སྤྱི་ལོ་༢༠༡༦ ཟླ། ༩ ཚེས། ༡༡ ཉིན་༸སྐྱབས་མཆོག་འཁོན་གདུང་ཨསངྒ་བཛྲ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་མནཱལཱི་རྙིང་མའི་དགོན་དུ་འཆི་མེད་ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་གནང་སྐབས་བསྩལ་བའི་བཀའ་སློབ།
དེ་རིང་འདིར་འཛོམས་པའི་ཆོས་ཞུ་བ་ཚང་མ་ལ་ངས་སེམས་ཀྱི་གཏིང་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ངོས་ལ་རེ་བསྐུལ་གནང་བ་བཞིན་ད་རིང་ངས་ཚེ་དབང་ཞིག་གདོན་ཡ་ཡིན། ཡིན་ནའང་ཚེ་དབང་མ་གདོན་སྔོན་ལ་ངས་སྐད་ཆ་ཁ་ཤས་ཁྱེད་རང་ཚོ་ལ་ཞུ་ན་བསམ་སོང་། ང་རང་ཚོ་ཚང་མ་ནང་པ་སངས་རྒྱས་པ་རྐྱང་རྐྱང་ཡིན་དུས་དཀོན་མཆོག་གསུམ་ལ་རྒྱུན་དུ་དད་པ་དང་ཡིད་ཆེས་ཡོད་དགོས་ཡ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གང་ཡིན་ཞུ་ན། ང་རང་ཚོ་ལ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་གཏན་གཏན་གཞུག་གི་རེད། དཔེར་ན་སྔོན་མ་བོད་ལ་ཀོང་པོ་བན་ཟེར་བའི་མི་ཞིག་ཡོད་རེད། ཁོ་ལ་དཀོན་མཆོག་གི་བྱིན་རླབས་ཐོབ་ཙང་ཀོང་པོ་བན་གྱིས་ལྷ་སའི་ཇོ་བོ་ཁོ་རང་གི་ལུང་པ་ཀོང་པོ་ལ་དངོས་སུ་ཁྲིད་ཐུབ་པ་རེད། ཡང་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་མེད་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་གཞུག་གི་མ་རེད། དཔེར་ན་སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་དགེ་སློང་ལེགས་པའི་སྐར་མ་ཞུ་མཁན་ཞིག་བྱུང་བ་རེད། དགེ་སློང་ལེགས་པའི་སྐར་མས་སངས་རྒྱས་ཤཱཀྱ་ཐུབ་པ་དངོས་སུ་མཇལ་ནའང་སངས་རྒྱས་ལ་དད་པ་དང་ཡིད་ཆེས་མེད་ཙང་བྱིན་རླབས་མ་ཐོབ་ནས་དམྱལ་བ་ལ་སྐྱེས་སོང་བ་ནང་བཞིན་རེད། བྱས་ཙང་བྱིན་རླབས་དང་དད་པ་གཉིས་ཀྱི་བར་ལ་འབྲེལ་བ་དཔེ་མི་སྲིད་པའི་ཆེན་པོ་ཡོད་རེད། དེ་ཡི་རྒྱུ་མཚན་གྱིས་སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སློབ་མ་གཅིག་གིས་ང་ལ་བྱིན་རླབས་གནང་རོགས་ཞུས་པ་རེད། ཨ་ཏི་ཤའི་ཞལ་ནས། སློབ་མ་ཁྱེད་ཀྱིས་ང་ལ་དད་པ་ཞིག་གནང་རོགས་གསུངས་པ་རེད། བྱས་ཙང་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་གནང་རྒྱུ་དེ་དཔེ་གལ་ཆེན་པོ་རེད། དེ་བཞིན་དུ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་ན་བར་ཆད་རྩ་བ་ནས་ཡོང་གི་མ་རེད། དེ་ལ་ངས་དཔེ་ཞིག་ཞུ་གི་ཡིན། སྔོན་མུ་སྟེགས་པ་ཞིག་གིས་ལྷ་དབང་ཕྱུག་བསྒྲུབས་པས་གྲུབ་སྟེ་ལྷ་དབང་ཕྱུག་གིས་མུ་སྟེགས་པ་དེ་ལ་ཞགས་པ་གཅིག་གནང་བ་རེད། དེ་འདྲའི་ཞགས་པ་དེ་སུ་ལ་བརྒྱབ་ན་ཡང་ཞགས་པ་རྒྱག་ས་དེ་ཤི་འགྲོ་གི་ཡོད་རེད། ཉི་མ་གཅིག་བྱིས་པ་ཆུང་ཆུང་ཞིག་ལ་ཁོང་ཁྲོ་བཟས་ནས་ཞགས་པ་དེ་བརྒྱབ་པ་རེད། ཡིན་ནའང་ཕྲུ་གུ་ཆུང་ཆུང་དེ་མ་ཤི་བ་རེད། དེ་དུས་མུ་སྟེགས་པ་དེའི་བསམ་བློ་ལ། ད་ནི་ངའི་ཞགས་པའི་ནུས་པ་ཉམས་པ་ཡིན་ས་རེད་བསམས་ནས་ཁྱི་གཅིག་ལ་བརྒྱབ་པ་རེད། ཁྱི་དེ་ལམ་སེང་ཤི་སོང་བ་རེད། དེ་ནས་མུ་སྟེགས་པ་དེ་དྭོགས་པ་བཟས་ནས་བྱིས་པ་ཆུང་ཆུང་དེ་ལ་སྐད་ཆ་དྲིས་པ་རེད། ནམ་རྒྱུན་ཡིན་ན་ངའི་ཞགས་པ་རྒྱག་ས་ཚང་མ་ཤི་འགྲོ་གི་ཡོད་རེད། ཕྲུ་གུ་ཆུང་ཆུང་ཁྱོད་ལ་ཞགས་པ་བརྒྱབ་ཀྱང་ཁྱོད་མ་ཤི་བར་བསྡད་འདུག བྱས་ཙང་ཁྱོད་ལ་ཡོན་ཏན་ག་རེ་ཡོད་ཅེས་སྐད་ཆ་དྲིས་པ་རེད། དེ་ལ་བྱི་པ་དེས་ང་ལ་ཡོན་ཏན་གཞན་གང་ཡང་མེད། དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཅུང་ཟད་ཡོད་ཅེས་ལན་སྤྲད་པ་རེད། དེ་གོ་ནས་མུ་སྟེགས་པ་ཡང་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་སྐྱེས་ནས་ནང་པ་ཆགས་པ་རེད། བྱས་ཙང་བར་ཆད་བཟློག་པ་ལ་ཐབས་ཡག་ཤོས་དེ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་བྱ་རྒྱུ་དེ་ཡིན་དུས་ཚང་མས་ཐུགས་ལ་བཞག་ནས་རྟག་ཏུ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་གནང་རོགས་གནང་། དེ་ནས་གལ་ཆེ་ཤོས་གཅིག་ནི་རྒྱུན་དུ་སེམས་པ་བཟང་པོ་གནང་ཡ་དེ་ཡིན། སེམས་བཟང་པོ་ཡོད་ན་ཆོས་དང་སྲིད་ཀྱི་བྱ་བ་གཉིས་ཀ་བསྒྲུབ་ཀྱི་རེད། དེ་ཡང་སེམས་བཟང་ཡོད་ན་ཆོས་ཀྱི་བྱ་བ་བསྒྲུབ་པ་ནི། སྔོན་ལམ་ཀ་ཞིག་ན་ཚ་ཚ་གཅིག་གཡུགས་བཞག་ཡོད་པ་དེ་མི་གཅིག་གིས་མཐོང་བ་རེད། དེ་དུས་ཁོའི་བསམ་བློ་ལ། འདི་འདྲ་སེ་བཞག་བཞག་ན་ཆར་པས་སྐྱོན་བྱེད་ཀྱི་རེད་བསམས་ནས་སེམས་བཟང་པོའི་ཐོག་ནས་ལྷམ་ཞིག་ཚ་ཚའི་སྟེང་དུ་བཞག་པ་རེད། དེའི་རྗེས་སུ་མི་གཅིག་གིས་ལྷམ་དེ་མི་གཙང་བ་ཡིན་དུས། ཚ་ཚའི་སྟེང་དུ་བཞག་ན་ཡག་པོ་མི་འདུག་བསམས་ནས་སེམས་བཟང་པོའི་ཐོག་ནས་ལྷམ་དེ་ལེན་བཞག་པ་རེད། མཐར་ཁོ་གཉིས་ཀ་སངས་རྒྱས་སོང་བ་རེད་ཅེས་གསུངས་ཙང་སེམས་བཟང་པོ་དེ་ཆོས་ཕྱོགས་ནས་བཤད་ན་དཔེ་གལ་ཆེན་པོ་རེད། དེ་ནས་སྲིད་ཀྱི་དབང་དུ་བྱས་ན་ཡང་སེམས་བཟང་པོ་དེ་ཤིན་དུ་གལ་ཆེན་པོ་ཡིན། གང་ཡིན་ཞུ་ན། སྨན་གྱི་བསྟན་བཅོས་ནང་དུ་ན་ཚ་མི་ཡོང་བ་དང་ཚེ་རིང་པོ་ཡོང་ཡ་ཡི་ཐབས་ཡག་ཤོས་དེ་སེམས་བཟང་པོ་གནང་ཡ་དེ་ཡིན་གསུངས་ཙང་སེམས་བཟང་པོ་དེ་སྲིད་ལ་ཡང་གལ་ཆེན་པོ་ཡིན། དེས་ན་སེམས་བཟང་པོ་ཡོད་ན་གསུར་ཞིག་གཏང་ན་ཡང་ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང་ལྷ་མིས་བསྲུང་བ་ལ་སོགས་པ་ཕན་ཡོན་བསམ་གྱི་མི་ཁྱབ་པ་འབྱུང་གི་རེད། དེ་བཞིན་དུ་སེམས་བཟང་པོའི་ཐོག་ནས་མ་ཎི་གཅིག་གདོན་ན་ཡང་སྡིག་པ་འདག་པ་དང་མི་ཁོམས་པའི་གནས་སུ་མི་སྐྱེ་བ་དང་ནད་དང་བར་ཆད་ཐམས་ཅད་ཞི་བ་ལ་སོགས་པའི་ཕན་ཡོན་བསམ་གྱི་མི་ཁྱབ་པ་ཡོད་རེད། བྱས་ཙང་རྒྱུན་དུ་སེམསབཟང་པོ་གནང་རོགས། འོ་ན་སེམས་བཟང་པོ་དེ་རྩ་ཆེན་པོ་ཡིན་ན་ང་ཚོ་ལ་སེམས་བཟང་པོ་ཡོང་ཐབས་གང་རེད་ཟེར་ན། འོག་ནས་བཤད་རྒྱུའི་བསམ་བློ་བཞི་དེ་རང་ལ་ག་དུས་ཡིན་ན་ཡང་ཡོད་དགོས། འོག་ནས་བཤད་རྒྱུའི་བསམ་བློ་བཞི་དེ་རང་ལ་ཡོད་ན་གཏན་གཏན་རང་ལ་སེམས་བཟང་པོ་འབྱུང་གི་རེད། དང་པོ་ཁབ་ཀྱི་རྩེ་མོ་གྱེན་ལ་སྟོན་པའི་སྟེང་ནས་ཡུངས་ཀར་དལ་བུས་བླུགས་པ་ན་ཁབ་ཀྱི་རྩེར་ཡུངས་ཀར་བསྡད་ཡ་དཀོན་པོ་རེད། དེ་ལས་ཀྱང་མི་ལུས་འདི་འཐོབ་དཀའ་བ་ཡིན་སྙམ་དུ་ཡང་ཡང་བསམ། དེ་ནས་ཞོགས་པ་རྩའི་སྟེང་དུ་ཟིལ་པ་དཀར་ཁྲོམ་མེ་ཡོད་ཀྱང་ཉི་མ་ཕོགས་པའི་སྐབས་སུ་ས་ལ་ལམ་སེང་རིལ་འགྲོ་བ་ལྟར་ང་ཚོའི་ཚེ་འདི་ལ་ཡང་འགྱུར་བ་ཡང་སེ་ཡང་སེ་འགྲོ་གི་ཡོད་ཅེས་ཡང་ཡང་བསམ། འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་མཇལ་མྱོང་མཁན་རྒྱ་གར་གྱི་པཎ་ཆེན་ངག་གི་དབང་ཕྱུག་ཡང་སྡིག་པའི་དབང་གིས་དམྱལ་བར་སྐྱེས་པ་ཡིན་ཙང་། ལས་རྒྱུ་འབྲས་ཟེར་མཁན་དེ་དངོས་གནས་བདེན་པ་ཡིན་སྙམ་དུ་ཡང་ཡང་བསམ། ཆོས་རྒྱལ་མྱ་ངན་མེད་ཀྱི་བཙོན་ཁང་ལྟར་འཁོར་བ་འདི་བལྟ་དུས་སྐྱིད་མདོག་ཁ་པོ་ཡོད་ན་ཡང་དོན་ལ་སྐྱིད་པོ་མེད་པའི་སྟེང་སྡུག་བསྔལ་གྱི་རང་བཞིན་ཡིན་ཞེས་ཡང་ཡང་བསམ་དགོས། གོང་དུ་ཞུས་པ་ལྟར་བསམ་བློ་བཞི་པོ་འདི་ཡོད་ན་སེམས་བཟང་པོ་མ་ཡོང་རང་ཡོང་ཡིན་ཙང་བསམ་བློ་དེ་བཞི་ལ་དོ་སྣང་གནང་བའི་སྒོ་ནས་སེམས་བཟང་པོ་ཡོང་ཐབས་ངེས་པར་དུ་གནང་རོགས་གནང་། འདི་ཙམ་ཞིག་གི་སྔོན་འགྲོའི་གཏམ་གྱི་ཚུལ་དུ་ཞུས་ནས་ད་དངོས་གཞི་ཚེ་དབང་འབུལ་གྱིས་ཡིན་ཐུགས་མ་གཡེང་བར་གསན་རོགས་གནང་།
ཞེས་པའི་གསུང་བཤད་རྣམས་སྤྱིར་ཟླ། ༩ ཚེས། ༡༡ ཉིན་སྒྲ་ཕབ་བགྱིས་པའོ། །
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་སྤྱི་སྟེགས
རྩོམ་བསྐུར་ཡུལ།
ཡིག་ཟམ། 358328928@qq.com
འཕྲིན་ཕྲན། a8203123
དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས།།ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས།།
གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །
您看此文用 · 秒,转发只需1秒呦
阅读 9849 投诉
Leave a Reply