༼ཐ༽
༄༅། །བླ་མ་རྗེ་བཙུན་ཆེན་པོའི་རྣམ་ཐར་བཞུགས།།
༄༅། །དཔལ་ཆོས་ཀྱི་རྗེ་ཁམས་གསུམ་གྱི་མགོན་པོ་རྗེ་བཙུན་ས་སྐྱ་པ་ཆེན་པོའི་ཞབས་ཀྱི་ཟེའུ་འབྲུ་ལ་གུས་པས་ཕྱག་འཚལ་ལོ། །ཡོན་ཏན་མེ་ཏོག་ཕྲིན་ལས་བཟང་པོའི་དྲི། །གདུལ་བྱ་དག་པའི་བུང་བས་ལེགས་བསྟེན་པ། །བློ་གྲོས་རྒྱ་མཚོ་ཐོས་པའི་ཆུ་རྒྱུན་གྱིས། །ཡོངས་གཏམས་ཆོས་རྗེ་པདྨོའི་འབྱུང་གནས་མཆོག །ལེགས་བསམས་ཁྱོད་ཀྱི་རྣམ་པར་ཐར་པའི་ཆ། །དམ་པའི་སྐྱེ་བོ་རྣམས་ལ་ཤིན་ཏུ་དཀོན། །དེ་སླད་འགྲོ་བའི་བླ་མ་ཁྱོད་དྲན་པས། །དད་པའི་སྟོབས་ཀྱིས་སྤུ་ལྡང་མཆི་མ་གཡོ། །གང་ཞིག་ཁྱོད་ཀྱི་ཕྲིན་ལས་བཟང་པོའི་གཏེར། །རྣམ་པར་ཐར་པ་མཐའ་དག་སུས་བརྗོད་སྤོབས། །འགྲོ་བ་རྣམས་ལ་མངོན་སུམ་གྱུར་པ་ཡི། །ཕྲིན་ལས་འགའ་ཙམ་རེ་ཞིག་འདིར་བསྡུའོ། །འདིར་བདག་ཅག་གི་བླ་མ་ཁམས་གསུམ་གྱི་མགོན་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ། ཐར་པ་འདོད་པ་རྣམས་ཀྱི་འདྲེན་པ། ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན། རིགས་པ་དང་གྲོལ་བའི་སྤོབས་པ་ཐུན་མོང་མ་ཡིན་པ་ལ་མངའ་བརྙེས་པས་སློབ་མའི་ཐེ་ཚོམ་གྱི་དྲྭ་བ་རྣམ་པར་འདྲལ་བ། ཡེ་ཤེས་དང་ཡེ་ཤེས་ཀྱི་འཇུག་ཡུལ་རྣམ་པར་དག་པ་ལ་དབང་འབྱོར་པས་གནས་དང་གནས་མ་ཡིན་པ་ལ་བསྙེངས་པ་མི་མངའ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས། བསྒྲུབ་པ་དང་སུན་འབྱིན་པའི་ཆ་ལ་རྨོངས་པའི་ཐིབས་སོ་བསལ་བ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལ་མཁས་པ། གདུལ་བྱའི་རྒྱུད་ཡང་དག་པའི་ལམ་ལ་སྦྱོར་བའི་རྩ་ལག་ཆེན་པོར་གྱུར་པའི་དཔལ་ས་སྐྱ་པ་ཆེན་པོ་དེ་ནི། ངེས་པར་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་པར་ཐེ་ཚོམ་མི་ཟ་བར་རང་ཉིད་ལ་ངེས་པའི་ཤེས་པ་ཁྱད་པར་ཅན་སྐྱེས་ལ། དམ་པའི་གྲོགས་འགའ་ཞིག་གིས་ཀྱང་གཏན་ཚིགས་དང་བཅས་པས་དེ་ལྟར་ངེས་པ་སྐྱེས་པ་དག་འཇུག་མོད་ཀྱི། འོན་ཀྱང་རེ་ཞིག་སྐྱེ་བོ་ཕལ་པོ་ཆེ་ལ་ཇི་ལྟར་སྣང་བ་དེ་མདོ་ཙམ་ཞིག་བརྗོད་དོ། །དེ་བརྗོད་ན་རྗེ་བཙུན་ཆེན་པོ་འཕགས་པའི་གང་ཟག་ཐམས་ཅད་ལ་གྲགས་པ། ཡོན་ཏན་རིན་པོ་ཆེ་དུ་མའི་རྒྱལ་མཚན་དུ་གྱུར་པའི་བདག་ཉིད་ཆེན་པོ་འདི། ཀླུའི་རྒྱལ་པོའི་ཚུལ་དུ་ཡུམ་ལ་རྨི་ལྟས་བསྟན་ནས་ལྷུམས་སུ་ཞུགས་ཏེ། གནོད་པ་མེད་ཅིང་བདེ་བར་གྱུར་ལ། བཀྲ་ཤིས་པའི་ལྟས་དང་བང་མཛོད་འཕེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་མཐུན་པར་སྐུ་བལྟམས་སོ། །ཅུང་ཟད་མནོ་ཤེས་ནས་དབེན་པ་ལ་དགྱེས་ཤིང་བརྐམ་ཆགས་མེད་ལ། ཡོན་ཏན་གྱི་ཆ་ཁོ་ན་བསྒྲུབ་པ་ལ་བརྩོན་པ་བྱིས་པའི་སྤྱོད་པ་ལས་འདས་པ་ཅིག་ཏུ་གྱུར་ཏོ། །དེ་ནས་དགུང་ལོ་བརྒྱད་ལོན་པ་དང༌། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ཞེས་བྱ་བའི་སྡོམ་བརྩོན་ཆེན་པོ་དེ་ལས་ཚངས་པར་སྤྱོད་པའི་དགེ་བསྙེན་མནོས་ཏེ། བསླབ་པར་བྱ་བའི་ཕྱོགས་ཕྲ་བའི་ཕྲ་བའང་བྱིས་པ་ཉིད་ནས་སྤྱན་གྱི་འབྲས་བུ་ལྟར་འཚོ་བ་ཞིག་གོ །དགུང་ལོ་བཅུ་བཞེས་པ་ན། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་དུ་མ་དང༌། གསང་སྔགས་ཀྱི་སྒྲུབ་པའི་ཐབས་ཆེན་པོ་མཚོ་སྐྱེས་ལ་སོགས་པའི་གཞུང་དང་དོན་དུ་བཅས་པ་མཁྱེན་ནས། དགུང་ལོ་བཅུ་གཅིག་བཞེས་པའི་ཚེ། རང་གི་སློབ་དཔོན་རྣམས་ཀྱིས་གཙོ་བྱས་པའི་མཁས་པ་རྣམས་ཀྱིས་ཞུས་པའི་ངོར་གཞུང་དང་དོན་དུ་བཅས་པ་ཐུགས་ལས་གསུངས་པས་ཚོགས་པ་ཐམས་ཅད་ངོ་མཚར་སྐྱེས་ཏེ། བློ་གྲོས་ཆེན་པོ་ཞེས་བྱ་བར་བཏགས་སོ་ཞེས་ཐོས་སོ། །དེ་ནས་དགུང་ལོ་བཅུ་གཉིས་བཞེས་པ་ན། ཐོ་རངས་ཀྱི་ཆ་ལ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་པུསྟི་གསོལ་བའི་མནལ་ལམ་བྱུང་བ་དང༌། དེ་ཉིད་ཀྱི་ཚེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་གྱུར་ཏོ། །དེའི་ཚེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་གསུང་བར་བཞེད་པ་ན། བླ་མ་ས་སྐྱ་པ་ཆེན་པོ་སྐུ་གཤེགས། དེའི་མདད་ལ་ཕྱོགས་རིས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་སྤྱན་དྲངས་ནས། དུས་གསུམ་ཁེགས་སོ་ཞེས་ཟེར་བའི་ཆོས་འཁོར་དང་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པའི་དུས་སུ་རང་གི་སློབ་དཔོན་དུ་གྱུར་པ་གཉེན་དང་ཞང་ལ་སོགས་པ་དག་གིས་གཙོ་བྱས་པའི་མཁས་པ་རྣམས་ཀྱིས་ཞུ་ཕུལ་བའི་ངོར་བརྟག་པ་གཉིས་པ་ཐུགས་སུ་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ། འགའ་ཞིག་ནི་སྤྲུལ་པ་ཞིག་ཡིན་ངེས་ཀྱིས། སོ་སོ་སྐྱེ་བོ་ལ་འདིའི་བློ་གྲོས་མི་སྲིད་ཅེས་ཟེར། འགའ་ཞིག་བླ་མ་ས་སྐྱ་པ་ཆེན་པོ་ཉིད་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པས་དེས་རྒྱུད་བྱིན་གྱིས་བརླབས་པའོ་ཞེས་ཟེར། འགའ་ཞིག་བླ་མ་ས་སྐྱ་པ་ཆེན་པོ་དེས་འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པའི་བྱིན་རླབས་ཀྱི་རྒྱུད་ཡིན་ནོ་ཞེས་ཟེར། མདོར་ན་སོ་སོ་སྐྱེ་བོ་རང་རྒྱུད་པ་ལ་དེ་ལྟ་བུའི་རྣམ་པར་ཐར་པའང་མི་སྲིད་པར་ཐག་བཅད་ཅེས་ཐོས་སོ། །དེ་ནས་སློབ་དཔོན་གཅེན་རིན་པོ་ཆེ་བསོད་ནམས་ཀྱི་ཞལ་སྔ་ནས་ཀྱིས་ང་དབུས་སུ་ཕྱིན་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྡེ་སྣོད་དང་དབུ་ཚད་ཀྱི་རིག་པ་མཐའ་དག་ཉན་འོང་གིས་ཁྱོད་ཀྱིས་ས་སྐྱར་སྡོད་ལ་བཤད་པ་གྱིས་ཤིག ཅེས་བཀའ་རྒྱས་བཏབ་ནས་གཤེགས་སོ། །དེ་ནས་དགུང་ལོ་བཅུ་གསུམ་ནས་གསང་སྔགས་ཀྱི་བཤད་པ་རྣམས་མཛད་ཅིང་བཞུགས་སོ། །གདམས་ངག་བླ་མས་བཀའ་རྒྱ་ལོ་དགུར་མཛད་པ་ལ་ལོ་བཅུ་གསུམ་གྱི་བར་དུ་མ་གསུངས་ཞེས་གསུངས་སོ། །ཡང་གཞུང་འཆད་པའི་བར་རྣམས་སོ། །རང་གི་སློབ་དཔོན་གཞན་དང་གཞན་རྣམས་ལས། གཞུང་ལུགས་ཐ་དད་པ་དུ་མ་ཡང་གསན་ཏེ། དེ་ཡང་རྣལ་འབྱོར་བླ་ན་མེད་པ་ལ། དགྱེས་པ་རྡོ་རྗེ་རྩ་བ་དང་བཤད་པའི་རྒྱུད་མཐའ་དག་དང་འགྲེལ་པ་སྒྲུབ་ཐབས་དང་བཅས་པའི་བཤད་སྲོལ་མི་འདྲ་བ་དུ་མ་དང་བཅས་པ་དང༌། ཡང་འཁོར་ལོ་བདེ་མཆོག་རྩ་བ་དང༌། བཤད་པའི་རྒྱུད་ཡན་ལག་དང་བཅས་པ་མཐའ་དག་དང༌། དཔལ་གསང་བ་འདུས་པ་འཕགས་སྐོར་རྒྱུད་གསུམ་འགྲེལ་པ་ཡན་ལག་དང་བཅས་པ་དང༌། ཡང་ཡེ་ཤེས་ཞབས་ཀྱི་སྐོར་ལ། རྒྱན་དང་ཛ་ཡ་ན་ལ་སོགས་པ་མན་ངག་དང་བཅས་པ་དང༌། ཡང་ཡེ་ཤེས་ཞབས་ཀྱི་བྱེ་བྲག་སྨན་ཞབས་ཀྱི་རྒྱུད་འགྲེལ་མན་ངག་དང་བཅས་པ་དང༌། ཞལ་གྱི་ལུང་མན་ངག་དང་བཅས་པ་ཐུགས་སུ་ཆུད་ཅིང་འདྲིས་པར་མཛད་དོ། །གཞན་ཡང་རྣལ་འབྱོར་གྱི་རྒྱུད་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་འགྲེལ་པ་དེ་ཉིད་སྣང་བ་དང་བཅས་པ་དང༌། རྡོ་རྗེ་རྩེ་མོ་དང༌། དཔལ་མཆོག་དང་པོ་དང༌། ངན་སོང་སྦྱོང་རྒྱུད་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཡན་ལག་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་གཤིན་རྗེ་གཤེད་ཀྱི་རྒྱུད་གསུམ་ཡན་ལག་དང་བཅས་པ་མན་ངག་གི་གནད་དུ་མ་དང་བཅས་པ་དང༌། དཔལ་དུས་ཀྱི་འཁོར་ལོ་ཕྱི་ནང་གི་རྩིས་མན་ངག་དང་བཅས་པ་དང༌། མཚན་ཡང་དག་པར་བརྗོད་པ་འགྲེལ་པ་གསུམ་ཡན་ལག་དང་བཅས་པ་དང༌། དེ་དག་གི་ཡན་ལག་གི་ཕྱོགས་མཐའ་དག་དང་བཅས་པ་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་རྣལ་འབྱོར་གྱི་རྒྱུད་ལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དང༌། གཞན་ཡང་སྤྱོད་པའི་རྒྱུད་ལ་མི་གཡོ་བའི་རྟོག་པ་ཆེན་པོ་ལ་སོགས་པ་མང་ཞིག་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་བྱ་བའི་རྒྱུད་ལ་གསང་བ་སྤྱི་རྒྱུད་དང༌། དཔུང་བཟང་ལ་སོགས་པ་དུ་མ་ཞིག་གསན་ཅིང་ཐུགས་སུ་ཆུད་དོ། །གཞན་ཡང་སློབ་དཔོན་གཞན་རྣམས་ལས་ཕ་རོལ་དུ་ཕྱིན་པའི་གཞུང་གི་མདོ་དང་བསྟན་བཅོས་ཀྱི་ཆ་དུ་མ་དང༌། གསང་སྔགས་ཀྱི་གཞུང་ཕྲན་ཚེགས་རྣམས་དང༌། མན་ངག་གི་བྱེ་བྲག་དཔག་ཏུ་མེད་པ་གསན་པའི་ཚུལ་རྣམས་ནི་བགྲང་གིས་མ་ལང་བས་ཡི་གེར་མ་བྲིས་སོ། །འདིའི་མཛད་པའི་ཕྲིན་ལས་ནི་བདག་ཅག་གི་བློའི་ཡུལ་ལས་འདས་པ་ཞིག་མོད། འོན་ཀྱང་གཙོར་སྒྲུབ་པ་ཉིད་ལ་ཐུགས་གཞོལ་བས་རིམ་པ་གཉིས་ལ་ཐུགས་བརྟན་པ་ཆེན་པོ་ཐོབ་པའི་ངེས་པའི་ཤེས་པ་སྐྱེས་ལ་དེ་ནས་བཤད་པ་མཛད་པ་ནི་གཞུང་ཅི་ལྟར་དཀའ་ཞིང་སྔར་མ་འདྲིས་པ་ཡིན་དུ་ཟིན་ཡང་སྔ་ལྟས་མི་མཛད་པར་འཆད་ཀྱང་གཞུང་དང་དོན་གྱི་ཆ་ལ་ཐམས་ཅད་མཁྱེན་པའི་གསུང་གི་རྣམ་པར་ཐར་པ་བཞིན་ནོ། །དེའི་ཕྱིར་སློབ་མ་དམ་པ་མང་དུ་བསྐྲུན་པར་གྱུར་ཏོ། །གཞུང་རྩོམ་པ་ལ་ནི་ཕུལ་དུ་བྱུང་བ་ཞིག་སྟེ། འདིའི་རྩོམ་པ་མཐའ་དག་རང་གིས་བརྗོད་པར་བདེ་ཞིང་གཞན་གྱིས་རྟོགས་པར་སླ་བ། གཉིས་ཀ་ལ་རྣར་སྙན་པ་ཁོ་ན་ཞིག་སྟེ། འཕགས་པ་འཇམ་དཔལ། རྗེ་བཙུན་མི་གཡོ་བ་དང༌། ཀྱེའི་རྡོ་རྗེའི་དཎྜ་ཀ་ལ་སོགས་པའི་བསྟོད་པ་རྣམས་ཀྱི་ཚིག་དང་དོན་དང༌། རྒྱན་ལ་སོགས་པའི་སྙན་ངག་གི་སྡེབ་སྦྱོར་བྱེད་པ་གཞན་ལ་མ་མཐོང་ལ། བསྟན་བཅོས་ཆེན་པོ་མཛད་པ་རྣམས་ཀྱང་གང་ཟག་གི་བློ་དང་བསྟུན་ནས། སྡེབ་སྦྱོར་གཙོར་མི་མཛད་པར་ཕན་པ་ཉིད་ལྷུར་མཛད་མོད་ཀྱི། འོན་ཀྱང་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་ཞིག་གོ །དེས་བསྟན་བཅོས་ཇི་སྲིད་ཅིག་མཛད་པ་ཡང་མཐའ་ཡས་པའི་ཕྱིར་འདིར་མ་བྲིས་སོ། །ཡང་གཞན་གྱིས་བརྩད་ཅིང་དྲིས་པ་ན། ཆོས་དང་མཐུན་པར་ལན་འདེབས་པ་ནི། སྤོབས་པ་ཐོགས་པ་མི་མངའ་བར་རིགས་པ་དང་ལུང་གིས་ཕ་རོལ་གྱི་ལོག་པར་རྟོག་པ་སེལ་བ་ནི། རྟོག་གེ་པ་ཆེན་པོའི་སྒྲའི་ཆ་ལ་མ་རྨོངས་པ་དག་ཀྱང་བ་སྤུ་ལྡང་བ་ཞིག་གོ །ངོ་མཚར་བའི་ཁྱད་པར་ཐོབ་པ་ཡང་ཡི་དམ་གྱི་ལྷས་བྱིན་གྱིས་བརླབ་པ་དང༌། བསམས་ན་ཤེས་པའི་མངོན་པར་ཤེས་པ་ལ་སོགས་པ་དང༌། ནང་དུ་ཡང་དག་པར་འཇོག་པ་ལ་སོགས་པ་ཡང་བསམ་གྱིས་མི་ཁྱབ་པ་མངའ་བ་བདག་ཅག་ལ་ངེས་མོད་ཀྱི། འོན་ཀྱང་བཀས་མ་གནང་བས་མ་བྲིས་སོ། །གཞན་ཡང་བླ་མ་ལ་གུས་པ་ནི། རྗེ་བླ་མ་ཡབ་སྲས་ངེས་པར་རྡོ་རྗེ་འཆང་ཡིན་པ་ལ་ཐེ་ཚོམ་མམ། ཡིད་གཉིས་གཏན་མི་མངའ་བ་ཡིན་པར་ངེས་ལ། དེའི་ཕྱིར་དེ་དག་ཞལ་བཞུགས་པ་ན་ཡང་སྐུ་གསུང་ཐུགས་ཇི་ལྟར་མཉེས་པ་བཞིན་བསྒྲུབས་ནས་ཐ་ན་ཀྱལ་ཀའི་ཕྱིར་ཡང་གསུང་མ་བཟློག་ལ། སྐུ་འདའ་བའི་ཚེ་ན་ཡང་བདག་ཉིད་གླུད་དུ་གཏོང་བའི་བར་དུ་མཛད་ལ། སྐུ་འདས་ནས་ཀྱང་མཆོད་པའི་ཕྱིར། བླ་མ་ས་སྐྱ་པ་ཆེན་པོའི་མདད་ལ་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་སྤྱན་དྲངས་ནས་ཆོས་འཁོར་ཆེན་པོ་མཛད། འབུམ་ཆ་ལྔ་བཅུ་ཙམ། ཉི་ཁྲི་བརྒྱ་སུམ་ཅུ་ལྷག་ཅིག དཀོན་མཆོག་བརྩེགས་པ་བརྒྱད་ཅུ་ལྷག་ཅིག་དང༌། དེ་ལ་སོགས་པ་ཆོས་དང་ཟང་ཟིང་བརྗོད་ཀྱིས་མི་ལང་བ་དེང་སང་གི་བར་དུ་ཡང་སྐྱེ་བོ་རྣམས་ཀྱིས་སྙན་གྲགས་སྒྲོགས་པ་མཛད་ལ། ཡང་སློབ་དཔོན་གཅེན་རྒྱ་གར་དུ་ལོ་ཙཱ་སློབ་པ། མ་ག་དྷཱ་ར་སྐུ་གཤེགས་པའི་མདད་ལ་ཡང༌། ལོ་པཎ་སྤྱན་དྲངས་པའི་ཆོས་འཁོར་མཛད་ནས། ཆོས་དང་ཟང་ཟིང་གི་སྦྱིན་གཏོང་ཆེན་པོ་མཛད་དོ། །སློབ་དཔོན་རིན་པོ་ཆེ་སྐུ་འདས་ནས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་རྣམས་སྤྱན་དྲངས་ནས། ཆོས་འཁོར་ཆེན་པོ་མཛད་ནས། འབུམ་ཆ་སུམ་ཅུ་སོ་བདུན། ཉི་ཁྲི་བརྒྱད་ཅུ་ཙམ། དཀོན་མཆོག་བརྩེགས་པ་ལྔ་བཅུ་ཙམ། གསེར་གྱི་བརྒྱད་སྟོང་པ་དང༌། འཇམ་སྡུང་ལ་སོགས་པ་བདོག་པ་ཐམས་ཅད་བཏང་སྟེ། ཐ་ན་ན་བཟའ་དང༌། ཞལ་བུ་ཚུན་ཆད་བཏང་བ་དང༌། ཡང་སློབ་དཔོན་གཅུང་སྐུ་འདས་པ་ན། ཕྱོགས་ཀྱི་དགེ་བའི་བཤེས་གཉེན་རྣམས་གདན་དྲངས་ནས་བསྙེན་བཀུར་མཛད། འབུམ་ཆ་སམ་ཅུ་རྩ་ལྔ། ཉི་ཁྲི་བརྒྱ་ཉི་ཤུ་ཙམ། དཀོན་མཆོག་བརྩེགས་པ་སུམ་ཅུ། གསེར་གྱི་བརྒྱད་སྟོང་པ་གསུམ། དེ་ལ་སོགས་པ་ཆོས་དང༌། ཟང་ཟིང་གི་སྦྱིན་པ་དཔག་ཏུ་མེད་པ་མཛད་དོ། །ཡང་དེ་དག་ཐམས་ཅད་ལ་སྐུ་གདུང་གི་བཞུགས་ས་གསེར་གྱི་གདུང་རྟེན་དང༌། གསེར་གྱི་བཀྲ་ཤིས་སྒོ་མང་དང༌། གསེར་གྱི་སྐུ་ལ་སོགས་པ་མཛད་ནས་བླ་མ་དང་མཆེད་ཟླ་ཐམས་ཅད་ཀྱི་ཐུགས་དགོངས་ཐམས་ཅད་གྲུབ་པར་མཛད་པ་ཡིན་ནོ། །ཕྲིན་ལས་གཞན་ཡང་གཙུག་ལག་ཁང་མང་དུ་བཞེངས་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་བསྒྲུབས་པ་དུ་མ་དང༌། རྒྱལ་བའི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་འགྱུར་རོ་ཅོག་ཕལ་མོ་ཆེ་རིན་པོ་ཆེས་བཞེངས་པ་དང༌། ཆོས་བཞིན་བསྒྲུབ་པའི་དགེ་འདུན་བརྒྱ་རྩ་བརྒྱད་ཞབས་འབྲིང་མཛད་པའི་ཐུགས་དགོངས་མཛད་ནས་ཡོ་བྱད་ཕལ་ཆེར་བསྒྲུབ་པ་དང༌། དེ་ལྟར་དཀོན་མཆོག་གསུམ་གྱི་ཉེ་བར་མཁོ་བ་མཆོད་པའི་བཀོད་པ་དང༌། མར་མེའི་ཕྲེང་བ་དང༌། ཆེན་པོ་ལ་འོས་པའི་གདུགས་དང༌། རོལ་མོའི་ཆ་བྱད་མཐའ་དག་དང༌། བླ་རེ་དང༌། ལྷབ་ལྷུབ་ཀྱི་བཀོད་པ་མཐའ་དག་བདེ་བར་གཤེགས་པའི་བསྟན་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་དོན་ཁོ་ན་མཛད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་རིན་པོ་ཆེ་དང་སྣག་ཚ་འདྲེས་པ་ཕྱེད་དང་སུམ་བརྒྱ་ལྷག་པ་ཅིག་ཕྱག་ཏུ་བྱུང་བ་ལ་བརྒྱ་ཙམ་ཞིག་བླ་མའི་གདུང་རྣམས་ས་སྐྱའི་གཙུག་ལག་ཁང་ན་བཞུགས་པ་ལ་ཕུལ་ལོ། །གཞན་དང་གཞན་རྣམས་ནི་དགེ་བའི་བཤེས་གཉེན་གཞན་དང་གཙུག་ལག་ཁང་གཞན་རྣམས་སུ་ཕུལ་ལོ། །དེ་ལ་སོགས་པ་ཆོས་གཞན་རྣམས་ལ་ཡང་དཔག་ཏུ་མེད་ཅིང་ཡོ་བྱད་རྣམས་ཀྱང་ཇི་སྙེད་ཅིག་བྱུང་ཡང༌། བླ་མ་དང་དཀོན་མཆོག་གསུམ་གྱི་ཕྱིར་ཕུལ་བ་དང༌། མགོན་མེད་པ་རྣམས་ལ་བཏང་བས་བདེ་བ་ཅན་དུ་གཤེགས་ནས། གདན་དང་ན་བཟའ་ཕྲུགས་གཅིག་མ་གཏོགས་པ། གསེར་ཏིལ་འབྲུ་ཙམ་མམ། ཡོ་བྱད་གཞན་བྲེ་གང་རི་བ་མ་བཟུང་བ་འདི་ནི་ངོ་མཚར་བ་ཡིན་ནོ། །དེ་ལ་སོགས་པའི་རྣམ་པར་ཐར་པ་རྣམས་ནི་རྒྱས་པར་བརྗོད་ཀྱིས་མི་ལང་བའི་ཕྱིར་འདིར་རེ་ཞིག་མ་བརྗོད་དོ། །གཞན་ཡང་བདག་ཉིད་ཆེན་པོ་འདིས་མཚན་ཡང་དག་པར་བརྗོད་པ་ཞལ་ཐོན་དུ་མཛད་པ་ལན་གཉིས་མནལ་ལམ་དུ་བྱུང་བའི་རྗེས་སུ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་སྐྱེ་བ་བདུན་གྱི་བར་དུ་ཡི་དམ་གྱི་ལྷའོ་ཞེས་མནལ་ལམ་དུ་བྱུང་ནས་སྐྱེ་བ་དྲན་པའི་ཚུལ་འཐད་པ་དང་བཅས་པ་རྨིའོ་ཞེས་གསུངས་ཏེ། འདི་ལ་ངེས་པའི་ཤེས་པ་ཁོ་བོ་ཅག་ལ་སྐྱེས་ཏེ། ཅིས་མངོན་ཞེ་ན། མཚན་ཡང་དག་པར་བརྗོད་པ་མ་བཟུང་བར་ཐུགས་ལ་ཤར་ནས་ཞལ་ཏོན་ཏུ་མཛད་པ་མངོན་སུམ་དུ་མཐོང་བ་དང༌། མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་སྐྱེ་བ་དྲན་པ་དང༌། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་ཅིང་སྨྲ་མཁས་པ་དང༌། ཤེས་ཉེན་ཅན་དང༌། ལེ་ལོ་མེད་པ་ལ་སོགས་པ་དང༌། སྔོན་མ་མཐོང་བའི་བཟོ་དང་སྒྱུ་རྩལ་དང༌། གཞན་མངོན་པར་ཤེས་པའི་ཤེས་པ་ཐམས་ཅད་དོན་དང་ཡི་གེའི་སྒོ་ནས་ཤེས་པ་དང༌། ཚུལ་ཁྲིམས་དང༌། འཚོ་བ་ཡོངས་སུ་དག་པ་ལ་སོགས་པ་ཕན་ཡོན་ཇི་ལྟར་བཤད་པ་རྣམས་འདུག་པ་མཐོང་བ་དང༌། གཞན་ཡང་ངེས་པའི་ཤེས་པ་ཁྱད་པར་ཅན་འགའ་ཞིག་སྐྱེས་མོད་ཀྱི། འདིར་མ་སྨྲས་སོ། །གཞན་ཡང་བྱང་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་ཞེས་བྱ་བར། དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་རྩེན་པའི་དབང་ཕྱུག་རྒྱལ་པོའི་སྦྱིན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་ཞེས་བྱ་བ་བྱུང་བར་འགྱུར་ལ། བདག་ཅག་གི་བླ་མ་ཆོས་ཀྱི་རྗེ་ཆེན་པོ་འདི། དེའི་སྲས་གླིང་བཞི་སུམ་ཅུ་རྩ་གསུམ་གྱི་ཕྱེད་དང་བཅས་པ་ལ་དབང་མཛད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་ཞེས་བྱ་བར་འགྱུར་བར་ལུང་བསྟན་པ་དང༌། ཡང་རྗེ་ས་སྐྱ་པ་ཆེན་པོ་ཡབ་སྲས་ཀྱིས། ཁོ་བོས་ཁྱོད་ལ་ལམ་གྱི་རྒྱུས་བསྟན་ནོ་ཞེས་གསུངས་ནས། དབང་བཞི་པའི་ལམ་བསྟན་པ་ཐུགས་སུ་ཆུད། དེ་ཉིད་ཀྱི་སློབ་མ་རྣམས་ལ་ཁོ་བོའི་རྗེ་ཆེན་པོ་ས་སྐྱ་པས་སྟག་བྱང་ཆུབ་སེམས་དཔའ་ལ་བསྟན་པའི་ལམ་གྱི་རྒྱུས་ལེགས་པར་ཤེས་པས་ཁྱེད་འགྲོ་བ་ཡོད་ན་བསྟན། ང་རེ་ཞིག་བྱང་ཆུབ་སེམས་དཔའ་ཞུ་བྱས་ཀྱི་ལམ་ལ་འགྲོ་ཞེས་གསུངས་ནས། འཁོར་ཚོམ་བུ་དང་བཅས་ཏེ་གཤེགས་པ་དང༌། ཡང་རྗེ་ས་སྐྱ་པ་ཆེན་པོ་ཉིད་ཀྱི་བུ་ངས་ཆོས་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་བསྡུ་ན་འདི་ཡིན་པས་ལེགས་པར་ཉོན་ཅིག བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དང་པོ་ཆོས་ཉིད་གདན་དུ་བྱ། །འབྱུང་བ་རླུང་ལ་སྤར་ཟིན་བྱས། །གཏུམ་མོའི་མེ་དྲོད་རབ་ཏུ་བསྐྱེད། །བྱང་ཆུབ་ཆུ་རྒྱུན་དབུ་མར་གཞུག །ས་སོགས་འབྱུང་བ་དབང་དུ་འདུ། །ཡེ་ཤེས་ལྔ་ནི་མངོན་གྱུར་ནས། །འཆི་བ་མེད་པའི་གནས་འཐོབ་བོ། །ཞེས་གསུངས་པ་དང༌། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་ཐུགས་སུ་ཆུད་པ་ཡང་མཁའ་འགྲོ་མ་འགའ་ཞིག་གིས་མཁའ་སྤྱོད་དུ་སྤྱན་འདྲེན། ཞེས་ཞུས་པ་ན། ཕྱིར་བཟློག་པས་ནང་གི་བར་ཆད་ཀྱི་འགྲོ་ལྡོག་གི་དམིགས་ཕྱེད་པ་དང༌། གཞན་ཡང་རྨི་ལམ་ན་ཆོས་ཀྱི་སྒོ་དུ་མ་གཏན་ལ་ཕབ། རྒྱུ་འབྲས་ཀྱི་འགྲོ་ལྡོག་ལ་ཐེ་ཚོམ་བཅད་པ་དང༌། ལྷ་དང་ཀླུ་ལ་སོགས་པས་ཐེ་ཚོམ་དྲིས་པ་དག་ཇི་ལྟ་བ་བཞིན་ཐེ་ཚོམ་སེལ་བ་དང༌། ལྷ་དང་ཀླུ་ལ་སོགས་པས་དགོས་པ་ཁྱད་པར་ཅན་བྱུང་བའི་ཚེ། ཇི་ལྟར་བསྒོ་བ་གུས་པས་ཉན་པ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་གོ་བར་མ་ནུས་པ་དག་གུས་པས་ཞུས་ན། ཐེ་ཚོམ་གྱི་དྲྭ་བ་གཏན་ནས་སེལ་བ་དང༌། ཉིད་ཀྱིས་ཀྱང་རྟོགས་པར་དཀའ་བ་འགའ་ཞིག་དགོས་པ་ཁྱད་པར་ཅན་མཐོང་བའི་ཚེ། མཆོད་པའི་ཁྱད་པར་དང་བཅས་པས་གསོལ་བ་བཏབ་ནས་ཞུས་ན་རྣལ་འབྱོར་གྱི་དབང་ཕྱུག་ཉིད་ཀྱིས་དངོས་སུ་སྟོན་ཏེ་ཞེས་གསུངས་པ་དང༌། དེ་ལ་ངེས་པར་དེ་ལྟར་ཡིན་པའི་ངེས་ཤེས་ཀྱང་སྐྱེས་སོ། །གཞན་ཡང་ཆོས་རྗེ་ས་སྐྱ་པ་ཆེན་པོའི་རྣམ་པ་ཉིད་འཁོར་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་གཟིགས། བཅོམ་ལྡན་འདས་དཔལ་དགྱེས་པའི་རྡོ་རྗེ་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྤྲུལ་པའི་དཀྱིལ་འཁོར་གཡས་ན་བཞུགས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དགྲ་བཅོམ་པ་ཆེན་པོ་བརྒྱད་ཀྱིས་བསྐོར་བ་གཡོན་ན་བཞུགས་པའི་རྣམ་པར་འཕྲུལ་པ་ཆེན་པོ་མངོན་སུམ་དུ་བསྟན་ནས། ཁྱོད་རབ་ཏུ་འབྱུང་ན་སུ་ལ་རབ་ཏུ་འབྱུང༌། དབང་བསྐུར་བ་ལེན་ན་གང་ལས་ལེན། ཞེས་གསུང་བ་ན། བདག་རབ་ཏུ་འབྱུང་ངམ་དབང་ལེན་པ་ན། མཁན་པོར་གྱུར་པ་དང༌། རྡོ་རྗེ་སློབ་དཔོན་དུ་གྱུར་པ་ནི། ཆོས་ཀྱི་རྗེར་གྱུར་པ་ཁྱེད་ཉིད་དོ་ཞེས་ཞུས་པས། དེ་ཁོ་ན་བཞིན་ཏེ། ཁྱོད་ཀྱིས་ལེགས་པར་རྟོགས་པ་དེ་ཁོ་ན་བཞིན་ནོ། །ཞེས་དབུགས་ཕྱུང་ནས་ལུང་བསྟན་པ་དང༌། གཞན་ཡང་འདི་ལྟར་ཐོས་ཏེ། བདག་ཅག་གི་ཆོས་ཀྱི་རྗེ་འདི་སྐུ་གཤེགས་པའི་དུས་ཀྱི་དགུང་ལོ་གཉིས་ཀྱི་གོང་རོལ་ན་བདེ་བ་ཅན་གྱི་ཞིང་ཁམས་སུ་སྤྱན་འདྲེན་པའི་ལྷའི་ཕོ་ཉའི་བཀོད་པ་དཔག་ཏུ་མེད་པ་རྣམས་ལ་རྣམ་གྲངས་དུ་མའི་སྒོ་ནས་ཕྱིར་བཟློག་གོ །དེ་ནས་ཡང་ལོ་གཅིག་གི་གོང་རོལ་དུ་ལྷའི་ཚོགས་དཔག་ཏུ་མེད་པ་དག་ལྷགས་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་མི་བསྔགས་པ་བརྗོད། བདེ་བ་ཅན་གྱི་བསྔགས་པ་དཔག་ཏུ་མེད་པ་བརྗོད་པའི་སྒོ་ནས་སྤྱན་འདྲེན་པར་བརྩོན་པ་རྣམས་ལ་ཁོ་བོ་འཇིག་རྟེན་གྱི་ཁམས་བཟང་བ་ལ་རྗེས་སུ་ཆགས་པ་མི་སྐྱེ། ངན་པ་ལ་མངོན་པར་མི་དགའ་བ་མེད་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་འཇིག་རྟེན་གྱི་ཁམས་དམན་པ་ཉིད་ཁྱད་པར་དུ་འཕགས་པ་ཡིན་ཞིང༌། གཞན་ཡང་བདག་ལ་ཉེ་བར་ལྟོས་པའི་མགོན་མེད་པ་ཡང་འགའ་ཞིག་ཡོད་པས་ཁྱོད་བཏང་སྙོམས་སུ་མཛོད་ཅིག ཅེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མའི་སྒོ་ནས་བཟློག་གོ །ཡང་ཟླ་བ་འགའ་འདས་པ་ན་དེ་བཞིན་དུ་བཀོད་པ་རྒྱ་ཆེན་པོའི་སྤྱན་འདྲེན་པས་ཞེས་སྔ་མ་བཞིན་རྒྱས་པར་ཞུ་བ་ན། སྔ་མ་བཞིན་བཟློག་གོ་ཞེས་གསུངས། དེ་ནས་ད་ཞག་བཅུ་བདུན་འདས་པ་ན་ཅི་ནས་ཀྱང་བདེ་བ་ཅན་དུ་གཤེགས་སོ་ཞེས་སྨྲ་ཞིང་བཀོད་པ་དག་ཀྱང་སྟོན་པར་བྱེད་པ་ན། བདེ་བ་ཅན་གྱི་བཀོད་པ་དག་ཀྱང་རྒྱ་ཆེན་པོར་གཟིགས་ཤིང་མངོན་སུམ་དུ་གྱུར་ཏོ། །དེའི་ཚེ་འཇིག་རྟེན་པ་རྣམས་ཀྱིས་མངོན་སུམ་དུ་མཐོང་བ་དང༌། ས་གཡོ་བ་དང༌། ཕྱོགས་ཀུན་ཏུ་སྒྲ་ཆེན་པོ་ཡང་ནས་ཡང་དུ་གྲགས་པར་གྱུར་ཏོ། །འོད་ཀྱི་ཕུང་པོ་ཡང་ཕྱོགས་ཀུན་ཏུ་འཕྲོ་བར་སྣང་ངོ༌། །དེ་ལྟར་ཞག་བཅུ་བདུན་ལ་བབ་པའི་ཚེ། བྱི་བའི་ལོ། ཁྲའི་ཟླ་བ། ཡར་གྱི་ངོ༌། ཚེས་བཅུ་གཉིས་ཀྱི་སྲོད་ཀྱི་དུས་སུ་ཕྱི་རོལ་ན་འཁོད་པའི་སྐྱེ་བོ་འགའ་ཞིག་གིས་ཀྱང་སྤྱན་འདྲེན་པའི་ལྷའི་ཚོགས་དཔག་ཏུ་མེད་པ་མཐོང་ཞེས་ཐོས་ལ། ཞབས་དྲུང་ན་འཁོད་པ་འགའ་ཞིག་ལ་ཡང་དེ་ལྟ་བུའི་སྣང་བ་ཤར་བར་གྱུར་ཏོ། །དེ་ཡང་ཐོ་རངས་ཀྱི་ཆ་ལ་ཞབས་དྲུང་ན་ཙོག་ཙོག་པོར་འདུག་ནས་གསོལ་བ་བཏབ་ནས་ཅུང་ཟད་གཉིད་པའི་ཚེ། བདེ་བ་ཅན་ནས་འོང་ཟེར་བའི་ལྷའི་ཚོགས་དཔག་ཏུ་མེད་པ་ནམ་མཁའི་ཁམས་ཁྱབ་པའི་གཟུགས་ཆེན་པོ། རིན་པོ་ཆེའི་དྲྭ་བ་དང༌། དྲྭ་བ་ཕྱེད་པ་སྣ་ཚོགས་ལ་འཕྱར་བཞིན་པ་ཀུན་ནས་བསྐོར་བ། རིན་པོ་ཆེའི་སེང་གེའི་ཁྲི་ཀུན་ནས་བརྗིད་ཅིང་མཛེས་པ་རྒྱ་ཆེ་བ། རིན་པོ་ཆེའི་རྒྱན་དང་མེ་ཏོག་གི་ཆུན་པོ་དུ་མ་ནམ་མཁའ་ལས་གཏོར་ཞིང་འབབ་པ་དང༌། ལྡིང་བ་རོལ་མོའི་བཀོད་པ་དཔག་ཏུ་མེད་པ། སྔོན་ཆད་བློ་ཡུལ་དུ་མ་བྱུང་བའི་བཀོད་པ་ཆེན་པོ་དང༌། གཞན་ཡང་དྲི་དང་ཕྲེང་བ་དང་རྒྱལ་མཚན་ལ་སོགས་པ་དུ་མ་དང་བཅས་པས་ཆོས་ཀྱི་རྗེ་ཆེན་པོ་བདེ་བ་ཅན་དུ་སྤྱན་འདྲེན་ཞེས་ཟེར་བ་ནི་རྨི་ལམ་རྨི་བ་པོ་དེས་གསོལ་བ་བཏབ་ཅིང་བཟློག་པ་ན། རེ་ཞིག་ཅང་མི་སྨྲ་བའི་ཚུལ་གྱིས་དེ་དག་འཁོད་པར་གྱུར་ཏོ། །དེ་རྗེ་བཙུན་ཉིད་ལ་གསོལ་བ་བཏབ་པ་ན་རྗེ་བཙུན་ཉིད་ཀྱང་གཤེགས་པ་ལ་སྤྲོ་བར་སྣང་ངོ༌། །དེར་དེས་དང་པོ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་དུ་གཤེགས་སོ། །ཞེས་གསུང་བ་དང་མི་འགལ་ལམ་ཞེས་ཞུས་པས། དེ་ལྟ་མོད་ཀྱི། གསར་དུ་སྤྱད་པའི་ལས་ཁྱད་པར་ཅན་འགའ་ཞིག་གིས་ཐོག་མར་བདེ་བ་ཅན་དུ་འགྲོ་ཞེས་གསུངས་ནས། ཁྱོད་ཀྱང་བདེ་བ་ཅན་གྱི་བཀོད་པ་ལ་ལྟོས་ཤིག་ཅེས་གསུངས་ནས་ཕྱག་གིས་བརྡ་སྤྲད་པ་ན་དེས་ཀྱང་མཐོང་སྟེ། རིན་པོ་ཆེའི་ཤིང་ལྗོན་པ་དང༌། བཻ་ཌཱུརྻའི་ས་གཞི་ལ་སོགས་པ་བཀོད་པ་ཆེན་པོ་ཡིད་འཕྲོག་པ་སྣང་ངོ༌། །དེ་ནས་རྣམ་ཐར་འགའ་ཞིག་གསུང་བ་ལ་སད་པ་ན་བརྗེད། དེ་ལ་དྲུང་ན་ཡོད་པའི་དགེ་སློང་ཞིག་ན་རེ། ངས་ཁྱོད་དངོས་སུ་མཐོང་བ་ལ་གཉིད་དུ་སོང་བ་མེད་ཟེར་མོད་ཀྱི། འོན་ཀྱང་རྨི་ལམ་ཡིན་པར་དེ་ཉིད་ཀྱིས་ཤེས་སོ། །དེའི་ཚེ་ཉིད་ཀྱིས་མཆོད་པའི་ཕྲིན་ལས་ཀྱང་མཛད། ཡན་ལག་བདུན་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཏིང་ངེ་འཛིན་རྒྱ་ཆེན་པོ་ཡང་མངོན་དུ་མཛད་ནས། ཞབས་དྲུང་ན་འཁོད་པ་འགའ་ཞིག་ལ། རེ་ཞིག་ཁོ་བོ་བདེ་བ་ཅན་དུ་འགྲོ་བར་འདུག དེ་ནས་ཡུན་ཧ་ཅང་མི་རིང་བ་ཞིག་བདེ་བ་ཅན་དུ་བསྡད་ནས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་དུ་སྔར་བཤད་པའི་ཚུལ་གྱིས་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱཽང་བར་བྱེད། དེ་ནས་སྐྱེ་བ་གསུམ་པའི་ལུས་དེ་ལ་བརྟེན་ནས། ལུས་དེ་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཏུ་རེ་བ་ཡིན་ཞེས་གསུངས་སོ། །དེ་ནས་གསང་སྔགས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་འགའ་ཞིག་ཐུགས་རྗེ་གཅིག་ཏུ་མཛད་དེ། བདེ་བ་ཅན་དུ་གཤེགས་པར་གྱུར་ཏོ། །དེ་ལ་བདག་ཅག་གི་རིགས་པས་དཔྱད་ན་སྔར་བར་དོར་འགྲུབ་པར་ལུང་བསྟན་པ་དེ། བར་དོར་མཐོང་བའི་ལམ་གྱི་ཡེ་ཤེས་ཐོབ་སྟེ། ས་དང་པོ་རབ་ཏུ་དགའ་བ་མངོན་དུ་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་ལ། དེ་ནས་ས་གཉིས་པ་དྲི་མ་མེད་པར་ཐོབ་པར་མཛད་ནས་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་དུ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་ཆ་ལུགས་འཛིན་པར་འགྱུར་ཏེ། མདོ་སྡེ་ས་བཅུ་པ་ལས། ས་གཉིས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེར་གླིང་བཞིའི་འཁོར་ལོས་སྒྱུར་བ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ་སྙམ་མོ། །དེ་ལྟར་བདག་ཉིད་ཆེན་པོ་དེ་མྱ་ངན་ལས་འདས་ནས། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཟད་པར་གྱུར་ཏེ། སྔོན་མི་རབས་སུ་ལོ་ཉེས་པ་ཡོང་མ་མྱོང་བའི་ཡུལ་ཐམས་ཅད་དུ་སད་དང་སེར་བ་དང་རླུང་དང་ཆར་རྣམས་ཀྱིས་ལོ་ཉེས་པར་གྱུར། ནད་ཀྱི་རིགས་སྣ་ཚོགས་པས་སེམས་ཅན་གྱི་རིགས་རྣམས་གཙེས། འཁྲུག་པ་དང་མི་ངས་རྣམས་ཀྱིས་འཇིག་རྟེན་མ་རུངས་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དག་འདས་པ་ན་འདི་ལྟ་བུའི་མི་འདོད་པ་འབྱུང་བ་ཆོས་ཉིད་ཡིན་ཏེ། སྔོན་རྒྱལ་པོ་ཟླ་འོད་ཀྱིས་དབུ་བྱིན་པ་ན་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་མགོ་རྒྱན་དུས་གཅིག་ཏུ་ས་ལ་ལྷུང་ཞིང༌། ས་གཡོས་པ་དང༌། སྐར་མདའ་ལྟུང་བ་དང༌། བཀྲ་མི་ཤེས་པ་སྣ་ཚོགས་བྱུང་ནས་མི་ཐམས་ཅད་ཚེའི་དུས་བྱས་ཏེ། ལྷའི་གནས་སུ་སྐྱེས་སོ་ཞེས་གྲགས་པ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཕལ་ཆེ་བ་ལ་དེ་ལྟར་འབྱུང་བར་གསུངས་ལ། གཞན་ཡང་འཕགས་པ་ཀླུ་སྒྲུབ་འདས་པ་ན་ལོ་བདུན་དུ་མི་ངེས་བྱུང་བར་གྲགས་ལ། ཆོས་རྒྱལ་མྱ་ངན་མེད་འདས་པ་ན། མི་ངས་ཆེན་པོ་བྱུང་བ་དང༌། བོད་ཡུལ་འདིར་ཡང་རྒྱལ་པོ། །ཁྲི་སྲོང་ལྡེའུ་བཙན་འདས་པ་ན་ལོ་ཉེས་དང་འཁྲུག་ལོང་བྱུང་བ་དང༌། རྒྱལ་པོ་རལ་པ་ཅན་འདས་པ་ན། མི་ངས་ཆེན་པོ་བྱུང་ཞིང་དམ་པའི་ཆོས་ནུབ་པ་དང༌། དེ་བཞིན་དུ་ཇོ་བོ་རྗེ་དང༌། རྔོག་ལོ་ཙཱ་བ་ལ་སོགས་པ་འདས་པ་ན་ལོ་ཉེས་དང༌། མི་ངས་ཆེན་པོ་བྱུང་བར་ཐོས་ལ། རྗེ་ས་སྐྱ་པ་ཆེན་པོ་ཉིད་འདས་པ་ན་ཡང༌། དེ་བཞིན་དུ་གྱུར་ཏོ་ཞེས་གྲགས་ཏེ། འདི་ལྟར་འགྱུར་བའི་རྒྱུ་མཚན་ཡང༌། གང་ཟག་དམ་པ་དེ་འཇིག་རྟེན་དུ་བྱོན་ན་དེའི་བསོད་ནམས་ཀྱིས་འཇིག་རྟེན་ཐམས་ཅད་བདེ་བར་འཚོ་བའི་ཕྱིར་རོ། །དེ་ནས་སྐུ་ཡོལ་བའི་རྒྱུན་ཕྱི་མ། བྱི་བའི་ལོ་རྒྱལ་གྱི་ཟླ་བ་ལ། སྡེ་སྣོད་འཛིན་པ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ། ཆོས་ལས་སྐྱེས་པའི་སྲས་རྣམས་ཀྱིས་ལག་ལེན་བྱས་ནས། ཕྱོགས་རིས་ཀྱི་སློབ་མར་གྱུར་པའི་དགེ་བའི་བཤེས་གཉེན་རྣམས་དང༌། སློབ་བཞིན་པའི་གྲྭ་པའི་གྲྭ་པ་རྣམས་དང༌། ཡོན་བདག་དང་འཁོར་དུ་གཏོགས་པ་རྣམས་ཀྱིས་མ་བཀྲལ་བར་རང་རང་གི་བདོག་པ་ཐམས་ཅད་མཆོད་པའི་ཕྱིར་ཕུལ་ཏེ། ཕྱོགས་རིས་ཀྱི་དགེ་བའི་བཤེས་གཉེན་རྣམས་སྤྱན་དྲངས། སྡེ་སྣོད་མཐའ་དང༌། གསུང་བའི་ཆོས་ཀྱི་འཁོར་ལོ་ཆེན་པོ་བཙུགས་ཏེ། ཡོ་བྱད་རྒྱ་ཆེན་པོས་འཚེར་འགྲིབ་མེད་པར་བག་ཡངས་སུ་སྤྱོད་ཅིག་ཅེས་བསྒོ་ནས་ཟད་ལེན་དུ་ཕུལ་ཏེ། སྡེ་སྣོད་རིན་པོ་ཆེ་གསུམ་ལ་འཆད་པ་དང༌། རྩོད་པའི་གྲྭ་ཆེན་པོ་བཙུགས་ནས། བདེ་བར་གཤེགས་པའི་བསྟན་པ་དམ་པ་ལ་བྱ་བ་རྒྱ་ཆེན་པོ་བྱས་སོ། །དེ་ནས་རྒྱལ་གྱི་ཟླ་བ་ཟད་ལ་ཁད་པ་ན། གཙུག་ལག་ཁང་ཆེན་པོ་རྣམས་དང༌། དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང༌། དགེ་འདུན་སྟོང་ཕྲག་བདུན་ལས་མི་ཉུང་བ་རྣམས་ལ། ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བའི་ཡོན་ཕུལ་ཏེ། དེ་ལའང་ཆེ་ལོང་ཞིག་བརྗོད་ན། ཡུམ་རྒྱས་པ་ཁ་ཡར་མ་ཡིན་པ་ཚང་ངེས་པ་ལྔ་བཅུ་རྩ་གཅིག ཉི་ཁྲི་བརྒྱ་ལྔ་བཅུ་ང་བདུན། དཀོན་མཆོག་བརྩེགས་པ་སུམ་ཅུ་སོ་གཅིག གསེར་གྱི་བརྒྱད་སྟོང་དགུ། སྣག་ཙའི་བརྒྱད་སྟོང་པ་ལྔ་བཅུ་ང་ལྔ། རིན་པོ་ཆེའི་འཇམ་སྡུད་བརྒྱ་དང་ལྔ་བཅུ་ང་དགུ། གཟུངས་འབུམ་དང༌། ཁྲི་བརྒྱད་སྟོང་པ་དང༌། ཁྲི་པ་དང༌། ཏོག་གཟུངས་དང༌། ལུགས་སྐུ་དང༌། གདུང་རྟེན་ལ་སོགས་པའི་རྟེན་དུ་མ་དང༌། འབྲི་གནག་དང༌། བཟི་གཡུ་དང༌། གོ་ཁྲབ་དང༌། སྣམ་གོས་དང༌། དར་ཟབ་དང༌། ཚོས་བུར་དང༌། ཤ་མར་དང༌། ཚ་བལ་དང༌། དེ་ལ་སོགས་པ་བསྔོ་བས་མི་ངལ་བས་བསྙེན་བཀུར་ཏེ་མཉེས་པར་བྱས་སོ། །དེ་ལྟར་འབུལ་སྟོན་ཆེན་པོ་བྱས་པའི་ཉིན་པར། བྱ་བ་རྒྱ་ཆེ་བའི་སྟོབས་ཀྱིས་ཉི་མ་གཉིས་དགོས་སོ་ཞེས་ཕལ་ཆེར་ཟེར་བ་ལ། འཇིག་རྟེན་པ་ཐམས་ཅད་ཐུན་མོང་དུ་མཐུན་པར་ཉི་མ་ཤིན་ཏུ་རིང་བར་གྱུར་ཏེ། ཉི་མ་གཉིས་མཐུད་པ་པས་རིང་བར་གྱུར་ནས། བྱ་བ་ཐམས་ཅད་ཉི་མ་ཕྱེད་ཅུང་ཟད་ཡོལ་བ་ལ་རྫོགས་ཏེ། དེ་ནས་ཀྱང་ཉི་མ་གཅིག་གི་ཡུན་བས་ཀྱང་རིང་བར་གྱུར་ཏེ། འཇིག་རྟེན་པ་ཐམས་ཅད་ངོ་མཚར་སྐྱེས་སོ། །ལག་ལེན་བྱེད་པ་རྣམས་ཀྱང་ངོ་མཚར་བས་གུས་པ་ཡང་སྐྱེས་སོ། །མདོར་ན་འདིའི་རྣམ་པར་ཐར་པ་ལ་ཚོགས་པ་ཐམས་ཅད་ཁ་མཐུན་པར་དུས་གསུམ་ཁེགས་སོ་ཞེས་ཟེར་བར་སྣང་མོད། །མ་འོངས་པ་ན་ཅི་འབྱུང་སུས་ཤེས། འདས་པ་དང་ད་ལྟར་ལ་ཆོས་ཀྱི་འཁོར་ལོ་འདི་བས་ཆེ་བ་ལྟ་ཞོག མཉམ་པའམ་མཉམ་དུ་ཆ་བ་ཡང་མ་བྱས་པར་དཔྱོད་པ་དང་ལྡན་པ་ཐམས་ཅད་ཀྱིས་ཤེས་པར་གསལ་ལོ། །དེ་ལྟ་ན་ཡང༌། དཔལ་ས་སྐྱ་པ་ཆེན་པོ་འཁོར་དང་བཅས་པའི་ཚེ་རབས་འདི་དང་ཕ་རོལ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཆོས་ཀྱི་རྗེ་ཆེན་པོ་ཉིད་ལ་རེ་བས་རང་གི་ལུས་དང་སྲོག་ཕོངས་པ་ལན་བརྒྱར་བཏང་ཡང་ཡིད་ཚིམ་པ་མེད་ཅིང་བཀའ་དྲིན་མི་འཁོར་ཡང༌། རེ་ཞིག་བདག་ཅག་རྣམས་ཀྱི་སྟོབས་ཡོད་ཚད་དེ་ཙམ་ཞིག་ཏུ་བས་སོ། །དུས་དེའི་ཚེ་དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་དུ་ལོན་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་པ་ལ་ལྔ་བརྒྱ་ཕྲག་བཅུར་འགྱུར་ཏེ་ལྔ་བརྒྱ་དང་པོ་ལ་དགྲ་བཅོམ་པ་ཐོབ་པ་མང༌། གཉིས་པ་ལ་ཕྱིར་མི་འོང་བ་མང༌། གསུམ་པ་ལ་རྒྱུན་བཞུགས་པ་མང་སྟེ། འབྲས་བུའི་དུས་གསུམ་མོ། །ལྔ་བརྒྱ་ཕྲག་བཞི་པ་ལ་ལྷག་མཐོང་བསྒོམ་པ་མང༌། ལྔ་པ་ལ་ཏིང་ངེ་འཛིན་བསྒོམ་པ་མང༌། དྲུག་པ་ལ་ཚུལ་ཁྲིམས་ལ་གནས་པ་མང་སྟེ། བསྒྲུབ་པའི་དུས་གསུམ་མོ། །བདུན་པ་ལ་མངོན་པ་སྤྱོད་པ་མང༌། བརྒྱད་པ་ལ་མདོ་སྡེ། དགུ་པ་ལ་འདུལ་བ་སྤྱོད་པ་མང་སྟེ། ལུང་གི་དུས་གསུམ་མོ། །དེ་ཡན་ཆད་བསྟན་པ་ཡང་དག་པའོ། །ལྔ་བརྒྱ་ཕྲག་བཅུ་པ་ནི། རྟགས་ཙམ་འཛིན་པ་སྟེ། འདི་ལ་ལྔ་བརྒྱ་ཐ་མའོ། །ཞེས་འབྱུང་སྟེ། དེ་མན་ཆད་དེ་བཞིན་གཤེགས་པའི་བསྟན་པ་མི་འབྱུང་ངོ༌། །ལོ་དུ་ལོན་པ་ནི། སྤྱིར་རྒྱ་གར་གྱི་ལུགས་ལ་བྱི་བ་ལ་སོགས་པའི་མིང་གི་བཏགས་པའི་བཅུ་གཉིས་སྐོར་དུ་བརྩི་བ་ནི་མེད། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་ནས་རབ་ཏུ་སྐྱེ་བ་ལ་སོགས་པ་དྲུག་ཅུར་བརྩི་བ་ཞིག་ཡོད་དེ། ཐམས་ཅད་ལ་ཐུན་མོང་དུ་མ་གྲགས་པས་ཕལ་ཆེར་བ་ལ་གྲགས་པ་རྒྱལ་པོ་དག་གིས། ལོ་བཅོས་པའི་ལོ་ཚིགས་བརྩིས་ཏེ། དེའང་འདི་ལྟར་རྒྱལ་པོ་བསོད་ནམས་ཅན་གྲགས་པ་དང༌། བསོད་ནམས་འདོད་པ་དག་གིས་མངའ་རིས་སུ་གཏོགས་སོ་ཅོག་གི་བུ་ལོན་རྒྱལ་པོས་སྦྱངས་ནས། སྔར་ཟོང་དུ་སྤྱོད་པ་རྣམས་བོར་ཏེ་ཟོང་གསར་པ་ལ་རང་གི་མིང་བཏགས་ནས་སྤྱད་པའོ། །དེ་ནས་བཟུང་སྟེ་རིམ་གྱིས་བརྩི་བ་ཡིན་ནོ། །འདིའི་གཏམ་ནི་ལུགས་ཆེན་པོ་ཞེས་བྱ་བ་ལས། གཡུལ་བརྟན་འོག་ཏུ་ཉིས་སྟོང་ལོན། །དགའ་བྱེད་འོག་ཏུ་བརྒྱད་བརྒྱ་སྟེ། །ཟླ་སྲུང་ཉིས་བརྒྱ་སུམ་ཅུ་གཅིག །བརྗེད་མངས་བདུན་བརྒྱ་ཉི་ཤུ་བཞི། །བལ་གནས་བརྒྱད་བརྒྱ་བཅུ་རྩ་བཞི། །གོ་ཆ་ཉིས་བརྒྱ་བཞི་བཅུ་གཉིས། །ཞེས་འབྱུང་ངོ༌། །ཡུལ་དབུས་ཀྱི་སྒྲ་ངན་གྱི་བུ་བརྒྱའི་གཅེན་འཐབ་དཀའ་ཞེས་བྱ་བ་བྱུང་བ་ན་རྩོད་པའི་དུས་ཀྱི་མགོ་ཟུག་གོ །དེའི་སྒྲ་ཟླ་རྒྱལ་པོ་སྐྱབ་སེང་གི་བུ་ལྔའི་གཅེན་གཡུལ་ངོར་བརྟན་པ་ཞེས་པས་ལོ་བཅོས་ནས་ལོ་ཉིས་སྟོང་དུ་ཉེ་བའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱོན་ནོ། །འདི་ལ་འགའ་ཞིག་དེ་བཞིན་གཤེགས་བརྒྱ་ནག་གི་ལུགས་ཀྱིས་བྱི་བའི་ལོ་ཡིན་ལ། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་ནས་བྱའི་ལོ་ལ་འདས་ཞེས་ཟེར་བ་ནི་མ་དག་པ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་ཞེ་ན། དུས་ཀྱི་འཁོར་ལོའི་མིང་གིས་བཏགས་ན་རབ་ཏུ་སྐྱེ་བ་ལ་ལྷུམས་སུ་ཞུགས་ནས་འབྱོར་པ་ལ་བལྟམས་སོ། །རྒྱ་དང་བོད་ཀྱི་ལོའི་མིང་གིས་བཏགས་ན། མེ་མོ་ཡོས་ལ་ལྷུམས་སུ་ཞུགས་ནས་ས་ཕོ་འབྲུག་ལ་བལྟམས་སོ། །ཆུ་ཕོ་སྟག་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། མེ་མོ་ཕག་གི་ལོ་རྫོགས་ནས། ས་ཕོ་བྱི་བའི་མགོ་རྩོམ་པའི་མཚམས་ལ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ས་ཕོ་བྱི་བ་ནས་བརྩམས་ཏེ། བརྒྱ་སུམ་ཅུ་སོ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང་ངོ་ཞེས་རྟོག་གེ་འབར་བ་ལས་འབྱུང་ངོ༌། །རྒྱལ་པོ་དེས་ལོ་བཅོས་ནས་ལོ་བརྒྱད་བརྒྱ་ན་རྒྱལ་པོ་ཟླ་སྲུང་བྱུང་ངོ༌། །དེས་ལོ་བཅོས་ནས་ཉིས་བརྒྱ་སུམ་ཅུ་གཅིག་ན་རྒྱལ་པོ་བརྗེད་མངས་བྱུང་ངོ༌། །དེས་ལོ་བཅོས་ནས་བདུན་བརྒྱ་ཉི་ཤུ་རྩ་བཞི་ལོན་པ་ནས་འཕྲོ་བཟུང་སྟེ། ལོ་བརྒྱད་བརྒྱ་བཅུ་བཞི་ལོན་པ་ན། བལ་པོར་རྒྱལ་པོ་འོད་ཟེར་གོ་ཆ་བྱུང་ངོ༌། །དེས་ལོ་བཅོས་ནས་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ལོན་པ་ན། བོད་ཀྱི་རྒྱལ་པོ་ཁྲི་གཙུག་ལྡེའུ་བཙུན་བྱུང་ངོ༌། །དེའང་བློན་པོ་ཆེན་པོ་ཞང་ཁྲི་འབུམ་རྗེ་སྟག་སྙ་ལ་སོགས་པས་རྒྱ་དྲུག་སྤ་བཀོང་ནས་འཇལ་དུམ་ཆུས་གསོན་ཏེ། ཆུ་ཕོ་སྟག་གི་ལོ་ལ་རྒྱ་དང་འཇལ་དུམ་བྱས། ཆུ་མོ་ཡོས་བུའི་ལོ་ལ་ཧོར་དང་འཇལ་དུམ་བྱས་ཏེ། ཆུ་ཕོ་སྟག་གི་ལོ་འདི་ཕན་ཆད་ལ། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་རྩ་ལྔ་ལོན་ཏེ། སླན་ཆད་ཀྱང་དེ་བཞིན་དུ་བརྩིའོ། །དེ་ནས་མེ་ཕོ་འབྲུག་གི་ལོ་ལ་བྲུ་ཞ་ཡུལ་གྱི་འདུན་ས་ཤིབ་བེ་ལྕོག་ལ་ཚལ་དུ་སྟོད་ཀྱི་ཆོས་ཀྱི་གཞི་འཛིན་པ་བནྡེ་ཆོས་ཀྱི་བློ་གྲོས་དང༌། ཞང་སྐྱིད་སུམ་རྗེ་ལ་སོགས་པས་བསྡུས་པའི་དུས་སུ་བརྩིས་པ་ན། ལོ་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་རྩ་དགུ་ལོན་ནོ། །དེ་ནས་ཤིང་མོ་གླང་གི་ལོ་ལ་གཙང་དང་གཡོན་རུར། བཙན་པོ་ཁྲི་དཔལ། འཁོར་བཙན་གཙང་ལ་སྟོད་གྲོམ་པ་ལྷ་རྩེ་ན་བཞུགས་ནས་ཡབ་ཀྱི་མདད་མཛད་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་དང་སུམ་ཅུ་སོ་བརྒྱད་ལོན་ནོ། །དེའི་དུས་སུ་རྒྱལ་པོ་མགོན་སྤྱན་འཕན་ཡུལ་བྲག་མཁར་ན་བཞུགས་སོ། །ཆུ་ཕོ་འབྲུག་གི་ལོ་ལ་ལྕོག་ལ་ཡུལ་གྱི་སྦེག་མཁར་དུ་སྟོད་སྨད་ཀྱི་ཡབ་མཆེད་གདན་འཇོམས་པའི་དུས་སུ་མོལ་བ་ཆེན་པོ་མཛད། ཏུམ་ཡུལ་ས་སྒམ་གྱི་དབེན་ས་གསར་དུ་བཙུགས་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་ལོན་ནོ། །དེ་མེ་ཕོ་འབྲུག་གི་ལོ་ལ་ལྷ་བླ་མ་ཡབ་སྲས་དབེན་གནས་ས་སྒོམ་བྱམས་སྙོམས་གླིང་དུ་ཞལ་འཛོམ། ལྷ་སྲས་གཅུང་ལྷ་འཁོར་རབ་ཏུ་བྱུང༌། གུ་གེའི་ཡུལ་ན་གནས་པའི་འབངས་ཞང་ཞུང་གི་ཆེན་གྱི་འཁོས་ཆེན་པོ་མཛད་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་དགུ་ལོན། སླན་ཆད་ཀྱང་དེ་བཞིན་དུ་བརྩིའོ། །དེ་ལྟར་བརྩིས་པ་ལས་ལོ་བཞི་བསྐྱེད་པ་ནས། རྒྱ་གར་གྱི་རྒྱལ་པོ་རྣམས་ཀྱིས་བརྩིས་པ་དང༌། རྒྱལ་པོ་ཁྲི་གཙུག་ལྡེ་བཙུན་གྱིས་བརྩིས་པ་ནི་མཐུན། མང་ཡུལ་དུ་བནྡེ་ཆོས་ཀྱི་བློ་གྲོས་ཀྱིས་བརྩིས་པ་མན་ཆད་མ་མཐུན་པ་གཞུང་སྔ་མ་བཙན་པར་བྱས་སོ། །དེ་ནས་སྟོད་དུ་མངའ་བདག་འོད་ལྡེ་བཙན་གྱིས་བཙད་པོ་ཁྲི་བཀྲ་ཤིས་ལྡེ་ཕྱག་ནས་སྤྱན་དྲངས་པའི་ཚེ། སྟོད་ཀྱི་ཆོས་ཉན་པའི་སར་འཛོམས་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཆིག་བརྒྱ་དགུ་བཅུ་ཐམ་པ་ལོན་ནོ། །དེ་ནས་ས་མོ་ཕག་གི་ལོ་ལ། ལོ་ཙཱ་བ་བློ་ལྡན་ཤེས་རབ་འདས་ཏེ། ལྕགས་ཕོ་སྟག་གི་ལོ་ལ་འདུ་བ་ཆེན་པོ་མཛད་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཉིས་བརྒྱ་བཞི་བཅུ་རྩ་གསུམ་ལོན་ནོ། །དེ་ནས་མེ་མོ་ཕག་གི་ལོའི་མཇུག་ལ། གུང་ཐང་གི་སྟོད་ན་ལ་ཚེ་གནས་པོ་ཆེའི་གཙུག་ལག་ཁང་དུ་དཔལ་ས་སྐྱ་པ་ཆེན་པོའི་སྲས་ཀྱི་ཐུ་བོ། མི་འཕྲོགས་པའི་བློ་གྲོས་ཅན་མཁས་པ་ཆེན་པོ་བསོད་ནམས་རྩེ་མོ་ཞེས་བྱ་བས་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ། དེའི་དུས་སུ་ཕག་གི་ལོ་འདི་ཡན་ཆད། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་སུམ་བརྒྱ་ཐམ་པ་ལོན་ནོ། །འགའ་ཞིག་འདི་བས་ལོ་གསུམ་གྱིས་མང་བར་བརྩི་བ་ནི། ལོའི་མིང་མི་མཐུན་པས་མགོ་འཁྲུག་པ་ཡིན་པས་མ་དག་པར་ཤེས་པར་བྱའོ།། །།དེ་ནས་གཙང་ལ་སྟོད་གྲོམ་པ་ས་སྐྱའི་དགོན་པར་ཆོས་ཀྱི་རྗེ། རྗེ་བཙུན་ཆེན་པོ་བདེ་བ་ཅན་དུ་གཤེགས་པའི་དུས་སུ། མེ་ཕོ་བྱི་བའི་ལོ་ལ་ཕྱོགས་ཀྱི་མཁས་པ་རྣམས་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ནི་བསྐོར། བཤད་པ་དང་འབེལ་གཏམ་གྱི་གྲྭ་ཆེན་པོ་ནི་བཙུགས། སྡེ་སྣོད་མཐའ་དག་གཏན་ལ་འབེབས་པའི་དགའ་སྟོན་ཆེན་པོ་མཛད་པའི་མེ་ཕོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཆེས་བཅོ་ལྔ་ལ་གསོ་སྦྱོང་བྱས་པའི་དུས་སུ། དགེ་སློང་སྟོང་ཕྲག་ལྷག་ཅིག་འཚོགས་པའི་ནང་དུ། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་བས། དུས་བཟངས་ཀྱི་མདོ་དང༌། སོ་སོར་ཐར་པའི་མདོ་ཤིན་ཏུ་དག་པར་བཏོན་ནས། སངས་རྒྱས་ཀྱི་བསྟན་པ་བྱི་དོར་བྱས་པའི་དུས་སུ་བརྩིས་པ་ན། མེ་ཕོ་བྱི་བའི་ལོ་འདི་ཡན་ཆད་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་ལྔ་བཅུ་ཐམ་པ་ལོན་ནོ། །སླན་ཆད་ཀྱང་ཤེས་ལྡན་རྣམས་ཀྱིས་དེ་བཞིན་དུ་རྩིས་ཤིག དུས་འདི་ལ་རྒྱ་གར་ན་ཉན་ཐོས་བེནྡ་བ་རྣམས་དུས་བརྗོད་པའི་ཚེ། མྱ་ངན་འདས་ནས་ལོ་འདི་སོང་བརྩི་བ་ཅིག་ཡོད། དེའི་ལུགས་མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་དེ། སློབ་དཔོན་ཐོ་བཙུན་བདེ་བྱེད་བདག་པོས་མཛད་པར་བཞེད་ནས། ཙནྡན་གྱི་ལྡེ་གུ་སྤུངས་པ་ན། རང་བྱུང་དུ་བྱུང་བའི་དུས་དེ་ནས་བཟུང་ནས་ལོ་ཚིགས་ལ་འཁྲུལ་ནས་མྱ་ངན་ལས་འདས་ནས། ལོ་འདི་སོང་ཞེས་བརྩི་ལ། དེའི་རྗེས་སུ་འབྲངས་ནས། དེང་སང་རྒྱ་གར་ན་པཎྜི་ཏ་ཕལ་ཆེར་ཡང་དེ་ལྟར་ཟེར་ལ། ཁ་ཆེའི་པཎྜི་ཏ་ཆེན་པོ་སྡོམ་བརྩོན་བསོད་སྙོམས་པའི་ཞལ་སྔ་ནས་ཀྱིས་དཔལ་ས་སྐྱར་ལྕགས་ཕོ་རྟའི་ལོ་ལ་དབྱར་གནས་པའི་ཚེ་བརྩིས་པས། མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་གཅིག་དང་བདུན་བརྒྱ་ལྔ་བཅུ་ང་གསུམ་སོང་ལ། དེ་སླད་ཆད་སངས་རྒྱས་ཀྱི་བསྟན་པ་ལ་ལོ་སུམ་སྟོང་ཉིས་བརྒྱ་དང་བཞི་བཅུ་ཞེ་དྲུག་གནས་སོ། །ཞེས་གསུང་པ་ཡང༌། ཉན་ཐོས་བནྡེ་བས་སྔོན་དུ་སྒྲོགས་པའི་གཏམ་རྒྱུད་ལ་བརྟེན་ནས། རང་གིས་རྟོག་དཔྱོད་མ་མཛད་པར་ཟས་པས་ཡིད་བརྟན་པར་མི་བྱའོ། །དེ་དག་མི་འཐད་པར་ཅིས་མངོན་ཞེ་ན། འདི་མི་འཐད་པའི་ཚུལ་ཆོས་རྗེ་ས་སྐྱ་པ་ཉིད་ཀྱི་ཞལ་ནས་འདི་སྐད་གསུངས་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་ལི་ཡུལ་བྱུང་ངོ༌། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། །ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་ན་སངས་རྒྱས་བྱམས་པ་འབྱུང་ངོ༌། །ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་ལོན་པ་ན་ཡུལ་ཀཽ་ཤཱམྦཱིར་བསྟན་པ་ནུབ་ཅེས་ཐོས་ནས་ཡུལ་གཞན་གྱི་བསྟན་པ་ནམ་ནུབ་འཕགས་པ་དགེ་འདུན་འཕེལ་ལ་དྲིས་པ་དང༌། ཟླ་བའི་སྙིང་པོས་ཞུས་པ་ལས། མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དུ་གང་ཟག་གི་ཤེས་པའི་རྒྱུན་ལ་གནས་སོ། །དེ་ནས་ནི་ནུབ་བོ། །ལོ་སུམ་སྟོང་དུ་ནི་ཆོས་གནས་སོ། །ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་བོད་ཀྱི་ཡུལ་དུ་ཆོས་འབྱུང་བར་ལུང་བསྟན་པ་དང་འགལ་བ་དང༌། གཞན་ཡང་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལུང་བསྟན་པའི་ལོ་གྲངས་དང༌། རྒྱལ་པོ་ལ་སོགས་པའི་རབས་བརྩིས་པ་དང༌། དམ་པའི་ཆོས་ཀྱི་འཕེལ་འགྲིབ་ཀྱི་རབས་བརྩིས་ན་མི་འཐད་ཅེས་གསུངས་ཏེ། རྒྱས་པར་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །བདག་ཅག་རྗེ་བཙུན་ས་སྐྱ་པའི་རྗེས་སུ་འབྲངས་ནས་ཁས་འཆེའོ། །ཞར་ལས་འོངས་པ་གཞན་ཡང་ཡོད་མོད་ཀྱི་རེ་ཞིག་གཞག་གོ །སྐབས་ཀྱི་དོན་ཆོས་ཀྱི་རྗེའི་རྣམ་ཐར་ཉིད་རྒྱས་པར་མ་སྤྲོས་ཏེ། ཡི་གེར་འདྲི་ཞིང་ཕྱོགས་ཀུན་ཏུ་སྒྲོག་པར་རེ་ཞིག་བདག་ཅག་ལ་མ་གནང་བའི་ཕྱིར་རོ། །འདིར་བཤད་པ་ལ་ཡང་སྒྲོ་སྐུར་མེད་དེ་དེ་ཡང་ཡུན་རིང་དུ་བསྟེན་པའི་གྲོགས་པོ་རྣམས་དཔང་དུ་གྱུར་པ་ཡིན་ནོ། །ལེགས་པར་བསམས་ན་འདིའི་རྣམ་པར་ཐར་པ་ངོ་མཚར་བ་བསྐྱེད་པ་ཞིག་གོ །དེ་ལྟར་རྒྱལ་སྲས་ཆོས་ཚུལ་རྒྱ་མཚོའི་གཏེར། །ལེགས་བསགས་ཡོན་ཏན་ནོར་བུའི་འབྱུང་གནས་པ། །དཔལ་ལྡན་ཏིང་འཛིན་ཀླུ་དབང་གིས་བསྟན་པའི། །ཆོས་རྗེ་རྒྱ་མཚོའི་གཏིང་མཐའ་ག་ལ་དཔོགས། །དེ་ལྟ་མོད་ཀྱི་བློ་ཡི་སྙིམ་པ་ཡིས། །དེ་ཡི་ལེགས་ཆ་འགའ་ཙམ་བདག་གིས་འཐུངས། །འོན་ཀྱང་དེ་ལ་འཕེལ་འགྲིབ་ཡོད་མིན་ཡང༌། །སྐོམ་པས་གཟིར་བའི་ཉེ་བར་གདུངས་པ་ཞི། །ལས་ཀྱི་རྒྱུན་ཕྱོགས་འབབ་པར་མངོན་གཞོལ་བ། །སྐྱེ་བའི་ཆུ་ཀླུང་འཕེན་པ་མི་བཟད་པས། །སྲིད་པའི་རྒྱ་མཚོ་གང་དུ་འཕངས་པ་ན། །བདག་ཉིད་ཆེན་པོས་རྗེས་སུ་འཛིན་གྱུར་ཅིག །རྒྱ་མཚོའི་གླིང་དུ་ལས་ཀྱི་ལུས་གྲུབ་པའི། །བློ་གྲོས་དཀར་ལྡན་བླ་མ་ལ་གུས་ཡིད། །ཤཱཀྱ་གྲགས་ཞེས་བྱ་བས་གསོལ་བཏབ་ནས། །བརྡ་སྤྲོད་བྱེད་པ་དེ་ཡིས་སྦྱར་བ་ཡིན། །དཔལ་ལྡན་ས་སྐྱ་པ་ཆེན་པོའི་རྣམ་པར་ཐར་པ་ཐུན་མོང་དུ་གྲགས་པ་མདོ་ཙམ་ཞིག སྡེ་སྣོད་འཛིན་པ་དཔལ་ལྡན་ས་སྐྱ་པཎྜི་ཏས་བསྡུས་པ་འདི་རེ་ཞིག་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply