀྱང༌། རྟགས་ལ་ཚེར་མ་མི་འབྱིན་ཕྱིར་རྒོལ་གྱི་སྐྱོན་བརྗོད་པ་ལ་འཇུག་པའི་རྩོད་པ་འབའ་ཞིག་ཏུ་མཐོང་ངོ༌། །ཚུལ་འདི་ཆོས་ཀྱི་གྲགས་པ་ཡི། །བཞེད་པ་མིན་ཕྱིར་འཐད་པ་དཀའ། །རྩོད་པའི་རིགས་པར་རྟགས་ཀྱི་སྦྱོར་བ་ལ་ཚེར་མ་མ་ཕྱུང་ན་རྒོལ་བ་ཕམ་པའི་གནས་སུ་གསུངས་པས། ཚེར་མ་ཕྱུང་སྟེ་བརྩད་དོ། །གཞན་དུ་ན་ཆོས་ཀྱི་གྲགས་པའི་དགོངས་པ་དང་འགལ་བར་འགྱུར་རོ། །འདི་འདྲའི་རྩོད་པ་སྡེ་བདུན་དང༌། །རིགས་པའི་གཏེར་དུ་ཤེས་པར་གྱིས། །རྣམ་འགྲེལ་ལ་སོགས་པ་རབ་ཏུ་བྱེད་པ་སྡེ་བདུན་དུ་རྒྱས་པར་གསུངས་ཤིང༌། སྡེ་བདུན་གྱི་དོན་བསྡུས་པ་ཁོ་བོས་བྱས་པའི་རིགས་པའི་གཏེར་དུ་ཤེས་པར་བྱའོ། །འདིར་ནི་གསར་བུ་རྟོགས་སླ་བའི། །རྣམ་པར་གཞག་པ་ཅུང་ཟད་བཤད། །སྐབས་འདིར་རྩོད་པ་གསར་བུ་དག་གིས་གོ་སླ་བར་བྱ་བའི་ཕྱིར་འདྲི་བ་དང་ལན་འདེབས་པའི་ཚུལ་ཅུང་ཟད་བཤད་དེ། འདྲི་ན་སྐབས་སུ་བབ་པ་དྲི། །ཅིག་ཅར་རྣམ་གྲངས་མང་པོ་མིན། །མུ་སྟེགས་བྱེད་དག་རྒོལ་བས་ཕྱོགས་སྔ་མ་མི་འདྲ་བའི་རྒྱུད་ཆགས་བརྒྱ་དང་ཉིས་བརྒྱ་ལ་སོགས། ངག་རྒྱུན་གཅིག་ལ་བཏོན་ནས། །དེ་ཕྱིར་རྒོལ་གྱིས་གོ་རིམ་མ་འཁྲུག་པར་ཕྱོགས་སྔར་རྗེས་སུ་བརྗོད་དེ། དེས་ན་གོ་རིམ་ཕྱོགས་ཕྱི་མས་སུན་འབྱིན་ལ། དེ་ལྟ་བུའི་ཕྱོགས་སྔ་བརྗོད་མ་ནུས་ན་རྗེས་སུ་མི་བརྗོད་པ་ཞེས་བྱ་བར་ཚར་གཅད་ཀྱི་གནས་སུ་འགྱུར་རོ་ཞེས་ཟེར་རོ། །རྩོད་པའི་རིགས་པར་སྐབས་སུ་བབ་པའི་ཕྱོགས་སྔ་རེ་རེ་སུན་ཕྱུང་བས་ཆོག་མོད། སྐབས་སུ་མ་བབ་པའི་ཕྱོགས་སྔ་རྗེས་སུ་བརྗོད་པ་ནི་སྒྲུབ་པ་དང༌། སུན་འབྱིན་གྱི་ཡན་ལག་མ་ཡིན་པ་ཉིད་ཀྱིས་ཚར་གཅད་དུ་དགོངས་སོ། །དེས་ན་ཕྱིར་རྒོལ་གྱིས་འདྲི་བ་ན་ཡང་སྒྲ་རྟག་མི་རྟག་གམ་མི་རྟག་ཅེས་བྱ་བ་ལྟ་བུ་སྐབས་སུ་བབ་པའི་རྩོད་གཞི་དྲི་བར་བྱའི་ཞེས་རང་བྱུང་ཡིན་ནམ་སྐྱེས་བུས་བྱས་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་མང་པོ་དྲི་བར་མི་བྱ་སྟེ། སྔ་མ་མ་ངེས་པར་ཕྱི་མ་རྩོད་པ་ངག་སྐྱོན་ཅན་དུ་འགྱུར་བའི་ཕྱིར་རོ། །མུ་སྟེགས་འགའ་ཞིག་ན་རེ་དྲི་བ་ལ་ཕྱོགས་སྔ་མ་མང་པོ་སྤྲེངས་ནས་དེ་ཇི་ལྟ་བ་བཞིན་རྒོལ་བས་འཛིན་མི་ནུས་པས་རིམ་པ་བཞིན་རྗེས་སུ་བརྗོད་པ་དང་སུན་འབྱིན་པ་འཁྲུག་ཅིང་འཁྲུལ་པར་འགྱུར་ལ་དེ་ལྟ་ན་སྤོབས་པ་མེད་པ་ཞེས་བྱ་བ་ཚར་གཅད་ཀྱི་གནས་སུ་གཏང་བའི་ཐབས་ཡིན་ནོ་སྙམ་ན། དེ་ལྟ་བུ་སྒྱུ་ཐབས་ཀྱིས་ཚར་གཅད་ཀྱང་གྲུབ་མཐའ་འཛིན་མི་ནུས་པས་དམ་པའི་རྩོད་པ་མ་ཡིན་ནོ་ཞེས་རྩོད་རིགས་ལས་འབྱུང་ངོ༌། །བསྒྲུབ་བྱ་གཅིག་ལ་རྟགས་མང་པོ། །འཇུག་ཀྱང་རྩོད་ན་མང་པོ་མིན། །སྔ་མ་རྟགས་མིན་ཚར་གཅད་གནས། །རྟགས་ཡིན་ཕྱི་མ་ཚར་གཅད་འགྱུར། །སྒྲ་མི་རྟག་པ་སྒྲུབ་པ་ལ་ཡོད་པ་དང་བྱས་པ་དང་རྩོལ་བྱུང་ལ་སོགས་སྒྲུབ་བྱེད་ཀྱི་རྟགས་མང་པོ་ཡོད་ཀྱང་གང་རུང་ཞིག་བརྗོད་ཀྱི་གཞན་མང་པོ་མི་བརྗོད་དེ། སྔ་མ་རྟགས་མ་ཡིན་ན་སྒྲུབ་བྱེད་མ་ཡིན་པ་བརྗོད་པ་ཚར་གཅད་ཡིན་ལ། སྔ་མ་རྟགས་ཡིན་ན་ཕྱི་མ་ལྷག་པ་བརྗོད་པས་ཚར་གཅད་ཡིན་ཏེ་དམ་བཅའ་བརྗོད་པ་བཞིན་ནོ། །ཆོས་ཅན་མ་གྲུབ་པ་ལ་སོགས། །གཏན་ཚིགས་དྲིས་པས་འགྲུབ་པར་གསལ། །རི་བོང་གི་རྭའམ་བདག་ཆོས་ཅན། །ཞེས་བྱ་བ་ལ་སོགས་པ་ཆོས་ཅན་མི་སྲིད་པའམ། ཤ་ཟའི་བུམ་པའམ། འདོད་ཆགས་དང་བྲལ་བ་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་སྲིད་ཀྱང་ཚད་མས་མ་གྲུབ་པ་ཆོས་ཅན་དུ་འཇོག་པའམ། ཡིད་ཀྱི་མངོན་སུམ་མམ། ལྟོས་མེད་ལ་སོགས་པ་ཆོས་ཅན་ཚད་མས་གྲུབ་ཀྱང་སྒྲུབ་བྱེད་བརྗོད་ན་རྩོད་པའི་གཞི་འཆུགས་ཀྱིས་དོགས་པའི་སྐབས་སུ་ཆོས་ཅན་མ་གྲུབ་ཅེས་ཟེར་ན་འདི་ལྟར་བརྗོད་དེ། མ་གྲུབ་པ་དེ་ཅི་ཚིག་ཙམ་ཡིན་ནམ་དེ་ལ་གཏན་ཚིག་ཡོད། ཚིག་ཙམ་གྱིས་མ་གྲུབ་པར་འགྱུར་ན་ཁོ་བོས་ཀྱང་གྲུབ་ཅེས་བརྗོད་པས་ཅིའི་ཕྱིར་མི་འགྲུབ། རྟགས་ཡོད་དོ་ཞེ་ན་རྟགས་དེ་ཁོད་ཅིག གལ་ཏེ་དེས་རྟགས་བཀོད་ན་རི་བོང་གི་རྭ་དང་ཤ་ཟའི་བུམ་པ་ལ་སོགས་པ་ཆོས་ཅན་དུ་མ་བཞག་ན་ཕྱིར་རྒོལ་གྱིའང་ཆོས་ཅན་མི་འགྲུབ་ལ། བཞག་ན་རྒོལ་བའི་ཡང་ཆོས་ཅན་གྲུབ་པ་དེ་ཉིད་ཡིན་ནོ། །དེ་བཞིན་དུ་རྩོད་པ་གཞན་ལ་ཅི་རིགས་པར་སྦྱར་ཏེ་ཤེས་པར་བྱའོ། །དབུ་མ་པ་དག་སྟོང་ཉིད་ཀྱིས། །བརྩད་ན་གཞན་གྱི་ལན་རྣམས་ཀུན། །བསྒྲུབ་བྱ་དག་དང་མཚུངས་པ་ཡི། །མ་གྲུབ་པ་ཞེས་སློབ་དཔོན་བཞེད། །དབུ་མ་པས་དངོས་པོར་སྨྲ་བ་རྣམས་ལ་དབང་ཕྱུག་གམ་བེམས་པོའམ་རྣམ་རིགས་ལ་སོགས་པ་སྐྱེ་བ་མེད་པ་ལ་སོགས་པའི་རིགས་པས་བཀག་པ་ན། དབང་ཕྱུག་པ་དབྱིབས་ལ་སོགས་པའི་བཀོད་པས་བྱེད་པ་པོ་དབང་ཕྱུག་སྒྲུབ་པ་དང༌། ཉན་ཐོས་ཀྱིས་རྡུལ་དང་སེམས་ཙམ་པས་རྣམ་རིག་གི་སྒྲུབ་བྱེད་བཀོད་པ་ཐམས་ཅད་བསྒྲུབ་བྱ་མ་གྲུབ་པ་བཞིན་དུ་སྒྲུབ་བྱེད་ཀྱང་མ་གྲུབ་ལ། དེ་སྒྲུབ་པའི་ཕྱིར་གཞན་བཀོད་ཀྱང་དེ་དང་འདྲ་སྟེ་སློབ་དཔོན་གྱིས། སྟོང་པ་ཉིད་ཀྱིས་བརྩད་བྱས་ན། །གང་ཞིག་ལན་ལྡོན་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་གདབ་མིན། །བསྒྲུབ་པར་བྱ་དང་མཚུངས་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ལ་སོགས་པ་ལའང་སྦྱར་ཏེ་ཤེས་པར་བྱའོ། །བོད་རྣམས་ཐལ་འགྱུར་ལན་ལ་གསུམ། །གཏན་ཚིགས་ཁྱབ་པ་མ་གྲུབ་དང༌། །ཡང་ན་འདོད་པས་ལེན་འདེབས་སོ། །བོད་རྣམས་ཐལ་འགྱུར་གྱི་ལན་ལ་གསུམ་སྟེ། ཕྱོགས་ཆོས་མེད་ན་གཏན་ཚིགས་མ་གྲུབ་པ། འགལ་བའམ་མ་ངེས་པ་གཉི་ག་ལ་ཁྱབ་པ་མ་གྲུབ་པ། ཁས་བླངས་པ་དང་མཐུན་ན་འདོད་པས་ལེན་འདེབས་སོ། །དེ་ལྟར་ན་ནི་ཐལ་འགྱུར་སྐྱོན། །ཐམས་ཅད་མ་གྲུབ་གཅིག་པུར་འགྱུར། །དེ་འདྲ་སྡེ་བདུན་ལས་མ་བཤད། །གཏན་ཚིགས་སྐྱོན་ཅན་ཐམས་ཅད་ལ་མ་གྲུབ་བོ་ཞེས་ཅིའི་ཕྱིར་མི་བརྗོད། གལ་ཏེ་དོན་ལ་མ་གྲུབ་པར་འདུ་མོད། འོན་ཀྱང་གཏན་ཚིགས་མ་གྲུབ་པའི་ཕྱོགས་ཆོས་ཀྱི་སྐྱོན་ཡིན་ལ། ཁྱབ་པ་མ་གྲུབ་པ་ནི་ཁྱབ་པའི་སྐྱོན་ཡིན་ལ། གཏན་ཚིགས་མ་གྲུབ་པ་དང་ཁྱབ་པ་མ་གྲུབ་པ་གཉིས་སུ་འགྱུར་རོ་ཞེ་ན། དེ་ལྟ་ན་འགལ་བ་དང་མ་ངེས་པ་གཉིས་ཀའང་ཁྱབ་པའི་སྐྱོན་ཡིན་ཡང༌། འགལ་བ་ནི་མཐུན་ཕྱོགས་ལ་གཏན་མི་འཇུག་ལ། མ་ངེས་པ་ནི་མི་མཐུན་ཕྱོགས་ལའང་འཇུག་པས་འགལ་བ་དང་མ་ངེས་པའི་བརྗོད་པའི་ཐལ་འགྱུར་གཉིས་སུ་ཅིའི་ཕྱིར་མི་འགྱུར། དེས་ན་མ་གྲུབ་པར་སྡུད་ན་གཅིག་ཏུ་འགྱུར་ལ། དགོས་པ་ལ་ལྟོས་ནས་འབྱེད་ན་གསུམ་དུ་འགྱུར་རོ། །དེའི་ཕྱིར་སྡེ་བདུན་ལ་རྩོད་པའི་སྐབས་སུ་མ་གྲུབ་པ་དང༌། འགལ་བ་དང༌། མ་ངེས་པ་ཞེས་སྐྱོན་གསུམ་གསུངས་ཀྱི། ཁྱབ་པ་མ་གྲུབ་པས་གཅིག་ཏུ་བསྡུས་ཏེ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །འདི་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འགལ་བའི་ཐལ་འགྱུར་བརྗོད་པ་ལ། །ཡོད་ཀྱང་ཡིན་ན་ཅི་སྟོ་ཞེས། །སྡུད་པར་བྱེད་པའི་ཚིག་ཕྲད་ཀྱི། །ནུས་པ་ཕྱིན་ཅི་ལོག་ཏུ་འགྱུར། །བྱས་པའི་ཕྱིར་ན་རྟག་པར་ཐལ། །ཞེས་བྱ་བ་དང༌། དུ་བ་ཡོད་པའི་ཕྱིར་མེ་མེད་པར་ཐལ་ཅེས་འགལ་བའི་ཐལ་འགྱུར་བརྗོད་པ་ལ། བྱས་ཀྱང་མི་རྟག་ན་ཅི་འགལ་ཁྱབ་པ་མ་གྲུབ་ཅེའམ། དུ་བ་ཡོད་ཀྱང་མེད་ཡོད་ན་ཅི་འགལ་ཁྱབ་པ་མ་གྲུབ་ཅེས་བརྗོད་དགོས་ལ། དེ་ལྟ་ན་ཀྱང་གི་སྒྲ་སྡུད་པར་བྱེད་པའི་ཚིགས་ཕྲད་ཡིན་པས། བྱས་པ་རྟག་པ་དང་མི་རྟག་པ་གཉིས་ཀ་ལ་འཇུག་ཀྱང་འདིར་མི་རྟག་པ་ཡིན་ཞེས་བྱ་བའམ། དུ་བ་མེ་ཡོད་མེད་གཉིས་ཀ་ལ་འཇུག་ཀྱང༌། འདིར་མེ་ཡོད་པའི་དུ་བ་ཡིན་པ་ཅི་འགལ་ཞེས། དུ་བ་མེ་མེད་ལ་ཡང་འཇུག་པ་ཡོད་དོ་ཞེས་སྡུད་པའི་ཚིག་ཕྲད་དུ་འགྱུར་ཏེ། དཔེར་ན་ཤེས་བྱ་ཡིན་པའི་ཕྱིར་རྟག་པར་ཐལ་ཅེས་བརྗོད་པ་ན་ཤེས་བྱ་ཡིན་ཡང་མི་རྟག་ན་ཅི་འགལ་ཞེས་བརྗོད་དགོས་ལ་དེ་ལྟ་ན། ཡང་གི་སྒྲས་ཤེས་བྱ་ལ་རྟག་མི་རྟག་གཉིས་སྡུད་པའི་ཕྲད་དུ་འགྱུར་བ་བཞིན་ནོ། །དེས་ན་འདི་ལྟ་བུའི་བརྗོད་ཚུལ་མཐའ་དག་སྒྲ་མི་ཤེས་པའི་སྟོབས་ཀྱིས་ཚིག་གི་ནུས་པ་ངོས་མ་ཟིན་པའི་རྣམ་འགྱུར་ཡིན་ནོ། །འོ་ན་ཁྱེད་རང་ཐལ་འགྱུར་ལན་ཇི་ལྟར་འདེབས་ཤེ་ན། འདི་ནི་མ་གྲུབ་འགལ་མ་ངེས། །གསུམ་ཡིན་མིན་ན་འདོད་པ་གྲུབ། །དེ་དག་མིན་ན་ཡང་དག་གི །ཐལ་འགྱུར་ཡིན་ཕྱིར་བཟློག་མི་ནུས། །ཁོ་བོ་ཅག་སྒྲ་མིག་གིས་གཟུང་བ་ཡིན་པའི་ཕྱིར་ཅེས་བརྗོད་ན་གཏན་ཚིགས་མ་གྲུབ་པའམ། དུ་བ་ཡོད་པ་མེ་མེད་པར་ཐལ་ཟེར་ན་འགལ་བ་དང༌། གཞལ་བྱ་ཡིན་པའི་ཕྱིར་རྟག་པར་ཐལ་ཅེས་ཟེར་ན་མ་ངེས་པ་དང༌། བྱས་པས་མི་རྟག་པར་ཐལ་ཅེས་ཟེར་ན་འདོད་པ་དང༌། བྱས་པ་རྟག་པར་འདོད་པ་ལ་བྱས་པའི་ཕྱིར་རྟག་པར་ཐལ་ཅེས་བརྗོད་ན་ཡང་དག་ཡིན་པས་བཟློག་པར་མི་ནུས་སོ། །དེ་ལྟར་ཆོས་དང་མཐུན་པ་ཡི། །རྩོད་པ་བསྟན་པ་འཕེལ་བའི་རྒྱུ། །དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར། །མཁས་པའི་སྐྱེ་བོས་ལེགས་པར་སྦྱར། །བསྟན་པ་དག་པར་རྟོགས་པར་བྱ་བའི་ཕྱིར། དོན་དང་སྒྲ་སྐྱོན་མེད་པའི་སྒོ་ནས་སྒྲུབ་པ་དང་སུན་འབྱིན་པ་བསྟན་པ་འཕེལ་བའི་རྒྱུ་ཡིན་པས། དམ་པ་རྣམས་ཀྱིས་དེ་ལྟ་བུའི་ཆོས་ཀྱི་གཏམ་སྦྱར་བར་བྱའོ། །གསུམ་པ་མཇུག་ཚོགས་པས་གཟུང་བདེ་བའི་ཕྱིར་ངག་བསྡུས་ཏེ་བརྡ་སྤྲད་པ་ནི། དེ་ལྟར་ལེགས་པར་གཏན་ཕབ་ནས། །དཔང་པོས་འཛིན་དུ་གཞུག་པའི་ཕྱིར། །རྩོད་པའི་ངག་རྣམས་བསྡུས་ཏེ་བསྒྲགས། །འདི་ནི་མཁས་པའི་གཞུང་ལུགས་ཡིན། །དེ་ལྟར་རྩོད་པའི་དངོས་གཞི་ལ་བརྒལ་ལན་གྱི་སྒོ་ནས་དགག་སྒྲུབ་ཀྱི་གནས་གྲུབ་པས་གྲུབ་མཐའི་བླང་དོར་རྟོགས་པར་བྱས་ནས་ངག་ཅུང་ཟད་འཐོར་བ་རྣམས་ཚོགས་པས་གོ་སླ་བར་བྱ་བའི་ཕྱིར། བསྡུས་ཏེ་བརྗོད་པར་བྱའོ། །གལ་ཏེ་ཚོགས་པ་བླུན་པོའམ། །ཆགས་སྡང་སྒོ་ནས་མི་འཛིན་ན། །གནས་དེར་རྗེས་བརྗོད་བྲིས་ནས་ནི། །མཁས་པའི་གཟུ་བོ་གཞན་ལ་བསྟན། །གལ་ཏེ་དཔང་པོ་རྩོད་པའི་ཚུལ་ལ་མི་མཁས་པའི་བླུན་པོའམ། ཤེས་ཀྱང་ཆགས་སྡང་གི་སྒོ་ནས་ཆེད་ཆེར་མི་འཛིན་པའམ། ངག་དྲང་པོར་སྨྲ་བཞིན་དུ་སྐུར་པ་འདེབས་པའམ། ངག་གི་ཟུར་ཅུང་ཟད་བཅོས་ཏེ་སྒྲོ་སྐུར་འདེབས་པའི་དཔང་པོ་དག་སྣང་ན་སྦྲུལ་གདུག་པའི་གནས་སུ་སྒྲོན་མ་འོད་མི་གསལ་བ་ལྟར་མཁས་པའི་རྩོད་པར་བསྔགས་པ་མི་འགྱུར་བས། དཔང་པོ་དང་བཅས་པའི་གནས་དེ་རང་གི་ཡི་གེར་བཀོད་དེ། གཟུ་བོར་གནས་པའི་མཁས་པའི་ཚོགས་ལ་གཞན་གྱི་གྲར་སྤྲིང་བས་མཁས་པའི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་རོ། །ཚུལ་འདི་སྔོན་གྱི་མཁས་པ་རྣམས་ཀྱི་རྣམ་པར་ཐར་པ་ཡིན་ནོ། །བདེ་གཤེགས་བསྟན་པ་སེང་གེའི་སྒྲ་བསྒྲགས་པས། །ལོག་ལྟའི་རི་དྭགས་ཐམས་ཅད་ཕམ་བྱས་ཏེ། །རྩོད་པ་མེད་པའི་གོ་འཕང་ལ་གནས་ནས། །སངས་རྒྱས་བསྟན་པ་རྒྱུན་དུ་འཛིན་པར་ཤོག །མཁས་པ་རྣམས་འཇུག་པའི་སྒོ་ལས་འབེལ་བའི་གཏམ་ལ་འཇུག་པ་སྟེ་ལེའུ་གསུམ་པའོ།། །།ཐུབ་པའི་བསྟན་པ་ཕྱོགས་སུ་འཕེལ་བ་དང༌། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་བྱའི་ཕྱིར། །མཁས་པའི་ལུགས་འཛིན་མཁས་པ་འཇུག་པའི་སྒོ། །རྣམ་གསུམ་ཕྱེ་འདིར་མཁས་རྣམས་འཇུག་པར་བྱ། །སྙིགས་མའི་དུས་ཀྱི་སེམས་ཅན་བསོད་ནམས་ཆུང༌། །དེ་ཕྱིར་མཁས་པ་སློབ་པའི་སྐལ་བ་མེད། །བདག་གིས་འབད་ཀྱང་གཞན་གྱིས་འཛིན་པ་ཉུང༌། །དེས་ན་གཞན་ལ་ཕན་པའི་གོ་སྐབས་དཀའ། །ད་དུང་བདག་ལ་ལེགས་སྤྱད་ཡོད་མོད་ཀྱི། །སྙིགས་མའི་དུས་ཀྱི་འགྲོ་བའི་སྤྱོད་ཡུལ་མིན། །མཁས་པ་འདོད་པའི་སྐྱེ་བོ་ཉུང་བས་ན། །བྱེད་པ་ཆུང་ཕྱིར་རྒྱས་པ་འདིར་མ་སྤྲོས། །བསྟན་པའི་མཇུག་འདིར་བསྟན་ལ་རབ་གུས་ཤིང༌། །བསྟན་པ་མཐའ་དག་བསྲུང་ཞིང་འཛིན་འདོད་པ། །ཤཱཀྱའི་དགོ་སློང་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་བསྟན་ལ་ཕན་ཕྱིར་འདི་སྦྱར་རོ། །དེང་སང་ཤཱཀྱ་སེང་གེའི་བསྟན་པ་འདི། །འབབ་ཆུ་ཟད་པའི་རྫིང་བཞིན་ཉིན་རེ་འབྲི། །བློ་གསལ་རྣམས་ཀྱིས་ཚུལ་འདི་ལེགས་རྟོགས་ལ། །ཐར་པ་འདོད་པ་དག་གིས་འབད་དགོས་སོ། །བདག་གི་བསྟན་པ་སྤེལ་ཕྱིར་འདི་བཀོད་པའི། །མཁས་པ་འཇུག་པའི་སྒོ་ནི་རབ་ཕྱེ་བས། །འགྲོ་ཀུན་ཐར་པ་ཆེན་པོའི་སྒོར་ཞུགས་ཏེ། །རྒྱལ་བ་སྲས་བཅས་དགྱེས་པ་ཐོབ་པར་ཤོག །བློ་གྲོས་གསལ་བའི་སྐྱེ་བོ་རྣམས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་སྒོ། དམ་པ་རྣམས་ཀྱིས་བགྲོད་པར་བྱ་བའི་འཇུག་ངོགས། རྩོམ་པ་དང་འཆད་པ་དང་རྩོད་པའི་ཚུལ་གཏན་ལ་འབེབས་པར་བྱེད་པ། མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་འདི་ནི་ཡུལ་བྱང་ཕྱོགས་ཀྱི་རྒྱུད། ཁ་བ་ཅན་གྱི་ལྗོངས་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་དཔག་ཚད་བརྒྱ་བགྲོད་པའི་གནས། འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་ཡིད་ཀྱི་མུན་པ་ཅུང་ཟད་བསལ་བར་བྱས་པས། ཤེས་བྱའི་དཀྱིལ་འཁོར་ཕལ་མོ་ཆེ་ལ་བློའི་སྣང་བ་ཐོབ་པས་འཆད་པ་དང༌། རྩོམ་པ་དང༌། རྩོད་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་འདི་རེ་ཞིག་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply