བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད།

༼ཐ༽

༄༅། །བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་པར་བཤད་པ་བྱིས་པ་ལ་ཕན་པ་ཞེས་བྱ་བ། བློ་གསལ་དཀྱིལ་འཁོར་སྤྲོས་པའི་འོད་ཟེར་ཅན། །ཕས་རྒོལ་ཟླ་བའི་གཟི་བརྗིད་འཇོམས་བྱེད་ཅིང༌། །སློབ་མ་པདྨའི་ཕྲེང་བ་རྒྱས་མཛད་པ། །སྒྲིབ་པའི་སྤྲིན་བྲལ་བསོད་ནམས་རྩེ་མོ་རྒྱལ། །གང་གི་གསུང་ལ་མཐའ་བཞིའི་སྤྲོས་པ་ཡིས། །རྣམ་པ་ཀུན་ཏུ་བརྫི་བར་མི་ནུས་པ། །དེ་ཡི་ཞབས་རྡུལ་དྲི་མེད་དམ་པ་ལ། །ཀུན་དགའ་རྒྱལ་མཚན་དང་བས་ཕྱག་བགྱིད་དོ། །བཅུ་ཕྲག་ཕྱེད་ཀྱི་རིག་པའི་གནས་རྣམས་ལ། །ཁྱོད་ཀྱི་མཁྱེན་པ་པད་ལྟར་རྒྱས་གྱུར་པ། །དེ་ཡི་གསུངས་ལ་བློ་གསལ་གཞན་དག་གིས། །དཔང་དུ་མཛད་པ་དེ་ཡི་གསུང་རབ་དབྱེ། །འདིར་བཤད་པ་ལ་འཇུག་པ་དག་གིས། གང་ཞིག་གང་གིས་ཇི་ལྟར་མཛད་པའི་ལས། བྱེད་པ་པོ། བྱ་བ་གསུམ་བརྟག་པར་བྱ་བ་ལ། མཛད་པའི་ལས་ནི་སྒྲའི་བསྟན་བཅོས་ཏེ། །དེའང་ཡི་གེའི་འཇུག་ཚུལ་བྱེ་བྲག་ཏུ་སྟོན་པ། བློ་གསལ་བའི་བྱིས་པ་རྣམས་བདེ་བླག་ཏུ་མཁས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའི་ཚིག་ལེའུར་བཅད་པ་འདིའོ། །གང་གིས་མཛད་པའི་བྱེད་པོ་ནི། བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོའི་ཞལ་སྔ་ནས་ཀྱིས་ཏེ། དེའང་བྱང་ཆུབ་སེམས་དཔའ་གཞོན་ནུའི་ས་པ་སྟེ། དེའི་རྣམ་པར་ཐར་པ་འདི་ལྟར་ཐོས་ཏེ། སྐུ་བལྟམས་པ་ཙམ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྒོས་པ་ཕུལ་དུ་བྱུང་བའི་བློ་གྲོས་དང་ལྡན་པ་ཞིག་སྟེ། ཆེར་བསྲིངས་ནས་ཤེས་བྱ་རིག་པའི་གནས་ལྔའི་ཕ་རོལ་ཏུ་ཕྱིན་པར་མཛད་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་བུ་གཅིག་པ་ལྟར་ཉེ་བར་བསྲུང་བ་སྟེ། འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་མཛད་ནས། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མངོན་སུམ་དུ་གཤེགས་པར་གྱུར་ཏོ་ཞེས་བྱ་བ་ནི་གཏམ་རྒྱུད་དོ། །ཇི་ལྟར་མཛད་པའི་བྱ་བ་ནི། འཇིག་རྟེན་ན་དམ་པ་རྣམས་ཀྱིས་བསྟན་བཅོས་མཛད་པའི་ཚུལ་གཉིས་ཏེ། ཕན་པ་གཙོར་མཛད་པ་དང༌། སྡེབ་སྦྱོར་ལྷུར་མཛད་པའོ། །དེའང་བདག་ཉིད་ཆེན་པོ་འདིས་ནི། སྡེབ་སྦྱོར་ལྷུར་མ་མཛད་ཀྱི་ཕན་པ་ཉིད་གཙོར་མཛད་པ་སྟེ། བྱིས་པ་རྣམས་བདེ་བླག་ཏུ་འཇུག་པའི་ཕྱིར་རོ། །ད་ནི་གཞུང་གི་དོན་ལ་འཇུག་པ་ནི། བསྡུས་པའི་དོན་དང༌། ཚིག་གི་དོན་གཉིས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ལས། བསྡུས་པའི་དོན་ལ་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང༌། བརྩམ་པར་བྱ་བ་གཞུང་གི་དོན་དང༌། རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ཏོ། །བར་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། བསྟན་བཅོས་ལ་ཡོད་པའི་དགོས་འབྲེལ་དང༌། དགོས་འབྲེལ་ཅན་གྱི་བསྟན་བཅོས་སོ། །དེ་ལ་ལེའུ་གསུམ་སྟེ། ཐུན་མོང་ལ་དགོས་པའི་ཡི་གེའི་སྦྱོར་བ་དང༌། བོད་ལ་མཁོ་བ་སྒྲའི་འབྱིན་ཐབས་དང༌། །རྒྱ་གར་ལ་མཁོ་བའི་སྒྲའི་བཀླག་ཐབས་སོ། །དེ་དག་གི་རྒྱས་པར་དབྱེ་བ་གཞུང་ཉིད་དུ་རྟོགས་པར་འགྱུར་རོ། །བསྡུས་པའི་དོན་ཏོ། །ཚིག་གི་དོན་ལ་འཇུག་པ་ནི། འགྲོ་བའི་གཉེན་གཅིག་ཅེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེའང་ཚིག་སྔ་མ་ཕྱེད་ཀྱིས་ནི་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ཞིང་གསོལ་བ་གདབ་པ་ཡིན་ལ། ཕྱེད་ཕྱི་མས་གཞུང་གི་ཆ་བཤད་པར་དམ་བཅའ་ཞིང༌། སྲུང་བ་བསྒོམ་པ་ཡིན་ནོ། །བརྩམ་པར་བྱ་བ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱ་གར་གྱི་དབྱངས་གསལ་བྱེད་དང༌། བོད་ཀྱི་ལུས་དང་ཡན་ལག་གོ །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། སྤྱིར་བརྗོད་པའི་དབྱེ་བ་དང༌། བྱེ་བྲག་གི་ངོ་བོ་ངེས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཡི་གེའི་ཚོགས་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་སོ། །དང་པོ་ནི་དོན་མི་སྟོན་པའི་སྒྲ་སྤྱི་གསལ་བ་ཡིན་ལ། གཉིས་པ་ནི་དོན་གྱི་ངོ་བོ་སྟོན་པའི་སྒྲ་སྤྱི་ཡིན་ཞིང༌། གསུམ་པ་ནི་དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྤྱིའོ། །དེ་དག་དཔེར་བརྗོད་ན་དང་པོ་ནི། ཀ་ལ་སོགས་པ་ཡིན་ལ། གཉིས་པ་ནི་བུམ་པ་ལ་སོགས་པ་ཡིན་ཞིང༌། གསུམ་པ་ནི་བུམ་པ་ཟླུམ་པོ་ལ་སོགས་པ་སྟེ། འདི་དག་གི་དབྱེ་བ་རྒྱས་པ་ནི། ཁོ་བོས་བྱས་པའི་ཤེས་རབ་འཕྲོ་བ་ལ་སོགས་པ་ལ་ཤེས་པར་བྱ་བ་ལས་འདིར་མ་བྲིས་སོ། །གཉིས་པ་བྱེ་བྲག་གི་ངོ་བོ་ངེས་པར་བྱ་བ་ནི། སྐབས་སུ་བབ་པའི་ཡི་གེའི་ཚོགས་ཡིན་ལ། འདིའི་རྣམ་པར་བཤད་པ་ལ་གཉིས་ཏེ། མཚན་ཉིད་བཤད་པ་དང༌། མཚན་གཞི་དབྱེ་བའོ། །དང་པོ་ལ་གསུམ། གཞན་ལུགས་དགག་པ་དང༌། རང་ལུགས་གཞག་པ་དང༌། རྩོད་པ་སྤང་བའོ། །དང་པོ་ཁ་ཅིག་ཀ་ལ་སོགས་པའི་གཟུགས་སུ་གྲུབ་ཅེས་འདོད་ལ། ལ་ལ་ཀ་ལ་སོགས་པའི་སྒྲ་རང་མཚན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། གཅིག་ནི་གཟུགས་ཡིན་ལ། གཅིག་ནི་སྒྲ་ཡིན་པས་ཡི་གེར་མི་རུང་ངོ༌། །གཉིས་པ་རང་གི་ལུགས་ནི། དོན་མི་སྟོན་པའི་སྒྲ་སྤྱི་གསལ་བར་སྣང་བ་ཞེས་བ་ཡིན་ནོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། ཁ་ཅིག་ནི། དེ་ལྟ་ནའང༌། སྒྲ་སྤྱིའམ་དོན་སྤྱི་གང་རུང་ཅིག་ཏུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྒྲ་སྣང་ཞེས་པ་དོན་སྤྱི་མ་ཡིན་པར་སྟོན་པ་ལ་གསལ་བར་སྣང་ཞེས་པས་མི་གསལ་བའི་སྒྲ་སྤྱི་ཙམ་སེལ། དོན་མི་སྟོན་པའི་སྒྲ་སྤྱི་ཞེས་བརྗོད་པས་མིང་དང་ཚིག་གི་རྗེས་སུ་སྐྱེས་པའི་སྒྲ་སྤྱི་གཅོད་པ་ཡིན་ནོ། །གཉིས་པ་མཚན་གཞི་དབྱེ་བ་ལ་བཞི་སྟེ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། གྲངས་ངེས་པ་དང༌། སྒྲའི་དོན་ཏོ། །དང་པོ་ནི་དོན་མི་སྟོན་པའི་སྒྲ་སྤྱི་སྣང་བའི་ཆོས་ཞེས་བྱ་བ་ཉིད་དབྱེ་གཞིར་རུང་ངོ༌། །དབྱེ་བའི་དོན་ལ་གཉིས་ཏེ། རིགས་ཀྱི་དབྱེ་བ་དང༌། གསལ་བའི་དབྱེ་བའོ། །དང་པོ་ནི་དབྱེ་སྒོ་ཐ་དད་པ་ནས་དབྱེ་བའི་ཚུལ་ཐ་དད་པ་དུ་མ་རུང་མོད་ཀྱང༌། འདིར་གཙོ་བོ་གཉིས་ཏེ། དབྱངས་ཀྱི་ཡི་གེ་དང༌། གསལ་བྱེད་ཀྱི་ཡི་གེའོ། །དབྱངས་ཀྱི་ཡི་གེ་ནི། བརྗོད་པ་མི་གསལ་ཞིང་གསལ་བྱེད་ཀྱི་སྲོག་ཏུ་འགྱུར་བའོ། །གསལ་བྱེད་ནི་བརྗོད་པ་གསལ་ཞིང༌། དྲག་པོའི་ངོ་བོར་འགྱུར་བའོ། །གཉིས་པ་གསལ་བར་དབྱེ་བ་ནི། དབྱངས་ཡིག་བཅུ་དྲུག་གོ་ཞེས་གཞུང་འདི་ལས་འབྱུང་མོད་ཀྱང༌། ཨཾ་དང་ཨཿགཉིས་ནི་ང་དང་ཚིག་དྲག་པོ་ཡོད་པས་གསལ་བྱེད་ཀྱི་བརྗོད་པར་འགྱུར་བས། དབྱངས་དངོས་སུ་བཅུ་བཞི་ཡིན་ཏེ། དེ་སྐད་དུ་ཡང་ཀ་ལཱ་པ་ལས། དེ་ལ་བཅུ་བཞི་ནི་དབྱངས་སོ་ཞེས་འབྱུང་བས་གསལ་ལོ། །གསལ་བྱེད་ནི། གསལ་བྱེད་སུམ་ཅུ་སོ་བཞི་ཞེས་འབྱུང་མོད་ཀྱང༌། ཀ་ལ་སོགས་པའི་སྡེ་ཚན་ལྔ་ལ་སྡེ་ཚན་རེ་རེ་ལ། །ཡི་གེ་ལྔ་ལྔ་ཡོད་པས་ཉི་ཤུ་རྩ་ལྔར་འགྱུར་ཏེ། ཀ་ལཱ་པ་ལས་ལྔ་ལྔ་ལ་ལྔ་པའི་སྡེ་ཚན་ནོ་ཞེས་འབྱུང་བས་སོ། །དེ་དག་མཐར་གནས་བཞི་དང་དྲོ་བ་བཞི་སྟེ་བརྒྱད་བསྣན་ལ། ཀྵ་ནི་ཀ་དང་ཥ་ཡིན་པས་དེ་དག་ཉིད་དུ་འདུ་བས་ན། གསལ་བྱེད་སུམ་ཅུ་སོ་གསུམ་ཡིན་ནོ། །གསུམ་པ་གྲངས་ངེས་པ་ནི། དབྱངས་གསལ་བྱེད་གཉིས་སུ་ཇི་ལྟར་ངེས་ཤེ་ན། འདི་ལྟར་ང་རོ་ཙམ་གཞིར་བྱས་པ་ན། གསལ་བའམ་མི་གསལ་བའམ། དྲག་པ་དང་ཞན་པ་གཉིས་སུ་ངེས་པས་ན་དབྱངས་དང་གསལ་བྱེད་གཉིས་སུ་ངེས་པ་ཡིན་ནོ། །བཞི་པ་སྒྲའི་དོན་ནི། ཡི་གེ་ཞེས་བྱ་བ་ལ་གསུམ་སྟེ། རྣམ་གྲངས་མེད་པ་དང༌། དོན་བརྗོད་པའི་གཞི་དང༌། མིང་ཚིག་གསལ་བར་བྱེད་པའི་ཕྱིར་ཡི་གེ་ཞེས་བྱ་ལ། དེ་དུ་མ་འདུས་པ་ལ་ཚོགས་ཞེས་བྱའོ། །སྤྱིའི་དོན་ཏོ།།  །།ཡན་ལག་གི་དོན་ནི། ཨཱ་ལི་ཀཱ་ལི་སྟེ། སློབ་དཔོན་གྱི་ངག་ལས་སྦྱང་བ་མ་གཏོགས་པར་རེ་ཞིག་མི་ཤེས་པར་ཟད་དོ། །གཉིས་པ་བོད་ཀྱི་ལུས་དང་ཡན་ལག་ལ་གཉིས་ཏེ། སྤྱིའི་དོན་དང་ཡན་ལག་གི་དོན་ཏོ། །དང་པོ་ནི་སྔར་གྱི་མིང་མཚན་ཉིད་དབྱེ་བ་ལ་སོགས་པ་ཁྱད་པར་རགས་པ་མེད་དོ། །གཉིས་པ་ཡན་ལག་གི་དོན་ནི། ལུས་ཀྱི་ཡི་གེ་ནི་གོ་བར་ཟད་ལ། ཡན་ལག་གི་ཡི་གེ་རྣམས་ལ་ཚིག་གི་བར་དུ་འཇུག་པ་སྲོག་གི་ཡི་གེའོ། །དང་ཀྱོག་ནི་ཐོག་མར་འཇུག་པ་རྐྱེན་གྱི་ཡི་གེའོ། །ཤད་ནི་ཐ་མར་འཇུག་པ་རྐྱེན་གྱི་ཡི་གེའོ། །གུ་གུ་དང་ཞབས་ཀྱུ་དང་འགྲེང་བུ་དང་ན་རོ་ནི་ལུས་ལ་འཇུག་པ་ཡན་ལག་གི་ཡི་གེའོ། །དེ་སྐད་དུ་ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་གསུངས་པས་སོ། །མདོར་བསྟན་པའི་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།ད་ནི་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྟན་བཅོས་ལ་ཡོད་པའི་དགོས་འབྲེལ་དང༌། དགོས་འབྲེལ་ཅན་གྱི་བསྟན་བཅོས་སོ། །དང་པོ་ལ་དགོས་འབྲེལ་ཐོག་མར་སྟོན་པའི་འཐད་པ་དང༌། འཐད་པ་ཅན་གྱི་དགོས་འབྲེལ་བཤད་པ་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། མཁས་པ་རྣམས་ནི་ཐོག་མར་དགོས་འབྲེལ་སྟོན་པ་ཡིན་ན། འདིར་མི་སྟོན་པ་ཅི་ཞེ་ན། འདི་ནི་དངོས་སུ་ལོག་རྟོག་བཟློག་ནས་བརྒྱུད་ནས་འཇུག་པར་འགྱུར་བ་ཡིན་ལ། ལོག་རྟོག་ནི་ཁྱད་པར་གྱི་གཞི་དབྱངས་གསལ་བྱེད་ལ་མི་འཇུག་གི དེའི་ཁྱད་པར་གྱི་ཆོས་འབྱུང་བ་ལ་སོགས་པ་ལ་འཇུག་པ་དེ་དག་དགག་པས་དེའི་ཐོག་མར་བསྟན་ཏོ། །གཉིས་པ་འཐད་པ་ཅན་གྱི་དགོས་འབྲེལ་བཤད་པ་ནི། གང་གིས་ཡི་གེའི་བྱེ་བྲག་དང་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཏེ། དེ་ལའང་གསུམ་སྟེ། དགོས་པ་དང༌། བསྡུ་བ་དང༌། ཚིག་གི་དོན་ཏོ། །དང་པོ་ལ་གཉིས་ལས། སྒྲ་སྦྱར་བའི་དགོས་པ་ནི། དོན་རྟོགས་པར་བྱ་བ་ཉིད་ཡིན་ལ། དོན་རྟོགས་པའི་དགོས་པ་ནི་གཞུང་གི་མཛེས་པ་བསྐྱེད་པའམ། དོན་གྱི་ལོག་རྟོག་བཀག་ཀྱང་རུང་སྟེ། བརྒྱུད་ནས་འཇུག་པར་འགྱུར་བ་ཡིན་ནོ། །བསྡུས་པའི་དོན་ལ་བཞི་ལས། བརྗོད་བྱ་ནི་ཡི་གེའི་མཚན་ཉིད་དོ། །དགོས་པ་ནི་དོན་ལེགས་པར་རྟོགས་པའོ། །དགོས་པའི་དགོས་པ་ནི་ཡི་གེའི་དོན་རྟོགས་པ་བརྗོད་བྱེད་དག་པར་འགྱུར་ལ། དེ་ལ་རྩོམ་པ་དང་བཤད་པ་སྟེ། མཁས་པ་རྣམས་འཇུག་པའི་སྒོ་གསུམ་དྲི་མ་མེད་པར་འགྱུར་ཞིང༌། དེ་ལའང་འབྲས་བུ་གྱ་ནོམ་པ་ཉིད་མངོན་དུ་འཐོབ་པར་འགྱུར་བས་སོ། །འབྲེལ་བའི་དགོས་པའི་དགོས་པ་ལ། དགོས་པ་སྔོན་དུ་འགྲོ་བ་དེ་ལ་བརྗོད་བྱ་སྔོན་དུ་འགྲོ་ཞིང་བརྗོད་པ་ལ། དངོས་ཀྱི་རྗེས་བྱེད་སྔོན་དུ་འགྲོ་དགོས་ལ། དེའི་གྲོགས་ཞེས་པའི་རྗོད་བྱེད་བསྟན་བཅོས་འདི་ལ་རག་ལས་པས་རྒྱུ་དང་འབྲས་བུར་འབྲེལ་ལོ། །ཚིག་གི་དོན་ལ་ཤླཽ་ཀ་གཉིས་ལས་དང་པོ་ནི་དགག་པའི་སྒོ་ནས་སྟོན་ལ། གཉིས་པ་སྒྲུབ་པའི་སྒོ་ནས་སྟོན་ཏོ། །དེ་ལ་དང་པོ་ནི་གང་གིས་ཡི་གེའི་བྱེ་བྲག་དང༌། དབྱེ་བ་དང༌། བསྡུ་བ་དང༌། འབྱུང་གནས་མི་ཤེས་པ་དེ་དག་སྒྲ་བརྗོད་པ་མཁས་པ་མ་ཡིན་ནོ་ཞེས་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། དོན་འཁྲུལ་བའི་ཕྱིར་ཏེ། རྒྱལ་པོའི་ཀློག་མཁན་ལ་སོགས་པ་བཞིན་ནོ་ཞེས་དགོངས་སོ། །གཉིས་པ་ནི་སྒྲ་མ་ཕྱིན་པས་དོན་འཁྲུལ་བར་འགྱུར་བ་སྟེ། དེ་བས་ན་མི་མཁས་པ་དེ་དག་ལ་སྙིང་བརྩེ་བས་བསྟན་བཅོས་འདི་བཤད་པར་བྱ་ཞེས་བྱ་བ་ནི་ཁྱད་པར་གྱིས་གཞིའོ། །གང་བཤད་པར་བྱ་ཞེ་ན། ཡི་གེའི་བྱེ་བྲག་དང༌། དབྱེ་བསྡུ་དང༌། སྒྲའི་འབྱིན་ཐབས་སོ། །དེ་བཤད་ནས་ཅི་བྱེད་ཅེ་ན། བརྗོད་པ་ལ་མཁས་པར་བྱ་བའི་ཕྱིར་རོ། །བརྗོད་པ་ལ་མཁས་པ་དེ་བཤད་པས་ཅི་བྱེད་ཅེ་ན། དེས་བསྟན་པའི་དོན་ལ་མཁས་པའི་ཕྱིར་རོ། །དོན་ལ་མཁས་པས་དེ་ཡི་གེ་ལ་ཅང་འབྱུང་ངམ་ཞེ་ན། འདི་བཤད་ཅེས་པས་འབྲེལ་པ་དོན་གྱིས་སྟོན་ཏེ་སྔར་བཤད་པ་བཞིན་ནོ། །ཚིག་གི་འབྲེལ་པ་གཞུང་དུ་མ་བཀོད་པ་ནི། མཁས་པ་རྣམས་ཀྱི་ཆོས་ཉིད་དེ། །འབྲེལ་པ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་མོད། །འོན་ཀྱང་དེ་དོན་རྣམ་འབྱེད་ལས། །དོན་གྱིས་རྟོགས་པར་འགྱུར་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །དགོས་འབྲེལ་བསྟན་ཟིན་ཏོ།།  །།གཉིས་པ་དགོས་འབྲེལ་ཅན་གྱི་བསྟན་བཅོས་ལ་ལེའུ་གསུམ་ལས། དང་པོ་ཐུན་མོང་ལ་དགོས་པ་ཡི་གེའི་སྦྱོར་བ་འཆད་དོ། །དེ་ལ་གཉིས་ཏེ། ཡི་གེ་དབྱེ་བསྡུ་བསྟན་པ་དང༌། བྱེ་བྲག་བསྟན་པའོ། །དང་པོ་ལའང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སོ། །དེ་ལ་དང་པོ་ནི། རྒྱ་སྐད་དབྱངས་དང་གསལ་བྱེད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལའང་གཉིས། སྤྱི་དོན་དང་ཡན་ལག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། ངེས་པར་ཕྱེ་བའི་དབྱེ་བསྡུ་དང༌། སྐབས་སུ་བབ་པའི་དབྱེ་བསྡུའོ། །དང་པོ་ནི། དབྱངས་དང་གསལ་བྱེད་གཉིས་ལས་དེ་གཉིས་ཀའི་རྩ་བ་ཨའོ། །དེ་ལས་དབྱངས་རྣམས་འབྱུང་བ་ན། ཨི་ཨུ་གཉིས་འབྱུང་བས་གསུམ་མོ། །དེ་དག་སྦྱར་བ་ལས། ཨེ་ཨོ་རྀ་ལྀ་བཞི་འབྱུང་བས་བདུན་ནོ། །དེ་ལས་གསལ་བྱེད་རྣམས་འབྱུང་བས་ན། དེ་ཡང་ཨ་ལས་ཀ་ཙ་ཊ་ཏ་པ་ཧ་དྲུག་འབྱུང་བས་བདུན་ནོ། །དེ་ལྟར་ཡི་གེའི་རྩ་བ་ཕྱི་མོ་བཅུ་གསུམ་མོ། །རྩ་བ་དེ་དག་ལས་དབྱངས་བཅུ་དྲུག་དང༌། གསལ་བྱེད་ཀྱི་གཙོ་བོ་བཅོ་བརྒྱད་འབྱུང་བའི་ཚུལ་ནི། དབྱངས་བདུན་པོ་ལ་རིང་བ་དང་ཐུང་བ་གཉིས་སུ་ཕྱེ་བས་བཅུ་བཞི། སྣ་ལྡན་དང༌། རྣམ་པར་བཅད་པ་གཉིས་དེ་དག་ལས་འགྲུབ་པས་བཅུ་དྲུག་གོ །གསལ་བྱེད་རྣམས་ནི་རྩ་བ་དྲུག་གི་སྟེང་དུ་ཨི་དང་ཨ་ལས་ཡའོ། །ཨུ་དང་ཨ་ལས་ཝའོ། །ར་དང་ལ་གཉིས་ནི་ཨ་བསྒྲིམས་པ་དང་ཀློད་པ་ལས་འབྱུང་ངོ༌། །ཤ་ཥ་ས་གསུམ་ནི་ཨ་དང་ཚེག་དྲག་བྱེ་བྲག་སྟེ་གཉིས་དང་མཐུན་ནོ། །ང་ཉ་ཎ་ན་མ་ལྔ་ནི། ཨ་ཉིད་དང་སྣ་དང་ལྷན་ཅིག་པའི་བྱེ་བྲག་སྟེ་ཨཾ་དང་མཐུན་ནོ། །དེ་ལྟར་ན་ཡི་གེའི་གཙོ་བོར་ཡན་ལག་ཉི་ཤུ་རྩ་ལྔའོ། །ཡན་ལག་དེ་དག་ལ་གསལ་བྱེད་ཀྱི་ཉིང་ལག་སུམ་ཅུ་རྩ་བཞི་འབྱུང་བའི་ཚུལ་ནི། ཁ་ལ་སོགས་པ་གཉིས་པ་རྣམས་ནི་ཀ་ལ་སོགས་པ་དང་པོ་རྣམས་དང་ཁོང་ནས་འབྱུང་བའི་སྒྲ་སྦྱར་བའོ། །ག་ལ་སོགས་པ་གསུམ་པ་རྣམས་ནི་ཀ་ལ་སོགས་པ་དང་པོ་རྣམས་དང་ཨའི་སྒྲ་སྦྱར་བའོ། །གྷ་ལ་སོགས་པ་བཞི་པ་རྣམས་ནི་ག་ལ་སོགས་པ་གསུམ་པ་རྣམས་དང་ཧའི་སྒྲ་སྦྱར་བའོ། །དེ་དག་ཕན་ཚུན་སྦྱར་བ་ལས་ལོ་འདབ་དང་འདྲ་བའི་ཡི་གེ་དུ་མར་འགྱུར་བ་ཡིན་ནོ། །འདིར་ཚིགས་སུ་བཅད་པ་ནི་ཡི་གེའི་ངོ་བོ་བསྡུ་བ་དང༌། རྣམ་གྲངས་རྗེས་སུ་དབྱེ་བ་དང༌། །སྦྱར་བའི་ཆ་ལས་འབྱུང་བའི་ཚུལ། །མདོ་ཙམ་རྗེས་སུ་བསྟན་པ་ཡིན། །ཞེས་བྱ་བར་རྟོགས་པར་བྱའོ། །གཉིས་པ་སྐབས་སུ་བབ་པའི་དབྱེ་བསྡུ་ནི་གཞུང་ཉིད་ན་གསལ་ལོ། །ད་ནི་ཡན་ལག་གི་དོན་ལ་འཇུག་པར་བྱ་སྟེ། རྒྱ་སྐད་དབྱངས་དང་གསལ་བྱེད་ཀྱི། །ཡི་གེ་ལྔ་བཅུ་ཐམ་པར་འདུས། །ཞེས་བྱ་བ་ནི། རྒྱ་གར་གྱི་སྐད་ལ་དགོས་པའི་ཡི་གེ་ལྔ་བཅུར་འདུའོ་ཞེས་བྱ་བའི་དོན་ཏོ། །བོད་ཀྱི་ཡི་གེ་སུམ་ཅུ་བདུན། །སྒྲ་ཡི་ཕ་མ་སུམ་ཅུར་འདུས། །ཞེས་བྱ་བའང་བོད་སྐད་ལ་དགོས་པའི་ཡི་གེ་དེ་དག་ཏུ་འདུས་བྱ་བ་མ་ཡིན་གྱི། གཞན་དུ་ན་བོད་ཀྱི་ཡི་གེ་ལ་ཊ་ཋ་ལ་སོགས་པ་གཞན་ཡང་ཡོད་དོ། །འོ་ན་སྲོག་རྐྱེན་ཡན་ལག་གི་ཡི་གེ་བདུན། གང་དུ་བསྡུ་ཞེ་ན། དེ་དག་ཨའི་ཁོངས་སུ་བསྡུའོ། །ལྷག་མ་རྐང་པ་དྲུག་གིས་ཕ་མ་དང་ལུས་དང་ཡན་ལག་གི་ངེས་ཚིག་སྟོན་ཏེ་ཤེས་པར་སླའོ། །དེ་ཉིད་རྒྱས་པར་བཤད་པ་ནི། དེ་ལ་ཐོག་མ་ཨ་བཤད་པའི་འཐད་པ་བསྟན་ནས། འཐད་ལྡན་གྱི་ཨ་ཉིད་འཆད་པ་ནི། དེ་ལ་ཨའི་དབྱེ་བ་བརྒྱད་ལས། དང་པོ་ཚིག་ཉིད་སྲོག་གི་ཨ་དེའི་ངོ་བོ་ཡིན་ནོ། །དེ་ལའང་ཡི་གེ་མེད་པ་དང༌། ཡི་གེ་དུ་མ་ཡོད་པའི་འཐད་པ་ནི། རང་ཉིད་ཅེས་པ་དང༌། ཡི་གེ་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ཏོ། །ཚིག་དེ་ཉིད་རྒྱ་གར་གྱི་དོན་གྱིས་སྟོན་ལ་བོད་ཀྱི་ཡི་གེ་བར་དུ་གསལ་བར་བྱས་སོ། །འོ་ན་དང་པོར་འཇུག་པའི་དང་ཀྱོག་དང་ཐ་མར་འཇུག་པའི་ཤད་གཉིས་ཇི་ལྟ་བུ་ཞེ་ན། རང་དང་བརྗོད་དུ་མེད་ཅིང༌། བརྗོད་བྱེད་ལ་འཇུག་པའི་ལྡོག་པ་ནས་ཚིག་དང་འདྲ་མོད་ཀྱི། འོན་ཀྱང་དང་ཀྱོག་ནི་གླང་པོའི་སྣ་ལྟ་བུའི་ཨ་ཡིན་ལ། ཤད་ནི་རྣམ་པར་གཅོད་པའི་ཨ་ཞེས་བྱའོ། །ཡོངས་སུ་གྲགས་པའི་ཨ་ནི་རང་ཉིད་ཀྱིས་བརྗོད་བྱ་རྗོད་བྱེད་དུ་རུང་བས་གཞན་གྱི་གྲོགས་མི་དགོས་པའི་ཕྱིར་སེང་གེའི་ལྟ་བུའི་ཨ་སྟེ། ཇི་སྐད་དུ་ས་སྟེང་འདི་ན་སེང་གེ་དང༌། །འཁོར་ལོས་སྒྱུར་ལ་གྲོགས་མི་དགོས། །ཞེས་གསུངས་པ་ལྟ་བུའོ། །ཨི་ཨུ་ཨེ་ཨོ་ནི། ཀ་ལ་སོགས་པའི་ལུས་རྣམས་ལ་ཡན་ལག་ཏུ་འགྱུར་བའི་ཕྱིར། ཡན་ལག་གི་ཨ་ཞེས་ཐ་སྙད་དུ་བྱའོ། །ཡི་གེ་དེ་དག་གི་དཔེ་དང༌། ཨའི་གཙོ་བོ་ལྔར་འགྱུར་བའི་འཐད་པ་ནི། སེང་གེ་ཞེས་པ་དང༌། སྟོང་ཆེན་ཞེས་པས་སྟོན་ཏོ། །ད་ནི་ཕའི་ཡི་གེ་བཤད་པར་བྱའོ། །དེ་དག་རིགས་ཀྱིས་དབྱེ་བ་ན་ལྔ་སྟེ། རྐྱང་པ་དང་ནི་ཀ་ཁ་ལ་སོགས་པའོ། །བཏགས་པ་ནི་ཀྲ་ལ་སོགས་པའོ། །འཕུལ་བཏགས་ནི་བཀྲ་ལ་སོགས་པའོ། །དེ་ལྟར་ཕ་མའི་ཡི་གེ་ཀུན་ལ་གུག་སྐྱེད་བཞི་དང༌། མཐའ་རྟེན་དགུ་སྦྱར་བ་སྐྱེ་བས་བུའི་ཡི་གེ་ཞེས་བྱའོ། །དེ་དག་རྒྱས་པར་བཤད་པ་ན། དེ་ལ་ཕ་མ་སུམ་ཅུ་ཉིད་ཁོ་ན་རྐྱང་པའི་ཡི་གེ་ཞེས་བྱའོ། །བཏགས་པའི་ཡི་གེ་བསྟན་པ། རྒྱ་གར་སྐད་ལ་ཡི་གེ་ཀུན་ཕལ་ཆེ་བ་གདགས་ཤིང་བརྗོད་དུ་རུང་བ་ཡིན་ཏེ་སྐད་ཀྱང་དེ་དག་ཡོད་དོ། །བོད་ལ་ཡང་དེ་བཞིན་ཡོད་དམ་ཞེ་ན། དེ་དག་ཕལ་ཆེ་བར་གདགས་ཤིང་བརྗོད་དུ་རུང་བ་སྟེ། དཔེར་ན་ཀ་ལ་ང་དང༌། ཅ་ལ་ན་ལ་སོགས་པར་གདགས་པ་དང༌། ག་ལ་ག་དང༌། ཤ་ལ་ཤ་དང༌། མ་ལ་ང་དང༌། ད་དང་ན་ལ་སོགས་པར་ཡང་བརྗོད་དུ་ཡང་རུང་མོད་ཀྱང༌། དེ་དག་ཀྱང་ཕལ་ཆེར་བོད་ཀྱི་སྨྲ་བའི་སྒྲ་དང༌། གོ་བྱེད་སྐད་ལ་ཀ་ལ་ང་དང༌། ག་ལ་ག་བཏགས་པ་ལྟ་བུ། བོད་སྐད་ལ་མི་དགོས་ཤིང་མ་ལ་ང་བཏགས་པ་ལྟ་བུ་མང་ཞེས་བྱ་བ་ལ་སོགས་པ་ལྟ་བུ་དང་འདྲ་བས་མི་དགོས་པས་དེའི་ཕྱིར། གཞུང་འདིར་བོད་སྐད་ལ་མི་དགོས་པའི་ཚུལ་གཉིས་པོ་དེ་དོར་ལ་གང་དགོས་པའི་ཚུལ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་དག་རྒྱས་པར་བཤད་པ་ནི་ཀ་ལ་ཡ་ར་ལ་གསུམ་གདགས་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་ལྔ་དང་རྐང་པ་གསུམ་གྱིས་གཉིས་བརྩེགས་པའི་ཡི་གེ་སྟོན་ཏོ། །དེ་ནས་རྐང་པ་ལྔ་པ་དང་ཚིགས་བཅད་གཅིག་གིས་ཡི་གེ་གསུམ་བརྩེགས་པ་སྟོན་ཏོ། །དེ་ནས་ཚིགས་བཅད་གཉིས་ཀྱིས་བརྩེགས་པའི་གྲངས་དང༌། བརྩེགས་པ་མི་འཇུག་པའི་དམིགས་བསལ་སྟོན་ཏོ། །ད་ནི་འཕུལ་བ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནས་ཚིགས་བཅད་གཉིས་ཀྱིས་འཕུལ་བྱེད་ཀྱི་ཡི་གེ་སྤྱིར་སྟོན་ཏོ། །དེའང་འཕུལ་བའི་ཡི་གེ་དང༌། མི་འཕུལ་བ་དང༌། འཕུལ་བའང་ཡིན་ལ། མི་འཕུལ་བ་ཡང་ཡིན་པ་དང༌། ཕྱེད་འཕུལ་བ་ཚུལ་བཞིར་འགྱུར་རོ། །དེ་ལ་ཡི་གེ་གས་འཕུལ་བ་ཞེས་བྱ་བ་ནས་ཚིགས་བཅད་གསུམ་དང༌། རྐང་པ་གསུམ་གྱིས་འཕུལ་བའི་ཚུལ་བསྟན་ནས། མཐར་ཚིགས་བཅད་གཅིག་གིས་འཕུལ་བ་ལ་བརྟེན་དགོས་པ་དང་མི་དགོས་པའི་དབྱེ་བ་དང༌། འཕུལ་བྱེད་ཀྱི་ཡི་གེའི་གྲངས་ཀྱིས་དབྱེ་བ་སྟོན་ཏོ། །ད་ནི་བརྩེགས་པའི་འཕུལ་བ་བརྗོད་ཅེས་པ་ནས་བརྒྱ་རྩ་དྲུག་ཡིན་ཅེས་པའི་བར་ཚིགས་བཅད་ལྔས་བརྩེགས་འཕུལ་གྱི་ཡི་གེ་སྟོན་ཏོ། །དེ་ལྟར་རྐྱང་པ་དང༌། འཕུལ་བ་དང༌། བརྩེགས་པ་དང༌། བརྩེགས་འཕུལ་གྱི་ཡི་གེ་དེ་དག་ཐམས་ཅད་མདོར་བསྡུ་ན། ལུས་ཀྱི་ཡི་གེ་ཉིས་བརྒྱ་དང༌། བརྒྱད་ཀྱིས་ལྷག་པར་ཡང་དག་པ་ལྡན་པ་ཡིན་ནོ། །དེ་དག་ལ་ཡན་ལག་བཞི་དང༌། མཐའ་རྟེན་དང་པོ་དང༌། མཐའ་རྟེན་གཉིས་པ་འཇུག་པས་ཡི་གེ་དུ་མར་འགྱུར་བའི་ཚུལ་ནི་གཞུང་ཉིད་ན་གསལ་ལོ། །དེ་དག་ཀྱང་ཡན་ལག་ནི་ཨི་ཨུ་ཨེ་ཨོ་བཞི་ཡིན་ལ། མཐའ་རྟེན་དང་པོ་ནི་ཤེས་ལྟ་བུའི་སའོ། །མཐའ་རྟེན་གཉིས་པ་ནི་གྲོགས་ཞེས་པ་ལྟ་བུའི་ས་ཉིད་དོ། །འོ་ན་བསྒྲུབས་ཞེས་པ་ལྟ་བུ་ས་མཐའ་རྟེན་གསུམ་པར་འགྱུར་རམ་ཞེ་ན། མིང་དུ་གདགས་སུ་རུང་མོད་ཀྱང༌། མཐའ་རྟེན་གཉིས་པ་ལས་མ་འདས་ཏེ། འཕུལ་བྱེད་ཀྱི་ཡི་གེ་གོང་ན་ཡོད་པའི་ཕྱིར་རོ། །ལྷག་མ་གོ་བར་སླའོ། །ཡི་གེ་འདི་དག་གི་དབྱེ་བ་རྒྱས་པར་བདག་གི་ཆོས་ཀྱི་རྗེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཡི་གེའི་རྣམ་དབྱེ་ན་གསལ་བས་དེར་བལྟ་བར་བྱའོ། །འདིར་ཚིགས་སུ་བཅད་པ། ངོ་བོ་བསྒྲུབ་པ་རབ་ཏུ་དབྱེ་བའི་ཚུལ། །འཕུལ་བྱེད་མཐའ་རྟེན་གཉིས་པ་ཅན། །སྦྱར་དང་བརྩེགས་པའི་བྱ་བ་ཇི་སྙེད་པ། །དོན་བཞི་སྟོན་པ་འདི་འདྲ་གཞན་ན་མེད། །ཅེས་བྱ་བ་ཡང་སྐབས་སུ་བབ་པའི་ཚིགས་སུ་སྤེལ་བ་ཡིན་ནོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།།  །།ད་ནི་བོད་ལ་མཁོ་བའི་སྒྲའི་འབྱིན་ཐབས་སྟོན་ཏོ། །དེའང་ཚིགས་སུ་བཅད་པ་གཅིག་གིས་དགོས་པ་སྟོན་ལ། ལྷག་མས་དགོས་ལྡན་གྱི་དོན་སྟོན་པ་ཡིན་ནོ། །དང་པོ་ནི་གང་གིས་འབྱུང་གནས་མི་ཤེས་པ། དེའི་སྟོབས་ཀྱིས་ལོག་པར་སྨྲ་བ་དུ་མ་མཐོང་སྟེ། དཔེར་ན་ཟླ་བ་ལ་ལྡ་བ། བསྒྲུབ་པ་ལ་སྒྱུབ་པ། བཀྲ་ཤིས་ལ་ཏྲ་ཤིས་ལ་སོགས་པར་སྨྲ་བ་བཞིན་ནོ། །དེའི་ཕྱིར་དེ་དག་གིས་ཡང་དག་པར་བརྗོད་པར་ཤེས་པར་བྱ་བའི་ཕྱིར་བཤད་པར་བྱའོ་ཞེས་སྦྲེལ་ལོ། །དོན་དངོས་ནི། ཁོག་པ་མགྲིན་པ་རྐན་དང་ལྕེ། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་གིས་སྤྱིར་བསྟན་ནས། ལྷག་མ་བྱེ་བྲག་ཏུ་བཤད་པ་སྟེ། དེའང་ཁོག་པ་མགྲིན་པ་མ་གཏོགས་པ་སྣ་དང་སོ་ལ་སོགས་པ་ལས་ཀྱང་འབྱུང་སྙམ་པའི་དོགས་པ་བསལ་བའི་ཕྱིར་རོ། །ཁོག་པ་མགྲིན་པ་ཐུན་མོང་ལ། །ལྷག་མ་སོ་སོར་ངེས་པ་སྟེ། །ཞེས་འབྱུང་བས་གཙོ་བོར་ཁོག་པ་མགྲིན་པ་ཞེས་ཐ་དད་དུ་སྨོས་ཀྱི། ངོ་བོ་ཀུན་ལ་འཇུག་པ་ལྷག་མ་སྣ་དང་མཆུ་ལ་སོགས་པ་སོ་སོར་ངེས་པ་ཡིན་ནོ། །བོད་སྐད་གནས་རྣམས་ཐམས་ཅད་ནས། འབྱུང་བའི་སྒྲ་ཡང་ཡོད་པ་ཡིན་ཏེ། དཔེར་ན་བཀྲུན་ཏམ་འཁྲུངས་པ་ལ་སོགས་པ་ལྟ་བུའོ། །གཞན་གནས་སོ་སོ་ནས་ང་རོ་ཐ་དད་པར་འབྱུང་བའི་ཚུལ་ནི། འ་ཧ་ཨ་ཡི་ཡི་གེ་གསུམ། ཞེས་བྱ་བ་ནས། རང་རང་གནས་ནས་ཕྱུང་སྟེ་བརྗོད། །ཅེས་བྱ་བའི་ཚིགས་བཅད་དྲུག་གིས་སྟོན་ཏོ། །གཞན་གྱི་ལོག་རྟོག་དགག་པ་ནི། སྔོན་གྱི་རྒན་པོ་དག་གིས་སྦྱར་བའི་ཡི་གེའི་མདོ་ཞེས་བྱ་བ་ལས། ཁོ་བོས་བཤད་པའི་བསྟན་བཅོས་འདི་དང་འབྱུང་གནས་མི་འདྲ་བ་ཡོད། མི་འདྲ་བ་གཉིས་པོ་གང་བདེན་ན། །དེ་ནོར་འདི་བདེན་གང་ཡིན་པ། །རང་གི་ཁ་ལྕེ་ཡིད་ལ་དྲིས། །ཚུལ་དེས་རྟོགས་པར་འགྱུར་རོ། །ལོག་རྟོག་གཞན་ཡང་དེ་བཞིན་བྱ་བ་ནས། རང་གིས་དཔྱོད་ཅེས་བྱ་བའི་བར་གྱིས་འགོག་གོ །དཔྱོད་པའི་ཚུལ་ཇི་ལྟར་བྱེད་ཅེ་ན། རྐན་ལས་འབྱུང་བ་རྣམས་ནི་རྐན་ཉམས་པས་མི་ཕྱིན་ནོ། །ལྕེ་ལས་འབྱུང་བ་རྣམས་ནི་ལྕེ་ཉམས་པ་དང༌། སྣ་ལས་འབྱུང་བ་རྣམས་ནི་སྣ་ཉམས་པ་དང༌། སོ་ལས་འབྱུང་བ་རྣམས་ནི་སོ་ཉམས་པ་དང༌། མཆུ་ལས་འབྱུང་བ་རྣམས་ནི་མཆུ་ཉམས་པས་ལེགས་པར་ཕྱིན་པ་མ་ཡིན་ནོ། །གཞན་སོ་མེད་ཀྱང་མཆུ་ལས་འབྱུང་བ་ལ་མི་སྒྲིབ་ཅིང༌། མཆུ་མེད་ཀྱང་སོ་ལས་འབྱུང་བ་ལ་མི་སྒྲིབ་ལ། དེ་བཞིན་དུ་རང་རང་གི་གནས་མ་ཉམས་ན་གཞན་ཉམས་ཀྱང་རང་རང་གི་སྒྲ་འབྱིན་པ་ལ་མི་སྒྲིབ་པ་ཡིན་ནོ། །ཚུལ་དེ་རྨོངས་པ་རྣམས་ལ་མཆུ་དང་སྣ་བཟུང་བ་དང༌། དགག་པ་ལ་སོགས་བྱས་ཤིང་བསྟན་པར་བྱའོ། །དེ་ལྟར་འབྱུང་གནས་ཤེས་པར་བྱས་ལ། དེ་ནས་སྒྲའི་འབྱིན་ཐབས་བརྗོད་པར་བྱའོ། །ཇི་ལྟར་ཞེ་ན། དེའང་གོ་རིམ་བཞིན་བྱ་བ་ནས་བར་དུ་ལ་ཞེས་བྱ་བ་གཞུག་ཅེས་པའི་བར་ཚིགས་སུ་བཅད་པ་བཅུ་གཉིས་དང༌། རྐང་པ་གཉིས་ཀྱི་དོན་བསྡུ་ན་འདི་དག་སྟེ། ཐོག་མར་སློབ་པ་ན། ཀ་ལ་སོགས་པ་རྐྱང་པ་རྣམས། འབྱུང་གནས་བློ་ལ་ཞེན་པར་བྱས་ཤིང་བསླབ་བོ། །དེ་ནས་གུག་སྐྱེད་སློབ་པ་ནི། ཀའི་གུ་གུ་ཀི ཀའི་ཞབས་ཀྱུ་ཀུ། ཀའི་འགྲེང་བུ་ཀེ ཀའི་ན་རོ་ཀོ ཞེས་བྱ་བ་ལ་སོགས་པ་སྦྱར་ཞིང་བསླབ་བོ། །བརྩེགས་པ་སློབ་པ་ན། ས་ལ་ཀ་སྟ་སྐ། ར་ལ་ཙ་སྟ་རྩ། ལ་ལ་ཏ་སྟ་ལྟ། ཞེས་བྱ་བ་ལ་སོགས་པ་སྦྱར་ཞིང་བསླབ་བོ། །དེའི་དུས་སུ་ལྕེ་མི་བདེ་བ་དག་གིས་བཀླག་དཀའ་བ་དག་མ་ཤེས་ན་ཕྲལ་ཞིང་བཀླག་སྟེ། དཔེར་ན་ཀྲ་ལ་ཀ་ར་འམ། སྒྲ་ལ་སྒ་ར་ལ་སོགས་པར་ཕྲལ་ཞིང་བསླབ་བོ། །དེ་ནས་ཕུལ་བ་བསླབ་པར་བྱ་སྟེ། ག་འོག་ད་ལ་འ་གདའ་ལྟ་བུའམ། གྱུ་ལ་ར་བཞག་ད་བཞག་གྱུརད་ལྟ་བུའམ། །གྱུ་ལ་ར་ད་གྱུརད་ཅེས་པ་རང་གི་ལྕེ་ལ་གང་བདེར་སྦྱར་རོ། །དེ་ལྟར་སྦྱོར་ཀློག་སློབ་པའི་དུས་སུ་ཀློག་མཁས་པས་སྒྲའི་ཟུར་ཕྱིན་པར་བསླབ་བོ། །ད་ནི་སྦྱོར་ཀློག་བསླབ་པ་ན་ནོར་གྱིས་དོགས་པའི་གནས་བསྟན་པར་བྱའོ། །ནོར་གྱིས་དོགས་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལ་རང་གི་ཡུལ་གྱི་སྐད་མ་དག་པས་ནོར་པ་མཐོང་བའི་ཕྱིར་རོ། །ཇི་ལྟ་བུ་མཐོང་ཞེ་ན། དཔེ་ཕྱོགས་ཙམ་མཚོན་པ། དབུས་པས་རའི་མགོ་ཅན་དང༌། རྐྱང་པར་འདྲེ་ཞིང་ཡ་སྟ་དང༌། ར་སྟ་ཡང་ནི་ནོར་བ་མཐོང་བ་སྟེ། དཔེར་ན་རྟ་ལ་སྟའམ། སྟག་ལ་ཏག་ལྟ་བུའམ། འགྲོ་བ་ལ་འགྱོ་བའམ། ཕྲ་བ་ལ་ཕྱ་བ་ལ་སོགས་པ་ལྟ་བུར་ནོར་རོ། །གཙང་པས་མས་འཕུལ་འས་འཕུལ་དུ་ནོར་ཞིང་རའི་མགོ་ཅན་དང༌། དས་ཕུལ་གས་ཕུལ་དུ་ནོར་བ་ཡོད་དེ། དཔེར་ན་མགོ་བོ་ལ་འགོ་བོའམ། མཁའ་ལ་འཁའ་ལྟ་བུའམ། གཏོང་བ་ལ་རྟོང་པ་དང༌། དགའ་བ་ལ་རྒ་བ་ལ་སོགས་པར་ནོར་རོ། །དེ་ལ་སོགས་པ་ནོར་བའི་རྒྱུ་ཅི་ལས་འབྱུང་ཞེ་ན། བཤད་པ་རྐན་ཕུག་དང་ནི་ལྕེ་རྩེ་ཡི། །ཡི་གེ་སྦྱར་བ་བཀླག་པར་དཀའ། །དེ་བས་ཡུལ་རྣམས་ཕལ་ཆེར་དུ། །དེ་ནི་ནོར་པ་དག་ཏུ་བརྗོད། །དཔེར་ན་ཐ་ལ་ལྟ་བུའམ། ཀླ་ལ་མ་ལྟ་བུའམ། བསྒྱར་ལྟ་བུ་བརྗོད་པར་དཀའོ། །དེས་ན་འདི་དག་དང་ཆ་འདྲ་བ་དག་ནོར་བར་འགྱུར་རོ། །དེ་དག་ཀྱང་མདོར་ན། སྒྲའི་འབྱུང་གནས་ལས་འགལ་འདུ་ཡི་གེ་བཀླག་པར་དཀའ་སྟེ། གནས་འགལ་བ་སྒྲ་གཅིག་ལ་བཀླག་པར་དཀའ་སྟེ། སེམས་དཔའ་ལྟ་བུའམ། ཏ་ད་ལྟ་བུའམ། གཞན་ཡང་གནས་གཅིག་ནི་ནི་འབྱུང་མོད་ཀྱང༌། དྲག་ཞན་འགལ་བ་ནོར་བར་འགྱུར་ཏེ། གནས་མི་འགལ་ཡང་སྒྲ་འགལ་བས་བཀླག་དཀའ་སྟེ། ངེད་དང་ཉེད་དམ། ངེས་དང་ཉེས་སམ། དགེ་བ་དང་དགྱེ་བ་ལྟ་བུའོ། །གཞན་ཡང་དབུས་གཙང་གཉིས་ཀའི་ཡུལ་མཐིལ་གྱི་ཐ་མལ་པའི་སྐད་རྣམས་ལ། མཐའ་རྟེན་རྫོགས་པར་རབ་ཏུ་ཉུང་སྟེ། དཔེར་ན་གང་ན་འཁོད་ལ་ག་ལ་འཁོད་དམ། བསྒྲུབ་པ་ལ་སྒྱུབ་པའམ། དབང་ཕྱུག་ལ་དབའ་ཕྱུག་ལྟ་བུ་སྟེ། བོད་ཀྱི་མཐའ་འཁོབ་རྣམས་ན་དེ་ལྟ་བུ་མེད་ཀྱང་ཡུལ་གྱི་དབུས་མཐིལ་རྣམས་ན་ཡོད་པས། ཡུལ་གྱི་མཐིལ་གྱི་བྱིས་པ་རྣམས་ཀྱིས་སློབ་པ་ན། དེ་བས་ན་སྡུད་ཚེ་མཐའ་རྟེན་ལ་གཟབ་ལ་ནན་ཏན་བསྐྱེད་པར་བྱའོ། །ཞེས་དགོངས་སོ། །ད་ནི་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་ནས། ནན་ཏན་བསྐྱེད་ན་ཕྱི་ནས་སླ། །ཞེས་བྱ་བའི་བར་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས། བོད་སྐད་ལ་མི་དགོས་ཀྱང་ནོར་བའི་འཕྲད་བསྟན་པས། སློབ་མ་རྣམས་ཀྱི་མི་འཁྲུལ་བར་བྱ་བའི་ཕྱིར་གནད་བསྟན་ཏོ། །ཚིག་གི་དོན་གོ་སླའོ། །ད་ནི་ཀློག་དེ་དག་སློབ་པའི་གོ་རིམ་བསྟན་པའི་ཕྱིར་བཤད་པ། སྦྱོར་ཀློག་ལྷག་ཆད་མེད་གྱུར་ན། །ཚིག་གི་བར་དུ་རྐྱང་སྡུད་བྱ། །ཞེས་སྨོས་ཏེ། དེའང་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱི་ཐད་དུ་བྱིས་པ་བློ་གསལ་བ་གཅིག་ཕྱིན་ཏེ། མེ་ཏོག་ཕུལ་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །མཁན་པོ་གསོན་ཅིག ཡོན་ཏན་ཀུན་གྱི་གཞིར་གྱུར་ཅིང༌། །གསལ་ཞིང་རྫོགས་པར་རབ་ཕྱེ་ལ། །ཚུལ་བཞིན་བརྗོད་ན་དོན་འགྱུར་བའི། །ཀློག་གི་ཆོ་ག་བདག་ཞུའོ། །ཞེས་བརྗོད་དོ། །དེས་ཀྱང་འདི་སྐད་དུ། བུ་གང་ཞིག་ཤེས་ན་དོན་འགྱུར་ཅིང༌། །མཁས་པར་གྱུར་ན་ངོ་མཚར་ཆེ། །ང་ཡིས་ཇི་ལྟར་བསྟན་པ་བཞིན། །བསྒྲུབ་པར་འདོད་ན་རྗེས་སུ་གཟུང༌། །ཞེས་གསལ་ཞིང་ཟུར་ཕྱིན་པའི་ཚིག་སྨྲའོ། །དེས་ཀྱང་དེ་བཞིན་བགྱིའོ། །ཞེས་བརྗོད་དོ། །མཁན་པོས་ཀྱང་དེ་ལྟ་ན་ལེགས་སོ་ཞེས་སྨྲས་ལ་རྗེས་སུ་གཟུང་ངོ༌། །དེ་ནས་ཐོག་མར་སྔར་བསྟན་པ་ལྟར་ཀ་ཁ་རྣམས་ལ་བསླབ་བོ། །དེ་ནས་གུག་སྐྱེད་རྣམས་སོ། །དེ་ནས་སྦྱོར་ཀློག་ལའོ། །དེ་ནས་རྐྱང་སྡུད་དོ། །དེ་དག་གི་དུས་སུ་དལ་བས་ཡིད་ལ་བཞག་ལ་སྒྲའི་ཟུར་ཕྱིན་པར་བསླབ་བོ། །དེ་ནས་མིང་བསྡུས་ལ་ཕྲད་རྐྱང་པར་བཀླག དེ་ནས་ཕྲད་སྔ་མའི་ཁོངས་སུ་བསྡུས་ལ་བཀླག་གོ །དེའི་དུས་སུ་སྒྲ་ཟུར་ཕྱིན་པ་ལ་འབད་པར་བྱའོ། །དེ་དག་སྐྱོན་མེད་པར་ཤེས་ནས། སྐད་དང་རྗེས་སུ་མཐུན་པ་ཡི། །ཀློག་གི་སྐད་ལ་བསྐྱོན་ཏེ་བཀླག །ཅེས་གསུངས་ཏེ། འདི་ཡང་སློབ་པ་ནི་གཉིས་ཏེ། རང་བཞིན་དུ་གནས་པའི་སྐད་དང༌། དབྱངས་དང་བཅས་པའི་སྐད་དོ། །དེ་དག་ལ་ཡང་འདྲེན་པའི་ཚུལ་བཅུ་སྟེ། མདའ་ལྟར་དྲང་བ་དང༌། གཞུ་དང༌། ལྕགས་ཀྱུ་དང༌། གཤོལ་མདའ་དང༌། གདུགས་དང༌། སེ་རུ་དང༌། རྡོ་རྗེ་དང༌། ནས་དང༌། རྦ་རླབས་དང༌། འཁོར་ལོ་དང་འདྲ་བར་དྲང་བའོ། །དེ་དག་ཀྱང་ཐོག་མཐའ་བར་གསུམ་དུ་དྲང་པོར་འདྲེན་པ་ནི་མདའ་དང་འདྲའོ། །དང་པོ་བསྒྱུར་ནས་བར་དུ་དྲངས་ཏེ་མཐར་ཡང་བསྒྱུར་བ་ནི་གཞུ་འདྲ་བའོ། །དང་པོ་ཅུང་ཟད་བསྒྱུར་ནས་མཉམ་པོར་འདྲེན་པ་ནི་ལྕགས་སྐྱུ་འདྲ་བའོ། །དང་པོར་མཉམ་པར་དྲངས་ནས་མཐར་ཅུང་ཟད་བཀུག་པ་ནི་གཤོལ་མདའ་འདྲ་བའོ། །དང་པོ་གཟེངས་བསྟོད་ནས་མཐར་སྨོད་པ་ནི་གདུགས་འདྲའོ། །དང་པོ་ཅུང་ཟད་སྨད་ནས་མཐར་གཟེངས་བསྟོད་པ་ནི་བསེ་རུ་འདྲ་བའོ། །ཐོག་མཐར་ཅུང་ཟད་གཟེངས་བསྟོད་ནས་དབུས་སུ་ཅུང་ཟད་སྨོད་པ་ནི་རྡོ་རྗེ་འདྲ་བའོ། །ཐག་མཐའ་སྨད་ནས་དབུས་གཟེངས་བསྟོད་པ་ནི་ནས་འདྲ་བའོ། །ཕྲ་རགས་སྤེལ་བ་དང་མགྱོགས་བུལ་སྤེལ་བ་ནི་རྦ་རླབས་འདྲ་བའོ། །རྒྱུན་མི་འཆད་པར་མཉམ་པར་བརྗོད་པ་ནི་འཁོར་ལོ་ལྟར་འདྲེན་པའོ། །དེ་དག་ལ་ཡང་ཁྱད་པར་དུ་དབྱངས་དང་བཅས་པའི་སྐད་ལ་འདྲེན་པས་གཙོ་བྱེད་ལ་རང་བཞིན་དུ་གནས་པའི་སྐད་ལ་ཁ་ལྕེ་གཅོར་བྱེད་པ་ཡིན་ནོ། །དབྱངས་ཀྱི་འདྲེན་པ་འདི་མཁས་པར་ཤེས་པར་འདོད་ན། ཁོ་བོས་བྱས་པའི་རོལ་མོའི་བསྟན་བཅོས་སུ་བལྟ་བར་བྱའོ། །དེ་ལྟར་འདྲེན་པའི་ཚེ་ན་ཡང༌། །ཚིག་བཅད་རྣམས་ལ་བཅད་ཅིང་བསླབ། །ལྷུག་པ་རྣམས་ལ་བསྲིང་བར་བྱ་སྟེ། །སོ་སོའི་ཆ་ཕྱེད་པར་བྱ་བའི་ཕྱིར་རོ། །དེ་ཚེ་ཤིན་ཏུ་མགྱོགས་གྱུར་པས། །ཤིན་ཏུ་འཐེན་པ་གལ་ཡང་ཆེ་སྟེ་དེ་ལྟར་མ་བྱས་ན་སྒོ་གསུམ་རྟབས་རྟབས་པོར་འགྱུར་ཞིང་མི་མཛེས་པའི་ཕྱིར་རོ། །ཀློག་སྐད་སློབ་པའི་ཐོག་མའི་ཚེ། །ཀློག་པ་སླ་ལ་སྦྱང་བར་བྱ་སྟེ། བཀླག་དཀའ་བ་ལ་སྦྱར་ན་ཀློག་སྐད་ཤེས་དཀའ་བའི་ཕྱིར་རོ། །དེས་ན་དལ་བར་བྱ་བ་དང༌། དབུགས་ཐག་བསྲིངས་ལ་བསླབ་པར་བྱ་སྟེ། དལ་བས་ཆ་ཕྱེད་ཅིང་ཁམས་ལ་མི་གཟན་ལ། བསྲིངས་པས་ཐོན་ཆེ་ཞིང་ཡིད་དུ་འོང་བ་ཡིན་ནོ། །དེ་ལྟར་བསླབ་པ་དང་མཐར། །ཟུར་ཕྱིན་མ་ནོར་ལྷག་ཆད་མེད། །སྒྲ་སྐད་མཉམ་ལ་ཐོགས་པ་མེད། །དལ་ཞིང་མགྲིན་པ་རབ་ཏུ་སྙན། །ཀློག་མཐར་ཕྱིན་པའི་ཚད་ཡིན་ནོ། །བྱ་སྟེ་དེ་དག་ཀྱང་ཚིག་གི་ཟུར་ཕྱིན་ལ་དོན་མ་ནོར་ཞིང་ཆད་ལྷག་མེད་པ་དང༌། རྗོད་བྱེད་སྐད་མཉམ་ཞིང་བརྗོད་བྱའི་ཡི་གེ་ལ་ཐོགས་པ་མེད་པ་དང༌། ལུས་དང་ཡིད་དལ་ཞིང་ཚིག་དང་དབྱངས་སྙན་པ་དང་ལྡན་ན་མཐར་ཕྱིན་པའོ། །དེ་དག་ཀྱང་ཚིག་གི་ཟུར་ཕྱིན་པ་དང༌། ཏེ་ཀེར་དུ་ཀློག་པ་མི་ནོར་བར་བྱ་བའོ། །དོན་མ་ནོར་བ་དང་ཡི་གེ་གཞན་དུ་ཀློག་པ་མི་འགལ་བར་བྱའོ། །སྐད་མཉམ་པ་དང༌། འདྲེན་པ་དང༌། ཐ་དད་པ་མི་འགལ་བར་བྱའོ། །ཐོགས་པ་མེད་པ་དང༌། དལ་བར་ཀློག་པ་མི་འགལ་བར་བྱའོ། །དབྱངས་སྙན་པ་དང༌། ཆོས་ཀྱི་དོན་གཙོར་བྱེད་པ་མི་འགལ་བར་བྱའོ། །གཞན་ཡང་ཀློག་མཐར་ཕྱིན་པའི་སྐྱེས་བུ་དེས། ཡི་གེ་གཅིག་ལ་དུ་མ་དང༌། དུ་མ་ལ་གཅིག་ཏུ་ཀློག་པ་དང༌། ཡི་གེ་དང༌། ཚིག་ཀློག་པ་དང༌། རྐང་པ་དང༌། རྒྱུན་བཟློག་པ་དང༌། ཐོད་རྒལ་དང༌། ལོག་པའི་ཐོད་རྒལ་དང༌། ཚིགས་བཅད་ལ་ལྷུག་པ་དང༌། ལྷུག་པ་ལ་ཚིགས་བཅད་དང༌། ཕྲད་མེད་ལ་གཞུག་པ་དང༌། ཡོད་པ་ལ་དབྲི་བ་དང༌། བཟློག་འདོན་དང༌། ཟུར་འདོན་དང༌། ཕྱེད་འདོན་དང༌། ཕྱེད་འདོན་སྦྱར་བ་དང༌། སྦྱར་འདོན་དང༌། བརྩེགས་པ་སྦྱར་འདོན་དང༌། བཏུས་འདོན་དང༌། བཏུས་པ་སྦྱར་འདོན་དང༌། ལུས་བསྒོར་བ་དང༌། ཡན་ལག་བསྒོར་བ་སྟེ། དེ་དག་རྣམས་ཀྱི་ཆ་ཤིན་ཏུ་མཁས་པར་བྱས་ལ་ཕྱིར་རྒོལ་བ་གླང་པོའི་སྙེམས་པ་རིག་པའི་སེང་གེའི་ང་རོས་གཞོམ་པར་བྱའོ། །གཞན་ཡང་མཁས་པ་དེས་རྒྱལ་མཚན་ལྟར་མཐོ་བ་དང༌། པདྨ་ལྟར་རྒྱས་པ་དང༌། ཕྲེང་བ་ལྟར་མཛེས་པ་དང༌། ས་གཞི་ལྟར་ཕེབས་པ་དང༌། རི་རབ་ལྟར་མཉམ་པ་དང༌། རྒྱ་མཚོ་ལྟར་ཕུན་སུམ་ཚོགས་པའི་དཔེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྗོད་པའི་ལུས་མཛེས་པར་བྱས་ལ། ཕས་རྒོལ་གྱི་སྐྱེ་བོ་སྦྲུལ་འཚོང་བ་རྣམས་ཀྱི་ཡིད་དབྲོག་པར་བྱའོ། །སྐབས་སུ་བབ་པ་རྣམ་པར་བཤད་པ་སྤྲོས་ཟིན་ཏོ།།  །།ད་ནི་དེ་དག་ཀྱང་ངག་གིས་ལེགས་པར་བསླབ་དགོས་པ་དང༌། བསླབ་ཉེས་ལ་ཇི་ལྟར་བསླབ་པའི་ཚུལ་ནི། ངག་གིས་ཞེས་དང༌། མ་དག་པས་ཞེས་པ་བསྟན་ཏེ། འདིར་ཚིགས་སུ་བཅད་པ། རྟེན་དང་བརྟེན་པ་བསླབ་བྱ་དང༌། །ཐབས་དང་ཐབས་བྱུང་བསླབ་པ་ལ། །ཚུལ་འདི་ཐོགས་པ་མེད་འགྱུར་བ། །བྱིས་པའི་དོན་དུ་བཤད་པ་ཡིན། །ཞེས་བྱ་བར་རྟོགས་པར་བྱའོ། །ལེའུ་གཉིས་པ་འི་རྣམ་པར་བཤད་པའོ།།  །།ད་ནི་རྒྱ་གར་ལ་མཁོ་བའི་སྒྲའི་འབྱིན་ཐབས་སྟོན་ཏོ། །འདི་ལ་ཡང་དགོས་ལྡན་གྱི་འཐད་པ་སྤྱིར་བསྟན་པ་དང༌། འཐད་ལྡན་གྱི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཞེས་བྱ་བ་ནས་ཚིགས་བཅད་ལྔས་སྟོན་ཏེ། དེའང་ཚིགས་བཅད་དང་པོས་བཤད་པར་དམ་བཅས་ནས་ལྷག་མ་རྣམས་ཀྱིས་འདི་སྐད་སྟོན་ཏེ། རིག་སྔགས་ལོག་པར་བཟླས་ན་དད་པ་མེད་པ་རྣམས་ལ་དངོས་གྲུབ་ཡེ་མི་འབྱུང་སྟེ། སྨྱོན་ཚིག་ལྟར་འབྲེལ་མེད་འདོན་པའི་ཕྱིར་རོ་ཞེས་བྱའོ། །གལ་ཏེ་འདི་སྐད་དུ་བོད་ཀྱི་ཡུལ་འདི་ན་ལེགས་པར་མི་ཤེས་པར་འདོན་ཀྱང་དངོས་གྲུབ་འབྱུང་བར་མཐོང་ངོ་ཞེ་ན། དེ་ནི་དད་པའི་སྟོབས་ཀྱིས་འབྱུར་བ་ཡིན་མོད། དེ་དག་གི་དངོས་གྲུབ་རིང་པོའམ་འགའ་ཞིག་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་སྐད་དུའང༌། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་བཟླས་པ་བཞིན། །ཞེས་འབྱུང་བ་བཞིན་ནོ། །དེས་ན་ལེགས་པར་བསླབ་བོ་ཞེས་དགོངས་སོ། །ཇི་ལྟར་བསླབ་ཅེ་ན། ཨཱ་ལི་ཀཱ་ལི་གུག་སྐྱེད་བཅས། །དེ་རྣམས་སློབ་དཔོན་ངག་བཞིན་དུ། །ཁ་མིག་འདྲིས་པར་ཡུན་རིང་བསླབ། །དེ་ལ་ཁ་མིག་འདྲིས་པར་བསླབ་པ་ནི། རིང་ཐུང་དང་མཐུག་རྐྱང་ལ་སོགས་པའོ། །མིག་འདྲིས་པར་སློབ་པ་ནི། སྟོད་སྨད་ལ་སོགས་པ་དང༌། རིང་ཐུང་གི་ཚད་སོར་མོ་དག་ལ་དཔགས་པ་དག་ལ་བསླབ་པར་བྱའོ། །ཚུལ་དེ་ལྟར་མ་བསླབས་ན་སྐྱོན་ཇི་ལྟར་འགྱུར་ཞེ་ན། བཀླག་ཐབས་རིམ་བཞིན་མི་སློབ་པར། །ཞེས་བྱ་བ་ལ་སོགས་པར་སྟོན་ཏེ། ད་ནི་གཉིས་པ་འཐད་ལྡན་གྱི་ངོ་བོ་རྒྱས་པར་བཤད་པ་ནི། ད་ནི་རྒྱས་པར་བཤད་པར་བྱ། །ཞེས་བྱ་བ་ནས། བཞི་བརྒྱ་ལྔ་བཅུ་རྩ་བརྒྱད་ཡོད། །ཅེས་པའི་བར་ཚིགས་སུ་བཅད་པ་བརྒྱད་དང་རྐྱང་པ་གཉིས་ཀྱིས་ཡི་གེའི་ངོ་བོ་སྟོན་ཏོ། །ཚིག་གི་དོན་ཤེས་པར་སླའོ། །གཞན་ཡང་ཡི་གེ་དེར་མ་འདུས་པ་སྒྲའི་བསྟན་བཅོས་ལས་བྱུང་བ། ཅང་ཏེའུ་འདྲ་བ་དང༌། གླང་པོ་ཆེའི་སྤྱི་གཙུག་འདྲ་བ་གཉིས་ནི། ཨག་ཀ་ཞེས་བྱ་བ་དང༌། ཨབ་པ་ཞེས་བྱ་བར་འདོན་པ་ཡིན་ནོ། །འདི་ནི་སྒྲའི་བསྟན་བཅོས་ཀྱི་ཚེག་དྲག་གི་མཚམས་སྦྱོར་གྱི་སྐབས་ལས་འབྱུང་སྟེ། དེ་ཡང་ཀ་དང་ཁ་ལ་ཚེག་དྲག་ཐོག་མར་བྱུང་ན་ཌ་མ་རུ་འདྲ་བར་འགྱུར་ལ། པ་དང་ཕའི་ཐོག་མར་ཚེག་དྲག་བྱུང་ན། གླང་པོ་ཆེའི་སྤྱི་གཙུག་ལྟ་བུར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་ཡི་གེའི་བྱེ་བྲག་གིས་ཚེག་དྲག་ཐ་དད་པར་འགྱུར་བ་ཡོད་དོ། །འདིར་རྒྱས་པར་བརྗོད་ན། རྨོངས་པ་རྣམས་མགོ་འཁོར་ནས་འགྲོ་བས་མ་བྲིས་སོ། །དེ་ལྟར་བཤད་པའི་ཡི་གེ་དེ་རྣམས་ལྕེ་ཟུར་ལ་ལེགས་པར་ཕྱིན་ན་རྒྱ་སྐད་ལས་གྲགས་པའི་ཡི་གེ་ཐམས་ཅད་ཤེས་པར་འགྱུར་རོ།།  །།ད་ནི་རྒྱ་གར་སྐད་ལ་བོད་ཀྱིས་བསླབ་པར་སླ་བའི་དོན་དུ་བོད་ཀྱི་ཡི་གེས་བསྟན་པར་བྱའོ། །དེའང་ཙ་ན་ཀའི་བསྟན་བཅོས་ལས། རིགས་ནི་སྤྱོད་པས་སྟོན་པར་བྱེད། །ཁ་ཟས་ལུས་ཀྱིས་སྟོན་པར་བྱེད། །བརྩེ་བས་ཏབ་ཏབ་བྱེད་པས་སྟོན། །ཡུལ་ནི་སྐད་ཀྱིས་སྟོན་པར་བྱེད། །དེ་སྐད་ཟེར་བའི་ཚིག་བདེན་པས། །སྐད་གདངས་ཡུལ་གྱི་སྐད་འབྱུང་བ་ཡིན་ནོ། །དེ་ལྟ་ནའང་ད་ལྟ་བོད་ཀྱི་ཡུལ་འདི་ན་སྔགས་འདོན་པའི་སྐྱེ་བོ་ཕལ་ཆེར་ཡི་གེ་རིང་ཐུང་དང་མཐུག་རྐྱང་དྲག་ཞན་གྱི་ཆ་མི་ཤེས་པར། སྐད་གདངས་རྒྱ་གར་གྱི་ལྟར་འཆོས་ཤིང་བྱ་རོག་ལྟར་ངོ་ཚ་མི་ཤེས་པར་མཁས་པ་དག་གི་དྲུང་དུ། ཁྲུང་ཁྲུང་ལྟར་མགོ་བོ་བསྟོད་ནས་སྤྲེའུའི་གདོང་ལྟར་བཞིན་བསྒྱུར་ཞིང་ཀུ་ཆོས་འདེབས་པའི་རྨོངས་པ་དག་མངོན་སུམ་དུ་མཐོང་ངོ་ཞེས་དགོངས་སོ། །དེས་ཅིར་འགྱུར་ཞེ་ན། སྨྲས་པ་རྣར་མི་སྙན་ཅིང་བརྗོད་ནོར་འགྱུར་ཞེས་བྱ་བ་སྟེ། མདོར་ན་ངོ་ཚ་མི་ཤེས་པར་ཟད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་སྐད་ཐ་དད་པར་རང་གི་བརྗོད་ཚུལ་ཇི་ལྟར་འབྱུང་ཞེ་ན། དེ་སྟོན་པ་ན། རྒྱ་སྐད་ཕལ་ཆེར་ལྕེ་རྩེ་ལས། །ཞེས་བྱ་བ་ནས། རིང་ཐུང་ཁྱད་བརྗོད་བསླབ་ལ་འབད། །ཅེས་པའི་བར་གྱིས་སྟོན་ཏེ། ཚིག་གི་དོན་ཤེས་པར་ཟད་དོ། །དེ་ཡང་འ་མེད་ཐུང་བ་སྟེ། །ཞེས་པ་ནས། རྨོངས་རྣམས་དོན་མེད་མ་གྱུར་ཏམ། །ཞེས་པའི་བར་ཚིགས་སུ་བཅད་པ་བཅུ་ཐམ་པས་ཡི་གེ་རིང་ཐུང་དང༌། མཐུག་རྐྱང་དང༌། དེ་དག་བཀླག་ཐབས་དང༌། བརྩེགས་པ་དང༌། བརྩེགས་པའི་བཀླག་ཐབས་དང༌། ལོབས་ནས་ལྕེ་བདེ་བར་བྱེད་པའི་ཡི་གེ་དག་སྟོན་ཏེ་ཚིག་གི་དོན་ཤེས་པར་སླ་བས་མ་བྲིས་སོ། །ད་རྒྱ་གར་གྱི་ཀློག་དེ་དག་གི་བསླབ་པའི་གོ་རིམ་བསྟན་པའི་ཕྱིར་བསྟན་པ་དེ་བས་ལེགས་པར་འདོད་ན། མཚན་ཉིད་ལྡན་པའི་སློབ་དཔོན་གྱི་དྲུང་དུ་ཕྱིན་ལ་སྔར་བཤད་པའི་ཚུལ་གྱིས་གསོལ་བ་གདབ་སྟེ། ཐོག་མར་སློབ་དཔོན་གྱིས་ཀྱང༌། ཐོག་མར་ཨཱ་ལི་ཀཱ་ལི་ལ། །སློབ་དཔོན་གྱི་ནི་ངག་བཞིན་དུ། །རིང་ཐུང་ལ་སོགས་ལེགས་པར་བསླབ། །སོགས་ཀྱི་སྒྲས་ནི་མཐུག་རྐྱང་དང༌། །དྲག་ཞན་དང༌། སྒྲིམ་ཀློད་ཀྱང་བསླབ་པར་བྱ་བ་སྟོན་ཏོ། །དེ་དག་ཤེས་ན་དེ་དག་ལ་གུག་སྐྱེད་སྦྱར་ལ་བསླབ་བོ། །དེ་ལ་གུག་སྐྱེད་བཅས་ལོབས་ནས། དོན་ཡོད་ཞགས་སོགས་གཟུངས་རྣམས་ལ། །བརྩེགས་ཀློག་བྱ་ཞིང་ས་མཚམས་གཅོད་པ་ལ་ནན་ཏན་སྐྱེད་ལ་སྦྱང་བར་བྱའོ། །དེའི་དུས་སུའང༌། ཤིན་ཏུ་དལ་བར་བྱེད་ནས་ནི། །རིང་ཐུང་ལ་སོགས་ལེགས་པར་བསླབ། །དེ་ལྟར་བྱས་པས་མྱུར་དུ་མཁས་པར་འགྱུར་རོ། །མཁས་པའི་ཚད་གང་ཡིན་ཞེ་ན། རེ་ཞིག་བོད་ལ་དགོངས་ནས་གསུངས་པ། སྐད་གདངས་མ་བཅོས་དལ་བ་དང༌། །རིང་ཐུང་ཁྱད་པར་ལེགས་ཕྱེད་ཅིང༌། །སྒྲ་ཡི་ཟུར་ཕྱིན་མི་ཐོགས་པ། །སྔགས་ཀྱི་ཀློག་པ་མཐར་ཕྱིན་ཡིན། །དེ་དག་ཀྱང་རང་རང་གི་སྐད་གདངས་ལས་མི་བཅོས་ཤིང་སྒོ་གསུམ་དལ་བ་དང༌། རིང་ཐུང་ཁྱེད་ཕྱེད་ཅིང་ས་མཚམས་ལེགས་པར་ཕྱེད་པར་བྱེད་པ་དང༌། མཐུག་རྐྱང་ལ་སོགས་པའི་སྒྲ་ཟུར་ཕྱིན་ཅིང་ཡི་གེ་ལ་ཐོགས་པ་མེད་པ་ཞེས་བྱའོ། །དེ་དག་ཀྱང་མེད་དུ་མི་རུང་བའི་ཚུལ་ཐམས་ཅད་ཡིན་ཡང༌། ཁྱད་པར་དུ་གལ་ཆེ་བ་གང་ཡིན་ཞེ་ན། སྔགས་བརྗོད་རྣམས་ལ་རྣམ་ཀུན་ཏུ། །གལ་ཆེ་བ་ནི་ས་མཚམས་ཡིན། །དེས་ན་ས་མཚམས་གཅོད་པ་ལ། །དཔེ་ལ་ནན་ཏན་བསྐྱེད་དེ་བསླབ། །ཅེས་བྱའོ། །འདིར་ཚིགས་སུ་བཅད་པ། རིང་དང་ཐུང་དང་སྒྲིམ་དང་ཀློད་པ་ཡི། །འདོན་པའི་བྱེ་བྲག་བོད་ཀྱི་སྒྲ་རྣམས་ལ། །མེད་པའི་ཕྱིར་ན་བརྗོད་པ་དཀའ་མོད་ཀྱི། །ཚུལ་འདི་རིག་ན་མྱུར་དུ་རྟོགས་པར་འགྱུར། །ཞེས་བྱ་བར་ཤེས་པར་བྱའོ། །ལེའུ་གསུམ་པའི་རྣམ་པར་བཤད་པའོ།།  །།ད་ནི་བརྩམས་པ་མཐར་ཕྱིན་པ་མཇུག་གི་དོན་འཆད་དེ། འདི་ལ་གསུམ་ལས་ཐོག་མར་གང་ལ་བསྟན་པའི་ཡུལ་ནི། དེ་ལྟར་འདི་ནི་ཞེས་པས་བསྟན་ཏེ། འདིའི་དོན་ནི་བྱིས་པ་སློབ་པའི་དུས་སུ་བསྟན་ལ། རྒན་པོས་ཀྱང་ཤེས་ན་བློ་ཡར་གྱི་ཟླ་བ་ལྟར་འཕེལ་བར་འགྱུར་རོ་ཞེས་བྱའོ། །གཉིས་པ་དེ་ཤེས་པའི་ཕན་ཡོན་ནི། འདི་ཉིད་ལེགས་པར་ཤེས་ན་ཞེས་པས་བསྟན་ཏེ། འདི་ཤེས་ན་ཀློག་གི་སློབ་དཔོན་བྱེད་པལ་དབང་བར་འགྱུར་གྱིས་གཞན་དུ་ན་ལོང་བས་ལོང་བ་ཁྲིད་དེ་གཡང་སར་མཆོངས་པ་ལྟར་རང་གཞན་དོན་མེད་པར་འགྱུར་རོ། །དེའི་ཕྱིར་མཁས་པར་ཁས་འཆེ་བའི་རྨོངས་པ་རྣམས་ཀྱང་ཁེངས་པ་དོར་ལ་འདི་སློབས་ཤིག་ཅེས་རྗེས་སུ་གདམས་པའོ། །གསུམ་པ་དེའི་དགེ་བ་བསྔོ་བ་ནི། བརྩེ་བས་ཞེས་པས་བསྟན་ཏེ། རྒྱུ་བརྩེ་བའི་སྒོ་ནས་དངོས་པོ་བསྟན་བཅོས་འདི་བརྩམས་པས་འབྲས་བུ་དགེ་བ་གང་ཡོད་པ་དེས། ཡུལ་འགྲོ་བ་ཐམས་ཅད། གནས་བྱང་ཆུབ་ལ་ཐུག་གི་བར་དུ་བྱ་བ་གང་སྨྲ་བ་དེ་ཐམས་ཅད་མཁས་པ་རྣམས་འཇུག་པའི་སྒོ་དང་མ་བྲལ་བས་འཚང་རྒྱ་བར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །རྣམ་པར་བཤད་པ་མ་ལུས་པར་བསྟན་ཟིན་ཏོ། །དེ་ལྟར་བདག་གིས་བསྟན་པ་འདིས་ངེས་པར་བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོའི་ཞལ་སྔ་ནས་ཀྱི་དགོངས་པ་ལྟར་གནས་སོ་སྙམ་དུ་བསམས་སོ། །དེ་ལྟར་བདག་གིས་ལེགས་པར་བཤད་པ་ཡི། །ཆོས་ཚུལ་འདི་ལ་རིགས་པས་རྗེས་འགྲོ་བའི། །བློ་གསལ་རྣམས་ཀྱིས་བརྟགས་ན་གསེར་བཞིན་དུ། །ངོ་མཚར་ཕྱིར་ཞིང་དགའ་བ་འཕེལ་བར་འགྱུར། །འདི་ན་རྣམ་པར་རྟོག་པ་ཡི། །སྐྱོ་བོ་འགའ་ཞིག་ལེགས་བརྟགས་ན། །བདག་གི་རྣམ་པར་མ་རྟོགས་ན། །ཁྱོད་ཀྱི་གསུང་རབ་སུ་ཡིས་རྟོགས། །སྐྱེ་བོ་འདི་དག་ཡོན་ཏན་གྱིས། །གཏེར་གྱུར་ཡི་གེ་ཙམ་ལ་ཡང༌། །རྣམ་པར་རྨོངས་ནས་ཕྲ་བ་ཡི། །དོན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །དེ་བས་ཁྱོད་ཀྱི་ཐུགས་རྗེ་ཡི། །འོད་ཟེར་ཕྲ་བའི་ཆ་ཤས་ཙམ། །གདུལ་བྱ་པདྨོའི་རྗེས་འགྲོ་བ། །དེ་ཡི་བློ་གྲོས་རྣམ་པར་འཕེལ། །བརྩེ་བས་སེམས་ཅན་ཕན་བྱེད་པ། །ཁྱོད་ཀྱིས་གཟིགས་ལ་མངོན་སུམ་འཇུག །བདག་ནི་སྒྲིབ་པས་མ་ཁུམས་ཀྱང༌། །ཁྱོད་ཀྱིས་བཏང་སྙོམས་ག་ལ་མཛད། །ཁྱོད་ཀྱིས་ལེགས་བཤད་ཆོས་སྒྲོམ་དྲི་མེད་རིན་ཆེན་གཏེར། །རྣམ་པར་ཕྱེ་སྟེ་འགྲོ་ལ་ལག་སྐྱོང་ཡིད་བཞིན་དུ། །སྩལ་བ་ལས་བྱུང་དགེ་བ་འདི་ཡིས་ལུས་ཅན་ཀུན། །དགའ་བའི་རྒྱལ་མཚན་བསོད་ནམས་རྩེ་མོ་ཐོབ་པར་ཤོག །བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོས་མཛད་པའི་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་པར་བཤད་པ། བྱིས་པ་ལ་ཕན་པ་ཞེས་བྱ་བ་ཆོས་རྗེ་རིན་པོ་ཆེ་ས་སྐྱ་པཎྜི་ཏ་ཆེན་པོས་དགུང་ལོ་ཉི་ཤུ་རྩ་གསུམ་བཞེས་པའི་དུས་སུ་མཛད་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*