ཇོ་བོ་བཀའ་གདམས་པ་ལ་མིག་དཔེ་དང་ཡི་རངས་དགོས།
༧རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།
ཇོ་བོ་བཀའ་གདམས་པ་དེ་དག་དཔེ་རྩ་ཆེན་པོ་རེད། དེ་འདྲའི་ཡག་པོ་ཡིན་ས་རེད་བསམ་ནས་རྗེས་སུ་ཡི་རངས་བྱེད་པ་ཡང་དཀོན་པོ་ཞེ་དྲག་རེད། དངོས་སུ་ཉམས་ལེན་བྱེད་མཁན་ནི་ཉིན་མོའི་སྐར་མ་ཙམ་ཆགས་བསྡད་ཡོད་མིན་འགྲོ་བསམ་གྱི་ཡོད། སོ་སོའི་སྐྱེ་བོ་ཕལ་པ་དེ་ཚོ་ཡིན་དང་ཡིན། གྲྭ་པ་དཀྱུས་མ་དེ་ཚོ་ལའང་ཁག་ཡོད་རྒྱུ་མ་རེད། ང་ཚོ་བླ་མ་བླ་ཆེན་ཡིན་ཟེར་བ་དེ་ཚོ་ཡང་ཕལ་ཆེ་བས་གྱོང་དེ་འདྲ་འདུག་ན་མི་ལ་ཕར་སྤྲོད། ཁེ་བཟང་མི་ལ་སྤྲོད་མི་ཉན་སེམས་མཁན་དང་། ཁེ་བཟང་ང་རང་ཚོས་ཁུར་དགོས་ཟེར་མཁན་ཤ་སྟག་རེེད། གཅིག་བྱས་ན་ང་རང་མ་དག་པའི་སྣང་བ་ཡིན་སྲིད་རྒྱུ་རེད།
ཕྱོགས་གཅིག་ནས་ང་ཚོ་བོད་པའི་གཤིས་ཀ་འདྲ་ཞིག་ལ། ཁྱེད་ཡར་བཞུགས། ཁྱེད་ཡར་བཞུགས་ཟེར་ཏེ་མི་ཚོགས་སའི་རྩ་དེ་ནས་ཞེ་བོ་ཞིག་བྱེད་ཁུལ་བྱེད། ཡང་ཕྱོགས་གཅིག་ནས་ང་ཚོ་བླ་མ་སྤྲུལ་སྐུ་དེ་ཚོ་བཞུགས་ཁྲི་མཐོ་དམན་གྱི་བསམ་བློ་རྐྱང་རྐྱང་འཁོར་ནས་བསྡད་ཡོད་པ་རེད། དེ་ཚོའི་གྲས་དེ་དངོས་གནས་བྱས་ན་བཀའ་གདམས་པའི་བསམ་བློ་གཏོང་སྟངས་དེ་རྩ་བ་ནས་མ་རེད། བཞུགས་ཁྲི་མཐོ་དམན་གྱི་སྐད་ཆ་དེ་ཤུགས་ཆེན་པོ་ཞེ་དྲག་རེད། དེང་སང་ཙམ་ཡིན་ས་མ་རེད། བོད་ལ་སྔོན་མ་ནས་དེ་འདྲ་ཡིན་ས་རེད། དེང་སང་བླ་ཆེན་འདྲ་ཡིན་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་སྤྲུལ་སྐུ་ཡང་མི་འདྲ་བ་མི་འདྲ་བ་མང་པོ་འཁྲུངས། དེ་ཚོར་ང་རང་ཚོས་ཕྱོགས་གཅིག་ནས་བསམ་བློ་ཞིག་བཏང་ན། ང་ཚོའི་སྟོན་པ་ཤཱཀྱ་ཐུབ་པ་དེ་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་། དངོས་གནས་ཧ་ལས་དགོས་པའི་རྒྱལ་པོའི་ཕོ་བྲང་དང་། བཙུན་མོ། གླང་པོ་ཆེ། རྟ་མཆོག་རིན་པོ་ཆེ། ནོར་བུ་རིན་པོ་ཆེ་ལ་སོགས་པ་དེ་ཚོ་བློས་བཏང་ནས་ཕེབས་པ་རེད་དེ། ང་ཚོ་བླ་མ་སྤྲུལ་སྐུ་ཡིན་ཟེར་མཁན་ཚོ་ཆོས་ཕར་འཆད་མཁན་རེད། བླ་མ་དང་སྤྲུལ་སྐུ་གཞན་དག་སླེབ་ཡོང་བའི་ཚེ། ཁྱེད་ཀྱིས་གནང་རོགས་གྱིས། ངས་འཇོན་ས་མ་རེད་ཅེས་ཟེར་ཐུབ་མཁན་སུ་གཅིག་མེད་པར་གཅིག་ལས་གཅིག་ལྷག་པ་ང་ཡིན་བསམ་སྡོད་མཁན་དེ་འདྲ་དེ་མིག་དཔེ་སྡུག་པོ་རེད། དེས་ན་བཀའ་གདམས་པས་གསུངས་པའི་བློ་སྦྱོང་དེ་ཚོ་ཡོང་དཀའ་ལས་ཁག་པོ་མིན་འགྲོ་བསམ་བསམ་རེད་འདུག
Leave a Reply