༼ཚ་བའི་མདའ་སྨྱུག༽
རྩོམ་པ་པོ།–ས་དཀར་མདའ་སྨྱུག་གམ་གདོང་མཁན་པས།
ཐུབ་བསྟན་སྙིང་བོའི་བཤད་སྒྲུབ་རྗེས་འཛིན་པ།།
བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ས་སྐྱ་པ།།
མཐའ་བྲལ་ལྟ་གྲུབ་གནད་ལ་དད་གཉེར་ཅན།།
དེང་འདིར་དཔའ་གདེང་བློ་གྲོས་དཔལ་ལྡན་རྒྱལ།།
ཐུབ་བསྟན་དམ་ཆོས་རིན་ཆེན་སྐྱེད་ཚལ་དུ།།
ཆེས་ཆེར་འགྲན་བྲལ་བྱམས་ཀླུ་གཞུང་བཟང་ལས།།
ཀུན་མཁྱེན་བླ་མས་སེངྒེའི་གད་རྒྱངས་ཀྱིས།།
ཡངས་པའི་ས་འཛིན་ཁྱོན་ལ་གདོད་ནས་སྒྲོགས།།
གང་དེའི་ལྟ་གྲུབ་མངལ་དུ་སྦྲུམ་པའི་བསྒྱུར།།
རིགས་བཟང་འོ་མའི་ཆུ་གཏེར་འཕྱུར་བ་ལས།།
ལྟ་ངན་མུན་སེལ་འཇིན་རྟེན་སྒྲོན་མེ་ཤར།།
རིག་མཆོག་ཚ་བའི་མདའ་སྨྱུག་དཔའ་བོ་དེ།།
སྔོན་བསགས་ལྷན་སྐྱེས་ཡོན་ཏན་ལང་ཚོ་རྒྱས།།
ངོམ་བཞིན་བསིལ་ལྗོངས་ཁྱོན་གྱི་མཛེས་རྒྱན་གྱུར།།
ཐར་འདོད་འཇུག་སྒོར་ལྟ་བའི་མཐའ་བྲལ་གནད།།
ས་དགེ་ནང་བསྟན་མཐའ་དཔྱོད་གར་སྟབས་སྟེང་།།
ལྟ་ངན་ལོ་མང་རྒྱུད་པའི་དྲུངས་འབྱིན་པ།།
རིགས་པའི་ཆིག་ཐུབ་སྨན་གྱི་མྱུ་གུ་རྒྱས།།
དེང་འདིར་རིག་པའི་མཚོན་ཆའི་འོད་དཀར་གྱིས།།
སྙིགས་དུས་རྟོག་གེའི་རྒོལ་བར་ཐལ་བཞིན་གཏོར།།
ངོ་མཚར་རིག་པའི་དྲི་བསུང་རིང་དུ་འཐུལ།།
རིག་པའི་རྟ་མཆོག་དྲན་པའི་སྲབ་ཤོར་ཏེ།།
ཟབ་དོན་ལྟ་གྲུབ་མཐའ་དཔྱོད་ཁྱོན་དུ་ཆས།།
རྟ་བརྒྱའི་འགྲོས་ཀྱི་བང་རྩལ་མདུན་དུ་རྟོལ།།
ཡིན་ཡང་ཕྱོགས་ཞེན་འཁྱོངས་པའི་ཟློས་གར་འོག།
སྒེག་འགྲོས་ལུས་ཀྱི་གར་སྟབས་གབ་ཕྱུང་འཛུམ།།
འོད་གསལ་རྣམ་ཤེས་འབྱུང་བཞིར་འཐིམ་པར་བསྙད།།
བདག་སེམས་ཁྱེད་ཕྱོགས་དུངས་གཏམས་ཤོར་ན་ཡང།།
ཉམ་ཆུང་སྡུག་ལ་འཇུར་བའི་གཡུལ་སར་འཁྲུག།
ལྟ་གྲུབ་མཚང་བ་སུན་འབྱིན་རྟོག་གེ་ལུགས།།
ཡ་རབས་བཟང་སྤྱོད་གཏམ་འདི་གླིང་འདིར་ལྡིང་།།
ཡིན་ཡང་ཆད་ལྟ་ཕྱོགས་ལྷུང་ལོག་ཚིག་དང་།།
ཉོན་མོངས་བསམ་སྦྱོར་ནག་པོ་དུས་འདིར་མང་།།
དྲེགས་རློམ་མཁས་པའི་མིང་བྱང་རྡུལ་དང་མཉམ། །
ད་ནི་ཚ་བའི་མདའ་སྨྱུག་དཔའ་རྒོད་ཁྱེད།།
ཁེར་རྐྱང་འཕྱུར་འཁྱོག་མུན་པའི་འཇིག་རྟེན་དུ།།
མ་བཅོས་སེམས་ཀྱི་ཉམས་འགྱུར་འགོག་མེད་བཞུགས།།
དཀའ་ཚེགས་བརྒྱ་ཕྲག་ལོ་ཟླའི་རིང་མོ་ནང་།།
ཟླ་འོད་གཞོན་ནུའི་འཁྲི་ཤིང་གླིང་འདིར་ལྡིང་།།
བགྲང་བྱའི་དུས་ཀྱི་གོམས་འགྲོས་དལ་བཞིན་འདས།།
རིགས་ཞེན་རིག་པའི་ཆོམ་རྐུན་ཐ་སྤྱོད་ཀྱིས།།
ལྟར་སྣང་རིག་མདས་ཤག་ཤག་སྙིལ་ན་ཡང་།།
མདའ་སྨྱུག་རིག་པའི་ལང་ཚོ་སྔར་ལས་རྒྱས།།
དེ་མཚམས་རྒོལ་ངན་འཇོམས་པའི་ལུང་རིགས་དང་།།
དཀར་ནག་ཤན་འབྱེད་རིགས་པའི་གཤོག་ཡངས་ནས།།
ཀཿབྲག་དབུ་མའི་ལྟ་བའི་གད་རྒྱངས་ཞེས།།
གར་སྟབས་ལང་ལོང་སྒྱུར་བའི་རྟོག་གེའི་ཚོགས།།
སྣང་སྲིད་ཟིལ་གྱིས་གནོན་པའི་དྲི་བསུང་འཐུལ།།
ཁོ་བོའི་རེ་སྨོན་དབྱངས་རྟ་ལྷུམས་ཡངས་སུ།།
དྲང་བདེན་དུངས་སེམས་དཀར་པོའི་རིག་པའི་མདའ།།
ལྷམ་མེར་བཀྲ་བའི་ལུང་རིགས་བདག་གིས་གུས།།
ཡིན་ཡང་ཧོལ་རྒྱུགས་འཕྲུལ་རྩལ་ཁ་ལ་བསྙད།།
ཕྱོགས་ཞེན་སྡིགས་རའི་ཐ་ཚིག་བསྙད་པ་ན།།
རེ་ཞིག་ཁོ་བོའི་མགྲིན་ལག་སྙིང་ལ་འཐུམས།།
རྟོག་གེའི་བྲང་གཞུང་རིག་པའི་བསྲུབ་ནས་ཕེབས།།
Leave a Reply