འཁྲུལ་སྣང་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བར་བྱེད་པའི་སྨོན་ལམ།

འཁྲུལ་སྣང་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བར་བྱེད་པའི་སྨོན་ལམ།

མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ། 

བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །
འཁོར་བའི་འཁྲུལ་སྣང་རང་ངོ་མ་ཤེས་པའི། །
མ་གྱུར་འགྲོ་ལ་བྱམས་དང་སྙིང་རྗེ་ཡི། །
བྱང་ཆུབ་སེམས་ཀྱིས་སྨོན་ལམ་གདབ་པར་བྱ། །
བདག་གི་ལུས་དང་ངག་ཡིད་ལོངས་སྤྱོད་རྣམས། །
དུས་གསུམ་བསགས་པའི་དགེ་ཚོགས་བཅས་པ་ཡིས། །
མཐའ་ཡས་འགྲོ་རྣམས་འཁོར་བ་ལས་གྲོལ་ཏེ། །
རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །
བདག་ལ་བརྟེན་ནས་འགའ་ཞིག་དད་པའམ། །
ཆགས་དང་སྡང་བ་གང་ཞིག་སྐྱེས་ཀྱང་རུང་། །
བཟང་ངན་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན། །
འབྲེལ་ཚད་དོན་ལྡན་སངས་རྒྱས་ཐོབ་པར་ཤོག །
ད་ལྟ་བདག་གིས་བྱས་པ་མེད་བཞིན་དུ། །
ཕ་བསད་གཤེད་མ་ལྟ་བུའི་སྡང་སེམས་ཀྱིས། །
དངོས་སུའམ་བརྒྱུད་ནས་རྒོལ་བའི་དགྲ་བོ་ཡང་། །
ནམ་ཞིག་བདག་གིས་ཆོས་ཀྱིས་ཚིམ་པར་ཤོག །
ཟས་གོས་གནས་མལ་ཁྱི་ཕག་ལྟ་བུར་སྦྱོར། །
ཁྲོ་མིག་གདངས་ཤིང་གཤེ་དང་སྐུར་པ་དང་། །
བརྡེགས་དང་བརྙས་དང་འཚང་འབྲུ་སྐུར་འདེབས་སོགས། །
བགྱིས་པ་དེ་ཀུན་བྱང་ཆུབ་རྒྱུར་གྱུར་ཅིག །
སྔོན་ཚེ་བདག་གིས་གཞན་ལ་གནོད་བྱས་པས། །
ལས་དེས་ད་ལྟ་བདག་ལ་གནོད་པ་བྱས། །
དེས་ན་བདག་གིས་ལས་འབྲས་སྤྱོད་པ་ལ། །
གཞན་ལ་མ་གནོད་དགེ་བའི་རྒྱུར་གྱུར་ཅིག །
འཁོར་བའི་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། །
སྡུག་བསྔལ་ཉེར་ལེན་ཕུང་པོ་བདག་བཟུང་པས། །
ལེ་ལན་རང་ལ་འཁོར་བ་ཤེས་བྱས་ནས། །
བྱང་ཆུབ་ལམ་གྱི་གྲོགས་སུ་འགྱུར་བར་ཤོག །
རྩ་བའི་ཕ་མ་སྤུན་སྲིང་གཙོར་བྱས་པའི། །
བྱམས་ཤིང་བརྩེ་བའི་གཉེན་ཉེ་འབྲེལ་ཡོད་ཀུན། །
བདག་གི་དགེ་དང་སྨོན་ལམ་དག་པ་ཡིས། །
བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །
བདག་ལ་སྨན་དང་ཟས་དང་གོས་དག་དང་། །
གསེར་དངུལ་ལ་སོགས་དངོས་རྫས་ཆེ་ཕྲ་ཀུན། །
ཕངས་མེད་སྟེར་བའི་སྦྱིན་བདག་ཕོ་མོ་ཡང་། །
སྦྱིན་པ་རྫོགས་ཤིང་སངས་རྒྱས་ཐོབ་པར་ཤོག །
འཚོ་བ་སྦྱོར་དང་ནད་གཡོག་བྱས་པ་དང་། །
གདན་དང་ཡོ་བྱད་གནས་མལ་སྟོབས་པ་དང་། །
གུས་ཤིང་བརྩེ་བས་བཀུར་བསྟི་བྱས་པ་དག །
ཚུལ་ཁྲིམས་མཐར་ཕྱིན་མཚན་དཔེའི་སྐུ་ཐོབ་ཤོག །
ལན་གྲངས་ཕ་མར་བྱས་ཀྱང་བརྩེ་སེམས་བྲལ། །
བཞོན་དང་བཀལ་དང་དཀར་དང་ཤ་ཁྲག་སོགས། །
བདག་གིས་ཕངས་མེད་སྤྱོད་པའི་སེམས་ཅན་ཀུན། །
བཟོད་པ་རྫོགས་ནས་མྱུར་དུ་སངས་རྒྱས་ཤོག །
མདོར་ན་བདག་ལ་འབྲེལ་ཐོགས་སེམས་ཅན་རྣམས། །
ངན་སོང་གནས་སུ་ནམ་ཡང་མི་སྐྱེ་ཞིང་། །
ཚེ་རབས་ཀུན་ཏུ་སངས་རྒྱས་འབྱུང་དང་འཕྲད། །
བྱང་ཆུབ་སེམས་སྐྱེ་རྫོགས་སངས་རྒྱས་པར་ཤོག །
བདག་ཀྱང་ནམ་ཞིག་འཇམ་དཔལ་དཔའ་བོ་དང་། །
ཀུན་ཏུ་བཟང་དང་འཇིག་རྟེན་དབང་ཕྱུག་སོགས། །
ལྟ་བུར་གྱུར་ནས་སྨོན་ལམ་བཏབ་པ་བཞིན། །
མཁའ་མཉམ་འགྲོ་བའི་དོན་དུ་འགྱུར་བར་ཤོག །
བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །
འཁོར་འདས་དུས་གསུམ་བསགས་པའི་དགེ་ཚོགས་དང་། །
བདག་གི་དགེ་བའི་ལས་འབྲས་བསླུ་མེད་ཀྱིས། །
ཇི་ལྟར་གསོལ་བའི་སྨོན་ལམ་འགྲུབ་གྱུར་ཅིག །

ཅེས་འཁྲུལ་སྣང་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བར་བྱེད་པའི་སྨོན་ལམ་རང་གིས་བྱས་པ་ད་ལྟའི་བར་དུ་ཡང་ཉིན་ལྟར་ཆག་མེད་དུ་ཟློ་བཞིན་ཡོད” ཅེས་གསུངས་སོ། །
ཇོ་བོ་རྗེ་དངོས་སུ་མིའི་གཟུགས་སུ་སླར་ཡང་ཕེབས་པ་ལྟ་བུའི་མཁན་ཆེན་ཐམས་ཅད་མཁྱེན་པ། ངག་དབང་ཀུན་དགའ་དབང་ཕྱུག་མཆོག་གིས་བཙོན་ནས་བཏབ་པའི་འཁྲུལ་སྣང་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བའི་སྨོན་ལམ་འདི་ཉིད་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བ་དང་ལྡན་པ། ཆོས་དབྱིངས་རྡོ་རྗེའམ་གཟི་བརྗིད་མཐའ་ཡས་ཀྱིས་མགོན་པོ་གང་གི་རང་རྣམ་ཞལ་གསུང་མའི་སྒྲ་ཐག་འཁོར་ལོ་ལ་ཞིབ་ནན་ཉན་ཞིང་སྤྱི་ལོ་ ༢༠༡༧ ཟླ་བ་ ༤ ཚེས་༢༩ ཉིན་ཡེ་གེར་ཕབ་པའོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*