བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ།

༼ཐ༽༄༅། །བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་བཞུགས།། ༄༅། །ཨོཾ་སྭ་སྟི་སིདྡྷཾ། བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་བདག་ལ་ཡུད་ཙམ་དགོངས་སུ་གསོལ། ལྟ་བའི་ཚེར་མས་བློ་མིག་དཀྲུགས་པས་ཀུན་མཁྱེན་རྒྱལ་པོ་ལྟ་བའི་ནུས་པ་བདག་ལ་མེད། །ཁྱེད་ཀྱི་ཐུགས་ཀྱང་དམ་པ་ལ་དགོངས་དེ་ཡི་སླད་དུ་ཕོངས་པ་བདག་ལ་མི་གཟིགས་ལ། །ཡུལ་ལ་ལོག་པར་གོམས་སླད་སྲེད་པའི་རྗེས་འགྲོ་བདུད་ཀྱི་ཕོ་ཉ་ཉིན་རེ་ཞིང་ཡང་སྐབས་ཚོལ་བས། །ཀྱེ་མ་བཅོམ་ལྡན་བདག་ལ་ཐར་མེད་དེ་ལ་ཁྱེད་ཀྱི་ཐུགས་རྗེའང་མིང་ཙམ་ལགས་པར་མངོན་སུམ་གྱུར། །ཅི་སྟེ་ཐུགས་རྗེ་དམན་ལ་འཇུག་ན་དེ་ཚེ་བདག་ནི་གྲོལ་ལགས་སམ། །དེ་སྟེ་བདག་ལ་སྐལ་བ་མེད་ན་གང་ལ་ཁྱོད་ཀྱི་ཐུགས་རྗེ་འཇུག །འོན་ཏེ་ཐུགས་རྗེ་དུས་ལ་བཞུགས་ན་དེ་རིང་བདག་ནི་ངན་འགྲོར་ལྟུང༌། །གལ་ཏེ་བདག་ནི་དམྱལ་བར་འཚེད་ན་དེ་ཚེ་ཉོན་མོངས་ལྷག་པར་འཕེལ། །གང་ལ་ཉོན་མོངས་དཀྲུགས་པར་གྱུར་ན་དེ་ལ་སྐལ་བ་ཕྱི་ཕྱིར་ཆུང༌། །ད་དུང་དེ་བཞིན་དུས་ལ་བཞུགས་ན་འོ་ན་ཁྱོད་ཀྱི་ཐུགས་རྗེ་ཁུམས། །དེ་ལྟ་མིན་པར་དེ་ཚེ་སྐྱོབ་ན་དེ་བས་ད་ལྟ་འོ་བརྒྱལ་སླ། །དེ་སླད་བདག་ནི་གསོན་པར་བཞེད་ན་དེ་རིང་ཁོ་ན་དགོངས་པར་རིགས། །གལ་ཏེ་རང་གི་ཉེས་པ་ལགས་ན་འདི་ལ་ཁྱེད་ཀྱིས་ཐབས་ཚུལ་སྟོན། །དེས་ཀྱང་བདག་བློ་བཅོས་སུ་མེད་ན་འདི་དེ་འདུས་མ་བྱས་ལགས་གྲང༌། །ཅི་སྟེ་བདག་བློ་འདུས་བྱས་ལགས་ན་དེ་ལ་ཁྱོད་ཀྱིས་བཅོས་པར་སྤྱོད། །དེ་ལྟ་ན་ཡང་བཅོས་སུ་མེད་ན་ཅི་ལགས་འདུས་བྱས་སྔོན་མེད་ཅིག །དེ་ལྟར་སྤྱོད་ཀྱང་ཁྱོད་མི་དགོངས་ན་དེ་ལ་བདག་གིས་ཅི་བགྱིར་མཆིས། །དེ་སྟེ་དགོངས་ཀྱང་མ་མཁྱེན་གྱུར་ན་འོ་ན་ཀུན་མཁྱེན་ཅི་ཞིག་ཀྱེ། །དེ་ལྟར་ཕོངས་པས་ཁྱེད་ལ་གཤེ་ན་དེ་མ་ཐག་ཏུ་ངན་འགྲོར་མཆི། །དེས་ན་དམན་ལ་ཐུགས་རྗེ་མངའ་ན་འདི་འདྲ་བདག་ལ་ཕྱག་གིས་ཟུང༌། །གལ་ཏེ་ཁྱེད་ཀྱིས་ཐབས་ཚུལ་བསྟན་ན་དེ་ཚེ་བདག་བློ་གང་དུ་བརླག །འོན་ཏེ་བཤད་ཀྱང་གོ་བ་མེད་ན་ཀྱེ་ཧུད་བདག་ནི་བྱོལ་སོང་ངམ། །རེ་ཞིག་བདག་བློ་དུད་འགྲོ་ལགས་ན་དེ་ལ་ཐུགས་རྗེ་ལྷག་པར་རིགས། །དེ་ལྟ་ན་ཡང་ཁྱོད་མི་དགོངས་ན་སུ་ལ་བདག་གིས་སྐྱབས་སུ་མཆི། །གལ་ཏེ་གཞན་ཞིག་སྐྱབས་སུ་བཙལ་ན་དེ་ཚེ་བདག་ནི་ངེས་པར་བརླག །དེ་ཕྱིར་ཁྱོད་ལས་སྐྱབས་གཞན་མེད་ན་ཀྱེ་མ་བདག་ལ་ཅིས་མི་དགོངས། །རེ་ཞིག་ད་ལྟ་བཏང་སྙོམས་མཛད་ན་ཕྱིས་ནས་བརྩེ་ཡང་དུས་ལས་འདའ། །དེ་ལྟ་མིན་པར་ཐུགས་ལ་དགོངས་ན་དེ་ཚེ་མ་སྐྱེས་དགྲ་ཡང་གྲོལ། །གང་གིས་དཔའ་སྦྱིན་ཐར་པ་མཁྱེན་ན་ཨེ་མ་འོ་ཁྱོད་ཀྱིས་ཅི་མ་མཁྱེན། །དེ་ལ་དེ་ལྟར་ཐུགས་རྗེ་མཛད་ན་ཅི་ག་བདག་གིས་ཅི་ཞིག་ནོངས། །ཡང་ན་མི་བཟད་ལས་ལ་ཞུགས་ན་ད་གཟོད་ཐུབ་པ་མཉེས་ལགས་གྲང༌། །དེ་ལྟར་བགྱིས་པས་གལ་ཏེ་ལྟུང་ན་ལྷག་པར་ཁྱེད་ཀྱིས་སྤངས་ཀྱིས་དོགས། །ད་ཀོ་བདག་གིས་ཇི་ལྟར་བགྱིས་ན་འདི་བས་ཐུགས་སུ་བྱོན་ཞིག་གུ། །དེ་ལྟར་རྟོག་པས་ཀུན་ཏུ་བཙལ་ན་འདི་ཞེས་སྟོན་པ་བདག་ལ་མེད། །དེ་ལ་སེམས་པས་ཉིན་མཚན་འདས་ན་ཕྱི་ནས་འགྱོད་བཞིན་དུས་ལས་འདའ། །གང་ལྟར་གྱུར་ཀྱང་བློ་གྲོས་སྟོར་ན་ཀྱེ་ཀྱེ་བདག་ལ་མི་གཟིགས་སམ། །གལ་ཏེ་ཁྱོད་ལ་ཡོད་པར་བལྟས་ན་དེ་ཚེ་འཇིག་ཚོགས་ལྟ་བ་འཕེལ། །དེ་སྟེ་རྒྱལ་བ་སྟོང་པར་བལྟས་ན་དེ་ཡིས་ཁྱོད་ལ་སྐུར་བ་བཏབ། །འོན་ཏེ་ཡོད་མེད་གཉིས་ཀར་བཟུང་ན་དེ་ཚེ་བདག་གི་བློ་གྲོས་འཁྲུལ། །དེ་ལྟར་དེ་ལས་བཟློག་པར་བཟུང་ན་དེ་འདྲའི་རྒྱལ་བ་བློ་ལས་འདས། །དེ་ལྟར་ལྟ་ངན་རྣམ་པར་འཕེལ་ན་ད་དུང་ཐུབ་ལ་འགྱུར་མེད་པ། །དེ་ལྟར་ཐུགས་སྙོམས་དེ་ལས་དཔགས་ན་ཇི་ལྟར་དཔྱད་ཀྱང་བསོད་ནམས་སམ། །འོན་ཏེ་འགའ་ཞིག་སྡིག་པར་གྱུར་ན་དེ་ལ་ཁྱེད་ཀྱིས་ཤེས་རབ་སྟོན། །དེ་ལྟར་ལགས་ཀྱང་ད་དུང་བཞུགས་ན་དེ་ལས་གཡེལ་བ་གཞན་ཅི་མཆིས། །གང་ཚེ་གྱི་ནར་དབུ་ཡང་སྩོལ་ན་འདི་ན་ཕོངས་ལ་བཀའ་མི་སྩོལ། །ཡང་ན་ཁྱོད་པས་སྔོན་རབས་བཟང་ན་དེ་ལ་ཅི་སྟེ་ཁྱོད་མི་བཞུགས། །འོན་ཏེ་ཁྱོད་ཉིད་ཐབས་ལ་མཁས་ན་དེ་ཚེ་དེ་དག་ཐབས་འཁྲུལ་ལམ། །དེ་ཡི་ཐབས་ཚུལ་དེ་ལྟར་ལགས་ན་ད་ཀོ་ཐུབ་པ་བརྗེད་ལགས་གྲང༌། །འོན་ཏེ་བདག་གིས་ནོངས་པ་བགྱིས་ན་དེ་ལ་འཇུག་པ་ཅིས་མི་འགེགས། །རེ་ཞིག་ལས་ཀྱིས་དེ་ལྟར་རིགས་ན་དེ་ཚེ་མི་རིགས་གང་ཞིག་ལགས། །ཅི་ནས་ཐུབ་པ་ལས་ལ་དགོངས་ན་ཀྱི་ཧུད་བདག་ལ་ཐར་པ་མེད། །དེ་ལྟར་རྒྱུན་ཏུ་འཁོར་བར་འཁོར་ན་དེ་ལ་ཐུགས་རྗེ་མི་མཛད་དམ། །གང་ཞིག་འཁོར་བར་འགྲོ་བ་གཟིགས་ན་དེ་ལ་བདག་གུས་ཕྱག་འཚལ་ལོ། །སུ་ཞིག་སྐྱབས་མེད་སྐྱབས་སུ་གྱུར་ན་དེ་ལ་དང་པོར་སྐྱབས་སུ་མཆི། །གང་དག་ཤེས་བྱ་ཀུན་གཟིགས་མངའ་ན་དེ་ཉིད་ཁོ་བོའི་སྟོན་པ་ལགས། །གང་ལ་ཉེས་པ་རྡུལ་ཙམ་མེད་ན་དེ་ཡི་གསུང་རབ་སྤྱི་བོས་ལེན། །དེ་སྐད་གླེངས་པས་གང་ཞིག་ཁྲོ་ན་དེ་ལ་དེ་འདྲ་མེད་པར་ཟད། །སུ་ལ་འདི་འདྲ་མངའ་བར་གྱུར་ན་དེ་ཡིས་བདག་ལ་ཐུགས་རྗེ་བསྐྱེད། །གལ་ཏེ་བརྒྱ་ལ་ཐུགས་ཀྱིས་བཟུང་ན་ཉིད་དུ་ངན་འགྲོ་གཅོད་པར་བསམས། །དེ་ལྟར་གྱུར་ཀྱང་ནོངས་པ་མཆིས་ན་དེ་ལ་ཐུགས་རྗེ་ཆེ་བཟོད་མཛོད། །དེ་ཙམ་ཁྱོད་ལ་སྤོབས་པ་མིན་ན་རེ་ཞིག་བདག་གིས་སུ་ལ་གླེང༌། །དེ་ལྟར་ཕོངས་པས་སྨྲེ་སྔགས་འདོན་ན་དེ་ཡི་ཁ་ནས་ཅི་བྱུང་ཀྱེ། །གལ་ཏེ་དེ་ཡིས་ཐུགས་ལ་བས་ན་ད་གཟོད་ཁོ་བོ་གང་དུ་འགྲོ། །ཀྱི་ཧུད་ཀྭ་ཡེ་ལེགས་པར་བསམས་ན་ཕྱི་ཕྱིར་སྡུག་བསྔལ་མེ་ཡིས་གདུངས། །དེ་ལྟར་བཀའ་དྲིན་ཞུ་བར་འཚལ་ན་དེ་ཡང་བདག་གིས་མ་ཤེས་པ། །འདི་ལྟར་གྱུར་པ་མངོན་སུམ་གཟིགས་ན་ད་གཟོད་ཁོ་བོ་རྨོངས་པར་མཁྱེན། །དེ་ལྟ་དེ་ལྟར་ཡང་ཡང་དགོངས་ན་དེ་ནས་ཐུགས་རྗེས་སྤྱན་ཆབ་ལྷུང༌། །དེ་ལྟར་གྱུར་འདི་ཞབས་དྲུང་ལྷུང་ན་ཀུན་དུ་ཐུགས་རྗེ་མ་བསྙེལ་ཅིག །ཁྱེད་ཀྱིས་བདག་གི་སྡུག་བསྔལ་མངོན་སུམ་མཁྱེན། །ལྷག་པར་བརྩེ་མངའ་ཁྱེད་ལ་བསྐུལ་ཅི་འཚལ། །འོན་ཀྱང་ཡིད་ཀྱི་ཟུག་རྔུ་བརྣག་དཀའ་བས། །བླུན་པོ་རང་གི་སྡུག་བསྔལ་ཞུ་བར་བས། །རེ་ཞིག་ཁྱེད་ཀྱི་ཡོན་ཏན་བསམས་པ་དང༌། །ཕྱི་ནས་ཉམ་ཐག་རང་གི་སྡུག་བསྔལ་དྲན། །ད་དུང་འཁོར་བའི་གཏིང་མཐའ་མ་མཐོང་བས། །མགོན་པོ་ཅི་ཞིག་ལྟར་ཏེ་མཆི་མ་ཤོར། །བདག་ཏུ་འཛིན་པའི་གཅོང་རོང་ནང་བཞུགས་པས། །སྐྱེ་བའི་ཆུ་བོ་བཟློག་པར་དཀའ་བས་ན། །གལ་ཏེ་ལས་ཀྱིས་དམྱལ་བ་མྱོང་ན་ཡང༌། །ཁྱོད་ལས་གཞན་པ་སྐྱབས་སུ་མ་གྱུར་ཅིག །དེ་སྐད་སྨྲ་དེ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་ཉིད་ཡིན་འདི་ལ་གང་འགལ་བའི། །ཚུལ་དེ་དེ་བས་ལྷག་པའི་མཁས་རྣམས་ཀྱིས། །དགོངས་པར་འགྱུར་བ་ཡིད་ལ་གནོང་ཞིང་མཆིས། །ཚིག་འདི་གང་གིས་མཐོང་དང་ཐོས་པ་དང༌། །དད་དང་ཁ་ཏོན་གཞན་ལ་སྟོན་ན་ཡང༌། །དེ་ཡི་རྒྱུད་ལ་རྒྱལ་དང་དེ་སྲས་ཀྱི། །རྣམ་པར་ཐར་བ་མྱུར་དུ་འཇུག་གྱུར་ཅིག །ཐུབ་པའི་སྨོན་ལམ་དོན་ཀུན་འབྱོར་པ་དང༌། །གང་གི་རང་བཞིན་རྣམ་པར་དག་པའི་མཐུས། །དུས་གསུམ་རྒྱལ་བས་ཇི་ལྟར་དགོངས་པ་ཡི། །ལེགས་པར་གང་དེ་འགྲོ་བས་ཐོབ་པར་ཤོག །བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་ཞེས་བྱ་བ། ས་སྐྱ་པཎྜི་ཏས་སྡེབ་སྦྱོར་གྱི་གཙུག་ལག་དང་རྗེས་སུ་མཐུན་པར་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*