༼ཐ༽
༄༅། །སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་བཞུགས།།
༄༅། །སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །བདེ་གཤེགས་དབང་པོ་ཁྱོད་ཀྱི་གསུང་ཟེར་ཚ་ཟེར་བྱེད་པའི་འོད་ཟེར་འཕྲོས་པས་རྒྱ་མཚོའི་གོས་ཅན་འདི་ན་ལོག་ལྟ་ཡི། །ཚང་ཚིང་བརྒྱས་གཟིངས་སྟོན་པར་ཁས་འཆེ་ཆེ་བར་མངོན་རློམ་སྣ་ཚོགས་འབྱིན་བྱེད་སྦྲང་རྩིའི་དགྲ་དང་ལུས་མེད་རྩེན། །དཔལ་མགྲིན་མིག་སྟོང་ལྷ་ཡི་བླ་མ་གོས་མེད་པས་ཁྲིད་གང་གི་གཞུང་ལུགས་ཉིན་མོ་ལོང་བ་ལྟར་མཛད་པ། །བློ་གཏེར་དབང་པོས་བློ་ཡི་ཁ་འབྱེད་རྒྱལ་བ་ཉིད་མོར་བྱེད་པའི་གསུང་འོད་རབ་གསལ་རྒྱུན་དུ་བདག་གི་སྤྱི་བོར་ལེན། །གང་གིས་སྲིད་དང་རྣམ་གྲོལ་རྣམ་གསུམ་གྱི། །ཐེ་ཚོམ་དྲྭ་བ་ཀུན་ནས་འགྲོལ་མཛད་པ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །གངས་རིའི་ཁྲོད་འདིར་སྔོན་ཆད་མཁས་རྣམས་ཀྱི། །རྣ་བའི་སྣོད་དུ་ཉེ་བར་མ་ལྷུང་ཞིང༌། །ལྕེ་ཡི་དབང་པོས་ཀུན་ནས་མ་མྱངས་པ། །རོ་བརྒྱའི་འབྱུང་གནས་དཔག་བསམ་ཤིང་འདི་བསྐྱེད། །གཞུང་རྩོམ་བྱེད་པ་རྣམས་ཀྱང་རྨོངས་གྱུར་ན། །དེ་ལས་གཞན་པ་སྨོས་ཀྱང་ཅི་དགོས་པ། །དེ་འདྲའི་དོན་ལ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་བློ་གྲོས་འཇིགས་མེད་དེ་ཡིས་ཕྱེ། །རང་གིས་བརྗོད་པ་བདེ་ཞིང༌། གཞན་གྱིས་རྟོགས་པར་སླ་ལ། གཉིས་ཀའི་རྣར་སྙན་པ་ཞིག སྡེབ་སྦྱོར་གྱི་གཙུག་ལག་ཤེས་ན་འབྱུང་བས། དེ་མི་མཁས་པ་རྣམས་ལ་བསྟན་པའི་ཕྱིར་འདི་བརྩམ་མོ། །ཚིགས་སུ་བཅད་དང་རྐྱང་པ་དང༌། །རྒྱུན་ཆགས་ཞེས་བྱ་རྣམ་པ་གསུམ། །ཚིག་གི་སྦྱོར་བ་བྱེད་འདོད་པའི། །མཁས་པ་རྣམས་ཀྱི་འཇུག་ངོགས་ཡིན། །འདིར་མཁས་པ་རྣམས་བསྟན་བཅོས་རྩོམ་པ་ལ་འཇུག་པ་ན། བརྗོད་བྱའི་དོན་ཇི་སྙེད་པ་རྣམས་ཚིགས་སུ་བཅད་པ་དང༌། ཚིག་ལྷུག་པ་དང༌། རྒྱུན་ཆགས་པ་ཞེས་བྱ་བ་རྣམ་པ་གསུམ་གྱིས་སྟོན་ལ། རྒྱུན་ཆགས་པ་དེའང་གཉིས་ཏེ། རྒྱུན་ཆགས་བཅད་པ་དང༌། མ་བཅད་པའོ། །དེ་ལ་རྒྱུན་ཆགས་བཅད་པ་ནི། འདིར་ཚིགས་སུ་བཅད་པའི་བྱེ་བྲག་ཡིན་པས་ཚིགས་སུ་བཅད་པ་ཉིད་ཀྱི་ནང་དུ་བཤད་པར་བྱའོ། །རྒྱུན་ཆགས་མ་བཅད་པ་ནི། སྡེབ་སྦྱོར་གྱི་མཚན་ཉིད་ལྕི་ཡང་ལ་སོགས་པས་ཕྱེ་ལ། བྱ་བ་སྟོན་པའི་སྒྲ་ཡོད་པ། རྐང་པ་བཞིར་མ་བཅད་པ་སྟེ། དེ་སྐད་དུ་ཡང་སྡེབ་སྦྱོར་གྱི་ཚོམས་ལས། རྐང་པ་དག་གིས་མ་བཅད་པ། །གང་ལ་ཡི་གེ་སྦྲེལ་ལེགས་ཡོད། །བྱ་བའི་ཚིག་གིས་གསལ་བྱས་པ། །དེ་ནི་རྒྱུན་ཆགས་ལས་གཞན་མིན། །ཞེས་གདོན་པའི་ཕྱིར་རོ། །འདིའི་དཔེར་བརྗོད་པ་ནི་ཁོ་བོའི་བླ་མ་ཆོས་ཀྱི་རྗེ་དཔལ་ས་སྐྱ་པ་རྒྱལ་མཚན་གྱི་མཐས་བརྒྱན་པའི་ཞལ་སྔ་ནས་མཛད་པའི་བསྟོད་པ་འགའ་ཞིག་ལས་འབྱུང་བ་ལྟ་བུའོ། །འདི་ལྟ་བུའི་སྡེབ་སྦྱོར་ནི། དེང་སང་རྒྱ་གར་ན་སྡེབ་སྦྱོར་བ་ཆེས་ཆེ་བ་མང་དུ་ཐོས་པ་འགའ་ཞིག་ལ་གྲགས་པ་ཙམ་དུ་ཟད་ཀྱི། ཐམས་ཅད་ལ་གྲགས་པ་མ་ཡིན་ལ། སྦྱོར་བ་ཡང་ཆེས་ཤིན་ཏུ་ཉུང་བར་སྣང་ངོ༌། །ཚིག་ལྷུག་པའི་སྦྲེལ་ལུགས་ཇི་ལྟར་ཡིན་པ་ཡང༌། ཁོ་བོས་མཁས་པ་རྣམས་འཇུག་པའི་སྒོར་བཤད་ཟིན་ལ། འདིར་སྐབས་མ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་མ་བྱས་སོ། །ད་ནི་སྐབས་སུ་བབ་པ་ཚིགས་སུ་བཅད་པའི་སྡེབ་སྦྱོར་ལ་འཇུག་པར་འདོད་པས། འདིར་ནི་ཚིག་དབང་སྦྱོར་རྣམས་ཀྱི། །ཚིགས་སུ་བཅད་པ་གསལ་བར་བྱ། །སྐབས་འདིར་ནི་ཚིག་གི་དབང་པོ་སྟེ། སྡེབ་སྦྱོར་མཁན་རྣམས་ཀྱིས་ལེགས་པར་སྦྱོར་བ། ཚོགས་པར་དབྱུང་བར་བྱ་བའི་ངག གང་གིས་སྦྱོར་ཤེས་ན་མཁས་པ་རྣམས་ཀྱི་ཁ་རྒྱན་དུ་འགྱུར་བ། གྱ་ནོམ་པ་སྦྱོར་ནུས་ན་རྒྱལ་པོའི་གྲྭར་རྙེད་པ་དང་བཀུར་སྟིའི་གཏེར་ཐོབ་པ། དོན་དང་ཚིག་ལ་སྔོན་མ་བྱུང་བའི་རྒྱན་བསམ་པ་དག་པས་སྦྱར་ན། ཡི་དམ་གྱི་ལྷས་མངོན་སུམ་དུ་ཞལ་སྟོན་པ། ཕྱི་མའི་མཐའི་མུར་ཐུག་པར་མཁས་པ་རྣམས་ཀྱིས་སྙན་པའི་བ་དན་སྒྲོགས་པར་འགྱུར་བའི་གཞི་སྡེབ་སྦྱོར་གྱི་མཚན་ཉིད་བཤད་པར་བྱའོ། །དམར་སེར་དང་ནི་རྒྱལ་བའི་ལྷས། །མདོ་དང་དེ་ཡི་དཔེ་བརྗོད་བྱས། །ཐོག་མར་དྲང་སྲོང་དམར་སེར་ཞེས་བྱ་བས་སྡེབ་སྦྱོར་གྱི་མདོ་སྦྱར་ལ། དེའི་འོག་ཏུ་རྒྱལ་བའི་ལྷ་ཞེས་བྱ་བས་ཚིགས་སུ་བཅད་པ་རྣམས་ཀྱི་དཔེར་བརྗོད་པ་སྦྱར་རོ། །དེ་དག་གི་རྗེས་སུ་གཞན་དང་གཞན་རྣམས་ཀྱིས་ཀྱང་ཐ་དད་པ་དུ་མ་འབད་ནས་སྦྱར་མོད་ཀྱི། འོན་ཀྱང་དེ་དག་གི་དགོད་བྱའི་རིམ་པ་ལ་མུར་ཐུག་པ་མེད་པ་དང༌། ལྕི་ཡང་གི་མིང་ལ་སོགས་པ་ཚིགས་སུ་བཅད་པས་མ་བཅིངས་པ་དང༌། ཕལ་ཆེར་མི་གསལ་བ་དང༌། གསལ་བའི་སྦྱོར་བ་རྣམས་ཀྱང་སྔོན་མེད་པ་མ་བྱས་པ་དང༌། ངལ་བསོ་བ་དང༌། ལུས་དང་མིང་རྣམས་ཀྱི་འདྲེས་པ་ཡང་མ་ཕྱེད་པ་དང༌། དེ་ཉིད་ཀྱིས་འདོན་པ་ན་གདོང་ཕམ་པར་འགྱུར་བ་དང༌། ངལ་གསོ་བ་དང༌། ཡི་གེ་དག་མི་མཉམ་པར་གཅོད་པས་ན། གོ་རིམ་རིགས་པ་མེད་པ་དང༌། ཚིགས་སུ་བཅད་པ་འགའ་ཞིག་འདོན་པ་མི་བདེ་བས། དེ་དག་སུན་ཕྱུང་ནས་བདེ་བླག་ཏུ་བསྟན་པའི་ཕྱིར། རིན་ཆེན་འབྱུང་གནས་ཞི་བ་ཡིས། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་མཛད། །དུས་ཕྱིས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་ཅན་དུ་འཕགས་པ་མཛད་དེ། དེ་སྐད་དུ་ཡང༌། བསྡུས་དང་ཚིགས་བཅད་རང་བཞིན་གསལ། །མདོ་ལ་དཔེར་བརྗོད་བྱས་པ་དང༌། །མ་འདྲེས་རིམ་འདོན་ཐ་མ་རུ། །ངལ་གསོའི་ཡི་གེ་ཡོན་ཏན་ཡིན། །ཞེས་བཤད་པས་སོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེ་ལ་དབྱེ་ན། འཕེལ་དང་བསྐྱེད་པའི་དབྱེ་བ་ཡིས། །ཚིགས་སུ་བཅད་པ་རྣམ་པ་གཉིས། །འཕེལ་བ་ཡི་གེ་བགྲང་བ་སྟེ། །བསྐྱེད་པ་དག་ནི་ཕྱི་མོར་བཞེད། །ཚིག་ལྡན་དང༌། རྐང་པ་ཅན་དང༌། རྐང་པ་བཞི་པ་དང༌། ཚིགས་སུ་བཅད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཚིགས་སུ་བཅད་པ་དེ་ཡང་སྡེབ་སྦྱོར་གྱིས་དབྱེ་ན་གཉིས་ཏེ། རྒྱུད་འཕེལ་དང༌། བསྐྱེད་པའོ། །ད་ཡང་ཡི་གེ་བགྲང་བ་ནི། རྒྱུད་འཕེལ་ཞེས་བྱ་ལ། ཕྱི་མོ་བགྲང་བ་ནི། བསྐྱེད་པ་ཞེས་བྱའོ། །དེ་དག་གི་གཞི་དགོད་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། དབྱངས་ཀྱི་ཡི་གེ་ཉི་ཤུ་གཉིས། །གསལ་བྱེད་སུམ་ཅུ་རྩ་བདུན་ཡིན། །ཡི་གེ་འབའ་ཞིག་བརྗོད་པ་གསལ་བ་དེ་ནི་དབྱངས་ཞེས་བྱའོ། །དེའང་བསྡུ་ན་གསུམ་སྟེ། ཐུང་ངུ་དང༌། རིང་པོ་དང༌། ཤིན་ཏུ་རིང་པོའོ། །གཅིག་གི་ཚད་ནི་ཐུང་ངུ་ཡིན་ལ། དེ་ནི་རྣམ་པ་ལྔ་སྟེ། ཨ་ཨི་ཨུ་རྀ་ལྀའོ། །གཉིས་ཀྱི་ཚད་ནི་རིང་པོ་ཡིན་ལ། དེ་ནི་རྣམ་པ་བརྒྱད་དེ། ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨཻ་ཨོ་ཨཽ་རྣམས་སོ། །གསུམ་གྱི་ཚད་ནི་ཤིན་ཏུ་རིང་པོ་ཡིན་ལ། དེ་ནི་རྣམ་པ་དགུ་སྟེ་རིང་པོ་བརྒྱད་པོའི་མཐར། གསུམ་གྱི་ཨཾ་ག་བཏགས་པ་བརྒྱད་དང༌། དགུ་པ་ལྀའོ། །དཔེར་ན་ཨཱ་གསུམ་ཨཱི་གསུམ་ཨཱུ་གསུམ་ཞེས་བྱ་བ་ནས་ལཱྀ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་དབྱངས་ཉི་ཤུ་རྩ་གཉིས་སོ། །ཡི་གེ་འབའ་ཞིག་བརྗོད་པ་མི་གསལ་བ་དེ་ནི། གསལ་བྱེད་ཅེས་བྱའོ། །དེའང་བསྡུ་ན་ཀ་ལ་སོགས་པ་སྡེ་ཚན་ལྔས་བསྡུས་པའི་ཉི་ཤུ་རྩ་ལྔ་དང༌། ཡ་ལ་སོགས་པ་མཐར་གནས་བཞི་དང༌། ཤ་ལ་སོགས་པ་དྲོ་བ་བཞི་སྟེ། སུམ་ཅུ་རྩ་གསུམ་དང༌། ཨ་ཀླད་ཀོར་ཅན་དང༌། ཨ་ཚེག་དྲག་ཅན་དང༌། ཐཀ་ལྕེ་རྩ་ཅན་དང༌། ཉྤ་མཆུ་ཅན་ཏེ་བཞི་བསྣན་པས་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་དབྱངས་དང་གསལ་བྱེད་ཐམས་ཅད་བསྡོམས་ན་ལྔ་བཅུ་རྩ་དགུ་ཡིན་ནོ། །ཚིགས་སུ་བཅད་པའི་ཡི་གེ་བསྔོ་བ་ན་དབྱངས་བགྲང་གི གསལ་བྱེད་ནི་མ་ཡིན་ནོ། །དེ་སྐད་དུ། གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །དེ་ལྟར་ཡི་གེ་ལྔ་བཅུ་དགུ། །དབྱངས་ཀྱི་ཡི་གེ་བགྲང་བར་བྱ། །ཞེས་འབྱུང་བས་སོ། །འདི་ལས་གཞན་དུ་བཤད་པ་ནི། །འཁྲུལ་པ་ཡིན་པར་ཤེས་པར་བྱོས། །སྨྲ་སྒོ་ལས། བསྒྲིམས་དང་ཀློད་ལ་རིང་པོ་མེད། །ཅེས་འདོན་པ་ལྟར་ན། ལྀ་ལ་རིང་པོ་མེད་པར་འཆད་པ་དེ་ནི་པཎྜི་ཏས་བརྗོད་པའི་དོན་ཡི་གེ་པས་ནོར་བར་བྲིས་པ་ཡིན་ནོ། །འདིར་སྒྲའི་བསྟན་བཅོས་ཀ་ལཱ་པ་དང་ཙནྡྲ་པ་དང་པཱ་ཎི་ནི་ལ་སོགས་པ་དང༌། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལ་སོགས་པ་མཐའ་དག་ལས་ལྀ་ལ་རིང་པོ་མེད་མོད་ཀྱི། རྀ་ལ་གསུམ་ཀ་ཚང་བར་ཡོད་པར་བཤད་དོ། །སྡེབ་སྦྱོར་བྱེད་པས་ཚིགས་བཅད་ལ། །ལྕི་དང་ཡང་དང་ངལ་བསོ་དང༌། །ཡི་གེ་མིང་དང་རྒྱན་ལ་སོགས། །རྣམ་པར་བཀོད་པས་ཡིད་འཕྲོག་བྱེད། །ལེགས་པར་སྦྱར་བའི་རྗེས་སུ་འབྲང་བའི་ཚིགས་སུ་བཅད་པ་སྦྱོར་བ་རྣམས་ཀྱིས། དབྱངས་ཐུང་ངུ་ལ་ཡང་བ་དང་ལ་ཞེས་བརྡ་བཏགས་ནས། པྲསྟཱ་ར་འདྲི་བ་ན། རི་མོ་དྲང་པོར་འདྲིའོ། །རྐང་པ་མཐའ་མའི་དབྱངས་ཐུང་ངུ་ཕལ་ཆེར་ལྕི་བར་ཡང་འགྱུར་ལ། གཞལ་མཚུངས་ནས་བརྩམས་ཏེ་སྡེབ་སྦྱོར་འགའ་ཞིག་དེ་ལྟ་མ་ཡིན་ཡང༌། མཉམ་པའི་རྐང་པའི་མཐའ་དང༌། དབང་པོ་རྡོ་རྗེ་ལ་སོགས་པ་མི་མཉམ་པའི་ཚིག་གི་མཐའ་རྣམས་ལ་དེ་ལྟར་ཡིན་ནོ། །དབྱངས་སྤངས་པའི་གསལ་བྱེད་ལ། ཐོག་མའི་ཐུང་ངུ་དེ་ཡང་ལྕི་བའོ། །རིང་པོ་དང་ཤིན་ཏུ་རིང་པོ་ནི་ལྕི་བ་ཡིན་ཞིང༌། སྡེབ་སྦྱོར་བས་ག་ཞེས་འགའ་ཞིག་ཏུ་བརྡར་འདོགས་ལ། པྲསྟཱ་ར་འདྲི་བ་ན་རི་མོ་འཁྱོག་པོར་འདྲིའོ། །དེ་སྐད་དུ་སྒྲ་པ་དག་གིས། སྦྱར་བའི་ཐོག་མར་གང་གྱུར་དང༌། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །ཚིག་མཐའ་རིང་པོའི་ཡི་གེ་ཡང༌། །འདི་དག་ལྕི་བར་བསྟན་པ་ཡིན། །ཅེས་འབྱུང་བ་ལྟར་རོ། །པྲསྟཱ་ར་དགོད་པའི་མདོ་ཡང༌། མ་གསུམ་ལྕི་བ་ན་གསུམ་ཡང༌། །བྷ་ཐོག་ལྕི་བ་ཡ་ཐོག་ཡང༌། །ཛ་དབུས་ལྕི་བ་ར་དབུས་ཡང༌། །ས་མཐའ་ལྕི་བ་ཏ་མཐའ་ཡང༌། །ངལ་བསོ་བ་ནི་ཚིགས་སུ་ཅད་པ་འདོན་པའི་གནས་ཀྱི་བྱེ་བྲག་སྟེ། གནས་དང༌། སྡོད་དང༌། འཇོག་ཅེས་བྱ་བ་ནི་རྣམ་གྲངས་སོ། །ཡི་གེ་ནི་རྗེས་སུ་མཚུངས་པ་དང༌། མི་མཚུངས་པ་ལ་སོགས་པའོ། །མིང་ནི་འདོད་རྒྱལ་བ་དང༌། རྗེས་སྒྲུབ་ལ་སོགས་པའོ། །རྒྱན་ནི་ཚིག་དང༌། དོན་དང༌། དཔེ་ལ་སོགས་པའོ། །གཞན་ཡང་བསྲེས་པ་དང༌། ཡི་གེ་དང༌། མིང་དང༌། ཚིག་བསྒྱུར་བ་ལ་སོགས་པ་ཡིན་ནོ། །འདི་དག་གི་རྣམ་གཞག་རྒྱས་པར་ཁོ་བོས་བྱས་པའི་མཁས་པ་རྣམས་འཇུག་པའི་སྒོར་གསལ་ལ། བྱེ་བྲག་ཏུ་ངལ་བསོ་བའི་གནས་ལ་སོགས་པ་འགའ་ཞིག་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བར་བལྟས་པས་རྣམ་པ་ཙམ་འཆར་བར་འགྱུར་རོ། །དཔེའི་ཕྱོགས་འགའ་ཙམ་ཡང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་བུ་བཤད་པ་ལྟ་བུའོ། །བྷ་ལ་སོགས་པ་བརྒྱད་ཀྱི་ཐ་མར་ཨུའི་ཡི་གེ་བྱུང་ན་ངལ་བསོ་བའི་བརྡ་ཡིན་ལ། ལྕི་བ་ལ་ངལ་བསོ་ན་ཝའི་ཡི་གེ་དང༌། ཡང་བ་ལ་ངལ་བསོ་ན་ཀའི་མིང་དུ་འགྱུར་རོ། །འཇིག་རྟེན་པ་ལ་ཡང་ངལ་བསོ་སྟེ། གཅོད་པའི་རྣམ་གཞག་ཡོད་དོ་ཞེས་བཤད་དོ། །དེ་ལྟར་ཤེས་ནས་ཚིགས་སུ་བཅད་པ་ལ་འཇུག་པ་ན། ཚིགས་སུ་བཅད་པ་ལ་རྣམ་པ་གཉིས་ཡོད་པ་ལས། ཐོག་མར་འཕེལ་བ་ཞེས་བྱ་བ་ཡི་གེ་བགྲང་བ་དེ་བཤད་པར་བྱའོ། །དེའང་རྣམ་པ་གསུམ་སྟེ། མཉམ་དང་ཕྱེད་མཉམ་མི་མཉམ་པས། །འཕེལ་བ་དེ་ཡང་རྣམ་པ་གསུམ། །མཉམ་པ་དང༌། ཕྱེད་མཉམ་དང༌། མི་མཉམ་པ་ཞེས་བྱ་བ་རྣམ་པ་གསུམ་ཡོད་པ་ལས། ཐོག་མར་མཉམ་པའི་འཕེལ་བ་བཤད་པར་བྱའོ། །རྐང་པ་དང་པོའི་སྡེབ་སྦྱོར་ལྟར། །རྐང་བཞི་མཚུངས་ན་མཉམ་པ་ཡིན། །མཉམ་པའི་འཕེལ་བ་ཐམས་ཅད་ལ། །རྐང་པ་དང་པོའི་སྡེབ་སྦྱོར་ཇི་ལྟ་བར་རྐང་པ་ལྷག་མ་གསུམ་ཀ་ཡང་དེ་དང་མཚུངས་ན་མཉམ་པ་ཡིན་ནོ། །དེ་དག་སོ་སོར་བཤད་ན། ཡི་གེ་གཅིག་ནས་ལྔ་ཡི་བར། །ཚིགས་སུ་བཅད་པར་གྲགས་མོད་ཀྱི། །མཁས་པ་ཕལ་ཆེར་དེ་བསྒྲུབ་པའི། །མཚན་ཉིད་དབྱེ་བ་བཏང་སྙོམས་མཛད། །སྔོན་གྱི་རབས་ལས་གྲགས་པ་ཡི་གེ་གཅིག་གི་ཚིགས་བཅད་ལ་བརྗོད་པ། གཉིས་པ་ལ་ཤིན་ཏུ་བརྗོད་པ། གསུམ་པ་ལ་ལྷན་ཅིག་བར་མ། བཞི་པ་ལ་རབ་གནས། ལྔ་པ་ལ་ལེགས་པར་རབ་གནས། ཞེས་འདོད་དོ། །དེ་སྐད་དུ། བརྗོད་དང་ཤིན་ཏུ་བརྗོད་པར་མ། །རབ་གནས་ལེགས་པར་རབ་གནས་དང༌། །དབྱངས་སྒྲོགས་རབ་དགའ་གོ་རིམ་བཞིན། །དམར་སེར་གྱིས་ནི་བཤད་པ་ཡིན། །ཅེས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས་འབྱུང་ངོ༌། །དེ་དག་གི་བྱེ་བྲག་གི་དབྱེ་བ་ལ། ཡི་གེ་གཅིག་པའི་ཚིགས་སུ་བཅད་པའི་བྱེ་བྲག་ནི་དཔལ་ཞེས་བྱའོ། །གཉིས་པ་ལ་གཉིས་ཏེ། དབྱངས་ཅན་དང༌། བརྟན་པའོ། །གསུམ་པ་ནི་ལྕགས་སྒྲོག་གོ །བཞི་པ་ལ་གཉིས་ཏེ། ནོར་རྒྱུན་དང༌། འབྱོར་ལྡན་ནོ། །ལྔ་པ་ལ་གཉིས་ཏེ། རལ་གྲིའི་བུ་དང༌། པི་ཝང་ངོ༌། །ཚིག་རྐང་ལྔ་པ་ཡན་ཆད་པའི་མིང་འདི་རྣམས་སློབ་དཔོན་རྟག་པའི་སྡེས། རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་བྲྀཏྟ་མཱ་ལ་ཞེས་བྱ་བའི་རྗེས་སུ་འབྲངས་ནས་བཤད་ལ། འདི་རྣམས་ཀྱི་ཐ་སྙད་འགའ་ཞིག་མི་འདྲ་བ་སློབ་དཔོན་ཛྙཱ་ན་ཤྲཱི་མི་ཏྲས་འཕགས་པ་འཇམ་དཔལ་ལ་བསྟོད་པ། བྲྀཏྟ་མཱ་ལ་ཞེས་བྱ་བ་ནས་ཀྱང་འབྱུང་མོད་ཀྱི། ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །དེ་དག་ཕྱོགས་ཙམ་དཔེར་བྱ་བ། །ཁོ་བོའི་རྗེ་བཙུན་དཔལ་ལྡན་འཇམ་པའི་དབྱངས་ལ་བསྟོད་པར་སྦྱར་ན། ཡི་གེ་གཅིག་པའི་ཚིགས་བཅད། བློ། མཆོག དཔལ། དབྱངས། ཡི་གེ་གཉིས་པ་ལ། དབྱངས་ཅན། ཁྱོད་བསྒྲུབས། སྤོབས་པ། བརྟན་ཐོབ། ཡི་གེ་གསུམ་པ་ལ། ཁྱོད་ཀྱི་གསུང༌། གཉིས་མེད་བློ། ལྕགས་སྒྲོག་གིས། སྦྲེལ་ལེགས་འདྲ། ཡི་གེ་བཞི་པ་ལ། རྒྱལ་སྲས་དབང་པོ། འཇམ་དབྱངས་ཁྱོད་ཀྱིས། ལེགས་བཤད་ནོར་རྒྱུན། བདག་བློ་ཚིམ་མཛད། ཡི་གེ་ལྔ་པ་ལ། བརྩེ་ལྡན་ཁྱོད་ཀྱི་གསུང༌། དྲི་ཟའི་པི་ཝང་ལྟར། སྙན་ཅིང་འཇེབས་པ་ཡིས། གདུལ་བྱའི་ཡིད་འཕྲོག་བྱེད། ཅེས་པ་ལྟ་བུ་སྟེ། སྔོན་ཆད་མ་ཐོས་པ་རྣམས་ལ་སྡེབ་སྦྱོར་གྱི་དགའ་སྟོན་དགྱེ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སློབ་དཔོན་རིན་ཆེན་འབྱུང་གནས་ནི་ཡི་གེ་དྲུག་པ་མན་ཆད་ལ། ཚིགས་སུ་བཅད་པ་མཚན་ཉིད་པར་བཞེད་དེ། ཚིགས་བཅད་རྣམས་ལ་མཁས་ཕྱིར་དྲུག་པ་ནས་བརྩམས་ཏེ་རེ་རེ་སྤེལ་བའི་རྐང་པ་བྱ། ཞེས་འབྱུང་བའི་ཕྱིར་རོ། །དེས་ན་འདིར་དེའི་རྗེས་སུ་འབྲངས་ནས། ཡི་གེ་དྲུག་པ་ནས་བརྩམས་ཏེ། །ཡི་གེ་རེ་རེ་སྤེལ་བ་ལ། །ངལ་བསོ་བ་དང་ལྕི་ཡང་གི །རབ་ཏུ་དབྱེ་བས་ཚིགས་བཅད་འགྲུབ། །ཚིགས་སུ་བཅད་པ་འདི་རྣམས་ལ་ཡང༌། སྤྱིའི་མིང་དང༌། བྱེ་བྲག་གི་དབྱེ་བ་གཉིས་གཉིས་ཡོད་པ་ལས། ཐོག་མར་སྤྱི་ཡི་མིང་བརྗོད་པ། །དབྱངས་སྒྲོགས་རབ་དགའ་རྗེས་སུ་བསྔགས། །བྲྀ་ཧ་ཏི་དང་ཕྲེང་ལྡན་དང༌། །གསུམ་པ་སྔགས་ཡན་ཆད་རྐྱང་པ་ཡིན། ཡི་གེ་དྲུག་པ་དབྱངས་སྒྲོགས། བདུན་པ་རབ་དགའ། བརྒྱད་པ་རྗེས་སུ་བསྔགས་པ། དགུ་པ་བྲྀ་ཧ་ཏི། བཅུ་པ་ཕྲེང་ལྡན། བཅུ་གཅིག་པ་གསུམ་བསྔགས་ཏེ། དེ་དག་རྐྱང་པ་ཡིན་ནོ། །སྐྱེ་འགྲོ་མན་ཆད་ཤིན་ཏུ་ལ། །སོགས་པས་འཕངས་པའི་རྐང་པ་ཅན། །ཉི་ཤུ་དྲུག་གི་བར་དུ་བཞེད། །ཡི་གེ་བཅུ་གཉིས་པ་སྐྱེ་འགྲོ། བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ་ནུས་ལྡན། བཅོ་ལྔ་པ་ཤིན་ཏུ་ནུས་ལྡན། བཅུ་དྲུག་པ་ལེགས་སྤྱོད། བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ་བརྟན་འཛིན། བཅུ་དགུ་པ་ཤིན་ཏུ་བརྟན་འཛིན། ཉི་ཤུ་པ་བྱེད་ལྡན། ཉི་ཤུ་རྩ་གཅིག་པ་ཤིན་ཏུ་བྱེད་ལྡན། ཉི་ཤུ་རྩ་གཉིས་པ་ཀུན་བྱེད། །ཉི་ཤུ་རྩ་གསུམ་པ་རྣམ་བྱེད། ཉི་ཤུ་རྩ་བཞི་པ་ལེགས་བྱེད། ཉི་ཤུ་རྩ་ལྔ་པ་ཤིན་ཏུ་ལེགས་བྱེད། ཉི་ཤུ་རྩ་དྲུག་པ་ལྷག་པར་ལེགས་བྱེད་ཅེས་བྱའོ། །རྐང་པ་ཅན་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཉི་ཤུ་རྩ་བདུན་པ་ནས་རྒྱུན་ཆགས་པའི་བྱེ་བྲག་ཏུ་འགྱུར་རོ། །འདིའི་ཆ་རིག་བྱེད་ཀྱི་གཞུང་ལུགས་ལས་ཀྱང་འདི་སྐད་འདོན་ཏེ། རིག་བྱེད་ལ་རྭ་བཞི། འདིའི་རྐང་པ་གསུམ། མགོ་གཉིས། ལག་པ་བདུན། དེ་འདིར་གསུམ་ནས་བཅིངས་ན། །ཁྱུ་མཆོག་འདི་ནི་ང་རོ་འདོན། །ཞེས་བྱ་སྟེ། རྭ་བཞི་ནི་རིག་བྱེད་བཞི། མགོ་གཉིས་ནི། ཨོཾ་དང་དབྱངས་ཀྱི་སྡེབ་སྦྱོར། ལག་པ་བདུན་ནི་སྡེབ་སྦྱོར་བདུན་ཏེ། དྲུག་པ་དབྱངས་སྒྲོགས་ནི་དུས་དྲུག བདུན་པ་རབ་དགའ་ནི་དྲང་སྲོང་བདུན། བརྒྱད་པ་རྗེས་སུ་བསྔགས་པ་ནི་ནོར་ལྷ་བརྒྱད། དགུ་པ་བྲྀ་ཧ་ཏི་ནི་གཟའ་དགུ། བཅུ་པ་ཕྲེང་ལྡན་ནི་ཕྱོགས་སྐྱོང་བཅུ། བཅུ་གཅིག་པ་གསུམ་བསྔགས་ནི་དྲག་པོ་བཅུ་གཅིག བཅུ་གཉིས་པ་སྐྱེ་འགྲོ་ནི་ཉི་མ་བཅུ་གཉིས། སྙིང་ག་དང༌། མགྲིན་པ་དང༌། མགོ་བོ་གསུམ། ངག་ཁྱུ་མཆོག་གི་ཡི་གེ་ཨོཾ། རྐང་པ་གསུམ་ནི་སྦྱིན་སྲེག གྲོང་པ་ལྷོ་ཕྱོགས་ཀྱི་མེ་གསུམ། ཡང་མེ་ལྕེ་བདུན་པ་ཞེས་ཀྱང་བཤད་དེ། དེ་ལྟར་ན་སྡེབ་སྦྱོར་འདི་དག་རང་བྱུང་སྐྱེས་བུས་མ་བྱས་པར་འདོད་དོ།། །།དེ་ལྟར་སྤྱིའི་མིང་བརྗོད་ནས། བྱེ་བྲག་གི་མཚན་ཉིད་བརྗོད་ན། ཡི་གེ་དྲུག་པ་དབྱངས་སྒྲོགས་ལ་བྱེ་བྲག་ལ། ཏ་ཡ་གསུམ་སྡོད་དབུས་ཕྲ་ཡིན། །ཏ་དང་ཡ་གཉིས་ལ་ཡི་གེ་གསུམ་གསུམ་ལ་ངལ་བསོ་བ་ཡོད་ན་དབུས་ཕྲ་ཞེས་བྱ་བར་འགྱུར་རོ། །དེ་དང་མཚན་ཉིད་མི་འདྲ་བ་འགའ་ཞིག་ལ་ཆུ་སྲིན་མགོ་ཞེས་ཀྱང་བསྟན་བཅོས་གཞན་ནས་བཤད་དོ། །བདུན་པ་རབ་དགའི་བྱེ་བྲག་ལ། །གཞོན་ནུ་རོལ་པ་ཛ་ས་ལྕི། །ཛ་དང་སའི་མཐར་ལྕི་བ་གཅིག་ཡོད་ན་གཞོན་ནུ་རོལ་པ་ཞེས་བྱའོ། །བརྒྱད་པ་རྗེས་སུ་བསྔགས་པའི་བྱེ་བྲག་ལ། ལྕི་ཡང་བཞིར་བསྒྲེས་འདྲ་མཚུངས་ཏེ། །ལྕི་བའི་ཡི་གེ་དང་ཡང་བའི་ཡི་གེ་སྦྱར་བ་ལན་བཞིར་བསྒྲེས་པས་ཡི་གེ་བརྒྱད་དུ་བྱུང་བ་ནི། འདྲ་མཚུངས་སོ། །ཡང་ལྕི་བཞི་པ་གཞལ་དཔག་ཡིན། །སྔ་མ་ལས་བཟློག་པ་ཡི་གེ་བརྒྱད་པ་གཞལ་དཔག་གོ །བྷ་གཉིས་ལྕི་བ་གཉིས་རྐང་བཀྲ། །བྷ་གཉིས་ཀྱི་མཐར་ལྕི་བའི་ཡི་གེ་གཉིས་སྦྲེལ་བ་ནི་རྐང་པ་བཀྲ་བ་ཞེས་བྱའོ། །མ་གཉིས་ལྕི་བ་ཟུང་གློག་ཕྲེང༌། །མ་གཉིས་ཀྱི་མཐར་སྔ་མ་བཞིན་ལྕི་བ་གཉིས་སྦྱར་བ་ནི་གློག་གི་ཕྲེང་བའོ། །བྷ་ཏ་ཡང་ལྕི་བྲམ་ཟེའི་བུ། །བྷ་དང་ཏའི་མཐར་ཡང་བ་དང་ལྕི་བའི་ཡི་གེ་ཡོད་ན་བྲམ་ཟེའི་ཕྲུ་གུ་ཞེས་བྱ་བར་འགྱུར་རོ། །འདི་ལ་དམར་སེར་གྱིས་བྲམ་ཟེའི་ཕྲུ་གུ་རྩེན་པ་ཞེས་བཏགས་སོ། །བསྟན་བཅོས་གཞན་ལས་ཡི་གེ་མཉམ་ལ་མཚན་ཉིད་མི་འདྲ་བ་འགའ་ལ་ཡོན་ཏན་ཞེས་བྱ་བ་དང༌། པདྨ་ཅན་དང༌། ཕན་བྱེད་དང༌། ལོ་འདབ་ཅེས་བྱ་བའི་སྡེབ་སྦྱོར་ཡང་ཡོད་དོ། །དགུ་པ་བྲྀ་ཧ་ཏི་བྱེ་བྲག་ལ། ར་ན་ས་ནི་གཤོལ་གདོང་ཡིན། །ར་དང་ན་དང་ས་རྣམས་ལེགས་པར་སྦྲེལ་བ་ནི་གཤོལ་གདོང་ངོ༌། །ན་ན་མ་ནི་ལྟོས་འགྲོའི་བུ། །ན་གཉིས་དང་མ་སྦྲེལ་བ་ནི། ལྟོས་འགྲོ་ཕྲུ་གུ་འགྲོ་ཞེས་གྲགས་སོ། །གཞན་ལས་ཟུར་གྱིས་ལྟ་ཞེས་བྱ་བ་དང༌། ཕྱག་རྒྱ་ཞེས་བྱ་བ་མཚན་ཉིད་ཐ་དད་པ་ཡང་བཤད་དོ། །བཅུ་པ་ཕྲེང་ལྡན་ལ། མ་ས་ཛ་ག་དག་པར་སྣང༌། །མ་དང་ས་དང་ཛའི་མཐར་ལྕི་བ་གཅིག་ཡོད་ན་དག་པའི་སྣང་བ་ཞེས་འདོད་དོ། །མ་ན་ཡ་ལྕི་བ་ཎ་བ། །མ་དང་ན་དང་ཡའི་མཐར་ལྕི་བའི་ཡི་གེ་གཅིག་ཡོད་ན། རྔ་པ་ཎ་བ་ཞེས་བྱ་བར་འགྱུར་ཏེ། དེའི་སྒྲ་དང་མཚུངས་པར་གྲགས་པའི་ཕྱིར་རོ། །ར་ཛ་ར་ག་རྨ་བྱའི་འགྲོས། །ར་དང་ཛ་དང་རའི་མཐར་ལྕི་བ་གཅིག་ཡོད་ན་རྨ་བྱའི་འགྲོས་ཞེས་བྱའོ། །བྷ་མ་ས་ག་གསེར་ལྡན་འགྱུར། །བྷ་དང་མ་དང་སའི་མཐར་ལྕི་བ་གཅིག་ཡོད་ན་གསེར་ལྡན་ནོ། །མ་བྷ་ས་ག་མྱོས་མ་ཡིན། །མ་དང་བྷ་དང་སའི་མཐར་ལྕི་བ་གཅིག་ཡོད་ན་མྱོས་མའོ། །གཞན་ལས་ན་ལི་ནི། །བཟང་ལྡན་གཙོ། ཙམ་པའི་ཕྲེང་བ། སྤྲིན་གྱི་བླ་རེ། བདེ་བླག་བྱེད་ཅེས་འདོན་པ་ཡང་ཡོད་དོ། །བཅུ་གཅིག་པ་གསུམ་བསྔགས་ལ། ཏ་ཛ་ཛ་ག་ག་ཉེར་འཁོད། །ཏ་དང་ཛ་གཉིས་དང་ལྕི་བ་གཉིས་ཡོད་ན་ཉེར་འཁོད་ཅེས་བྱའོ། །ཏ་གཉིས་ཛ་མཐར་ལྕི་བ་གཉིས། །དབང་པོ་རྡོ་རྗེའི་ཚིགས་བཅད་ཡིན། །ཏ་དང་ཏ་དང་ཛའི་མཐར་ལྕི་བའི་ཡི་གེ་གཉིས་ཡོད་ན་དབང་པོ་རྡོ་རྗེས་ཞེས་གྲགས་སོ། །ཛ་ཏ་ཛ་མཐར་ལྕི་བ་གཉིས། །སྡེབ་སྦྱོར་ཉེ་དབང་རྡོ་རྗེར་འདོད། །ཛ་དང་ཏ་དང་ཛའི་མཐར་ལྕི་བ་གཉིས་ཡོད་ན། ཉེ་དབང་རྡོ་རྗེ་ཞེས་བྱའོ། །རྡོ་རྗེ་རྣམ་གཉིས་བསྲེས་པ་ལ། །ཉེར་བསྐྱེད་ཞེས་བྱར་དྲན་དབང་འདོད། །དབང་པོ་རྡོ་རྗེ་དང་ཉེ་དབང་རྡོ་རྗེ་གཉིས་བསྲེས་པ་ལ་ཉེར་བསྐྱེད་ཅེས་དྲན་པའི་དབང་པོ་རྣམས་འདོད་དེ། འདི་ལས་རབ་ཏུ་དབྱེ་བ་མང་དུའང་འབྱུང་ངོ༌། །བྷ་གསུམ་ག་གཉིས་བསྡེབས་པ་ལ། །འཇོ་བ་པོ་ཞེས་ཚིག་མཁན་འདོད། །བྷ་གསུམ་གྱི་མཐའ་མར་ལྕི་བ་གཉིས་སྦྱར་བ་ལ་འཇོ་བ་པོ་ཞེས་སྙན་ངག་མཁན་རྣམས་འདོད་དོ། །མ་ལྕི་ར་གཉིས་ཅི་རིག་བྱེད། །རི་ལ་འཇོག་པ་སཱ་ལི་ནི། །མའི་མཐར་ལྕི་བ་གཅིག་དང༌། །ར་གཉིས་ཀྱི་མཐར་ལྕི་བ་གཅིག་སྦྱར་བ་ལ་བཞི་དང་བདུན་པ་ལ་ངལ་བསོ་ན་སཱ་ལི་ནི་ཞེས་བྱའོ། །མ་ལྕི་ས་ར་ལྕི་སྔོན་བཞིན། །ངས་བསོ་རླུང་གི་དབའ་རླབས་ཕྲེང༌། །མའི་མཐར་ལྕི་བ་གཅིག་དང༌། ས་དང་རའི་མཐར་ལྕི་བ་གཅིག་སྦྱར་བ་ལ་སཱ་ལི་ནི་ལྟར་བཞི་དང་བདུན་ལ་ངལ་བསོ་ན་རླུང་གི་དབའ་རླབས་ཕྲེང་ཞེས་བྱའོ། །རྒྱལ་བའི་ལྷ་ནི་རླུང་གི་དབའ་རླབས་ཞེས་འདོད་དོ། །མ་ལྕི་ན་གཉིས་ལྕི་སྔོན་བཞིན། །འཇོག་པ་བུང་བ་རོལ་པ་ཡིན། །མའི་མཐར་ལྕི་བ་གཅིག་དང་ན་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ལ། སྔར་བཞིན་བཞི་དང༌། བདུན་ལ་ངལ་བསོ་ན་བུང་བ་རོལ་པ་ཞེས་བྱ་བའི་སྡེབ་སྦྱོར་དུ་འགྱུར་རོ། །ར་ན་ར་མཐར་ཡང་ངང་ལྕི། །སྔར་བཞིན་ངལ་བསོ་ཤིང་རྟ་དྲེགས། །ར་དང་ན་དང་རའི་མཐར་ཡང་བ་གཅིག་དང་ལྕི་བ་གཅིག་སྦྱར་བའི་བཞི་པ་དང་བདུན་པ་ལ་ངལ་བསོ་བ་ནི་ཤིང་རྟ་དྲེགས་ཞེས་བྱ་བར་འགྱུར་རོ། །ར་ན་བྷ་མཐར་ལྕི་དང་ལྕི། །ལེགས་པར་སྦྱར་བ་ལེགས་འོངས་ཡིན། །ར་དང་ན་དང་བྷའི་མཐར་ལྕི་བ་གཉིས་སྦྱར་བའི་ཚིགས་སུ་བཅད་པ་ནི་ལེགས་འོངས་ཞེས་བྱའོ། །ན་གཉིས་ས་མཐར་ལྕི་བ་ཟུང༌། །སྡེབ་ལེགས་དེ་ནི་ཟླུམ་པོར་བཞེད། །ན་གཉིས་དང་སའི་མཐར་ལྕི་བ་གཉིས་སྦྱར་ནས་ལེགས་པར་བསྡེབས་ནས་ཟླུམ་པོ་ཞེས་བྱའོ། །ན་ན་ར་མཐར་ཡང་དང་ལྕི། །སྦྱར་བའི་སྡེབ་སྦྱོར་བཟང་ལྡན་ཡིན། །ན་གཉིས་དང་རའི་མཐར་ཡང་བ་གཅིག་དང་ལྕི་བ་གཅིག་སྦྱར་ན་བཟང་ལྡན་ཞེས་བྱའོ། །ར་ཛ་ར་རྗེས་ཡང་དང་ལྕི། །སྦྱར་བ་ཁྲ་ཞེས་བློ་དབང་འདོད། །ར་དང་ཛ་དང་རའི་མཐར་ཡང་བ་གཅིག་དང་ལྕི་བ་གཅིག་སྦྱར་ན་བྱ་ཁྲ་ཞེས་མཁས་པ་རྣམས་འདོད་དོ། །ཛ་ས་ཏ་མཐར་ལྕི་བ་ཟུང༌། །སྦྱར་བ་ཉེ་བར་གནས་ཞེས་ཟེར། །ཛ་དང་ས་དང་ཏའི་མཐར་ལྕི་བ་གཉིས་ཡོད་ན་ཉེ་གནས་ཞེས་བྱ་བར་འགྱུར་རོ། །བསྟན་བཅོས་གཞན་ལས་ནི། དེ་དག་དང་ཡི་གེ་མཉམ་ལ་མཚན་ཉིད་མི་འདྲ་བ་འགའ་ཞིག་ལ་ཀུན་ཏུ་བཟང་ལྡན་དང༌། གནས་སུ་ཕྱིན་པ་དང༌། ཁས་བཟངས་ལྡན་ཞེས་འདོན་པ་ཡང་ཡོད་དོ།། །།ཡི་གེ་བཅུག་ཉིས་པ་སྐྱེ་འགྲོ་ལ། །ར་ན་བྷ་ས་ཟླ་བའི་ལམ། །ར་དང་ན་དང་བྷ་དང་ས་ཡོད་ན་ཟླ་བའི་ལམ་ཞེས་བྱའོ། །ཛ་ཏ་ཛ་ར་རྒྱུད་གནས་ཡིན། །ཛ་དང་ཏ་དང་ཛ་དང་ར་རྣམས་གང་ལ་ཡོད་པའི་སྡེབ་སྦྱོར་ནི་རྒྱུད་གནས་ཞེས་བྱའོ། །ཏ་ཏ་ཛ་ར་དབང་པོའི་རྒྱུད། །ཏ་གཉིས་དང་ཛ་དང་ར་ཡོད་པའི་སྡེབ་སྦྱོར་ནི་དབང་པོའི་རྒྱུད་ཅེས་བྱའོ། །ན་གཉིས་ལྕི་གཉིས་ར་ལྕི་བ། །བརྒྱད་བཞིར་སྡོད་ན་ཁ་སྦྱོར་ཡིན། །ན་གཉིས་དང་ལྕི་བ་གཉིས་དང་རའི་མཐར་ལྕི་བ་གཅིག་ཡོད་ལ། ཐོག་མ་ཡི་གེ་བརྒྱད་དང༌། དེ་ནས་ཡི་གེ་བཞི་པ་ལ་ངལ་བསོ་ན་ཁ་སྦྱོར་ཞེས་བྱའོ། །ཛ་སུ་ལན་གཉིས་དྲུག་པ་ལ། །ངལ་བསོ་བ་ནི་ཆུ་འཐོར་འགྲོ། །ཛ་དང་ས་དང་ཛ་དང་ས་ལ་ཡི་གེ་དྲུག་པའི་གནས་སུ་ངལ་བསོ་ན་ཆུ་འཐོར་འགྲོའོ། །ས་བཞི་སྦྲེལ་བ་ཏོ་ཊ་ཀ །སའི་ཡི་གེ་ལན་བཞིར་སྦྲེལ་བ་ནི་ཏོ་ཊ་ཀའོ། །ན་བྷ་བྷ་ར་དལ་མྱུར་ཡིན། །ན་དང་བྷ་གཉིས་དང་རའི་ཡི་གེ་སྦྱར་བ་ནི་དལ་མྱུར་ཞེས་བྱའོ། །ཡ་བཞི་ལྟོས་འཕྱེ་རབ་ཏུ་ལྟུང༌། །ཡ་བཞི་སྦྲེལ་བ་ནི་ལྟོས་འཕྱེ་རབ་ཏུ་ལྟུང་བ་ཞེས་བྱའོ། །མེ་ཏོག་ཕྲེང་རྒྱུད་ར་བཞི་པ། །ར་བཞི་སྦྲེལ་བའི་སྡེབ་སྦྱོར་ནི། །མེ་ཏོག་ཕྲེང་རྒྱུད་ཅེས་བྱའོ། །ས་ཛ་ས་གཉིས་ཡི་གེ་ཉུང༌། །ས་དང་ཛ་དང་ས་གཉིས་ཡོད་པའི་སྡེབ་སྦྱོར་ནི་ཡི་གེ་ཉུང་ངུ་ཞེས་བྱའོ། །མ་ལྕི་ལྕི་བ་ར་གཉིས་ལྕི། །མདའ་རི་ངལ་བསོ་སྣ་ཚོགས་ལྷ། །མའི་ཡི་གེའི་མཐར་ལྕི་བ་གཉིས་དང་ར་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ཅིང༌། ཡི་གེ་ལྔ་པ་དང་དེ་ནས་བདུན་པ་ལ་ངས་བསོ་ན་སྣ་ཚོགས་ལྷ་མོ་ཞེས་བྱའོ། །མ་ལྕི་ན་ཡ་ལྕི་བ་གཉིས། །བཞི་བརྒྱད་འཇོག་པ་ཆུ་འཛིན་ཕྲེང༌། །མའི་མཐར་ལྕི་བ་གཅིག་དང་ན་དང་ཡའི་མཐར་ལྕི་བ་གཉིས་ཡོད་ན་ཡི་གེ་བཞི་པ་དང་བརྒྱད་པ་ལ་ངལ་བསོ་ན་ཆུ་འཛིན་ཕྲེང་བ་ཞེས་བྱའོ། །ན་གཉིས་ར་ར་དལ་གྱིས་འབབ། །ན་གཉིས་དང་ར་གཉིས་སྦྲེལ་བ་ནི་ལྷའི་ཆུ་དལ་གྱིས་འབབ་པ་དང་མཚུངས་པའི་ཕྱིར་དེ་སྐད་ཅེས་བྱའོ། །ན་ཛ་ཛ་ར་ཡ་མུ་ན། །ནའི་མཐར་ཛ་གཉིས་དང་ར་གཅིག་ཡོད་པ་ནི། ཆུ་ཀླུང་ཡ་མུ་ན་དང་མཚུངས་པའི་ཕྱིར་སྡེབ་སྦྱོར་གྱི་མིང་དེ་སྐད་ཅེས་བྱའོ། །ན་ཛ་བྷ་ཡ་ཕྲེང་བ་གསར། །ན་དང་ཛ་དང་བྷ་དང་ཡ་བསྒྲིགས་ཏེ་བསྡེབས་པ་ནི་ཕྲེང་བ་གསར་ལྡན་ཞེས་བྱའོ། །སྡེབ་སྦྱོར་གྱི་བསྟན་བཅོས་གཞན་ལས་ནི། ངག་གི་དབང་ཕྱུག་རྩེན་པ། ཀུནྡའི་འཁྲི་ཤིང༌། སྣ་ཚོགས་ཅན། འདོད་སྟེར། རོལ་པ་ཅན། ཟུར་སྦྱོར། རི་དྭགས་མཆོངས། ཞེས་བྱ་བའི་སྡེབ་སྦྱོར་དུ་འདོད་པ་ཡང་མཐོང་ངོ༌།། །།ཡི་གེ་བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ་ལ་ཕྱེ་ན། མུ་ན་ཛ་ར་ལྕི་ཡོན་ཏན། །ཕྱོགས་སུ་སྡོད་པ་རབ་སྤྲོ་མ། །མ་དང་ན་དང་ཛ་དང་རའི་མཐར་ལྕི་བ་གཅིག་ཡོད་ཅིང༌། ཡི་གེ་གསུམ་པ་དང་བཅུ་པའི་གནས་སུ་སྡོད་པ་ནི་རབ་ཏུ་དགའ་ལྡན་ཅེས་བྱའོ། །ཛ་ལྕི་ན་ཛ་ར་ཆུ་གཏེར། །དགུ་ལ་ངལ་བསོ་དགའ་མཛེས་ཡིན། །ཛའི་མཐར་ལྕི་བ་གཅིག་དང་ན་དང་ཛ་དང་ར་རྣམས་བསྡེབས་པ་ཡི་གེ་བཞི་པ་དང་དགུ་པ་གནས་སུ་ངལ་བསོ་བ་ནི་དགའ་མཛེས་ཞེས་བྱ་བར་གྲགས་སོ། །མ་ལྕི་བྷ་ཏ་ཡ་སྔོན་བཞིན། །མྱོས་པའི་རྨ་བྱ་ངལ་བསོའོ། །མ་དང་ལྕི་བ་གཅིག་གི་མཐར། །བྷ་དང་རྟ་དང་ཡ་ཡོད་ཅིང་སྔ་མ་དགའ་མཛེས་ལྟར་ཆུ་གཏེར་དང་དགུ་ལ་ངལ་བསོ་བ་ནི། སོ་གའི་དུས་ཀྱི་རྨ་བྱའི་དབྱངས་དང་མཚུངས་པའི་ཕྱིར་མྱོས་པའི་རྨ་བྱ་ཞེས་བྱའོ། །ས་ཛ་ས་གཉིས་ལྕི་བ་གཅིག །ཡིད་འོང་ངང་པའི་སྡེབ་སྦྱོར་ཡིན། །ས་དང་ཛ་དང་ཡང་ས་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོ་ན། ངང་པའི་རྒྱལ་པོ་གཤོག་པ་ཁྲ་བོའི་རོ་དང་མཚུངས་པའི་ཕྱིར་ཡིད་དུ་འོང་བ་ཞེས་བྱ་སྟེ། འདབ་བཀྲ་ངང་པ་ཞེས་ཀྱང་བྱར་རུང་ངོ༌། །ས་ཛ་གཉིས་ལྡབས་མཐར་ལྕི་བ། །ཚིགས་སུ་བཅད་པ་འཇམ་པའི་ངག །ས་དང་ཛ་དང་ཡང་ས་དང་ཛའི་མཐར་ལྕི་བ་གཅིག་ཡོད་ན། སྡེབ་སྦྱོར་དེ་ནི་འཇམ་པའི་ངག་ཅེས་མཁས་པ་རྣམས་ལ་གྲགས་སོ། །བསྟན་བཅོས་གཞན་ལས་འོད་ལྡན་ཞེས་བྱ་བ་དང༌། མངག་གཞུག་ཅེས་འདོན་པ་ཡོད་དོ།། །།ཡི་གེ་བཅུ་བཞི་པ་ནུས་ལྡན་ལ་ཕྱེ་ན། མ་མཐར་ལྕི་གཉིས་ན་གཉིས་མ། །རྐང་ལྡན་དེ་ནི་གནོད་མེད་ཡིན། །མའི་ཡི་གེའི་མཐར་ལྕི་བ་གཉིས་དང་ན་གཉིས་ཀྱི་མཐར་མའི་ཡི་གེ་གཅིག་ཡོད་ན་རྐང་ལྡན་དེ་ལ་མིང་གནོད་མེད་ཅེས་གྲགས་སོ། །རྐང་ལྡན་ནི་ཚིགས་སུ་བཅད་པ་ཞེས་བྱ་བའི་དོན་ཏོ། །ན་གཉིས་ལྕི་མཐར་ཛ་གཉིས་ལྕི། །བདུན་འཇོག་གཞན་གྱིས་མི་ཐུབ་པ། །ན་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ཅིང་ཛ་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ལ་ཡི་གེ་བདུན་པའི་གནས་སུ་ངལ་བསོ་ན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་རྐང་ལྡན་དུ་འགྱུར་རོ། །ན་གཉིས་ལྕི་བ་ལན་གཉིས་བསྒྱུར། །མཚོན་ཆ་ཁ་འབུས་བདུན་པར་འདོད། །ན་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ལ་སླར་ཡང་ན་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ན། སྔ་མ་ལྟར་ཡི་གེ་བདུན་པའི་གནས་སུ་ངལ་བསོ་ན་མཚོན་ཆ་ཁ་འབུས་ཞེས་བྱའོ། །ཏ་བྷ་ཛ་གཉིས་ལྕི་བ་གཉིས། །དཔྱིད་ཀྱི་ཐིག་ལེ་རྐང་བཞི་པ། །ཏ་དང་བྷའི་མཐར་ཛ་གཉིས་དང་ལྕི་བ་གཉིས་སྦྲེལ་བ་ནི་དཔྱིད་ཀྱི་ཐིག་ལེ་ཞེས་བྱའོ། །རྐང་པ་བཞི་པ་ནི་ཚིགས་སུ་བཅད་པ་ཞེས་བྱ་བའི་རྣམ་གྲངས་སོ། །ས་མཐར་ཡང་ལྕི་ན་ར་གཉིས། །མདའ་དང་གཟར་སྡོད་ནོར་འཛིན་ཡིན། །སའི་མཐར་ཡང་བའི་ཡི་གེ་གཅིག་དང་ལྕི་བའི་གཅིག་དང་ན་དང་དེ་ནས་རའི་ཡི་གེ་གཉིས་སྦྲེལ་ནས། ཡི་གེ་ལྔ་པ་དང་དགུ་པའི་གནས་སུ་ངལ་བསོ་བའི་རྐང་བཞི་པ་ནི་ནོར་འཛིན་ཅེས་བྱའོ། །བསྟན་བཅོས་གཞན་ལས་ཀུནྡ་ཅན། །ཤ་ར་བྷ། ལྷ་ཉིད་ཅེས་བྱ་བ་མཚན་ཉིད་གཞན་པ་ཡང་སྣང་ངོ༌།། །།ཡི་གེ་བཅོ་ལྔ་པ་ཤིན་ཏུ་ནུས་ལྡན་ལ་ཕྱེ་ན། ཡང་བ་བཅུ་བཞི་སྦྲེལ་བའི་མཐར། །གཅིག་ལྕི་རི་བོང་ཅན་གྱི་ཆ། །ཡང་བའི་ཡི་གེ་བཅུ་བཞིའི་མཐར་ལྕི་བ་གཅིག་སྦྱར་ནས་བར་དུ་ངལ་བསོ་བའི་གནས་མེད་པ་ནི། རི་བོང་ཅན་གྱི་ཆ་ཞེས་གྲགས་སོ། །དེ་ཉིད་རོ་དང་གཟའ་གནས་སུ། །ངལ་བསོ་བ་ནི་མེ་ཏོག་ཕྲེང༌། །རི་བོང་ཅན་གྱི་ཆའི་སྡེབ་སྦྱོར་ཉིད་ལ་ཡི་གེ་དྲུག་པ་དང་དགུ་པའི་གནས་སུ་ངལ་བསོ་ན་མེ་ཏོག་ཕྲེང་བ་ཞེས་བྱ་བར་འགྱུར་རོ། །དེ་ཉིད་ནོར་ལྷ་ཐུབ་པ་རུ། །གནས་པ་ཡོན་ཏན་ནོར་བུའི་ཚོགས། །སྔ་མའི་སྡེབ་སྦྱོར་དེ་ཉིད་ལ། །ཡི་གེ་བརྒྱད་པ་དང་བདུན་པར་ངལ་བསོ་ན་ཡོན་ཏན་ནོར་བུའི་ཚོགས་ཞེས་བྱ་བར་སྡེབ་སྦྱོར་མཁན་རྣམས་ལ་གྲགས་སོ། །ན་གཉིས་ལྕི་གཉིས་ར་གཉིས་ལྕི། །ནོར་དང་རིར་འཇོག་ཕྲེང་ལྡན་མ། །ན་གཉིས་དང་ལྕི་བ་གཉིས་དང་ར་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་པའི་རྐང་པ་ཅན་ལ། ཡི་གེ་བརྒྱད་པ་དང་བདུན་པར་ངལ་བསོ་བ་ནི་ཕྲེང་ལྡན་མ་ཞེས་བྱའོ། །ན་ཛ་བྷ་ཛ་ར་སྦྲེལ་ལེགས། །རྒྱ་མཚོ་ཞེས་བྱའི་ཚིག་ལྡན་ཡིན། །ན་དང་ཛ་དང་བྷ་དང་ཛ་དང་ར་རྣམས་ཚིག་མཁན་གྱིས་བསྡེབས་ལེགས་པར་གྱུར་ན་རྒྱ་མཚོ་ཞེས་བྱ་བའི་སྡེབ་སྦྱོར་རོ། །ཚིགས་ལྡན་ཞེས་བྱ་བའང་ཚིགས་སུ་བཅད་པ་ཞེས་བྱ་བའི་ཐ་ཚིག་གོ །སྡེབ་སྦྱོར་གཞན་ལས་ལུས་མེད། །རྣམ་བསྒྱིངས། འདོད་ལྡན་མ། བདེ་འགྲོ་དགའ། ནོར་བུ་ཡོན་ཏན་ཚོགས་ཞེས་འདོན་པ་ཡང་ཡོད་དོ།། །།ཡི་གེ་བཅུ་དྲུག་པ་ལེགས་སྤྱོད་ཅེས་བྱ་བ་ལ་ཕྱེ་ན། བྷ་ར་ཡང་དང་ན་གཉིས་ས། །གླང་ཆེན་མཆོག་རྩེན་རི་བུག་སྡོད། །བྷ་དང་ར་དང་དེའི་མཐར་ཡང་བ་གཅིག་དང་དེ་ནས་ན་གཉིས་ཀྱི་མཐར་ས་གཅིག་ཡོད་ཅིང་ཡི་གེ་བདུན་པ་དང་དགུ་པ་ལ་ངལ་བསོ་ན། ཁྱུ་མཆོག་གླང་ཆེན་རྩེན་པ་ཞེས་གྲགས་སོ། །གླང་ཆེན་མཆོག་རྩེན་ཅེས་སྦྱར་བ་ནི། ཚིགས་སུ་བཅད་པ་བསྡེབས་པའི་ངོར་བས་སོ། །ན་ཛ་བྷ་ཛ་ར་ལྕི་བ། །ལེ་བརྒན་རྩི་ཞེས་རྒྱུད་མཁན་འདོད། །ན་དང་ཛ་དང་བྷ་དང་ཛ་དང་རའི་མཐར་ལྕི་བ་གཅིག་ཡོད་ན་མེ་ཏོག་ལེ་བརྒན་རྩི་ཞེས་འདོད་དེ། རྒྱུད་མཁན་ནི་ཚིག་གི་ཕྲེང་བ་རྒྱུད་མཁས་པའི་ཕྱིར་སྡེབ་སྦྱོར་མཁན་ནོ། །གཞན་ལས་ནི་དེ་དང་མཚན་ཉིད་མི་འདྲ་བ་འགའ་ཞིག་ལ། མི་གཡོ་བརྟན། ཀུ་པ་ལ་ལོ་མ་བཀོད་པ། གཞོན་ནུའི་རྩེ་འཇོ། དགེ་བྱེད། རབ་མཆོག་རོལ་པ་ཞེས་གྲགས་པ་ཡང་ཡོད་དོ།། །།ཡི་གེ་བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད་ལ་ཕྱེ་ན། ཡ་མུ་ན་ས་བྷ་ཡང་ལྕི། །རྩེ་ལྡན་མ་སྟེ་རོ་དྲག་སྡོད། །ཡ་དང་མུ་དང་ན་དང་ས་དང་བྷའི་མཐར་ཡང་བ་གཅིག་དང་ལྕི་བ་གཅིག་ཡོད་ལ། ཡི་གེ་དྲུག་པ་དང་བཅུ་གཅིག་པ་ལ་སྡོད་ཅིང་ངལ་བསོ་ན་རྩེ་མོ་ཅན་མ་ཞེས་བྱའོ། །མུའི་ཨུ་ནི་ངལ་བསོ་བའི་གནས་ངེས་པར་བྱ་བའི་བརྡ་སྦྱར་བའོ། །ཛ་ས་ཡང་ལྕི་ན་ར་གཉིས། །ཡངས་ལྡན་ནོར་ལྷ་བུ་གར་སྡོད། །ཛ་དང་སའི་མཐར་ཡང་བ་དང་ལྕི་བའི་ཡི་གེ་ཡོད་ལ། དེ་ནས་ན་གཅིག་དང་རའི་ཡི་གེ་གཉིས་ཡོད་ཅིང༌། ཡི་གེ་བརྒྱད་པ་དང་དགུ་པར་ངལ་བསོ་ན་ཡངས་ལྡན་ཞེས་བྱའོ། །ཡངས་ལྡན་ནི་སའི་མིང་གི་རྣམ་གྲངས་ཏེ། འདིར་ས་གཞི་ཞེས་བྱ་བར་ཡང་རུང་ངོ༌། །དེ་ཉིད་ལག་པ་ཡོན་ཏན་དང༌། །ཚིག་མཐར་སྡོད་ན་བདུད་རྩི་ཡིན། །སྡེབ་སྦྱོར་སྔ་མ་ཉིད་ལ་ཡི་གེ་གཉིས་པ་དང༌། དེ་ནས་གསུམ་པ་དང༌། དེ་ནས་ཚིག་རྫོགས་པའི་གནས་སུ་ངལ་བསོ་ན་བདུད་རྩི་ཞེས་གྲགས་སོ། །བྷ་ར་ན་ལྕི་ན་ན་ལྕི། །སྨྱུག་འདབ་ལྟུང་བ་ཕྱོགས་ཐུབ་སྡོད། །བྷ་དང་ར་དང་ནའི་མཐར་ལྕི་བ་གཅིག་དང་ཡང་ན་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ཅིང་ཡི་གེ་བཅུ་པ་དང་བདུན་པའི་གནས་སུ་ངལ་བསོ་ན་སྨྱུག་འདབ་ལྟུང་ཞེས་བྱའོ། །ན་སུ་མ་ལྕི་ཛ་གཉིས་ལྕི། །རོ་ཆུ་དབྱངས་སྡོད་རི་དྭགས་མོ། །ན་དང་ས་དང་མ་དང་ལྕི་བ་གཅིག་དང༌། དེ་ནས་ཛ་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ཅིང་ཡི་གེ་དྲུག་པ་དང༌། དེ་ནས་བཞི་པ་དང༌། དེ་ནས་བདུན་པ་ལ་ངལ་བསོ་ན་རི་དྭགས་མོ་ཞེས་འདོད་དོ། །སུའི་ཨུ་ནི་ངལ་བསོ་བའི་བརྡའོ། །མ་ལྕི་ན་སུ་ར་གཉིས་ལྕི། །ཆུ་དུས་རིར་འཇོག་དལ་གྱིས་གནོན། །མའི་མཐར་ལྕི་བ་དང་ན་དང་ས་དང་ར་གཉིས་དང་ལྕི་བ་ཡོད་ཅིང༌། ཡི་གེ་བཞི་པ་དང༌། དེ་ནས་དྲུག་པ་དང༌། དེ་ནས་བདུན་པ་ལ་ངལ་བསོ་ན་དལ་གྱིས་གནོན་ཞེས་བྱའོ། །ན་ཛ་ལྕི་ན་བྷུ་བྷ་ལྕི། །རི་རོ་ཆུར་སྡོད་ཁུ་བྱུག་ཡིན། །ན་དང་ཛའི་མཐར་ལྕི་བ་དང་ན་དང་བྷ་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ཅིང༌། ཡི་གེ་བདུན་པ་དང་དྲུག་པ་དང་བཞི་པར་ངལ་བསོ་ན་ཁུ་བྱུག་ཅེས་བྱའོ། །གཞན་ལ་ས་ན་རྐུ་ཊ་དང༌། ནོར་རྒྱུན་དང༌། རབ་དབྱངས་ཞེས་སྦྱོར་བའང་ཡོད་དོ།། །།ཡི་གེ་བཅོ་བརྒྱད་པ་བརྟན་འཛིན་ལ་ཕྱེ་ན། མ་དང་ལྕི་གཉིས་ན་སུ་ར། །ར་ལྕི་འཁྲི་ཤིང་གནས་གསུམ་སྡོད། །མའི་མཐར་ལྕི་བ་གཉིས་དང་ན་དང་སའི་མཐར་ར་གཉིས་དང་ལྕི་བ་གཅིག་ཡོད་ཅིང༌། ཡི་གེ་ལྔ་པ་དང༌། དྲུག་པ་དང༌། བདུན་པར་ངལ་བསོ་བ་ནི། མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱའོ། །ན་གཉིས་ར་བཞི་སྦྲེལ་བ་ལ། །ལྕགས་མདའ་ཞེས་བྱའི་ཚིག་ལྡན་འབྱུང༌། །ངལ་མི་བསོ་བར་ན་གཉིས་དང་ར་ཡིག་བཞི་སྦྲེལ་བ་ལ་ལྕགས་མདའ་ཞེས་བྱའོ། །ཚིག་ལྡན་ནི་ཚིགས་སུ་བཅད་པའོ། །སྡེབ་སྦྱོར་གཞན་ལས་ཏ་མ་ལའི་འདབ་མ། མེ་ཏོག་རྣ་རྒྱན། ཙ་ར་ཙ་རི། མྱོས་པའི་རྩེ་འཇོ་ཞེས་གྲགས་པ་ཡང་ཡོད་དོ།། །།ཡི་གེ་བཅུ་དགུ་པ་ཤིན་ཏུ་བརྟན་འཛིན་ལ་ཕྱེ་ན། ཡ་མུ་ན་སུ་ར་གཉིས་ལྕི། །དུས་དྲུག་ལྟར་སྡོད་སྤྲིན་རྣམ་སྒྲོགས། །ཡ་དང་མ་དང་ན་དང་སའི་མཐར་ར་གཉིས་དང་ལྕི་བ་གཅིག་ཡོད་ཅིང༌། ཡི་གེ་དྲུག་པ་དང༌། ཡང་དྲུག་པ་དང༌། དེ་ནས་བདུན་པར་ངལ་བསོ་ན། །སྤྲིན་རྣམ་སྒྲོགས་ཞེས་བྱའོ། །མུ་དང་སུའི་ཨུ་ནི་ངལ་བསོ་བའི་གནས་ངེས་པར་བྱས་པའོ། །མ་ས་ཛ་སུ་ཏ་གཉིས་ལྕི། །ཉི་མ་རྟ་ལ་སྡོད་པ་སྟག །རྣམ་པར་རྩེན་པ་ཞེས་ཚིག་གི་ལྷག་མར་སྦྱར་རོ། །མ་དང་ས་དང་ཛ་དང་ས་དང་ཏ་གཉིས་ཀྱི་མཐར་ལྕི་བ་ཡོད་ཅིང་ཡི་གེ་བཅུ་གཉིས་པ་དང་བདུན་པར་ངལ་བསོ་ན་གཅན་གཟན་གཙོ་བོའི་རྣམ་པར་རྩེན་པ་ཞེས་བྱའོ། །གཅན་གཟན་གཙོ་བོའི་སྒྲ་སེང་གེ་དང་སྟག་གཉིས་ལ་འཇོག་པ་ལས། འདིར་ཤརྟུ་ལའི་སྒྲ་སྟག་ལ་སྦྱར་རོ། །སུའི་ཨུ་ནི་ངལ་བསོ་བའོ།། །།ཡི་གེ་ཉི་ཤུ་པ་བྱེད་ལྡན་ལ་ཕྱེ་ན། ཁ་མཛེས་མ་ར་ལྕི་ན་གཉིས། །ལྕི་དང་ཏ་སུ་གནས་གསུམ་སྡོད། །མ་དང་ར་དང་དེ་ནས་ལྕི་བའི་མཐར་ན་གཉིས་དང༌། ལྕི་བ་གཅིག་གི་མཐར་ཏ་དང་ས་ཡོད་ཅིང་ཡི་གེ་བདུན་པ་དང་ཡང་བདུན་པ་དང་དྲུག་པ་ལ་ངལ་བསོ་ན་ཁ་མཛེས་ཞེས་བྱའོ། །ར་ཛ་གསུམ་བསྒྲེས་ལྕི་དང་ཡང༌། །ཟླུམ་པོ་ཞེས་ནི་མཁས་རྣམས་འདོད། །ར་དང་ཛ་ལ་ན་གསུམ་དུ་བསྒྲེས་པའི་མཐར་ལྕི་བའི་ཡི་གེ་གཅིག་དང་ཡང་བ་གཅིག་བྱུང་ན་ཟླུམ་པོ་ཞེས་བྱ་བར་འགྱུར་ཏེ། ཟླུམ་པོའི་ངང་ཚུལ་དེ་ལ་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ལས་ནི་རོལ་ལྡན་མ་དང༌། སེང་གེ་རྣམ་པར་བསྒྱིངས་པ་ཞེས་སྦྱར་བ་ཡང་ཡོད་དོ།། །།ཉི་ཤུ་རྩ་གཅིག་པ་ར་བཏུ་བྱེད་ལྡན་ལ་ཕྱེ་ན། མ་ར་ན་གཉིས་ར་གཉིས་ལྕི། །བདུན་པར་ལྕི་སྡོད་ཕྲེང་རྒྱུད་འཛིན། །མ་དང་རའི་མཐར་ལྕི་བ་གཅིག་དང་ཡང་ན་གཉིས་ཀྱི་མཐར་ལྕི་བ་གཅིག་དང་ཡང་ར་གཉིས་ཀྱི་མཐར་ལྕི་བ་གཅིག་ཡོད་ཅིང༌། ཡི་གེ་བདུན་པ་གསུམ་གྱི་གནས་སུ་ངལ་བསོ་ན་མེ་ཏོག་ཕྲེང་རྒྱུད་འཛིན་ཅེས་བྱའོ། །གཞན་ལས་དེ་དང་ཡི་གེ་མཉམ་ལ་སྡེབ་སྦྱོར་མི་འདྲ་བ་ལ་མཛེས་ལྡན་མ་ཞེས་འདོད་པ་ཡང་ཡོད་དོ།། །།ཡི་གེ་ཉི་ཤུ་རྩ་གཉིས་པ་ཀུན་བྱེད་ལ། བྷ་ར་ན་ལྕི་ཛ་སུ་གཉིས། །ཟབ་མོའི་དབྱངས་ཞེས་རབ་ཏུ་གྲགས། །བྷ་ར་ནའི་མཐར་ལྕི་བ་གཅིག་དང༌། དེ་ནས་ཛ་སུ་ཛ་སུ་ཡོད་ན་ཟབ་མོའི་དབྱངས་ཞེས་བྱ་བའི་སྡེབ་སྦྱོར་རོ།། །།ཡི་གེ་ཉི་ཤུ་རྩ་གསུམ་པ་རྣམ་བྱེད་ལ་ཕྱེ་ན། ན་ཛ་བྷ་ཡང་ལྕི་ཛ་ས། །ཛ་སུ་གཉིས་སྡོད་རྟ་རོལ་པ། །ན་ཛ་བྷའི་མཐར་ཡང་བ་དང་ལྕི་བ་ཡོད་ཅིང་ཛ་ས་ལན་གཉིས་སྦྲེལ་བ་ལ་ཡི་གེ་བཅུ་གཅིག་པ་དང༌། དེ་ནས་བཅུ་གཉིས་པའི་མཐར་ངལ་བསོ་བ་ཡོད་ན་རྟ་རོལ་པ་ཞེས་བྱའོ། །མྱོས་རྩན་མ་གཉིས་ལྕི་གཉིས་ན། །ཡང་གཉིས་ན་གསུམ་ལྕི་གསུམ་སྡོད། །མ་གཉིས་ཀྱི་མཐར་ལྕི་བ་གཉིས་དང་ནའི་མཐར་ཡང་བ་གཉིས་དང༌། དེ་ནས་ན་གསུམ་གྱི་མཐར་ལྕི་བ་གཅིག་ཡོད་ལ། བརྒྱད་པ་དང༌། ལྔ་པ་དང༌། བཅུ་པར་ངལ་བསོ་ན་མྱོས་མ་རྩེན་པ་ཞེས་བྱའོ།། །།ཉི་ཤུ་རྩ་བཞི་པ་ལེགས་བྱེད་ལ། ལུས་ཕྲ་བྷ་ལྕི་ལྕི་དང་ན་གཉིས་ལྕི་བ་བྷ་གཉིས་ན། །ཡུ་རྣམས་མདའ་དང་དབྱངས་དང་ཉི་མར་སྡོད། །བྷ་ལྕི་ལྕི་ན་ན་ལྕི་བྷ་བྷ་ན་ཡ་རྣམས་ལ་ཡི་གེ་ལྔ་པ་དང༌། བདུན་པ་དང་བཅུ་གཉིས་པར་ངལ་བསོ་ན་ལུས་ཕྲ་ཞེས་བྱ་བའི་སྡེབ་སྦྱོར་དུ་འགྱུར་རོ།། །།ཉི་ཤུ་རྩ་ལྔ་པ་ཤིན་ཏུ་ལེགས་བྱེད་ལ། བྷ་ལྕི་ལྕི་དང་བྷ་དང་ལྕི་གཉིས་ན་གཉིས་ཡང་བ་གཉིས། །ན་གཉིས་ལྕི་བ་བཞི་འཇོག་ཁྲུང་ཁྲུང་རྐང༌། །བྷ་ལྕི་ལྕི་བྷ་ལྕི་ལྕི་ན་ན་ཡང་ཡང་ན་ན་ལྕི་བའི་ཡི་གེ་རྣམས་ལ་བཞི་རུ་འཇོག་པ་སྟེ། ཡི་གེ་ལྔ་དང༌། ལྔ་དང༌། བརྒྱད་དང་བདུན་པའི་གནས་སུ་ངལ་བསོ་ན་ཁྲུང་ཁྲུང་རྐང་ཞེས་བྱའོ།། །།ཡི་གེ་ཉི་ཤུ་རྩ་དྲུག་པ་ལྷག་པར་ལེགས་བྱེད་ལ་དབྱེ་ན། མ་གཉིས་ལྕི་གཉིས་ན་གཉིས་ཡང་གཉིས་སུ་དང་ཛ་ཡིག་གཉིས། །ལྕི་བ་བཞི་སྡོད་ལྟོས་འགྲོ་རྣམ་པར་བསྒྱིངས། །མ་མ་ལྕི་ལྕི་ན་ན་ཡང་ཡང་སུ་ཛ་ཛ་ལྕི་བའི་ཡི་གེ་རྣམས་ལ་བཞིར་སྡོད་པ་སྟེ། ནོར་ལྷ་དང༌། མྱོས་བྱེད་དང༌། སྲེད་བྱེད་དང༌། ཐུབ་པ་རྣམས་ལ་ངལ་བསོ་བ་ནི་ལྟོས་འགྲོ་རྣམ་བསྒྱིངས་ཞེས་བྱའོ། །མ་ཡི་རྗེས་སུ་ན་ཡིག་དྲུག་སྦྲེལ་ས་མཐར་གཉིས་ལྕི་བ། །དགུ་དང་དྲུག་དྲུག་ལྔར་འཇོག་བཟློག་ཕྱོགས་འབབ། །མའི་མཐར་ན་དྲུག་གི་མཐར་ས་གཅིག་དང་ལྕི་བ་གཉིས་ཡོད་ལ། །ཡི་གེ་དགུ་པ་དང༌། དྲུག་དང༌། དྲུག་དང་ལྔ་པ་ལ་ངལ་བསོ་ན་བཟློག་ཕྱོགས་འབབ་ཅེས་བྱ་བར་གྲགས་སོ། །རྩ་བའི་ཚིགས་སུ་བཅད་པ་ཕྱི་མ་གཉིས་པོ་འདི་འཕགས་པའི་སྡེབ་སྦྱོར་ཡིན་པས་ཡི་གེ་མང་ཉུང་ཅན་གྱི་རྐང་པ་ནི་ཆེད་དུ་བསྒྲུབས་པ་ཡིན་ནོ། །སློབ་དཔོན་ཡེ་ཤེས་དཔལ་གྱིས་ནི། དེ་དང་ཡི་གེ་མཉམ་ལ་མཚན་ཉིད་མི་འདྲ་བ་ཞིག་ཆར་སྤྲིན་རོལ་པ། དེ་དང་སྡེབ་སྦྱོར་ཅུང་ཟད་མི་འདྲ་བ་ཞིག་རབ་བསགས།། །།དེ་ནས་ཡི་གེ་ཉི་ཤུ་རྩ་བརྒྱད་པ་རབ་འཕེལ། རྩ་དགུ་པ་རབ་ཚ་འཆར། སུམ་ཅུ་པ་རོལ་པ་འཕེལ་ཞེས་བཤད་དོ།། །།རྩ་བ་བསྡུས་པའི་སྡེབ་སྦྱོར་རྣམས། །རིན་ཆེན་འབྱུང་གནས་ལུགས་བཞིན་སྤེལ། །དེ་ལས་གཞན་པའི་སྡེབ་སྦྱོར་མིང༌། །བཤད་པ་གཞན་གྱི་དགོངས་པ་ཡིན། །ཡི་གེ་མངས་པས་འཇིགས་པ་དང༌། །བལྟ་བར་ནུས་པའང་དཀའ་བས་ན། །སྡེབ་སྦྱོར་གཞན་གྱི་མཚན་ཉིད་རྣམས། །རེ་ཞིག་ཁོ་བོས་བཏང་སྙོམས་བྱས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ད་ནི་ཚིགས་སུ་བཅད་པའི་ཁོངས་སུ་གཏོགས་པ་རྒྱུན་ཆགས་ཀྱི་བྱེ་བྲག་བཅད་པའི་མཚན་ཉིད་བཤད་པར་བྱའོ། །ཡི་གེ་ཉི་ཤུ་རྩ་བདུན་ནས། །འབྲེལ་ལྡན་སྡེབ་སྦྱོར་རྒྱུན་ཆགས་ཡིན། །ཡི་གེ་ཉི་ཤུ་རྩ་བདུན་ནས་བཟུང་སྟེ་སྡེབ་སྦྱོར་གྱི་མཚན་ཉིད་རྗེས་སུ་འབྲེལ་པ་གང་ལ་ཡོད་པ་དེ་ནི་རྒྱུན་ཆགས་པ་ཡིན་ལ། དེ་ལ་དབྱེ་ན། ན་གཉིས་ར་བདུན་སྦྱར་བ་ནས། །ཇི་སྲིད་ར་ནི་བཅུ་བཞིའི་བར། །རེ་རེ་སྤེལ་བས་གཏུམ་པ་ནས། །དུང་གི་བར་དུ་གྲགས་པ་ཡིན། །དེ་ལ་ཐོག་མར་ན་གཉིས་དང་ར་བདུན་སྦྲེལ་བ་ནི་གཏུམ་པའི་ཆར་འབེབས་སོ། །དེ་ཉིད་ལ་གཅིག་སྤེལ་ཏེ་ར་བརྒྱད་དུ་སྦྲེལ་བ་ནི་ཆུ་རྒྱུན་ནོ། །དེ་ཉིད་ལ་ར་དགུ་སྦྲེལ་བ་ནི་ཆུ་གཏེར་རོ། །དེ་བཞིན་དུ་ར་བཅུར་སྦྲེལ་བ་ནི་སྦྲུལ་ལོ། །ར་བཅུ་གཅིག་པ་ནི་ཆར་སྤྲིན་ནོ། །ར་བཅུ་གཉིས་པ་ནི་རོལ་པའི་འབྱུང་གནས་སོ། །ར་བཅུ་གསུམ་པ་ནི་ཤིན་ཏུ་ཀླུབས་སོ། །ར་བཅུ་བཞི་པ་ནི་དུང་ངོ༌། །རབ་བསགས་རྒྱུན་ཆགས་འདྲ་བ་ལ། །འོན་ཀྱང་ཁྱད་པར་ཡ་ལ་སྦྱོར། །རྒྱུན་ཆགས་པ་ཇི་ལྟ་བར་རབ་བསགས་ལ་ཡང་ཤེས་པར་བྱ་སྟེ། འོན་ཀྱང་ཁྱད་པར་ནི་ན་གཉིས་སྔ་མ་དང་འདྲ་བ་ལ། རའི་གནས་སུ་ཡ་བདུན་སྦྱར་བ་ལ་གཏུམ་པའི་ཆར་འབེབས། ཡ་བརྒྱད་པ་ལ་ཆུ་རྒྱུན། དགུ་པ་ལ་ཆུ་གཏེར་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །མཉམ་པའི་རྒྱུད་འཕེལ་བཤད་ཟིན་ཏོ། །ད་ནི་གཉིས་པ་ཕྱེད་མཉམ་པའི་རྒྱུད་འཕེལ་བཤད་པར་བྱའོ། །དེའང༌། ཚིག་རྐང་ཟླ་བ་ཡོད་ཏན་མཚུངས། །ལག་པ་རྒྱ་མཚོའི་མཚན་ཉིད་གཅིག །ཕྱེད་མཉམ་སྤྱི་ཡི་མཚན་ཉིད་ཡིན། །ཚིགས་སུ་བཅད་པ་ཕྱེད་མཉམ་པ་ཞེས་བྱ་བ་སྤྱིའི་མཚན་ཉིད་ནི། རྐང་པ་བཞི་པོའི་ཕྱེད་སྡེབ་སྦྱོར་འདྲ་ལ་ཕྱེད་མི་འདྲ་བ་སྟེ། དེའང་རྐང་པ་དང་པོ་དང་གསུམ་པ་མཚན་ཉིད་གཅིག་ཅིང༌། གཉིས་པ་དང་བཞི་པ་མཚན་ཉིད་གཅིག་པ་ཡིན་ནོ། །མཚན་ཉིད་མི་གཅིག་པ་དང་ཡི་གེ་མཉམ་ཡང་རུང་མི་མཉམ་ཡང་རུང་སྟེ། སྡེབ་སྦྱོར་གྱི་མཚན་ཉིད་མི་གཅིག་པ་ལ་བྱའོ། །དེའི་མཚན་ཉིད་རྣམ་པར་འཇོག་པ་ན། འདིར་རྐྱང་པ་དང༌། ཡང་བ་དང༌། ཁ་ཡར་བ་དང༌། མི་མཚུངས་པ་ནི་རྣམ་གྲངས་སོ། །ཟུང་དང༌། ཆ་དང༌། འཆམ་པ་དང༌། ཕྲུགས་དང༌། མཚུངས་པ་ནི་རྣམ་གྲངས་སོ། །དཔེར་ན། ས་གསུམ་ལ་ག་ཟུང་མིན་ལ། །ཟུང་ལ་བྷ་གསུམ་ག་གཉིས་པ། །འདི་ནི་ཉེར་བཀྲའི་སྡེབ་སྦྱོར་ཡིན། །མཚན་ཉིད་འདི་དང་ལྡན་ན་ཉེ་བར་བཀྲ་བ་ཞེས་བྱ་བར་འགྱུར་རོ། །དེ་སྐད་དུའང་ཕྱེད་མཉམ་པའི་རྒྱུད་འཕེལ་ལ། མདོ་ཕྱེད་པ་ལན་གཉིས་སུ་བསྐོར་བའི་ཚིགས་སུ་བཅད་པ་བྱའོ། །ཞེས་འབྱུང་བས་སོ། །དེ་ལྟ་བུའི་རིགས་པས་སྦྱར་ལ། །རྐྱང་པ་བྷ་གསུམ་གཉིས་དང༌། །ན་ཛ་ཛ་ཡ་ཕྲུགས་ལ་སྦྲེལ། །མྱུར་བའི་དབུས་ཞེས་མཁས་རྣམས་འདོད། །རྐྱང་པ་ལ་ཡི་གེ་བཅུ་གཅིག་དང༌། ཟུང་ལ་བཅུ་གཉིས་ཡོད་པ་ནི་མྱུར་བའི་དབུས་ཞེས་བྱའོ། །རྐྱང་པ་ས་གསུམ་ག་ཟུང་ལ། །བྷ་གསུམ་ག་གཉིས་ཤུགས་ལྡན་མ། །རྐྱང་པ་ལ་ཡི་གེ་བཅུ་དང༌། ཟུང་ལ་ཡི་གེ་བཅུ་གཅིག་ཡོད་པ་ནི་ཤུགས་ལྡན་ནོ། །ཏ་ཛ་ར་ག་རྐྱང་ཟུང་ལ། །མ་སང་ག་ག་བཟང་སྣང༌། །རྐྱང་པ་ལ་བཅུ་དང༌། འཆམ་པ་ལ་བཅུ་གཅིག་ཡོད་ན་བཟང་པོའི་སྣང་བའོ། །ཏོག་ལྡན་ས་ཛ་ས་ལྕི་རྐྱང༌། །ཕྲུགས་ལ་བྷ་ར་ན་གཉིས་ལྕི། །དེ་དང་ཡི་གེ་མཚུངས་ལ་མཚན་ཉིད་མི་འདྲ་བ་གཞན་ནི་ཏོག་ལྡན་ནོ། །ཀུན་བསྒྲགས་ཏ་གཉིས་ཛ་ག་ག །ཟུང་ལ་ཛ་ཏ་ཛ་ག་ག་རྣམས་མཉམ་མཚུངས་པར་ཡི་གེ་བཅུ་གཅིག་ཡོད་པའི་རྐང་པ་ནི་ཀུན་བསྒྲགས་སོ། །ཡར་འཆམ་དེ་ལས་བཟློག་པ་ནི། །བཟློག་པའི་ཀུན་བསྒྲགས་ཞེས་སུ་གྲགས། །ཁ་ཡར་བ་ལ་ཛ་ཏ་ཛ་ག་ག་དང༌། འཆམ་པ་ལ་ཏ་ཏ་ཛ་ག་ག་ཡོད་ན་བཟློག་པའི་ཀུན་བསྒྲགས་སོ། །ཀུན་བསྒྲགས་གཉིས་ཀའང་ཉེར་འཁྲུངས་ཀྱི་དབྱེ་བར་བཤད་དོ། །ས་གསུམ་ཡང་ལྕི་རྐྱང་པ་ལ། །ན་བྷ་བྷ་ར་ཟུང་རི་དྭགས། །མཆོངས་པ་ཞེས་ཚིག་གི་ལྷག་མའོ། །ཡར་བ་ལ་ཡི་གེ་བཅུ་གཅིག་དང༌། འཆམ་པ་ལ་བཅུ་གཉིས་ཡོད་ན་རི་དྭགས་མཆོངས་པ་ཞེས་བྱའོ། །ན་གཉིས་ར་ལ་ག་རྐྱང་པར། །ཟུང་ལ་ན་ཛ་ཛ་ར་ཁ། །ཡར་བ་ལ་བཅུ་གཅིག་དང༌། ཟུང་ལ་བཅུ་གཉིས་ཡོད་ན་ཁ་ཞེས་བྱ་སྟེ། སྒྲ་འབྱུང་ཞེས་བྱ་བ་ཡང་ཁའི་རྣམ་གྲངས་སོ། །ན་གཉིས་ར་ཡ་རྐྱང་ཟུང་ལ། །ན་ཛྫ་ར་ག་མེ་ཏོག་རྒྱས། །རྩེ་མོ་ཞེས་ཚིག་གི་ཁ་སྐོང་ངོ༌། །ཡར་བ་ལ་བཅུ་གཉིས་དང༌། འཆམ་པ་ལ་བཅུ་གསུམ་ཡོད་ན་མེ་ཏོག་རྒྱས་པའི་རྩེ་མོ་ཞེས་བྱའོ། །ཛ་གཉིས་བརྩེགས་པ་ནི་ཛ་གཉིས་ཀྱི་དོན་ཏོ། །འདི་གཉིས་རོ་ལངས་ཅན་གྱི་རབ་ཏུ་དབྱེ་བར་བཤད་དོ། །ནུས་ལྡན་རྐྱང་པར་ར་ཛ་གཉིས། །ཟུང་ལ་ཛ་ར་ལན་གཉིས་ག །སྔ་མ་དེ་དང་གྲངས་མཚུངས་ལ། །སྡེབ་སྦྱོར་མི་འདྲ་བ་གཞན་ནི་ནུས་ལྡན་མ་ཞེས་བྱའོ། །དེ་དག་ལས་མི་འདྲ་བས་སྡེབ་སྦྱོར་འགས་ཁྱད་པར་དུ་བྱས་པ་ལ་བྱིས་པ་རྩེན་པ་ཞེས་བྱ་བ་དང༌། དགའ་བར་སྨྲ་བ་ཞེས་སྡེབ་སྦྱོར་གཞན་ལས་བཤད་དོ། །རྐྱང་པ་ཉི་ཤུ་བརྒྱད་མཐར་ལྕི། །ཟུང་ལ་སུམ་ཅུའི་མཐར་ལྕི་བ། །གཙུག་ཕུད་ཅེས་བྱ་རྐྱང་པ་ལ་ཡང་བ་ཉི་ཤུ་རྩ་བརྒྱད་ཀྱི་མཐར་ལྕི་བ་གཅིག་ཡོད་ལ། འཆམ་པ་ལ་ཡང་བའི་ཡི་གེ་སུམ་ཅུའི་མཐར་ལྕི་བ་གཅིག་ཡོད་ཅིང་རོལ་སྒེག་དང་ལྡན་པའི་འགྲོས་ཡོད་ན་གཙུག་ཕུད་ཅེས་བྱའོ། །དེ་བཟློག་ན་རྐང་པ་འཁྱོག་པོ་ཞེས་བྱར་འགྱུར། ཟུང་དང་ཟུང་མིན་དེ་ལས་བཟློག་ན་རྐང་པ་འཁྱོག་པོ་ཞེས་བྱའོ། །འཐིང་པོ་ཞེས་ཀྱང་བཤད་དོ། །ཕྱེད་མཉམ་པའི་འཕེལ་བ་བཤད་ཟིན་ཏོ།། །།ད་ནི་མི་མཉམ་པའི་འཕེལ་བ་བཤད་པར་བྱ་སྟེ། སྡེབ་སྦྱོར་མཚན་ཉིད་མི་འདྲ་བའི། །རྐང་བཞི་ལྡན་པ་མི་མཉམ་པའོ། །རྐང་པ་བཞི་པོ་སོ་སོའི་ལྕི་ཡང་གི་སྦྱོར་བ་དང་ཡི་གེའི་རིམ་པ་མི་མཚུངས་པ་དེ་ནི་མི་མཉམ་པའོ། །དེའང་དབྱེ་ན། ཁ་སྒོ་དང་ནི་རྐང་བཞི་འཕེལ། །སྟེང་འགྲོ་དང་ནི་དལ་གྱིས་འགྲོ། །དེ་ལྟར་རྣམ་པ་བཞིའོ། །དེ་ལས་ཐོག་མར་ཁ་སྒོ་བཤད་ན། ཡི་གེ་བརྒྱད་ལས་བསྡེབས་པ་འགའ། །ཁ་སྒོ་བཟློག་ན་བླ་རེ་ཡིན། །འདི་ལྟར་ཡི་གེ་བརྒྱད་ལ་སྡེབ་སྦྱོར་མི་འདྲ་བ་ནི་ཁ་སྒོའོ། །དེ་ལས་ཅུང་ཟད་མི་འདྲ་བ་ནི་ཁ་སྒོ་ཕན་པའོ། །དེ་ལས་ཐོག་མར་བཟློག་པ་ནི་ཕན་པ་ཞེས་བྱའོ། །ཁ་སྒོ་ལས་བཟློག་པ་ནི་བཟློག་པའི་ཕན་པའོ། །ཁ་སྒོ་ལས་ཅུང་ཟད་ཕྱེ་བ་ནི་གྱ་གྱུ་ཅན་ནོ། །ཁ་སྒོའི་ཟུང་གི་རྐང་པར། བདུན་པ་ལ་ཡང་བའི་ཡི་གེ་བྱུང་ན། ཡངས་མ་ཞེས་དྲང་སྲོང་དམར་སེར་འདོད་དོ། །རྐང་པ་བཞི་ཀའི་བདུན་པར་ཡང་བ་བྱུང་ན་ཁ་སྒོ་ཡངས་མ་ཞེས་བྱ་སྟེ། དེ་སྐད་དུའང༌། གང་རྐང་པ་ཐམས་ཅད་ཀྱི་བདུན་པར་ཡང་བ་དེ་འདིར་ཁ་སྒོ་ཡངས་མ་སྟེ། དེ་ཉིད་སློབ་དཔོན་གྱི་ལུགས་སོ། །ཞེས་བཤད་པས་སོ། །ཁ་སྒོ་ཐམས་ཅད་ཀྱི་ཡི་གེ་བཞི་པ་ལས། བྷས་ཁྱད་པར་དུ་བྱས་ན་བྷ་ཡངས་ཞེས་བྱའོ། །དེ་བཞིན་དུ་བཞི་པ་ལས་ར་ཡོད་ན་ར་ཡངས་ཞེས་བྱའོ། །དེ་བཞིན་དུ་ན་ཡོད་ན་ཡངས་ཞེས་བྱའོ། །དེ་བཞིན་དུ་ཏ་ཡངས་དང་མ་ཡངས་ཀྱང་ཤེས་པར་བྱའོ། །ཁ་སྒོ་ལས་བཤད་པའི་མཚན་ཉིད་མི་འདྲ་བ་ཐམས་ཅད་ལ་བླ་རེ་ཞེས་བྱའོ། །སྡེབ་སྦྱོར་བ་ཕལ་ཆེར་འདི་ལས་དཀྱུས་སྦྱར་ཏེ་བྱེད་པར་གྲགས་སོ།། །།ད་ནི་རྐང་བཞི་འཕེལ་བ་བཤད་པར་བྱ་སྟེ། ཐོག་མའི་རྐང་པ་ཡི་གེ་བརྒྱད། །དེ་ལ་བཞི་བསྐྱེད་རྐང་བཞི་འཕེལ། །ཐོག་མའི་ཡི་གེ་བརྒྱད་ཁ་སྒོ་དང་འདྲ་ལ། དེ་ནས་ཡི་གེ་བཅུ་གཉིས་འཕགས་པ་དང་མཚུངས་སོ། །དེ་ནས་ཡི་གེ་བཅུ་དྲུག་དང༌། ཡི་གེ་ཉི་ཤུས་ཡང་འཕགས་པའི་ཕྱེད་དང་མཚུངས་ལ། སྣ་ཚོགས་པ་རྣམ་པར་སྦྱར་བས་ལེགས་པར་སྤྲས་པ་རོལ་སྒེག་དང་བཅས་པ་འདོན་པ་ན། རྣ་བ་དང་ཡིད་མངོན་པར་འཕྲོག་པ་ནི་རྐང་བཞི་འཕེལ་ལོ། །ཡི་གེའི་གྲངས་དེ་ཉིད་ལ་ཚིག་རྐང་གི་མཐར་ལྕི་བ་གཉིས་གཉིས་ཡོད་ཅིང་ལྷག་མ་ཐམས་ཅད་ཡང་བར་ཡོད་པ་ནི་ཀུན་ནས་བཙེར་བ་ཞེས་བྱའོ། །རྗེས་སུ་བཙེར་བ་ཞེས་ཀྱང་གྲགས་སོ། །དེ་ཉིད་ལས་རྐང་པ་དང་པོ་དང་གཉིས་པ་གོ་བསྣུར་བ་ནི་མེ་ཏོག་ཟླུམ་པོ་ཞེས་བྱའོ། །ཀུན་ནས་བཙེར་བའི་རྐང་པ་གཉིས་པ་དང་གསུམ་པ་ཡར་བསྣུར་ནས་གསུམ་པའི་གནས་སུ་དང་པོ་བཞག་པ་ནི་ཡུད་ཙམ་རོལ་པ་ཞེས་བྱའོ། །ཀུན་ནས་བཙེར་བའི་རྐང་པ་དང་པོ་རང་གི་གནས་སུ་འདུག་པ་ལ་གསུམ་པོ་བསྣུར་ནས་རོལ་སྒེག་དང་བཅས་པའི་གནས་སུ་ངལ་བསོ་བ་ནི་བདུད་རྩིའི་རྒྱུན་ཞེས་བྱའོ།། །།ད་ནི་སྟེང་འགྲོའི་མཚན་ཉིད་བཤད་པར་བྱ་སྟེ། སྔོན་གཉིས་ཕྱོགས་ཕྱོགས་བཞི་བཅུ་གསུམ། །གསུམ་པ་འགྱུར་བ་སྟེང་འགྲོ་ཡིན། །རྐང་པ་དང་པོ་གཉིས་ལ་ཡི་གེ་བཅུ་བཅུ་ཡོད། །གསུམ་པ་ལ་བཅུ་གཅིག བཞི་པ་ལ་བཅུ་གསུམ་ཡོད་ན་སྟེང་འགྲོ་ཞེས་བྱའོ། །རྐང་པ་གཞན་དེ་དང་འདྲ་བ་ལ། གསུམ་པ་ལ་ཡི་གེ་བཅུའི་སྡེབ་སྦྱོར་ཁྱད་པར་ཅན་ཡོད་པ་ནི་དྲི་ཞིམ་ལྡན་ཞེས་བྱའོ། །སྟེང་འགྲོ་ལྟ་བུ་ལ་གསུམ་པ་ལ་ཡི་གེ་བཅུ་གཉིས་པའི་སྡེབ་སྦྱོར་ཁྱད་པར་ཅན་ཡོད་པ་སྒེག་པའི་རྐང་པས་སྤྲས་པ་ན་རོལ་པ་ཞེས་སྙན་ངག་མཁན་རྣམས་འདོད་དོ།། །།རབ་ཏུ་དལ་འགྲོའི་མཚན་ཉིད་བཤད་པར་བྱ་སྟེ། བཅུ་བཞི་བཅུ་གསུམ་དགུ་ཉི་ཤུ། །གསུམ་པའི་རྐང་པ་སོ་སོར་འགྱུར། །དལ་འགྲོའི་མཚན་ཉིད་ཅེས་ཚིག་གི་ལྷག་མའོ། །རྐང་པ་དང་པོ་ལ་ཡི་གེ་བཅུ་བཞི། གཉིས་པ་ལ་བཅུ་གསུམ། གསུམ་པ་ལ་དགུ། བཞི་པ་ལ་ཉི་ཤུ་ཡོད་པའི་སྡེབ་སྦྱོར་ཁྱད་པར་ཅན་ནི་ཉེ་གནས་རབ་ཏུ་དལ་འགྲོ་ཞེས་བྱའོ། །རྐང་པ་གཞན་དེ་དང་འདྲ་བ་ལ། གསུམ་པ་ལ་ཡི་གེ་བཅོ་བརྒྱད་ཡོད་པའི་སྡེབ་སྦྱོར་ནི་འཕེལ་བ་ཅན་ཞེས་བྱའོ། །རྐང་པ་གཞན་དལ་འགྲོ་དང་མཚུངས་པ་ལ། གསུམ་པ་ལ་ཡི་གེ་དགུའི་སྡེབ་སྦྱོར་ཡོད་པ་ཡི་གེ་དང་པོ་ལ་ངལ་བསོ་བ་ནི་རབ་མཆོག་ལྡན་ཞེས་བྱ་སྟེ། དག་པའི་སྣང་བའི་བྱེ་བྲག་ཏུ་འགྱུར་རོ། །དེ་ལྟ་བུའི་སྡེབ་སྦྱོར་གྱིས་ཕྱེ་བ་འགའ་ཞིག་ལ་མཚན་མོ་ཞེས་ཁ་ཅིག་འདོད་དོ། །མི་མཉམ་པའི་འཕེལ་བ་བཤད་དེ་རྒྱུད་འཕེལ་གྱི་སྡེབ་སྦྱོར་བཤད་ཟིན་ཏོ།། །།ད་ནི་བསྐྱེད་པའི་སྡེབ་སྦྱོར་བཤད་པར་བྱའོ། །དེའང་འཕགས་པ་དང་ནི་རོ་ལངས་ཅན། །ཕྱི་མོ་མཉམ་པ་རྣམ་པ་གསུམ། །འཕགས་པ་ཕལ་ཆེར་མི་མཉམ་མཚུངས། །རོ་ལངས་ཅན་ནི་ཕྱེད་མཉམ་འདྲ། །ཕྱི་མོ་མཉམ་པ་མཉམ་པ་བཞིན། །དེ་དག་ཕྱི་མོ་བགྲང་བས་ཕྱེ། །སྔར་གྱི་རྒྱུད་འཕེལ་རྣམས་ནི་ལྕི་བ་དང་ཡང་བ་གཉིས་ཀ་མཚུངས་པར་ཡི་གེ་རེ་རེའི་ཁོངས་སུ་བགྲངས་ལ། པྲསྟཱ་ར་ཡང་ཡི་གེའི་ཕྲེང་ལྟར་དྲང་པོར་འདྲིའོ། །འཕགས་པ་ལ་སོགས་པ་བསྐྱེད་པའི་སྡེབ་སྦྱོར་རྣམས་ནི། ཨེ་ཨོ་ལ་སོགས་པ་ལྕི་བའི་ཡི་གེ་གཅིག་ཡིན་ཀྱང་ཕྱི་མོ་གཉིས་ཡོད་པས། པྲསྟཱ་ར་འདྲི་བ་ན་ཡི་གེ་གཉིས་གཉིས་སུ་བགྲངས་ནས། པྲ་སྟཱ་ར་ཡང་དུས་ཀྱི་འཁོར་ལོའི་དྷྲུ་བ་ཀ་ལྟར་འོག་ནས་འོག་ཏུ་འདྲི་བ་ཡིན་ཏེ། དཔེར་ན་འདི་ལྟ་བུའི་ཡི་གེའི་ཕྲེང་དུ་བྲིས་ནས་བརྩི་སྟེ། འོན་ཀྱང་བོད་ཀྱི་ལ་མི་ཉན་ཅིང༌། བོད་ལ་གོ་དཀའ་བས་བསྐྱེད་པའི་པྲསྟཱ་ར་སྐབས་འདིར་དཔེར་མ་བརྗོད་དོ། །དེ་དག་ཀྱང་འཕགས་པ་ནི་ཕལ་ཆེར་མི་མཉམ་པའི་རྒྱུད་འཕེལ་དང༌། ཕྱི་མོ་བགྲང་བ་མ་གཏོགས་པ་མཚུངས་སོ། །རོ་ལངས་ཅན་ནི་ཕལ་ཆེར་ཕྱེད་མཉམ་པའི་རྒྱུད་འཕེལ་དང་མཚུངས་སོ། །ཕྱི་མོ་མཉམ་པ་ནི་ཕལ་ཆེར་མཉམ་པའི་རྒྱུད་འཕེལ་དང་མཚུངས་པར་བཤད་དོ། །དེ་ལྟ་བུའི་འཕགས་པ་དེ་ཡང་འདིར་ཕྱི་མོ་བསྔོ་བ་ཡིན་མོད་ཀྱི། ཡི་གེའི་སྒོ་ནས་བོད་ལ་ཉེ་བར་མཚོན་ན། རྐང་པ་དང་པོ་ལ་ཡི་གེ་དགུ། གཉིས་པ་ལ་བཅུ་གཉིས། གསུམ་པ་ལ་བདུན། བཞི་པ་ལ་དགུ་ཡོད་པའི་བྱེ་བྲག་འགའ་ཞིག་ལ་ཕན་བྱེད་ཅེས་བྱའོ། །དང་པོ་ལ་བཅུ་གསུམ། གཉིས་པ་ལ་བདུན། གསུམ་པ་ལ་བདུན། བཞི་པ་ལ་དགུ་ཡོད་པའི་ཕྱི་མོ་མི་མཚུངས་པ་འགའ་ཞིག་ལ་ཡངས་མ་ཞེས་བྱའོ། །དང་པོ་ལ་བདུན་དང༌། གཉིས་པ་ལ་བཅུ་གཉིས། གསུམ་པ་ལ་བདུན། བཞི་པ་ལ་བཅུ་ཡོད་པ་འགའ་ཞིག་གཡོ་བ་ཞེས་བྱ་བར་འགྱུར་རོ། །དང་པོ་ལ་བདུན། གཉིས་པ་ལ་བཅུ་གསུམ། གསུམ་པ་ལ་བརྒྱད། བཞི་པ་ལ་བཅུ་གཅིག་ཡོད་པ་འགའ་ཞིག་ཁ་སྒོ་གཡོ་བ་ཞེས་བྱ་བར་འགྱུར་རོ། །དང་པོ་ལ་བདུན། གཉིས་པ་ལ་བཅུ་གཉིས། གསུམ་པ་ལ་བརྒྱད། བཞི་པ་ལ་བཅུ་བཞི་པ་ཞིག་ལ་ལུས་རྟེན་གཡོ་བ་ཞེས་བྱ་བར་འགྱུར་རོ། །དང་པོ་ལ་དགུ། གཉིས་པ་ལ་བཅུ་གཅིག གསུམ་པ་ལ་བདུན། བཞི་པ་ལ་བཅུ་བཞི་པ་ཞིག་དབྱངས་ཞེས་བྱ་བར་འགྱུར་རོ། །དང་པོ་ལ་བརྒྱད། གཉིས་པ་བཅུ་གཉིས། གསུམ་པ་ལ་བརྒྱད། བཞི་པ་ལ་བཅུ་པ་ཞིག་ཉེ་བའི་དབྱངས་ཞེས་བྱ་བར་འགྱུར་རོ། །དང་པོ་ལ་དྲུག གཉིས་པ་ལ་དགུ། གསུམ་པ་ལ་བདུན། བཞི་པ་ལ་བཅུ་གཉིས་པ་ཞིག་མཆོག་དབྱངས་ཞེས་བྱ་བར་འགྱུར་རོ། །དང་པོ་ལ་དགུ། གཉིས་པ་ལ་དགུ། གསུམ་པ་ལ་བདུན། བཞི་པ་ལ་བཅུ་གསུམ་པ་ཞིག་འཕགས་པའི་དབྱངས་ཞེས་བྱ་བར་འགྱུར་རོ། །རོ་ལངས་ཅན་གྱི་མཚན་ཉིད་ནི། དང་པོ་ལ་བཅུ་གཅིག གཉིས་པ་ལ་བཅུ། གསུམ་པ་ལ་བརྒྱད། བཞི་པ་ལ་བཅུ་གཅིག་པ་ཞིག་རོ་ལངས་ཅན་ནོ། །དེ་ལས་ཅུང་ཟད་ཁ་སྒོ་དང་འདྲེས་པ་ཞིག་ཉེ་བའི་སྡེབ་སྦྱོར་ཞེས་བྱའོ། །དེ་ལས་ཕྱི་མོ་མི་འདྲ་བ་འགའ་ཞིག་ཀུན་ནས་བསྲབས་པ་ཞེས་བྱའོ། །དེ་ལ་ཅུང་ཟད་བསྒྱུར་བ་ཞིག་སྔོན་འཕེལ་ཞེས་བྱའོ། །དེ་ལས་ཕྱེད་བསྒྱུར་བ་ཞིག་ཕྱི་འཕེལ་ཞེས་བྱའོ། །དེ་ཉིད་ལས་ཟུང་གི་རྐང་པ་བསྣུར་བ་ཞིག་རབ་འཕེལ་ཞེས་བྱའོ། །དེ་ལས་ཟུང་གི་རྐང་པ་གཞན་དུ་བསྒྱུར་བ་ནི་གཞན་གྱི་མཐའ་ཅན་ཞེས་བྱའོ། །རབ་འཕེལ་ལས་ཟུང་མིན་གྱི་རྐང་པ་བསྣུར་བ་ནི་མཛེས་རྒོད་མ་ཞེས་བྱའོ།། །།ཕྱི་མོ་མཉམ་པ་བཤད་པར་བྱ་སྟེ། རྐང་པ་བཞི་ཀ་ཡང་ཡི་གེ་བཅུ་དྲུག་བཅུ་དྲུག་པ་ཡང་བ་འབའ་ཞིག་པ་ནི་མི་གཡོ་བརྟན་ཞེས་བྱའོ། །རྐང་པ་སོ་སོའི་ཕྱི་མོའི་ལྕི་ཡང་གིས་ཕྱེ་བ། ཡི་གེ་བཅུ་པའི་རྐང་པ་བཞི་པ་འགའ་ཞིག་ཕྱི་མོ་མཉམ་པ་ཞེས་བྱའོ། །ཡི་གེ་བཅུ་གཅིག་པའི་རྐང་པ་བཞི་པ་འགའ་ཞིག་ནི་ཉེར་བཀྲ་ཞེས་བྱའོ། །ཡི་གེ་དགུ་པའི་རྐང་པ་བཞི་པ་འགའ་ཞིག་ནི་ཁྱད་པར་ཚིགས་བཅད་ཅེས་བྱའོ། །དེ་དང་ཡི་གེ་མཉམ་པ་ལ་ཕྱི་མོས་ཕྱེ་བ་འགའ་ཞིག་ནི་ནགས་ཁྲོད་གནས་ཞེས་བྱའོ། །ཡི་གེ་བཅུ་པའི་རྐང་པ་བཞི་པ་འགའ་ཞིག་ནི་བཀྲ་བ་ཞེས་བྱའོ། །རྐང་པ་དང་པོ་ལ་ཡི་གེ་བཅུ་གཉིས། གཉིས་པ་ལ་བཅུ་གཅིག གསུམ་པ་ལ་བཅུ་གསུམ། བཞི་པ་ལ་བཅུ་གཅིག་པ་ནི་རྐང་པ་འཁྲུགས་པ་ཞེས་བྱའོ། །རྐང་པ་དང་པོ་གཉིས་ལ་ལྕི་བའི་ཡི་གེ་བརྒྱད་བརྒྱད་ཡོད་ལ། ཕྱི་མ་གཉིས་ལ་ཡང་བའི་ཡི་གེ་བཅུ་དྲུག་བཅུ་དྲུག་ཡོད་པ་ནི་ལུས་མེད་རྩེན་པ་ཞེས་བྱའོ། །ཡེ་ཤེས་དཔལ་གྱིས་འདི་ཕྱེད་མི་མཉམ་པའི་ཁོངས་སུ་བཤད་དོ། །ཡི་གེ་ཐོག་མ་སུམ་ཅུ་པ་ཡང་བ་འབའ་ཞིག་ལ། ཐ་མ་ན་ལྕི་བ་གཅིག་ཡོད་པའི་རྐང་པའི་བཞི་པ་ནི་ཤིན་ཏུ་གསལ་མཛེས་ཞེས་བྱའོ། །བསྐྱེད་པའི་དབྱེ་བ་བཤད་ཟིན་ཏོ།། །།འདི་དག་ལ་ལྕི་ཡང་དང་ངལ་བསོ་བའི་གནས་ལ་སོགས་པ་སྡེབ་སྦྱོར་གྱི་མཚན་ཉིད་ཀྱིས་ཕྱེ་བ་ཡོད་མོད་ཀྱི། བོད་ཀྱི་སྐད་ལ་མི་འབྱོར་པས་སྐབས་འདིར་མ་བྲིས་སོ། །དེ་དག་བསྡུས་ཏེ་ཚིགས་སུ་བཅད་པ། དཔལ་དང་དབྱངས་ཅན་བརྟན་པ་དང༌། །ལྕགས་སྒྲོག་དང་ནི་ནོར་གྱི་རྒྱུན། །འབྱོར་ལྡན་ཆུ་གྲི་པི་ཝང་རྣམས། །སྔོན་རབས་དག་ལས་གྲགས་པའི་མིང༌། །དབུས་ཕྲ་དང་ནི་ཆུ་སྲིན་མགོ །དབྱངས་སྒྲོག་དག་ལས་ཕྱེ་བ་ཡིན། །གཞོན་ནུ་རོལ་པ་རབ་དགའི་བུ། །རྗེས་སུ་བསྔགས་པ་ལས་བྱུང་བ། །འདྲ་མཚུངས་གཞལ་དཔག་རྐང་བཀྲ་དང༌། །གློག་ཕྲེང་དང་ནི་བྲམ་ཟེའི་བུ། །གཞན་ལས་ཡོན་ཏན་པདྨ་ཅན། །ཕན་བྱེད་ལོ་འདབ་ཅེས་ཀྱང་གྲགས། །བྲྀ་ཧ་ཏི་ལས་གཤོལ་མདའ་གདོང༌། །ལྟོས་འགྲོ་ཕྲུ་གུ་འགྲོ་བའོ། །གཞན་དུ་ཟུར་གྱིས་ལྟ་བ་དང༌། །ཕྱག་རྒྱའི་མིང་གིས་གྲགས་པ་ཡིན། །ཕྲེང་ལྡན་ལས་ནི་པཱ་ཎ་པ། །རྨ་བྱའི་འགྲོས་དང་གསེར་ལྡན་དང༌། །མྱོས་མའོ་དེ་བཞིན་ན་ལི་ནི། །བཟང་ལྡན་རྩེ་དང་ཙམ་པའི་ཕྲེང༌། །སྤྲིན་གྱི་བླ་རེ་བདེ་བླག་བྱེད། །གསུམ་བསྔགས་ལས་བྱུང་ཉེར་འཁོད་དང༌། །དབང་པོ་ཉེ་དབང་རྡོ་རྗེས་བརྒྱན། །ཉེར་བསྐྱེད་འཇོ་བ་ཤཱ་ལི་ནི། །རླུང་གི་དབའ་རླབས་ཕྲེང་བ་དང༌། །བུང་བ་རོལ་པ་ཤིང་རྟ་དྲེགས། །ལེགས་འོངས་ཟླུམ་པོ་བཟང་ལྡན་ཁྲ། །ཉེ་གནས་བསྟན་བཅོས་ཆེན་པོའི་མིང༌། །ཀུན་ཏུ་བཟང་ལྡན་གནས་ཕྱིན་དང༌། །ཁང་བཟངས་ལྡན་ཞེས་གྲགས་པའང་ཡིན། །སྐྱེ་འགྲོ་ཟླ་བའི་ལམ་རྒྱུད་དང༌། །དབང་པོའི་རྒྱུད་དང་ཁ་སྦྱོར་དང༌། །ཏོ་ཊ་ཀ་དང་ཆུ་འཐོར་འགྲོ། །དལ་མྱུར་ལྟོ་འཕྱེ་རབ་ཏུ་ལྟུང༌། །མེ་ཏོག་ཕྲེང་རྒྱུད་ཡི་གེ་ཉུང༌། །སྣ་ཚོགས་ལྷ་མོ་ཆུ་འཛིན་ཕྲེང༌། །དལ་གྱིས་འབབ་དང་ཡ་མུ་ན། །ཕྲེང་བ་གསར་ལྡན་གཞན་ལས་ནི། །ངག་གི་དབང་ཕྱུག་རྩེན་པ་དང༌། །ཀུནྡའི་འཁྲི་ཤིང་ཞེས་སུ་གྲགས། །སྣ་ཚོགས་འདོད་སྟེར་རོལ་པ་ཅན། །ཟུར་སྦྱོར་རི་དྭགས་མཆོངས་ཞེས་འདོད། །ཤིན་ཏུ་སྐྱེ་འགྲོ་རབ་དགའ་ལྡན། །དགའ་མཛེས་མྱོས་པའི་རྨ་བྱ་དང༌། །ཡིད་འོང་ངང་པ་འཇམ་པའི་ངག །ལ་ལ་འོད་ལྡན་མངགས་གཞུག་འདོད། །ནུས་ལྡན་ལས་ནི་གནོད་མེད་དང༌། །གཞན་གྱིས་མི་ཐུབ་མཚོན་ཁ་འབུས། །དཔྱིད་ཀྱི་ཐིག་ལེ་ནོར་འཛིན་ཏེ། །གཞན་ལས་མེ་ཏོག་ཀུནྡ་ཅན། །ཤ་ར་བྷ་ར་ལྷ་ཉིད་དོ། །ཤིན་ཏུ་ནུས་ལྡན་ཕྱེ་བ་ལས། །རི་བོང་འཛིན་ཆ་མེ་ཏོག་ཕྲེང༌། །ཕྲེང་ལྡན་ཡོན་ཏན་ནོར་བུའི་ཚོགས། །རྒྱ་མཚོ་གཞན་ལས་ལུས་མེད་བསྒྱིངས། །འདོད་ལྡན་མ་དང་བདེ་འགྲོ་དགའ། །ནོར་བུ་ཡོན་ཏན་ཚོགས་ཞེས་གྲགས། །ལེགས་སྤྱོད་ཁྱུ་མཆོག་གླང་ཆེན་རྩེན། །ལེ་བརྒན་རྩིའོ་མི་གཡོ་བརྟན། །ཀུ་བ་ལ་དང་ལོ་མ་བཀོད། །གཞོན་ནུའི་རྩེ་འཇོ་དགེ་བྱེད་དང༌། །རབ་མཆོག་རོལ་པ་རྣམས་སུ་འདོད། །ཤིན་ཏུ་ལེགས་སྤྱོད་རྩེ་ལྡན་མ། །ས་གཞི་བདུད་རྩི་སྨྱུག་འདབ་ལྟུང༌། །རི་དྭགས་མོ་དང་དལ་གྱིས་གནོན། །ཁུ་བྱུག་གཞན་ལས་ན་རྐུ་ཊ། །ནོར་འཛིན་དང་ནི་རབ་དབྱངས་ཡིན། །བརྟན་ལས་མེ་ཏོག་རྒྱས་པ་ཡི། །འཁྲི་ཤིང་དང་ནི་ལྕགས་མདའོ། །གཞན་ལས་ཏ་མ་ལ་ཡི་མདའ། །མེ་ཏོག་རྣ་རྒྱན་ཙ་རྩ་རི། །མྱོས་པའི་རོལ་པར་གྲགས་པའོ། །ཤིན་ཏུ་བརྟན་ལས་སྤྲིན་རྣམས་སྒྲོགས། །གཅན་གཟན་གཙོ་བོ་རྣམ་པར་རྩེན། །བྱེད་པོ་ལས་ནི་ཁ་མཛེས་དང༌། །ཟླུམ་པོ་དེ་བཞིན་རོལ་ལྡན་མ། །སེང་གེ་རྣམ་པར་བསྒྱིངས་པ་ཡིན། །རབ་ཏུ་བྱེད་པོ་མཛེས་དགའ་དང༌། །འདིར་ནི་མེ་ཏོག་ཕྲེང་འཛིན་འདོད། །ཀུན་བྱེད་པ་ལས་ཟབ་མོའི་དབྱངས། །རྣམ་བྱེད་ལས་ནི་རྟ་རོལ་པ། །མྱོས་མ་རྩེན་པར་མཁས་རྣམས་བཞེད། །ལེགས་བྱེད་ལས་ནི་ལུས་ཕྲར་གྲགས། །ཤིན་ཏུ་བྱེད་པའི་ཁྲུང་ཁྲུང་རྐང༌། །ལྷག་པར་བྱེད་པའི་བུ་ཐུ་བོ། །ལྟོས་འགྲོ་རྣམ་བསྒྱིངས་བཟློག་ཕྱོགས་འབབ། །དེ་བཞིན་ཆར་སྤྲིན་རོལ་པ་དང༌། །རབ་བསགས་ཞེས་ཀྱང་འདོད་པ་ཡོད། །ཉི་ཤུ་བརྒྱད་ནས་རིམ་བཞིན་དུ། །རབ་འཕེལ་དང་ནི་རབ་ཚ་འཆར། །རོལ་པ་འཕེལ་བ་སུམ་ཅུའི་བར། །སྡེབ་སྦྱོར་བྱེད་པ་གཞན་གྱིས་སྤེལ། །ཉི་ཤུ་བདུན་ནས་རྒྱུན་ཆགས་པ། །གཏུམ་པའི་ཆར་འབེབས་ཆུ་རྒྱུན་དང༌། །ཆུ་གཏེར་སྦྲུལ་དང་ཆར་སྤྲིན་དང༌། །རོལ་པའི་འབྱུང་གནས་ཤིན་ཏུ་ཀླུབས། །དུང་སྟེ་འདི་རྣམས་རབ་བསགས་ཀྱི། །བྱེ་བྲག་ལ་ཡང་འཇུག་པར་བཤད། །འདི་དག་མཉམ་པའི་རྒྱུད་འཕེལ་དུ། །སྡེབ་སྦྱོར་བྱེད་པ་ཐམས་ཅད་འདོད། །མྱུར་བའི་དབུས་དང་ཤུགས་ལྡན་དང༌། །བཟང་པོའི་སྣང་བ་ཏོག་ལྡན་དང༌། །ཀུན་བསྒྲགས་བཟློག་པའི་ཀུན་བསྒྲགས་གཉིས། །ཉེར་བསྐྱེད་ཀྱི་ནི་དབྱེ་བའང་ཡིན། །རི་དྭགས་མཆོངས་དང་གཞན་གྱི་ཁ། །མེ་ཏོག་རྒྱས་པའི་རྩེ་མོ་སྟེ། །གཉིས་པོ་རོ་ལངས་ཅན་ལས་ཕྱེ། །ནུས་ལྡན་མའོ་གཞན་དག་ལས། །བྱིས་པ་རྩེ་དང་དགའ་བར་སྨྲ། །དེ་ཡི་རྒྱུད་ལས་ཕྱེ་སྟེ་འདོད། །གཙུག་ཕུད་དང་ནི་རྐང་པ་འཁྱོག །དེ་དག་ཕྱེད་མཉམ་རྒྱུད་འཕེལ་ཡིན། །ཁ་སྒོ་ཁ་སྒོ་ཕན་པ་དང༌། །བཟློག་པ་ཕན་དང་གྱ་གྱུ་ཅན། །ཡངས་མ་ཁ་སྒོ་ཡངས་མ་དང༌། །བྷ་དང་ར་དང་ན་ཏ་མ། །དེ་དག་དེ་ཡི་ཡངས་མར་འགྱུར། །དེ་དག་མི་ལྡན་བླ་རེ་སྟེ། །དེ་དག་ཕལ་གྱིས་སྦྱོར་བ་མང༌། །རྐང་བཞི་འཕེལ་བ་ཀུན་ནས་བཙེར། །མེ་ཏོག་ཟླུམ་པོ་ཡུད་ཙམ་རོལ། །བདུད་རྩིའི་རྒྱུན་ནོ་སྟེང་འགྲོ་ལས། །དྲི་ལྡན་རོལ་པར་མཁས་རྣམས་བཞེད། །རབ་ཏུ་དལ་འགྲོའི་སྡེབ་སྦྱོར་ལས། །ཉེར་གནས་རབ་ཏུ་དལ་འགྲོ་དང༌། །འཕེལ་བ་ཅན་དང་མཆོག་ལྡན་ཏེ། །དེ་ནི་དག་པའི་སྣང་ལས་ཕྱེ། །དེ་ལས་ཅུང་ཟད་བསྒྱུར་བ་ལ། །མཚན་མོ་ཞེས་བྱར་ལ་ལ་འདོད། །དེ་དག་མི་མཉམ་རྒྱུད་འཕེལ་དུ། །མཁས་པ་རྣམས་ལ་གྲགས་པ་ཡིན། །བསྐྱེད་ལ་སྡེབ་སྦྱོར་རྣམ་པ་གསུམ། །འཕགས་པ་ལས་ནི་ཕན་བྱེད་དང༌། །ཡང་མ་ལས་ནི་གྱ་གྱུ་དང༌། །ཁ་སྒོ་གྱ་གྱུ་ཞེས་བྱ་དང༌། །ལུས་བརྟེན་གྱ་གྱུ་དབྱངས་ཉིད་དང༌། །ཉེ་བའི་དབྱངས་དང་འཕགས་པའི་དབྱངས། །རོ་ལངས་ཅན་ལས་ཉེ་སྡེབ་སྦྱོར། །ཀུན་ནས་བསྲབས་པ་སྔོན་འཕེལ་དང༌། །ཕྱི་འཕེལ་དང་ནི་རབ་ཏུ་འཕེལ། །གཞན་གྱི་མཐའ་ཅན་མཛེས་རྒོད་མའོ། །ཕྱི་མོ་མཉམ་ལས་མི་གཡོ་བརྟན། །ཉེར་བཀྲ་ཁྱད་པར་ཚིགས་བཅད་དང༌། །ནགས་ཁྲོད་གནས་དང་བཀྲ་བ་དང༌། །རྐང་འཁྲུགས་དང་ནི་ལུས་མེད་རྩེན། །ཤིན་ཏུ་གསལ་མཛེས་ཞེས་བྱ་རྣམས། །ཕྱི་མོ་བགྲང་བའི་སྡེབ་སྦྱོར་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །འདི་དག་སྡེབ་སྦྱོར་མཁན་རྣམས་ལ། །ལེགས་པར་གྲགས་པའི་ཚིགས་བཅད་ཡིན། །རྐང་པ་བཞི་དང་ལྡན་པའི་ཚིགས་སུ་བཅད་པ་འདི་ནི། སྡེབ་སྦྱོར་བ་རྣམས་ལ་གྲགས་པའི་ཚིགས་སུ་བཅད་པ་ཡིན་ནོ། །གཉིས་ལས་འཕྲོས་པ་དྲུག་གི་བར། །རྐང་ལྡན་ལུང་ལས་གྲགས་པར་འདོད། །རྐང་པ་གཉིས་ཡོད་པ་ལ་རྩ་བ་གཉིས་ཀྱི་ཚིགས་སུ་བཅད་པ་དང༌། དེ་བཞིན་དུ་རྐང་པ་གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་ཞེས་གྲགས་པ་ནི། བཅོམ་ལྡན་འདས་ཀྱི་ལུང་དང་བསྟན་བཅོས་བྱེད་པ་འགའ་ཞིག་གིས་མཛད་མོད་ཀྱི། སྡེབ་སྦྱོར་བྱེད་པ་རྣམས་ཀྱི་འདིའི་མཚན་ཉིད་མི་འདོད་དོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་ཡིན་མོད་ཀྱི། གཱ་ཐ་ཞེས་བྱ་བ་ལ་སོགས་པ་གྲགས་པ་ཡིན་ནོ། །རྐང་ལྡན་ནི་ཚིགས་བཅད་དོ། །དེས་ན། སྔར་བཤད་པ་ཡི་མཚན་ཉིད་ཅན། །དེ་འདྲའི་སྡེབ་སྦྱོར་ལེགས་རྟོགས་ནས། །ཚིགས་བཅད་རྣམས་ལ་འཇུག་པ་ཡིན། །འདི་ལ་རྒྱན་གཞན་སྦྱོར་ཤེས་ན། །མཁས་པ་རྣམས་ཀྱི་ཡིད་འཕྲོག་བྱེད། །དེ་ལྟར་སྡེབ་སྦྱོར་གྱི་མཚན་ཉིད་ཤེས་ནས་ཚིགས་སུ་བཅད་པ་ལ་འཇུག་པ་ཡིན་ལ། དེ་ལྟ་བུའི་ཚུལ་འདི་ཡང་ལེགས་པར་སྦྱར་བའི་སྐད་ལ་ལྕི་ཡང་དང་རིང་ཐུང་དང་རྟགས་དང་དྲག་ཞན་ལ་སོགས་པའི་བྱེ་བྲག་སྡེབ་སྦྱོར་བ་དག་གིས་བསྡེབས་ན། ཕྲེང་རྒྱུད་མཁན་པོས་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་སྤེལ་བའམ། ལེགས་པར་སྦྱངས་པའི་གསེར་གྱི་རྒྱན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའམ། གཡོས་ལེགས་པར་བྱས་པའི་ཁ་ཟས་རོ་བརྒྱ་དང་ལྡན་པ་བྲུ་བ་ཚ་བས་ཉེན་པ་ཟ་བའམ། རྒྱུད་སྟོང་དང་ལྡན་པའི་པི་ཝང་དྲི་ཟའི་དབྱངས་ཀྱིས་དཀྱུས་སྦྱར་བ། འདོད་ཆགས་དང་མ་བྲལ་པས་ཉན་པ་ལྟར་ཡིད་མངོན་པར་འཕྲོག་པ་ཡིན་ན་ཡང༌། བོད་ཀྱི་ཡུལ་ཀླ་ཀློ་ལས་ཅུང་ཟད་བརྡ་འབྱོར་བ། མཁས་པ་དང་མི་མཁས་པའི་རྣམ་པར་དབྱེ་བ་མི་ཤེས་པ། ཚིག་དང་ཚིག་གི་རྒྱན་ལ་བློ་ཁ་མ་ཕྱོགས་པ། མི་མཁས་ཤིང་སྤྱི་བརྟོལ་ལ་ང་རྒྱལ་དུ་འཛིན་པ། གསེར་དང་ར་གན་མི་ཕྱེད་པ། རང་ཉིད་བླུན་པོས་ཆོག་པར་འཛིན་པ། གོས་རིན་པོ་ཆེ་བས་པགས་པ་བསྡུས་པ་ལ་མཁོ་བར་སེམས་པ། གཡོས་ལེགས་པར་སྦྱར་བ་ལས་ལྟར་ཁེངས་པ་ལ་དམ་པར་འཛིན་པའི་མཐའ་འཁོབ་འདིར། རང་ཉིད་ཀྱི་སྐད་ལ་ངོ་བོ་ཉིད་ཀྱི་སྡེབ་སྦྱོར་གྱི་ཐ་སྙད་མེད་ལ། ལེགས་པར་སྦྱར་བའི་སྐད་ཉིད་ལས་བོད་དུ་བསྒྱུར་ཡང་ཟ་འོག་གི་མདུན་གྱི་རི་མོ་བསྒྱུར་བ་རྒྱབ་ཏུ་མི་འབྱུང་བ་ལྟར། དོན་ཙམ་ཞིག་བསྒྱུར་བར་ནུས་ཀྱི། སྡེབ་སྦྱོར་བསྒྱུར་དུ་མི་རུང་ཞིང༌། བདག་ཅག་ལྟ་བུ་ལེགས་པར་ཤེས་པ་དག་གིས་ཀྱང་བོད་ཀྱི་སྐད་ལ་ཇི་ལྟར་འབད་དུ་ཟིན་ཀྱང༌། ལྭ་བའི་ཐགས་ལ་གོས་ཆེན་གྱི་རི་མོ་མི་ཤེས་པ་ལྟར། ལེགས་པར་སྦྱར་བའི་སྡེབ་སྦྱོར་བོད་ཀྱི་སྐད་ལ་མི་འབྱོར་བས། སྡེབ་སྦྱོར་མཚན་ཉིད་པ་བོད་སྐད་ལ་དཔེར་བརྗོད་པ་མ་བྱས་སོ། །ཚིག་གི་རྒྱན་སྦྱོར་བའི་ཚུལ་ཡང༌། ཁོ་བོས་མཁས་པ་རྣམས་འཇུག་པའི་སྒོར་བཤད་ཟིན་ལ། འདིར་སྐབས་མ་ཡིན་པས་མ་ཕྱེའོ། །གལ་ཏེ་བོད་སྐད་ལ་སྡེབ་སྦྱོར་མཚན་ཉིད་པ་མི་ཉན་ན། འདི་ཅིའི་ཕྱིར་བཤད་ཅེ་ན། འོན་ཀྱང་འདི་ན་ཆེ་བར་རློམ་པ་དག་འཁྲུལ་བར་སྨྲ་བ་དུ་མ་མཐོང༌། མཐའ་འཁོབ་འདི་ན་མི་མཁས་བཞིན་དུ་ཤེས་པར་ཁས་ཆེ་བ་དག་སྡེབ་སྦྱོར་གྱི་མིང་དང་མཚན་ཉིད་ཕྱིན་ཅི་ལོག་ཏུ་སྨྲ་བར་མཐོང་ནས། ད་ཕྱིན་ཆད་དེ་སྐད་སྨྲ་བར་གྱུར་ཅིག་སྙམ་དུ་བསམས་ནས། མ་འོངས་པ་ཡི་མཁས་པ་འགའ། །ལོག་པའི་ལམ་ལས་བསྐྱབ་ཕྱིར་བྱས། །བདག་པས་བློ་གྲོས་དམན་པ་བདག་གི་རྗེས་སུ་འབྲངས་པ་འགའ་ཞིག་མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་མཐའ་སྤང་བའི་ཕྱིར་བསྟན་བཅོས་འདི་སྦྱར་གྱི། མངོན་པའི་ང་རྒྱལ་གྱིས་སེམས་ཀྱི་ཐ་བ་སྲ་བ། ཐེ་ཚོམ་གྱི་མདུད་པས་མི་ཤེས་པའི་བློ་དམ་དུ་བསྡམས་པ། ཕྲག་དོག་གི་མིག་ཉམ་ཆུང་བས་ཕ་རོལ་གྱི་ཤེས་རབ་ཀྱི་ཉི་མའི་འོད་ཟེར་མི་བཟོད་པའི་སྐྱེ་བོ་རྣམས་ཀྱི་དོན་དུ་བསྟན་བཅོས་འདི་མ་སྦྱར་རོ། །འོ་ན་འདི་དང་མི་མཐུན་པ་གཞན་དུ་བརྡ་བཏགས་པ་དང་འགལ་ལོ་ཞེ་ན། སྨྲས་པ། ལ་ལར་གཞན་དུ་བཤད་པ་རྣམས། །བོད་ཀྱིས་གོ་བ་བདེ་ཕྱིར་བསྒྱུར། །མཚན་ཡང་དག་པར་བརྗོད་པ་རྒྱ་གར་ལ་ཡི་གེ་བརྒྱད་པ་རྗེས་སུ་བསྔགས་པར་ཡོད་པ་ལ། བོད་ལ་བཀླག་བདེ་བའི་ཕྱིར་ཡི་གེ་བདུན་པར་བསྒྱུར་བ་དང༌། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་ཡི་གེ་བཅུ་གཅིག་པ་དབང་པོ་རྡོ་རྗེར་ཡོད་པ། བོད་ལ་ཚིག་པར་དགུ་བར་བསྒྱུར་བ་དང༌། བཤེས་པའི་སྤྲིང་ཡིག་འཕགས་པའི་དབྱངས། རྐང་པ་སོ་སོ་ཡི་གེ་མི་མཉམ་པར་ཡོད་པ་ལ་ཡི་གེ་མཉམ་པོར་བསྡེབས་ནས་ཚེག་པར་དགུ་པར་བསྒྱུར་བ་དང༌། མེ་ཏོག་ཕྲེང་འཛིན་ཡི་གེ་ཉི་ཤུ་རྩ་གཅིག་པ་ལ་བཅུ་དགུ་པར་བསྒྱུར་བ་ལ་སོགས་པ། རྒྱ་གར་གྱི་སྡེབ་སྦྱོར་དང་མི་མཐུན་པར་བོད་ལ་གོ་བདེ་ཞིང་བཀླག་སླ་བར་བྱ་བའི་ཕྱིར། ཡི་གེ་ཕྲི་ཞིང་བསྡེབས་ནས་དོན་ཚང་ཞིང་མ་ནོར་བར་བསྒྱུར་བར་ཟད་དོ། །ཁོ་བོས་འདིར་བཤད་པ་ནི། རྒྱ་གར་གྱི་སྡེབ་སྦྱོར་མཚན་ཉིད་པ་བྲིས་པ་ཡིན་པས། མཁས་པ་རྣམས་ཀྱིས་འདི་ཁོ་ན་བཞིན་ཤེས་པར་བྱོས་ཤིག གལ་ཏེ་ཁྱོད་ཀྱིས་བཤད་པ་གཞན་གྱིས་འཛིན་ནམ་ཞེ་ན། འོན་ཀྱང་སྤྲེའུ་ལྟ་བུ་འགའ། །བསྟན་བཅོས་དོར་ནས་ཚིག་འབྲུ་ལེན། །མ་འོངས་པའི་དུས་ཀྱི་སྤྲེའུ་དང་འདྲ་བའི་དགེ་སྦྱོང་འགའ་ཞིག ཕྲག་དོག་གི་སྟོབས་ཀྱིས་བསྟན་བཅོས་རིན་པོ་ཆེ་མི་ལེན་པར་སྨོད་ཅིང༌། འདི་ནས་འབྱུང་བའི་ཚིགས་སུ་བཅད་པའི་མིང་རྣམས་བརྐུས་ནས་སློབ་དཔོན་གཞན་ལས་འབྱུང་བ་ལྟར་འཆོས་ཤིང༌། སློབ་མའི་མགོ་བསྐོར་བ་དག་འབྱུང་བར་འགྱུར་ལ། དེ་དག་གི་བསམ་པ་ལ་ཡང་སྡེབ་སྦྱོར་གྱི་ཚུལ་འདི་དག་མཁས་པ་ཕལ་ཆེ་བ་ལ་གྲགས་པ་ཞིག་གོ་སྙམ་པ་འབྱུང་སྟེ། དེ་དག་ཆོས་ཀྱིས་ཕོངས་པའི་ལས་ཀྱི་སྒྲིབ་པར་འགྱུར་རོ། །ལུགས་འདི་གངས་རིའི་ཁྲོད་འདི་ན། །བདག་མ་ཡིན་ལ་སྔོན་ཆད་མེད། །སྡེབ་སྦྱོར་གྱི་ལུགས་འདི་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་ལེགས་པར་ཤེས་མོད་ཀྱི། བོད་ཀྱི་ཡུལ་ཁ་བ་ཅན་གྱི་ཁྲོད་འདིར་སྐད་གཉིས་སྨྲ་བ་མང་དུ་བྱུང་ཡང་ལེགས་པར་ཤེས་པ་ཁོ་བོ་ཙམ་ཡིན་ནོ། །སྐ་ཅོག་དང་རིན་ཆེན་བཟང་པོ་ལ་སོགས་པ་འགས། མཁྱེན་དུ་ཟིན་ཡང་རྣམ་པར་གཞག་པ་མ་མཛད་དོ། །གཞན་དང་གཞན་དག་ལས་ཀྱང་སྔོན་ཆད་མ་བྱུང་ལ། དེའི་སྟོབས་ཀྱིས་ནོར་བར་སྨྲ་བར་དུ་མ་བྱུང་བ་ཡིན་ནོ། །ད་སླན་ཆད་གལ་ཏེ་མ་ནོར་བར་སྨྲ་བ་འབྱུང་བ་དེ་ཐམས་ཅད་གཞུང་ལུགས་འདི་ལས་བྱུང་བར་ཤེས་པར་གྱིས་ཤིག འོ་ན་ཁྱོད་ཀྱིས་ཇི་ལྟར་རྟོགས་ཤེ་ན། སྐྱེ་བ་གཞན་དུ་སྦྱངས་པ་དང༌། །མཁས་པ་དུ་མ་བསྟན་པ་དང༌། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །རྒྱུ་སྔོན་དུ་སོང་བའི་འབྲས་བུའི་རྟགས་ལས་རྗེས་སུ་དཔགས་ན། སྐྱེ་བ་སྔོན་རབས་དུ་མར་ལེགས་པར་སྦྱར་བའི་སྒྲ་དང༌། ཚད་མ་དང༌། སྡེབ་སྦྱོར་དང༌། སྙན་ངག་དང༌། ཚིག་གི་རྒྱན་དང༌། ཚིག་རྣམ་པར་སྦྱར་བ་ལ་སོགས་པ་ལ་མང་དུ་སྦྱངས་པ་ཚད་མས་གྲུབ་པ་དང༌། རིག་པའི་གནས་ལྔ་ལ་མ་རྨོངས་པའི་བདག་ཉིད་ཆེན་པོ་དག་ལས་ཚེ་འདིར་ཐོས་པ་མང་དུ་བསགས་པ་དང༌། སྐྱེ་བས་ཐོབ་པའི་ཤེས་རབ་དང༌། བླ་མ་དམ་པས་བྱིན་གྱིས་བརླབས་པ་ལ་སོགས་པ་རྒྱུ་དུ་མ་ལ་བརྟེན་ནས། སྒྲ་དང༌། ཚད་མ་དང༌། སྡེབ་སྦྱོར་དང༌། སྙན་ངག་དང༌། ཚིག་གི་རྒྱན་དང༌། ཚིག་རྣམ་པར་སྦྱར་བ་ལ་སོགས་པ་རྣམས་ཚིགས་ཆུང་དུས་བདེ་བླག་ཏུ་ཐོས་ཤིང་རྟོགས་ཏེ་ཁོང་དུ་ཆུད་ནས་བསྟན་བཅོས་འདི་སྦྱར་བ་ཡིན་ནོ། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་བྱ་བའི་སྒྲ་ཡང་མཁས་པ་རྣམས་ལ་ཉེ་བར་མཁོ་བ་རྣམས་ཤེས་པ་ལ། ཀུན་ལ་མི་འཇིགས་པའི་སྒྲ་འཇུག་སྟེ། །མི་ཀུན་ཚོགས་ཞེས་བྱ་བའམ། །སྨན་ཀུན་ཚང་ཞེས་བྱ་བའི་སྒྲ་བཞིན་ནོ། །རྣམ་འགྲེལ་ལས་ཀྱང༌། འདི་ཡིས་སྲིན་གྲངས་ཇི་སྙེད་མཁྱེན། །ངེད་ལ་ནམ་ཡང་ཉེར་མཁོ་མེད། །རིང་པོ་མཐོང་བའམ་མེད་ཀྱང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། །ཞེས་བཤད་པ་ལྟར་རོ།། །།རྣམ་པ་སྣ་ཚོགས་སྡེབ་སྦྱོར་གྱིས་བཀྲ་ཕྲེང་རྒྱུད་མཁན་གྱི་ཕྲེང་བ་ཡིས། །མེ་ཏོག་ཆུན་པོ་ཀུན་ནས་སྤེལ་ལེགས་ཡིད་འཕྲོག་དྲི་ཡི་དྲིས་ཁྱབ་པ། །བློ་གྲོས་གསལ་ལྡན་སྦྲང་རྩི་འཛིན་པ་དར་དིར་སྒྲ་ཡི་སྒྲ་དབྱངས་ཅན། །སྙན་ངག་མཁན་གྱི་བློ་ཡི་ཁང་བཟངས་ལེགས་པར་བཀྲ་ཕྱིར་གཞུང་འདི་སྤྲོས། །གངས་རིའི་ཁྲོད་ཀྱི་བློ་གསལ་ཀུན་འདུས་ཀྱང༌། །རིག་པའི་གནས་ལྔ་ཀུན་ལ་བློས་མི་ལྕོགས། །མཁའ་ལ་རྒྱུ་སྐར་བྱེ་བའི་འོད་འདུས་ཀྱང༌། །ཚ་ཟེར་བྱེད་པའི་ཕྲིན་ལས་འགྲུབ་པར་དཀའ། །བདག་ཀྱང་ལས་ཀྱི་འདུ་འཕྲོད་མི་བཟང་པས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་སྔ་མའི་བག་ཆགས་གོམས་པ་ཡིས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །དེ་ལྟ་མོད་ཡི་སྦྲུལ་གདུག་གནས་པའི་སར། །སྒྲོན་མེ་གསལ་ཡང་འོད་ཟེར་མི་འབྱུང་ལྟར། །བླུན་པོ་ལོ་བརྒྱས་ཅུང་ཟད་ཤེས་རྣམས་ཀྱི། །དབུས་སུ་བདག་གི་བློ་གྲོས་ལ་གསལ། །མཁས་པ་ལ་ལ་མཚོ་བཞིན་ངང་གིས་གང༌། །ལ་ལ་འབྲུ་མར་བཞིན་དུ་བཙིར་ལས་བྱུང༌། །ལ་ལ་ཕོངས་པའི་ནོར་བཞིན་འབད་པས་བསྒྲུབས། །ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། །དེ་ལྟར་བློ་གྲོས་གསལ་དང་མི་གསལ་དང༌། །མཁས་དང་མི་མཁས་རྣམ་དབྱེ་རྗེས་དཔག་ལས། །བློ་ཆེན་གཞན་གྱི་བློ་ཡི་བང་མཛོད་ལ། །བློ་ཆུང་རྣམས་ཀྱིས་ཐེ་ཚོམ་མ་བྱེད་ཅིག །བློ་གྲོས་སྤྲིན་ཆེན་ཐོས་པའི་གློག་གི་ཕྲེང་བ་ཅན། །སྤོབས་པ་མྱུར་འཇུག་སྒྲ་དབྱངས་ལེགས་སྒྲིགས་སྡེབ་སྦྱོར་ཚིག་གི་ཆར་འབེབས་ཤིང༌། །བློ་གསལ་ཆར་སྡོད་འདབ་སྐྱོབ་ཚོགས་རྣམས་ཡིད་འཕྲོག་པ། །འདི་ལས་ལེགས་ཚོགས་ལོ་ཏོག་ལེགས་བསྐྲུན་དེ་ལས་འཇམ་པའི་དཔལ་དུ་འགྱུར། །གཞུང་འདི་རྣམ་དཔྱོད་བློ་གྲོས་མི་ཆུང་བ། །བསོད་ནམས་རྒྱལ་མཚན་ཞེས་བྱས་ཡང་ནས་ཡང༌། །གསོལ་བ་བཏབ་ནས་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་དཔལ་ལྡན་ས་སྐྱའི་དགོན་པར་བྲིས། །འདི་ལ་དགའ་བས་ཉན་དང་སེམས་རྣམས་ཀྱི། །སེམས་ལ་འཇམ་པའི་རྡོ་རྗེ་རྗེས་ཞུགས་ནས། །ཁྱད་པར་ཚིག་གི་དོན་ལ་མཁས་པ་ཡི། །ངེས་པར་བྱིན་གྱིས་རློབ་པར་བདག་གིས་ཤེས། །སྡེབ་སྦྱོར་སྣ་ཚོགས་ཀྱི་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་ཡུལ་བྱང་ཕྱོགས་ཀྱི་རྒྱུད། ཁ་བ་ཅན་གྱི་ལྗོངས། གྲོམ་པ་དཔལ་ས་སྐྱའི་གཙུག་ལག་ཁང་ན་བཞུགས་པ། འཇམ་པའི་དབྱངས་ཀྱི་གསུང་གི་ཞབས་རྡུལ་གྱིས། ཐུགས་ཀྱི་དབུ་ལ་རེག་པས། ལྷུན་གྱིས་གྲུབ་པའི་མཁྱེན་རབ་ལ་མངའ་འབྱོར་པ། ཆོས་ཀྱི་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས་ཀྱི་བྱིན་གྱིས་བརླབ་ཀྱི་ཟླ་ཟེར་གྱི་སྟོབས་ཀྱིས་སོ་སོར་རྟོག་པའི་ཀུནྡའི་ཕྲེང་བ་ཁ་བྱེ་བས། ཡོངས་སུ་གྲགས་པའི་ཤེས་བྱ་ཕལ་མོ་ཆེ་བློས་ཡུལ་དུ་བྱས་པས། འཆད་པ་དང༌། རྩོམ་པ་དང༌། རྩོད་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་སྦྱར་བ་འདི་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply