སྒྲ་ལ་འཇུག་པ།

༼ཐ༽

༄༅། །སྒྲ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེན་པ་བརྙེས་པ་འཕགས་པ་རྒྱ་མཚོའི་འཁོར། །འདུས་པའི་གཙུག་ན་སྟོང་ཉིད་སེང་གེའི་སྒྲ། །རྡུལ་ཕྲལ་དཔག་ཡས་འཇམ་པའི་ཡན་ལག་གི །སྒྲ་དབྱངས་སྒྲོགས་པ་དེ་ལ་ཕྱག་འཚལ་ལོ། །གཞན་དག་གིས་ནི་སྔོན་ཆད་ལུགས་འབྱུང་འདི། །གངས་རིའི་ངོགས་འདིར་རྒྱས་པར་མ་མཛད་ལ། །དེས་ན་མཁས་པ་རྣམས་ཀྱང་རྨོངས་གྱུར་པས། །འདི་ལ་ཁོ་བོ་བློ་གྲོས་གསལ་ཕྱིར་དབྱེ། །ལུང་སྟོན་པར་བྱེད་པ་སྒྲའི་གནས་མ་རྟོགས་པས་ནི། ཚིག་གི་སྡེབ་སྦྱོར་ཙམ་ཡང་ཤེས་པར་མི་འགྱུར་ན། ཡང་དག་པའི་དོན་རྟོགས་པར་ག་ལ་འགྱུར། དེ་བས་ན་བརྩེ་བས་སྒྲ་ལ་འཇུག་པ་འདི་བྲི་བར་བྱའོ། །དེ་ལ་གསུམ་སྟེ། སྒྲའི་མཚན་ཉིད་དང༌། ངེས་ཚིག་དང༌། དབྱེ་བའོ། །དང་པོ་ནི། ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་བྱེད་པའི་ནུས་པ་དང་ལྡན་པའོ། །གཉིས་པ་ནི། བྱཱ་ཀ་ར་ཎ་ཞེས་བྱ་སྟེ། ལུང་སྟོན་པའམ། ཀུན་གསལ་བར་བྱེད་པའམ། ཀུན་གོ་བར་བྱེད་པ་ཞེས་བྱ་བ་ལ་འཇུག་གོ །གསུམ་པ་དབྱེ་ན་གཉིས་ཏེ། སྒྲའི་གནས་བརྒྱད་དང༌། དེའང་གསུམ་དུ་བསྡུ་བའོ། །དང་པོ་ལ་དབྱེ་ན་བརྒྱད་དེ། བྱེད་པའི་གནས། བསྡུ་བའི་གནས། བསྒྱུར་བའི་གནས། དྲང་བའི་གནས། འཇུག་པའི་གནས། རྣམ་པར་དབྱེ་པའི་གནས། ཕྱོགས་ཀྱི་གནས། དངོས་པོའི་གནས་སོ། །དང་པོ་བྱེད་པའི་གནས་ནི། དངོས་པོ་གང་ཡང་རུང་བ་ཅིག་བསྒྲུབ་པ་ལ། སྒྲ་འདི་སྲིད་ཅིག་ཚོགས་པ་ལས་འགྲུབ་བོ་ཞེས་སྟོན་པའོ། །གཉིས་པ་བསྡུ་བ་ནི། དོན་དང་ལྡན་པའི་ཚིག་བསྡུས་ནས་ཡི་གེ་ཉུང་བར་བྱེད་པའོ། །གསུམ་པ་བསྒྱུར་བ་ནི། སྐད་ཀྱི་བྱིངས་མ་བསྒྱུར་བ་ལ་བསྒྱུར་བས་ཐེ་ཚོམ་མཐའ་དག་སེལ་བའོ། །བཞི་པ་དྲང་བའི་གནས་ནི། གཞན་གཅོད་ཅིང་བྱེ་བྲག་འབྱེད་པར་བྱེད་པའོ། །ལྔ་པ་འཇུག་པའི་གནས་ནི། ཡི་གེ་འཇུག་པའི་གཞི་བརྡ་དང་ཐ་སྙད་སྟོན་པའོ། །དྲུག་པ་རྣམ་པར་དབྱེ་བ་ནི། སྒྲ་གཅིག་ཀུན་ཏུ་བཏུབ་པ་དང༌། སྒྲ་གཅིག་དོན་ཀུན་ལ་འཇུག་ཏུ་རུང་བའི་ཚུལ་སྟོན་པའོ། །བདུན་པ་ཕྱོགས་ཀྱི་གནས་ནི། སྐྱེས་བུའི་ནུས་པ་སྟོན་པའོ། །བརྒྱད་པ་དངོས་པོའི་གནས་ནི། དོན་གྱི་དངོས་གཞི་རྟོགས་པར་བྱེད་པའོ། །དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་དེའང་གསུམ་དུ་བསྡུ་ན། ཡི་གེ་དང༌། མིང་དང༌། ཚིག་གི་ཚོགས་སོ། །དང་པོ་ལ་ལྔ། མཚན་ཉིད་དང༌། ངེས་ཚིག་དང༌། རྒྱུ་དང༌། ལྡང་ཚད་དང༌། དབྱེ་བའོ། །དང་པོ་མཚན་ཉིད་ནི། སྒྲ་གང་ཞིག་འབྲུར་ཆགས་པའོ། །གཉིས་པ་ངེས་ཚིག་ནི། ཡི་གེ་ཞེས་བྱ་བ་གསུམ་ལ་འཇུག་སྟེ། ཨཱཀྵ་ར། བྱཉྫ་ན། ཝརྞཎ། ཞེས་བྱ་བ་རྣམ་གྲངས་མེད་པར་གསལ་བར་བྱེད་པ། རྗོད་པ་བྱེད་པ་ཞེས་བྱ་བའོ། །གསུམ་པ་རྒྱུ་ནི། གཉིས་ལས་ཕྱེ་བས་བདུན་ཏེ། སྔོན་དུ་འགྲོ་བའི་རྒྱུ་བཞི་དང༌། སྐལ་བ་མཉམ་པའི་རྒྱུ་གསུམ་མོ། །བཞི་པ་ལྡང་ཚད་ལ་གཉིས། དབྱངས་གཅིག་གིས་བཅིང་བ་དང༌། མིང་གི་མཐའི་ཡི་གེའོ། །དང་པོ་ནི་དོན་གྱི་ངོ་བོ་མཚོན་མི་ནུས་པའི་ང་རོ་གཅིག་གིས་བཅིང་བ་རྣམས་ཡིན་ཏེ། ཨོཾ་དང༌། ཧཱུྃ་དང༌། ཕཊ་ལ་སོགས་པའོ། །གཉིས་པ་མིང་གི་མཐའི་ཡི་གེ་ནི། ཀ་དང་ག་ལ་སོགས་པ་གསལ་བྱེད་ཀྱི་ཆ་རྣམས་སོ། །ལྔ་པ་དབྱེ་བ་ལ་བཞི། རྩ་བ་དང་ཡན་ལག་ཏུ་དབྱེ་བ་དང༌། དབྱངས་དང་གསལ་བྱེད་དུ་དབྱེ་བ་དང༌། གནས་ཀྱི་དབྱེ་བ་དང༌། འདྲེན་པས་དབྱེ་བའོ། །དང་པོ་གསུམ་དུ་འགྱུར་ཏེ། རྩ་བའི་ཡི་གེ་ཨའོ། །ཡན་ལག་གི་ཡི་གེ་བདུན་ནོ། །ཉིང་ལག་གི་ཡི་གེ་གཞན་རྣམས་སོ། །གཉིས་པ་ནི་ཨཱ་ལི་རྣམས་དབྱངས། ཀཱ་ལི་རྣམས་ནི་གསལ་བྱེད་དོ། །གསུམ་པ་ནི། ཁོག་པ། མགྲིན་པ། རྐན། ལྕེ། སྣ། སྤྱི་བོ། སོ། མཆུ་རྣམས་སོ། །བཞི་པ་འདྲེན་པས་ཕྱེ་ན་བཞི་སྟེ། ཐ་མ་པ་དང༌། རིང་པོ་དང༌། ཤིན་ཏུ་རིང་པོ་དང༌། དྲག་པོའོ། །ཡི་གེའི་ཚོགས་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གཉིས་པ་མིང་གི་ཚོགས་བསྟན་ཏེ། དེ་ལ་བཞི་སྟེ། མཚན་ཉིད་དང༌། རྒྱུ་དང༌། ལྡང་ཚད་དང༌། དབྱེ་བའོ། །དང་པོ་ནི་དོན་གྱི་ངོ་བོ་ཉིད་མཚོན་པར་ནུས་པའོ། །གཉིས་པ་རྒྱུ་ནི་ཡི་གེ་ཉིད་དོ། །གསུམ་པ་ལྡང་ཚད་ལ་གཉིས་ཏེ། ཡི་གེས་མིང་ལྡང་བའི་ཚད་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། ཡི་གེ་རྐྱང་པས་འགྲུབ་པ་དང༌། དེ་ཚོགས་པས་འགྲུབ་པའོ། །དང་པོ་ནི། བདག་ཉིད་ལ་ང་ཞེས་བརྗོད་པའམ། སྐྱེད་པར་བྱེད་པ་ལ་མ་ཞེས་བརྗོད་པ་ལྟ་བུ་རྣམས་སོ། །གཉིས་པ་ཚོགས་པས་འགྲུབ་པ་ནི། གཉིས་སམ། གསུམ་མམ། བཞི་ལ་སོགས་པ་ཚོགས་པས་འགྲུབ་སྟེ། དཔེར་ན་ས་དང་ག་དང་ར་རྣམས་འདུས་པ་ལས་སྒྲ་ཞེས་བྱ་བའི་དོན་འབྱུང་བ་ལྟ་བུའམ། དེ་བཞིན་དུ་ཀ་དང་བ་ལས་ཀ་བའི་དོན་འབྱུང་བ་ལྟ་བུ་རྣམས་སོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། འོ་ན་ཁྱོད་ཀྱི་ལྟར་ན་ཡི་གེ་དང༌། མིང་གཉིས་ལ་ཁྱད་པར་གཏན་མེད་པར་འགྱུར་ཏེ། དེའང་མིང་གི་མཐའི་ཡི་གེ་དང༌། ཡི་གེ་རྐྱང་པས་འགྲུབ་པའི་མིང་ལ་ཡང་ཁྱད་པར་མེད་ལ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང༌། ཡི་གེ་ཚོགས་པས་འགྲུབ་པའི་མིང་གཉིས་ལ་ཡང་ཁྱད་པར་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། ཡི་གེ་དང་མིང་གི་ཁྱད་པར་ནི། དོན་གྱི་ངོ་བོ་མཚོན་ནུས་མི་ནུས་ལ་གཞག་གི ཚོགས་པའམ་རྐྱང་པ་ལ་མ་བཞག་པའི་ཕྱིར་རོ། །དེའང་གནས་སྐབས་ཁ་ཅིག་ཏུ་ཡུལ་དང་དུས་ཀྱི་ཁྱད་པར་ལ། གཞག་དགོས་པའང་ཡོད་དོ། །སྤྱི་དོན་བཞི་པ་དབྱེ་བ་ལ་གཉིས། འདོད་རྒྱལ་གྱི་མིང་དང༌། རྗེས་སུ་བསྒྲུབ་པའི་མིང་ངོ༌། །དང་པོ་ནི། ཆོས་གང་ལ། དེ་མེད་བཞིན་དུ་བཏགས་པ་སྟེ་དཔེར་ན་བུམ་པ་དང་ཀ་བ་ལ་སོགས་པ་བཞིན་ནོ། །དེ་གཞན་ལ་མ་ལྟོས་པའི་ཕྱིར་ངེས་ཚིག་བསྒྲུབ་ཏུ་མེད་དེ་ཆོས་ཉིད་བཞིན་ནོ། །རྗེས་སུ་བསྒྲུབ་པ་ལ་གཉིས། དོན་དང་ལྡན་པའི་རྗེས་བསྒྲུབ་དང༌། ལོག་པར་བསྒྲུབ་པའི་རྗེས་བསྒྲུབ་བོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་གཞན་ལ་ལྟོས་པ་དང༌། བཅས་ནས་དོན་ཡང་དག་པར་བསྒྲུབ་པ་སྟེ། དཔེར་ན་འབྲས་བུའི་རྟགས་ཀྱིས་རྒྱུ་དཔོག་པ་ན་གང་དུ་དུ་བ་ཡོད་པ་ན་མེ་ཡོད་དེ། དཔེར་ན་ཚང་མང་བཞིན་ས་ཕྱོགས་ཆེ་གེ་མོ་ན་ཡང་དུ་བ་ཡོད་པའི་ཕྱིར་མེ་ཡོད་དོ་ཞེས་འཐད་པ་བསྒྲུབ་པ་ན་སྐྱེས་བུས་ཕ་རོལ་ན་མེ་ཡོད་པར་ངེས་སོ། །དེ་བཞིན་དུ་དུང་འདི་ནི་དཀར་ལ་ཁྱི་འདི་ཡང་དཀར་བའི་ཕྱིར། ཁྱི་འདི་ལ་ཡང་མིང་དུང་ཞེས་བརྗོད་པ་ལྟ་བུའོ། །དེ་ཕན་ཆད་ཀྱི་ཚིག་ནི་བསྒྲུབ་པར་མི་འོས་པ་སྟེ་དུང་དཀར་བའི་འཐད་པ་དང༌། མེ་ལས་དུ་བ་འབྱུང་བ་ལ་སོགས་པའི་འཐད་པ་ལ་སོགས་པ་ཧ་ཅང་ཐལ་བའི་ཕྱིར་རོ། །སྤྱི་དོན་གཉིས་པ་དབྱེ་ན་གཉིས་ཏེ། ངོ་བོ་ཉིད་ཀྱི་མིང་དང༌། བཏགས་པའི་མིང་ངོ༌། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །མཚན་ཉིད་ནི། གཞན་ལ་མ་ལྟོས་པར་རང་གི་ངོ་བོ་བསྒྲུབ་པའོ། །གཉིས་པ་དབྱེ་བ་ལ་གསུམ་སྟེ་ཡིན་པར་བསྒྲུབ་པ་དང༌། ངོ་བོ་བསྒྲུབ་པ་དང༌། དངོས་པོའི་རྐྱེན་བསྒྲུབ་པའོ། །དང་པོ་ལའང་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །མཚན་ཉིད་ནི་ངོ་བོ་བསྒྲུབ་ཅིང་གཞན་ལ་ཟུར་མི་ཟ་བའོ། །གཉིས་པ་ངོ་བོ་བསྒྲུབ་པ་ནི་རང་གི་རྫས་བསྒྲུབ་པ་སྟེ། དཔེར་ན་མེ་ནི་མེའོ་ཞེས་བརྗོད་པ་ན་ཡོད་པ་ལ་སོགས་པ་བཏགས་པའི་མིང་ལྔ་སྤོང་བའོ། །གསུམ་པ། དངོས་པོའི་རྐྱེན་བསྒྲུབ་པ་ནི། རང་གི་ལྡོག་པ་ཕྱོགས་གཅིག་བསྒྲུབ་པ་སྟེ། དཔེར་ན་མེ་ནི་གསལ་པའོ་ཞེས་བརྗོད་པ་ན། ཚ་བ་ལ་སོགས་པའི་ལྡོག་པ་གཞན་སེལ་བའོ། །གཉིས་པ་བཏགས་པའི་མིང་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་དོན་གཞན་གྱི་ཆ་ཙམ་ལ་བརྟེན་ནས་བསྒྲུབ་བའོ། །དབྱེ་ན་བཞི་སྟེ། རྟེན་ལ་བརྟེན་པར་བཏགས་པ་དང༌། རྒྱུ་ལ་འབྲས་བུར་བཏགས་པ་དང༌། འབྲས་བུ་ལ་རྒྱུར་བཏགས་པ་དང༌། འདྲ་བ་ལ་དངོས་སུ་བཏགས་པའོ། །དང་པོ་ལ་གཉིས་ཏེ། རྫས་ཐ་དད་ལྡོག་པ་གཅིག་ལ་བརྟེན་པ་དང༌། ལྡོག་པ་ཐ་དད་རྫས་གཅིག་ལ་བརྟེན་པའོ། །དང་པོ་ནི། ས་བོན་འདེབས་པ་ལ་ཞིང་འདེབས་པ་ལྟ་བུའམ། མི་ངན་གྱི་རྟེན་བྱས་པ་ལ་མི་ངན་ལྟ་བུའོ། །གཉིས་པ་ནི་ཡོན་ཏན་ཡོད་པ་ལ་ཡོན་ཏན་ཅན་ནམ། རྩལ་ཡོད་པ་ལ་རྩལ་ཅན་ལྟ་བུའོ། །རྒྱུ་ལ་འབྲས་བུར་བཏགས་པ་ལ་གཉིས་ཏེ། བརྒྱུད་པའི་རྒྱུ་ལ་འབྲས་བུར་བཏགས་པ་དང༌། དངོས་ཀྱི་རྒྱུ་ལ་འབྲས་བུར་བཏགས་པའོ། །དང་པོ་ནི་ལུད་ལ་ཟས་ཡིན་ཞེས་པ་ལྟ་བུའམ། སྨན་ལ་སྲོག་ཡིན་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཡོས་འཐགས་པ་ལ་ཕྱེ་འཐགས་པ་ལྟ་བུའམ། སྨན་སྲོག་ཡིན་པ་ལྟ་བུའོ། །འབྲས་བུ་ལ་རྒྱུར་བཏགས་པ་ནི། མེ་བྱེད་པ་ལ་མེ་ཤིང་ལྟ་བུའོ། །འདྲ་བ་ལ་དངོས་ཀྱི་མིང་བཏགས་པ་ལའང་གཉིས། རྫས་འདྲ་བ་དང༌། ལྡོག་པ་འདྲ་བའོ། །དང་པོ་ནི། སེམས་ཅན་ལ་སངས་རྒྱས་ཞེས་བཤད་པ་ལྟ་བུའོ། །གཉིས་པ་ནི། སྐྱེས་བུ་མཛེས་པ་ལ་ལྷ་ཞེས་བརྗོད་པ་ལྟ་བུའོ། །བཏགས་པའི་མིང་བསྟན་ཟིན་ཏོ། །དོན་དང་ལྡན་པའི་རྗེས་བསྒྲུབ་བཤད་ཟིན་ཏོ།།  །།ད་ནི་སྤྱི་དོན་གཉིས་པ་ལོག་པར་བསྒྲུབ་པའི་རྗེས་བསྒྲུབ་སྟོན་ཏོ། །དེ་ལ་གཉིས་ཏེ། མཚན་ཉིད་དང༌། ཁྱད་པར་རོ། །དང་པོ་ནི་གཞན་ལ་ལྟོས་ནས་རང་གི་ངོ་བོ་ལོག་པར་བསྒྲུབ་པ་སྟེ། དཔེར་ན་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་བཞིན་ཏེ། ངེས་ཚིག་ཡོད་མོད་ཀྱང་ལོག་པར་བསྒྲུབ་པའི་ཕྱིར་མི་བཤད་དོ། །གཉིས་པ་ཁྱད་པར་ནི། འོ་ན་ངེས་ཚིག་བཤད་དུ་མེད་པའི་ཕྱིར་འདོད་རྒྱལ་བ་དང་ཁྱད་པར་ཅི་ཡོད་ཅེ་ན། ངེས་ཚིག་བཤད་དུ་མེད་པ་ཙམ་ལ་ཁྱད་པར་མེད་མོད་ཀྱང༌། འདོད་རྒྱལ་བ་ནི། དོན་གཞན་ལ་མ་བརྟེན་པ་ཡིན་ལ་འདི་ནི་གཞན་ལ་བརྟེན་པ་ཡིན་ནོ། །མིང་གི་ཚོགས་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གསུམ་པ་ཚིག་གི་ཚོགས་བསྟན་པར་བྱའོ། །དེ་ལ་བཞི་སྟེ། མཚན་ཉིད་དང༌། རྒྱུ་དང༌། ལྡང་ཚད་དང༌། དབྱེ་བའོ། །དང་པོ་མཚན་ཉིད་ནི། དོན་གྱི་ཁྱད་པར་སྟོན་ནུས་པ་སྟེ། དཔེར་ན་དོན་གྱི་ངོ་བོ་ཀ་བ་ལྟ་བུ་ལ་དེའི་ཁྱད་པར་མཁྲང་པོའམ། བུམ་པ་མགྲིན་རིང་ལྟ་བུ་སྟོན་པའོ། །གཉིས་པ་རྒྱུ་ནི། མིང་གི་ཚོགས་སོ། །གསུམ་པ་ལྡང་ཚད་ལ་གཉིས། མིང་གཉིས་ཚོགས་པས་འགྲུབ་པ་དང༌། དུ་མ་ཚོགས་པས་འགྲུབ་པའོ། །དང་པོ་ནི་ཀ་བ་མཁྲང་པོ་ལྟ་བུའོ། །གཉིས་པ་ནི་ཀ་བ་ཟླུམ་པོ་མཁྲང་རིང་ཞེས་པ་ལ་སོགས་པ་རྣམས་སོ། །བཞི་པ་དབྱེ་ན་གཉིས་ཏེ། ཚིག་སྡུད་པའི་སྦྱོར་བ་དང༌། ཚིག་གི་ཕྲད་དོ། །དང་པོ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་ཕྲད་མེད་པར་དོན་གྱི་ངོ་བོ་སྟོན་པའོ། །གཉིས་པ་ལ་བཅུ་སྟེ། འབྲུ་མང་པོ་བསྡུ་བ་དང༌། ཚིག་སྡུད་དང༌། ཁྱད་པར་དང༌། ཡན་ལག་དང༌། གཞི་དང༌། གཞི་གཅིག་ཏུ། གཞི་མཐུན་པར་དེའི་སྐྱེས་བུ་བསྡུ་བ་དང༌། ཟླས་དབྱེ་བ་དང༌། ཕྱོགས་མཚམས་སྟོན་པའི་སྦྱོར་བའོ། །དང་པོ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་དོན་གང་ཞིག་ཡི་གེ་འབྲུ་དུ་མས་སྟོན་པའོ། །གཉིས་པ་ལ་གཉིས། ཚིག་གཉིས་ཀྱི་འབྲུ་མང་པོ་པ་དང༌། ཚིག་མང་པོའི་འབྲུ་མང་པོའོ། །དང་པོ་ལ་ལྔ་སྟེ། རང་གི་མིང་དང་ལྡན་པ་དང༌། མི་ལྡན་པ་དང༌། ཕྱོགས་དང༌། རྣམ་གྲངས་དང༌། ཕན་ཚུན་ནོ། །དང་པོ་ནི་སྐྱེས་བུ་སྟོབས་ཅན་ལྟ་བུའོ། །གཉིས་པ་ནི། བ་ཁྲ་མོ་ཅན་ལྟ་བུའོ། །གསུམ་པ་ནི། ཤར་དང་ལྷོ་སྨོས་པས་མཚམས་གོ་བ་ལྟ་བུའོ། །བཞི་པ་ནི། བཅུ་པ་བཅུས་བརྒྱ་གོ་བ་ལྟ་བུའོ། །ལྔ་པ་ནི། དབྱུག་ཁ་བ་ལྟ་བུའོ། །གཉིས་པ་ནི། ཚིག་མང་པོའི་འབྲུ་མང་པོ་མུ་བཞིར་འགྱུར་ཏེ། ཕྱོགས་ཀུན་མཐུན་པ། ཀུན་མི་མཐུན་པ། ཕྱོགས་གཅིག་མཐུན་པ། ཕྱོགས་གཅིག་མི་མཐུན་པའོ། །དང་པོ་ནི་ལྷས་བྱིན་རྣ་བ་འཕྱང་བ་ཅན་ལྟ་བུའོ། །གཉིས་པ་ནི། སྐྱེས་བུ་མདའ་གཞུ་ཅན་ལྟ་བུའོ། །གསུམ་པ་ནི། རྐང་ལག་ཅན་ལྟ་བུའོ། །བཞི་པ་ནི་རྟ་ཁྲ་བོ་ཅན་ལྟ་བུའོ། །དེ་ལ་བྱེད་པ་དྲུག་གིས་བསྒྱུར་བ་ནི། ཀུན་ལ་འཇུག་པས་ཞེ་གཉིས་སུ་འགྱུར་རོ། །དེའང་བརྗོད་པའི་གནས་ཀྱི་མུ་བཞིས་དབྱེ་ན། བརྒྱ་དང་དྲུག་ཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་དག་ཀྱང་དུས་གཅིག་ལ་ཆོས་གསུམ་དང་ལྡན་ཏེ། ཚིག་གཉིས་ཀྱི་འབྲུ་མང་པོ་པ་དང༌། མང་པོའི་མང་པོ་པ་གཉིས་གང་རུང་ཞིག རབ་ཏུ་དབྱེ་བ་མུ་བཞི་ལས་གང་རུང་ཞིག བྱེད་པའི་ཚིག་དྲུག་ལས་གང་རུང་ཞིག་བཟུང་བས་སོ། །དེ་དག་རྒྱས་པར་འདིར་མ་སྤྲོས་སོ། །འབྲུ་མང་པོ་པ་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གཉིས་པ་ཚིག་སྡུད་བསྟན་ཏོ། །དེ་ལ་ལྔ་སྟེ། ཚིག་གཉིས་ཀྱི་བསྡུ་བ། རྣམ་གྲངས། བྱེ་བྲག གཞན་གྱིས། བྱེད་པའི་ཚིག་བསྡུ་བའོ། །དང་པོ་ནི་ཕ་དང་མ་ལ། ཕ་མ་ཞེས་སྡུད་པའོ། །གཉིས་པ་ནི་ས་དང་ཆུ་ལ་ས་ཆུ་ཞེས་སྡུད་པའོ། །གསུམ་པ་ནི། སྔོན་པོས་ཁྱད་པར་དུ་བྱས་པའི་ཨུཏྤལ་ལ་ཨུཏྤལ་སྔོན་པོ་ཞེས་སྡུད་པ་ལྟ་བུའོ། །བཞི་པ་ནི། རྟ་ཁྲ་བོ་དང་ལྡན་པ་ལ་རྟ་ཁྲ་ཅན་ཞེས་སྡུད་པ་ལྟ་བུའོ། །ལྔ་པ་ནི། བྱེད་པའི་ཚིག་དྲུག་གིས་བསྡུས་པ་སྟེ། དེའང་ཆོས་ལ་སྤྱོད་པ་ནི་ཆོས་སྤྱོད་ཅེས་པ་ལས་ཀྱི་ཚིག་བསྡུས་པ་དང༌། ཡོན་ཏན་གྱིས་ཐོབ་པ་ནི་ཡོན་ཏན་ཐོབ་ཅེས་པ་བྱེད་ཚིག་བསྡུས་པ་དང༌། མཆོད་པའི་ཆེད་དུ་བཙུགས་པ་ནི། མཆོད་སྡོང་ཞེས་དགོས་ཆེད་ཀྱི་ཚིག་བསྡུས་པ་དང༌། ཤིང་ལས་བྱུང་བའི་འབྲས་བུ་ལ་ཤིང་འབྲས་ཞེས་རྒྱུའི་ཚིག་བསྡུས་པ་དང༌། ཟས་ཀྱི་བཅུད་ལ་ཟས་བཅུད་ཅེས་འབྲེལ་པའི་ཚིག་བསྡུས་པ་དང༌། དཀའ་བ་ལ་གནས་པ་ནི་དཀའ་གནས་ཞེས་གཞིའི་ཚིག་བསྡུས་པ་རྣམས་སོ། །དེ་དག་ནི་ཚིག་སྡུད་པ་ཙམ་གྱིས་ལྡོག་པ་སྟོན་པར་ཟད་དོ། །རྒྱས་པར་ནི་རང་གིས་སྤྲོས་ལ་ཤེས་པར་བྱའོ། །ཚིག་སྡུད་པ་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གསུམ་པ་ཁྱད་པར་གྱི་བསྡུ་བ་ལ་གཉིས་ཏེ། ཚིག་སྔ་མས་ཁྱད་པར་དུ་སྡུད་པ་དང༌། ཕྱི་མས་ཁྱད་པར་དུ་སྡུད་པའོ། །དང་པོ་ནི། ཁྱད་པར་སྔོན་པོ་ལྟ་བུ་ཡིན་ལ། ཁྱད་པར་ཅན་ཨུཏྤལ་ལྟ་བུ་ཡིན་པས། དེ་གཉིས་སྡུད་པ་ནི་སྔོན་པོ་ཨུཏྤལ་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ཕྱི་མས་ཁྱད་པར་དུ་སྡུད་པ་ནི། ཨུཏྤལ་སྔོན་པོ་ཞེས་བརྗོད་པ་ལྟ་བུ་སྟེ། དེ་དག་གིས་ནི་ཆོས་ཐམས་ཅད་སྤྱི་དང་བྱེ་བྲག་ཏུ་ལྡན་པས་ན་སྤྱི་ཙམ་ཁོང་དུ་ཆུད་ལ། བྱེ་བྲག་མ་ཆུད་པ་ལ་བྱེ་བྲག་བསྡུས་པས་དེ་ལ་ཐེ་ཚོམ་ཟ་བ་སེལ་བའོ། །ཁྱད་པར་བསྡུ་བ་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་བཞི་པ་ཡན་ལག་བསྡུ་བ་ལ་གཉིས། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ཆོས་གང་ཞིག་གཙོ་བོའི་ཤུགས་ཀྱིས་ཡན་ལག་སྡུད་པའོ། །གཉིས་པ་ལ་བཞི། འབྲེལ་བའི་ཡན་ལག་དང༌། གོ་རིམ་དང༌། དོན་དང༌། གྲགས་པའོ། །དང་པོ་ལ་གཉིས་ཏེ། བདག་གཅིག་པ་དང༌། དེ་ལས་བྱུང་བའོ། །དང་པོ་ནི། ལུས་ལ་སོགས་པ་དབང་པོ་ལྟ་བུའོ། །གཉིས་པ་ནི། མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ལྟ་བུའོ། །སྤྱི་དོན་གཉིས་པ་གོ་རིམ་ལ་གཉིས། ཚིག་གི་གོ་རིམ་དང༌། དོན་གྱི་གོ་རིམ་མོ། །དང་པོ་ནི། མིག་ལ་སོགས་པ་དབང་པོ་ལྔ་ལྟ་བུའོ། །གཉིས་པ་ནི་སྦྱིན་པ་ལ་སོགས་པ། ཕ་རོལ་ཏུ་ཕྱིན་པ་བཅུ་ལྟ་བུའོ། །སྤྱི་དོན་གསུམ་པ་དོན་གྱི་ཡན་ལག་བསྡུ་བ་ལ་གཉིས། གཙོ་བོའི་དོན་དང༌། གནས་སྐབས་ཀྱི་དོན་ཏོ། །དང་པོ་ནི་ཤེས་རབ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྟ་བུའོ། །གཉིས་པ་ནི། འཁོར་ལོ་ལ་སོགས་པ་རིན་པོ་ཆེ་ལྟ་བུའོ། །སྤྱི་དོན་བཞི་པ་གྲགས་པའི་ཡན་ལག་བསྡུ་བ་ལ་གཉིས། འཇིག་རྟེན་པ་དང༌། བསྟན་བཅོས་ལས་གྲགས་པའོ། །དང་པོ་ནི་ཀ་བ་དང་བུམ་པ་ལ་སོགས་པར་བཏགས་པ་རྣམས་སོ། །གཉིས་པ་ནི། ལས་དང་བྱེད་པ་ལ་སོགས་པ་བྱེད་པའི་ཚིག་དྲུག་ལ་སོགས་པ་བསྟན་བཅོས་ལས་གྲགས་པ་རྣམས་སོ། །ཡན་ལག་བསྡུ་བ་བསྟན་ཟིན་ཏོ།།  །།སྤྱི་དོན་ལྔ་པ་གཞི་བསྡུ་བ་ལ་གཉིས། རིགས་གསལ་བྱས་པའི་བསྡུ་བ་དང༌། མ་བྱས་པའོ། །དང་པོ་ནི་རང་གི་རིགས་ཙམ་བསྡུས་པས་གཞན་ལྡོག་པ་སེལ་བ་སྟེ། དཔེར་ན་ཆོས་ཐམས་ཅད་ཅེའམ། དངོས་པོ་མཐའ་དག་ཅེས་པ་ལ་སོགས་པའོ། །རིགས་གསལ་མ་བྱས་པའི་བསྡུ་བ་ནི། དམིགས་ཀྱིས་མ་བཟུང་བར་སྡུད་པ་སྟེ། དཔེར་ན་ཐམས་ཅད་དམ། ཀུན་ནམ། ཟད་པར་རམ། བས་པར་རམ། མཐའ་དག་གམ། མ་ལུས་པ་ལ་སོགས་པར་སྡུད་པའོ། །གཞི་བསྡུ་བ་བསྟན་ཟིན་ཏོ།།  །།སྤྱི་དོན་དྲུག་པ་གཞི་གཅིག་ཏུ་བསྡུ་བ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་ཆོས་གང་ཞིག་ཕྱོགས་གཅིག་ཏུ་སྡུད་པའོ། །གཉིས་པ་ལ་གཉིས་ཏེ། རྫས་གཅིག་པ་ཕྱོགས་གཅིག་ཏུ་སྡུད་པ་དང༌། རྫས་ཐ་དད་པ་ཕྱོགས་གཅིག་ཏུ་སྡུད་པའོ། །དང་པོ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་ལྟ་བུའོ། །གཉིས་པ་ནི། འདུས་བྱས་དང་འདུས་མ་བྱས་གཉིས་ཀའང་བདག་མེད་པ་ལྟ་བུའོ། །དེ་དག་ནི་སྔར་གྱི་གཞི་བསྡུ་བ་ཉིད་ཕྱོགས་གཅིག་ཏུ་སྡུད་པས་ན་གཞི་གཅིག་ཏུ་བསྡུ་བ་ཞེས་བྱའོ། །གཞི་གཅིག་ཏུ་བསྡུ་བ་བསྟན་ཟིན་ཏོ།།  །།སྤྱི་དོན་བདུན་པ་གཞི་མཐུན་པར་བསྡུ་བ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཆོས་ཐ་དད་དངོས་པོ་གཅིག་ཏུ་སྦྱོར་བའོ། །དབྱེ་ན་གཉིས། ཁྱད་པར་དང༌། ཁྱད་པར་ཅན་དངོས་པོ་གཅིག་ཏུ་སྦྱོར་བ་དང༌། ཁྱད་པར་གྱི་ལྡོག་པ་ཉིད་དངོས་པོ་གཅིག་ཏུ་སྦྱོར་བའོ། །དང་པོ་ནི། དཔེར་ན་ཁྱད་པར་སྔོན་པོ་ཡིན་ལ། ཁྱད་པར་ཅན་ཨུཏྤལ་ཡིན་པས་གཉིས་ཀ་ལ་ཡང་ཨུཏྤལ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ནི་སྔོ་བ་དང་རྩུབ་པ་ལ་སོགས་པའི་ཁྱད་པར་ལ་ཡང་སྔོན་པོ་ཨུཏྤལ་ཞེས་བརྗོད་པ་བཞིན་ནོ། །དེ་དག་ནི་ཆོས་ཐ་དད་པའི་དངོས་པོ་གཅིག་ཏུ་སྒྲ་སྦྱོར་བའི་སྐབས་སུ་འཇུག་པ་ཡིན་ནོ། །འདི་ལ་ཁ་ཅིག་ནི་གཞི་གཅིག་ཏུ་བསྡུ་བ་ཉིད་ཀྱི་ཁོངས་སུ་སྡུད་པར་མངོན་ནོ། །གཞི་མཐུན་པར་བསྡུ་བ་བསྟན་ཟིན་ཏོ།།  །།སྤྱི་དོན་བརྒྱད་པ་དེའི་སྐྱེས་བུ་བསྡུ་བ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་ཆོས་ཐ་དད་པ་སྦྱར་བའི་སྒྲའོ། །དེ་ལ་ཐ་དད་པ་ནི་གཉིས་ཏེ། རྫས་ཐ་དད་པ་དང༌། ལྡོག་པ་ཐ་དད་པའོ། །དང་པོ་ནི་བུམ་པ་དང་སྣམ་བུ་ལ་བུམ་སྣམ་ཞེས་སྦྱོར་བ་ལྟ་བུའོ། །གཉིས་པ་ནི། ཨུཏྤལ་དང་སྔོན་པོ་ལ་ཨུཏྤལ་སྔོན་པོ་ཞེས་སྦྱོར་བ་ལྟ་བུའོ། །སྤྱི་དོན་གཉིས་པ་དབྱེ་ན་གསུམ་སྟེ། བྱེད་པའི་ཚིག་དེའི་སྐྱེས་བུ། ལས་འཛིན་པ་དེའི་སྐྱེས་བུ། བ་གཉིས་པ་དེའི་སྐྱེས་བུའོ། །དང་པོ་ལ་གཉིས་ཏེ། བྱེད་པའི་ཚུལ་དང༌། དགག་པའི་ཚུལ་ལོ། །དང་པོ་ནི་བྱེད་པའི་ཚིག་བརྒྱད་ལས། བོད་པ་སྤངས་པས་ཚིག་བདུན་ཏེ། དང་པོ་དོན་ཙམ་གྱི་ཚིག ལས་ཀྱི་ཚིག བྱེད་པའི་ཚིག དགོས་ཆེད་ཀྱི་ཚིག རྒྱུའི་ཚིག འབྲེལ་པའི་ཚིག གཞིའི་ཚིག་གོ །བརྒྱད་པ་བོད་པ་ནི་འདིར་སྦྱར་དུ་མེད་དོ། །དེ་དག་རྒྱས་པར་མ་སྤྲོས་སོ། །གཉིས་པ་དགག་པའི་ཚུལ་ལ་གཉིས། དགག་པ་གཉིས་ཀྱི་མཚན་ཉིད་དང༌། དེས་སྒྲ་ཇི་ལྟར་སྦྱོར་བའི་ཚུལ་ལོ། །དང་པོ་ལ་གཉིས། མེད་དགག་དང༌། མ་ཡིན་དགག་གོ །དེ་རེ་རེ་ལའང་མཚན་ཉིད་དང་དབྱེ་བ་གཉིས་གཉིས་སོ། །དེ་ལ་མེད་དགག་གི་མཚན་ཉིད་ནི། ཆོས་གཅིག་བཀག་པས་ཆོས་གཞན་མི་འཕེན་པའོ། །དབྱེ་ན་གཉིས་ཏེ། མེད་པའི་དབྱེ་བ་དང༌། བཀག་པའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སྔ་ནས་མེད་པ་དང༌། ཞིག་ནས་མེད་པའོ། །དང་པོ་ནི་གྲུབ་མ་མྱོང་བས་མེད་པ་སྟེ། ཡུལ་ན་རྒྱལ་པོ་མེད་པ་ལྟ་བུའོ། །གཉིས་པ་ནི་རྒྱལ་པོ་ཤི་ནས་མེད་པ་ལྟ་བུའོ། །གཉིས་པ་བཀག་པའི་དབྱེ་བ་ལ་གཉིས། རྫས་མཐའ་དག་བཀག་པ་དང༌། ལྡོག་པ་ཕྱོགས་གཅིག་བཀག་པའོ། །དང་པོ་ནི་ནམ་མཁའ་ལ་མེ་ཏོག་མེད་ཅེས་པ་ལྟ་བུའོ། །གཉིས་པ་ནི་མེ་ཏོག་ལ་གེ་སར་མེད་ཅེས་པ་ལྟ་བུའོ། །མེད་དགག་དེ་དག་མཚན་ཉིད་མི་མཐུན་པ་མེད་མོད་ཀྱང༌། ཡུལ་དུས་ཀྱིས་ཕྱེ་ན་རྣམ་གྲངས་བཅུ་གཅིག་ཏུ་འགྱུར་རོ། །གཉིས་པ་མ་ཡིན་དགག་གི་མཚན་ཉིད་ནི། །ཆོས་གཞན་བཀག་པས་འཕེན་པའོ། །དབྱེ་ན་གཉིས་ཏེ། གཅིག་བཀག་གཅིག་གི་ལྡོག་པར་འགྱུར་བའི་མ་ཡིན་དགག་དང༌། གཅིག་བཀག་གཅིག་གི་ལྡོག་པར་མ་ངེས་པ་མ་ཡིན་དགག་གོ །དང་པོ་ནི་ཀུན་རྫོབ་མ་ཡིན་ཞེས་པས་དོན་དམ་པའི་ལྡོག་པ་མ་གྲུབ་པ་ལྟ་བུའོ། །གཉིས་པ་ནི་བུམ་པ་མ་ཡིན་ཞེས་བཀག་ཀྱང་སྣམ་བུའི་ལྡོག་པ་མི་འགྲུབ་པ་བཞིན་ནོ། །མ་ཡིན་དགག་དེ་དག་མཚན་ཉིད་མི་མཐུན་པས་ཕྱེ་ན་རྣམ་གྲངས་བཅུ་བཞིར་འགྱུར་རོ། །དོན་གཉིས་པ་དེས་སྒྲ་ཇི་ལྟར་སྦྱོར་བའི་ཚུལ་ནི། ཚིག་དགག་པ་དེ་དག་དང་ལྡན་པས་ཚིག་སྡུད་པ་ན། གཟུགས་དང་མི་ལྡན་པ་ལ་གཟུགས་མེད་དམ། གཟུགས་མ་ཡིན་པ་ལ་གཟུགས་མིན་ཅེས་སྦྱོར་ཏེ། དེ་དག་ལ་དགག་པའི་བསྡུ་བ་ཞེས་བྱའོ། །སྤྱི་དོན་གཉིས་པ་ལས་འཛིན་པ་བསྡུ་བ་ལ་གསུམ་སྟེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚིག་སྦྱོར་དང༌། འདྲ་བའི་སྦྱོར་བ་དང༌། རང་གི་བྱེ་བྲག་སྦྱོར་བའོ། །དང་པོ་ནི་བསྒྱུར་བའི་གནས་ཀྱིས་ཕྱེ་ན་མུ་བཞིར་འགྱུར་ཏེ། རྫས་དང་ལྡོག་པ་གཉིས་ཀ་དེ་ཉིད་དུ་བརྗོད་དུ་མེད་པ་དང༌། རྫས་དང་ལྡོག་པ་ལ་གཉིས་ཀ་གཞན་དུ་བརྗོད་དུ་མེད་པ་དང༌། རྫས་དེ་ཉིད་དུ་བརྗོད་དུ་མེད་ལ་ལྡོག་པ་གཞན་དུ་བརྗོད་དུ་མེད་པ་དང༌། ལྡོག་པ་དེ་ཉིད་དུ་བརྗོད་དུ་མེད་ལ་རྫས་གཞན་དུ་བརྗོད་དུ་མེད་པ་སྟེ་བཞིའོ། །དང་པོ་ནི་དངོས་པོ་ཐ་དད་པ་སྟེ། བུམ་པ་དང་སྣམ་བུ་ལྟ་བུའོ། །གཉིས་པ་ནི་ཁྱད་པར་གཏན་མེད་པ་སྟེ། མར་མེའི་གསལ་བ་དང༌། མར་མེ་གསལ་བ་ཉིད་ལྟ་བུའོ། །གསུམ་པ་ནི་ངོ་བོ་ཐ་དད་ལྡོག་པ་གཅིག་པ་སྟེ་ཨུཏྤལ་དང༌། བཻ་ཌཱུརྻའི་སྔོན་པོ་ལྟ་བུའོ། །བཞི་པ་ནི་ངོ་བོ་གཅིག་ལྡོག་པ་ཐ་དད་པ་སྟེ་ཨུཏྤལ་དང༌། དེའི་སྔོན་པོ་ལྟ་བུའོ། །དང་པོ་གཉིས་པ་ནི། མུ་བཞིར་འགྱུར་བའི་ཚུལ་ལས་སྒྲ་གཅིག་ལ་སྦྱོར་བའི་ཚུལ་ནི་མ་ཡིན་ནོ། །འདི་དག་ལ་མི་མཁས་པ་དག་བྱེ་བྲག་མ་ཕྱེད་པར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅེས་ཟེར་བ་ནི། བཞད་གད་ཀྱི་གནས་སོ། །དོན་གཉིས་པ་འདྲ་བའི་སྦྱོར་བ་ལ་གཉིས་ཏེ། རྫས་ཀུན་གྱི་བདག་ཉིད་འདྲ་བ་དང༌། ལྡོག་པ་ཕྱོགས་གཅིག་འདྲ་བའོ། །དང་པོ་ནི་ཡུལ་དུས་ཀྱིས་ཁྱད་པར་དུ་བྱ་དགོས་ཏེ། ལའི་མེ་དང༌། ཚང་མང་གི་མེ་ལྟ་བུའོ། །གཉིས་པ་ནི་སྐྱེས་བུ་མཛེས་པ་ལ་ལྷའམ། བྲམ་ཟེའི་བུ་ལ་མེ་ཞེས་བརྗོད་པ་ལྟ་བུའོ། །དོན་གསུམ་པ་གཉིས་ཀྱི་བྱེ་བྲག་སྦྱོར་བ་ནི། ཆོས་གང་ཞིག་ལ་མཚན་ཉིད་འཇོག་པའི་སྒྲ་སྦྱོར་བ་ན་འཇུག་པ་སྟེ། དཔེར་ན་མེ་ལ་ཚ་རྩུབ་བམ། ཆུ་རླན་ཞིང་གཤེར་བ་ཞེས་བྱ་བ་ལ་སོགས་པའོ། །སྤྱི་དོན་གསུམ་པ་བ་གཉིས་པའི་བསྡུ་བ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་མཚམས་སྦྱོར་གང་ལ་བསྡུས་པའི་དོན་དང༌། རྣམ་གྲངས་ཡོད་པ་སྟེ། དཔེར་ན་ལྔ་ཞེས་པའི་གྲངས་དང༌། ཕུང་པོ་ཞེས་སྦྱར་ན་ཕུང་པོ་ལྔ་ཞེས་ཡོད་པའི་ཚིག་སྟོན་པ་ནི། རྐྱེན་དང་ལྡན་ན་བ་གཉིས་པར་འགྱུར་རོ། །དབྱེ་ན་གཉིས་ཏེ། གཅིག་ཏུ་སྦྱོར་བའི་བ་དང༌། ཐ་དད་དུ་སྦྱོར་བའི་བའོ། །དང་པོ་དྲུག་གྲོང་ལྟ་བུའོ། །གཉིས་པ་ནི་གྲོང་དྲུག་ལྟ་བུ་སྟེ། དེ་གཉིས་ཁྱབ་པ་སྐབས་ཀྱིས་བརྩིའོ། །དེའི་སྐྱེས་བུའི་བསྡུ་བ་བསྟན་ཟིན་ཏོ།།  །།སྤྱི་དོན་དགུ་པ་ཟླས་དབྱེ་བ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་ཐ་དད་པར་གོ་བར་བྱེད་པའི་ཚིག་སྦྱོར་བའོ། །དབྱེ་ན་གཉིས་ཏེ། ཟླས་དབྱེ་བའི་བསྡུ་བ་དང༌། ཟླས་དབྱེ་བའོ། །དང་པོ་ལ་གསུམ། འདས་མ་ཐག་སྡུད་པའི་སྦྱོར་བའི་སྦྱོར་བའོ། །ཤུགས་ལས་དོན་གཞན་སྡུད་པ་དང༌། ལན་གྲངས་གཞན་ལ་སྡུད་པའོ། །དང་པོ་ནི་སྔོན་དེ་བཞིན་གཤེགས་པ་དབང་པོ་ཏོག་ཅེས་བྱ་བར་གྱུར་བ་དེ་གཞན་ཡིན་པར་སེམས་ན་དེ་དེ་ལྟར་མི་བལྟ་སྟེ་ཞེས་པ་ལྟ་བུ་དང༌། ས་དང༌། ཆུ་དང༌། མེ་ནི་འབྱུང་བ་ཞེས་དེའི་སྒྲས་འདས་མ་ཐག་སྡུད་པ་ལྟ་བུའོ། །དེའང་གནས་སྐབས་ཀྱིས་ཕྱེ་ན་དོན་འདས་མ་ཐག་པ་དང༌། ཚིག་འདས་མ་ཐག་སྡུད་པ་གཉིས་སུ་འགྱུར་རོ། །དོན་གཉིས་པ་ནི། །གཟུགས་སྟོང་པའོ། །གཞན་རྣམས་ཀྱང་ངོ་ཞེས་པ་ལྟ་བུ་སྟེ། ཀྱང་ངོའི་སྒྲས་གཞན་ཕུང་པོ་སྡུད་པ་ལྟ་བུའོ། །གསུམ་པ་ནི། ལྷས་བྱིན་ལ་དམག་བརྒྱ་སྟེ། མཆོད་སྦྱིན་ལའང་དེ་ཙམ་མོ་ཞེས་པ་ལྟ་བུའོ། །སྤྱི་དོན་གཉིས་པ་ཟླས་དབྱེ་བ་ལ་གཉིས། ཟླས་དབྱེ་བ་དང༌། ཟླ་དང་དབྱེ་བའོ། །དང་པོ་ནི་ཕའི་ཟླས་མའམ། འདུས་བྱས་ཀྱི་ཟླས་འདུས་མ་བྱས་འབྱེད་པ་ལྟ་བུའོ། །གཉིས་པ་ནི་གཟུགས་དང༌། སྒྲ་དང༌། དྲི་ཞེས་བྱ་བ་ལ་སོགས་པ་གཟུགས་ཀྱི་ཕུང་པོའི་བྱེ་བྲག་འབྱེད་པ་ལྟ་བུ་སྟེ། རང་གིས་སྤྲོས་ལ་ཤེས་པར་བྱའོ། །ཟླས་དབྱེ་བ་བསྟན་ཟིན་ཏོ།།  །།སྤྱི་དོན་བཅུ་པ་ཕྱོགས་ཙམ་སྟོན་པའི་སྦྱོར་བ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། གཞན་སེལ་ཞིང་རང་གི་ཚད་མི་འཛིན་པའོ། །དབྱེ་ན་གཉིས། རྫས་གཞན་སེལ་བ་དང༌། ལྡོག་པ་སེལ་བའོ། །དང་པོ་ནི་སེམས་ཙམ་ལྟ་བུ། གཉིས་པ་ནི་ཤིང་འབྲས་རང་ངམ། ཤིང་རེ་རེ་ལྟ་བུའོ། །ཕྱོགས་ཙམ་སྟོན་པའི་སྦྱོར་བ་བསྟན་ཟིན་ཏོ། །མདོར་བསྡུས་པའི་ཚུལ་གྱིས་ཚིག་སྡུད་པའི་སྦྱོར་བ་མཐའ་དག་ཀྱང་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གཉིས་པ་ཚིག་གི་ཕྲད་སྟོན་ཏོ། །དེ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། རང་ལ་དོན་མེད་ཅིང་དོན་ལྡན་གསལ་བར་བྱེད་པ་སྟེ། དཔེར་ན་ཟངས་གཉིས་སྦྱོར་བར་བྱེད་པའི་ཚ་ལ་ལྟ་བུའོ། །དབྱེ་ན་གཉིས། ངོ་བོའི་སྒོ་ནས་དབྱེ་བ་དང༌། ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས། ཕྲད་རྐྱང་པ་དང༌། དེ་ཚོགས་པའོ། །དང་པོ་ནི། དང་དང༌། ནི་དང༌། ཏེ་ལ་སོགས་པའོ། །གཉིས་པ་ཚོགས་པའི་ཕྲད་ནི། འོན་ཏེ་ན་ཞེས་པའམ། གལ་ཏེ་ན་ཞེས་བྱ་བ་ལ་སོགས་པའོ། །དེའང་དབྱེ་ན་གཉིས་ཏེ། གཉིས་ཀའི་ཆ་ལྡན་དང༌། ཕན་ཚུན་ཟིལ་གྱིས་གནོན་པའོ། །དང་པོ་ནི་དམིགས་འཛིན་མི་བྱེད་པ་དང་བྱེད་པ་གཉིས་ཕྲད་གཅིག་ལ་སྦྱོར་བ་སྟེ། དཔེར་ན་གལ་ཏེ་ཞེས་པ་ནི་དམིགས་ཀྱིས་མི་འཛིན་པའི་ཕྲད་དོ། །དེ་ལྟ་ན་ཞེས་པ་ནི་དམིགས་ཀྱིས་འཛིན་པའི་ཕྲད་དོ། །དེ་གཉིས་སྒྲ་གཅིག་ཏུ་སྦྱར་ན། གལ་ཏེ་དེ་ལྟར་ན་ཞེས་བྱ་བར་འགྲོ་ལ། །དེ་ཚིག་སྡུད་པའི་གནས་ཀྱི་སྒྲས་བསྡུས་ན། གལ་ཏེ་ན་ཞེས་བྱ་བའི་སྒྲ་འབྱུང་ལ། དེ་ནི་དོན་སྔ་མ་ལས་ཕྱི་མ་ཡོད་པར་སྟོན་པ་སྟེ། དཔེར་ན་སྦྲུམ་མ་ལས་ཁྱེའུ་བཙའ་ལ། གལ་ཏེ་བུ་མོ་བཙའ་བ་ཡང་སྲིད་དུ་ཞེས་པ་ལྟ་བུའོ། །གཉིས་པ་ཕན་ཚུན་ཟིལ་གྱིས་གནོན་པ་ལ་གཉིས། སྔ་མས་ཕྱི་མ་ཟིལ་གྱིས་གནོན་པ་དང༌། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པའོ། །དེ་དག་གི་གནས་སྐབས་ཀྱིས་སྦྱར་ལ་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་ལས་ཀྱི་སྒོ་ནས་དབྱེ་ན་བཞི་སྟེ། འབྱེད་པར་བྱེད་པའི་མཚམས་སྦྱོར་དང༌། སྡུད་པར་བྱེད་པའི་མཚམས་སྦྱོར་དང༌། རྫོགས་པར་བྱེད་པའི་མཚམས་སྦྱོར་དང༌། རྩོམ་པར་བྱེད་པའི་མཚམས་སྦྱོར་དང༌། དེ་དག་ཀྱང་འབྱེད་པར་བྱེད་པ་དང་རྫོགས་པར་བྱེད་པ་གཉིས་ངོ་བོ་གཅིག་གནས་སྐབས་ཀྱིས་ཐ་དད་དོ། །སྡུད་པར་བྱེད་པ་དང་རྩོམ་པར་བྱེད་པ་གཉིས་ཀྱང་ངོ་བོ་གཅིག་གནས་སྐབས་ཀྱིས་ཐ་དད་དོ། །དེས་ན་མདོར་བསྡུ་ན་མཚམས་སྦྱོར་ཐམས་ཅད་གཉིས་སུ་འདུའོ། །དེའང་འབྱེད་པ་དང་རྫོགས་པར་བྱེད་པ་ནི། འོ་དང༌། ནོ་དང༌། སོ་ལ་སོགས་པའོ། །སྡུད་པ་དང༌། རྩོམ་པར་བྱེད་པོ་ནི། ཀྱང་དང༌། ཡང་དང༌། ད་ནི་ལ་སོགས་པའོ། །ཡང་ཡི་གེ་གཅིག་ལ་སྐབས་ཀྱིས་དུ་མར་འགྱུར་བའང་ཡོད་དེ། དཔེར་ན། དང་ལྟ་བུ་སྐབས་ཁ་ཅིག་ཏུ་འབྱེད་པར་འགྲོ་ལ། ཁ་ཅིག་ཏུ་སྡུད་པར་འགྲོ་བ་ལྟ་བུའོ། །དེ་ཡང་སྐབས་ཀྱི་ཤུགས་ཀྱིས་བརྩིས་ལ་ཤེས་པར་བྱའོ། །ཕྲད་ཀྱི་འཇུག་པ་བསྟན་ཟིན་ཏེ། མདོར་བསྡུས་པའི་ཚུལ་གྱིས་ཚིག་གི་ཚོགས་མ་ལུས་པ་བསྟན་ཟིན་ཏོ། །འདིར་ནི་ཁོ་བོས་མདོར་བསྡུས་པ་ཙམ་ཞིག་བསྟན་པར་ཟད་དེ། འདི་དག་ལ་མཚན་ཉིད་དང༌། འགལ་སྤང་དང༌། དེ་དག་གི་སྒྲ་ཇི་ལྟར་སྦྱོར་བ་ལ་སོགས་པའི་ཚུལ་རྣམས་ཁོ་བོས་སྔར་སྦྱར་བའི་སྒྲའི་བསྟན་བཅོས་ཤེས་རབ་འཕྲོ་བ་ལས་ཤེས་པར་བྱའོ། །འོན་ཀྱང་འདི་ཉིད་ཀྱིས་ཀྱང་མ་འདུས་པ་མེད་པས་འདི་ཉིད་ལ་བློ་ལེགས་པར་སྦྱང་བར་བྱའོ། །གྲགས་པ་རྒྱལ་མཚན་དྲི་མེད་གསུང་ཟེར་གྱིས། །ཕྱེ་བས་རབ་རྒྱས་བློ་ཡི་པདྨོ་ལས། །བྱུང་བའི་བདག་ཚིག་རོ་བརྒྱ་ལྡན་པ་ཡི། །སྦྲང་རྩི་འདི་ནི་ཁྱེད་ཀྱི་མགྲིན་པར་ཕྱིན། །གཞུང་འདི་གང་གིས་ཐོག་མར་བཀོད་པ་ཡི། །རྒྱལ་བའི་སྲས་ཀྱིས་དགོངས་པས་བློ་གསལ་བ། །ཤཱཀྱའི་དགེ་བསྙེན་ཀུན་དགའ་རྒྱལ་མཚན་གྱིས། །ཉི་ཤུ་རྩ་གཉིས་ལོན་ཚེ་སྦྱར་བ་ཡིན། །དེང་སང་དུས་ན་ལོ་གྲངས་རྒན་གྱུར་ན། །བླུན་པོ་རྣམས་ཀྱང་གཙུག་ཏོར་ཇི་བཞིན་ཏེ། །ཤེས་རབ་རྒྱ་མཚོའི་ངོས་ལྟར་ཡངས་པ་ཡང༌། །གཞོན་ནུར་གྱུར་ན་ཚད་མར་འཛིན་པ་དཀོན། །འོན་ཀྱང་བློ་གསལ་དམ་པའི་གྲོགས་ཁྱོད་ཀྱིས། །གསོལ་བ་འདེབས་པའི་ཚིག་འབྲུ་ཡང་དང་ཡང༌། །གསལ་བར་ཐོས་ནས་ཉུང་ལ་མང་བ་ཡི། །གཞུང་དོན་འདི་ནི་མཁས་པའི་མདུན་དུ་བསྙད། །ཚིག་སྦྱོར་ཙམ་ཡང་ལེགས་པར་མི་ཤེས་པར། །ང་ནི་སྨྲ་བའི་སེང་གེ་ཡིན་སྙམ་དུ། །རློམ་པའི་སྐྱེ་བོས་གངས་ཅན་མཐའ་དག་ཀུན། །ཡོངས་སུ་ཁྱབ་པར་ཁོ་བོས་གསལ་བར་མཐོང༌། །གང་གིས་འདི་དོན་ཕྱོགས་ཙམ་རྟོགས་གྱུར་ནའང༌། །མཁས་པ་རྣམས་ཀྱི་སྙེམས་པ་འཕྲོག་བྱེད་ན། །ལེགས་པར་བརྟགས་ཏེ་སྒྲ་དོན་རྣམ་ཕྱེ་ན། །འཇིག་རྟེན་ན་ནི་འགྲན་ཟླ་མེད་པར་འགྱུར། །ཚོགས་པ་གསུམ་ལྡན་དྲི་མ་མེད་པའི་ཚིག །རྣམ་པར་ཕྱེ་ལས་གང་ཞིག་བྱུང་བ་ཡི། །དགེ་བས་བདག་རྒྱུད་རྣམ་པར་གསལ་མཛེས་པ། །དེས་ན་འགྲོ་ཀུན་འཇམ་པའི་དབྱངས་གྱུར་ཅིག།  །།གཏི་མུག་དགྲ་ལས་རྒྱལ་ཕྱིར་འཁོན། །དགེ་ལེགས་ཡོན་ཏན་བསྐྱེད་ཕྱིར་ས། །སྡིག་པའི་དྲི་མ་སྤངས་ཕྱིར་སྐྱ། །རིགས་གནས་མཚན་ཉིད་འདི་དག་ཡིན། །ཞེས་བྱ་བར་རྟོགས་པར་བྱའོ། །སྒྲ་ལ་འཇུག་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཐ་སྙད་ལ་ཞུགས་པའི་བློ་གྲོས་དང་ལྡན་པ་འཁོན་ཇོ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*