༈ ས་སྐྱ་བཀའ་འབུམ་ལས་པོད་༼ད༽པ།
འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་པོད་གཉིས་པ།
༄༅། །སརྦ་ཏོ་དིངྨཧཱ་བི་ཛ་ཡ་མཉྫུ་ནཱ་ཐོ་བྷཱུ་མཱི་པཱཎྜྲཿཔཎྜི་ཏཱ་ནནྡ་དྷཱ་ཛ་ཤ་ཤྲཱི་བྷ་དྲ་པཱ་ད་སྱ་པྲ་ཝ་ཙ་ནཾ་པུསྟ་ཀོ་དྭི་ཏཱི་ཡཱ་བྷྱཾ་པྲ་མཱ་ཎ་ཡུཀྟ་ནི་དྷི་རྣཱ་མ་ཤཱ་སྟྲ་བི་ཧ་ར་ཏི་སྨ། །
༄༅། །ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་གཉིས་པ་ལས་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་ཡུག་ཏ་ནི་དྷི། བོད་སྐད་དུ། ཚད་མ་རིགས་པའི་གཏེར། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བློ་གྲོས་སྤྱི་གཙུག་ཡོན་ཏན་ནོར་བུའི་རྒྱན་གྱིས་སྤྲས། །བདེན་གཉིས་རོ་འཛིན་སྟོང་ཉིད་ཕུད་སྒྲའི་སྒྲ་སྒྲོགས་ཤིང༌། །མཁྱེན་བརྩེའི་ལྟ་ཟེར་ཕས་རྒོལ་སྐྱེ་བོས་མི་བཟོད་པ། །བློ་གསལ་རྒྱ་མཚོའི་རྒྱན་གྱུར་དཔལ་ལྡན་ཀླུ་དབང་རྒྱལ། །གངས་རིའི་ཁྲོད་འདིར་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། །དཔལ་ལྡན་གྲགས་པའི་གསུང་རབ་པདྨོ་ཁ་ཕྱེ་མོད། །གང་བློའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། །གཞུང་ལུགས་དགོངས་དོན་གེ་སར་སྙིང་པོ་གསལ་མ་ནུས། །ཆོས་ཀྱི་གྲགས་པའི་བཞེད་གཞུང་ཇི་ལྟ་བར། །བློ་གྲོས་གསལ་བའི་མིག་གིས་ལེགས་མཐོང་ནས། །ཤེས་ལྡན་གཟུ་བོར་གནས་པ་དོན་གཉེར་བ། །གཞན་ལ་བརྩེ་བའི་བསམ་པས་འདི་བཤད་དོ། །ཡུལ་གྱི་མཚན་ཉིད་བློས་རིག་བྱ། །དོན་སྤྱི་དང་ནི་མེད་སྣང་གཉིས། །ཡུལ་ཡིན་ཞེ་ན་དེ་འཛིན་གྱི། །ཤེས་པ་གཉིས་པོ་འཁྲུལ་པར་འགལ། །ཡུལ་ཡོད་ན་ཡང་ཐག་པ་ལ། །སྦྲུལ་འཛིན་བཞིན་དུ་འཁྲུལ་ཞེ་ན། །ཁྲར་འཛིན་ཡུལ་ཡོད་ཕྱིར་མ་འཁྲུལ། ཡུལ་མེད་པས་ན་སྦྲུལ་འཛིན་འཁྲུལ། །སྣང་ཡུལ་གཉིས་པོ་ཤེས་པ་ལས། །ཐ་དད་ཡིན་ན་ཡུལ་རུང་བར། །གནས་པའི་གང་ཟག་གཞན་གྱིས་ཀྱང༌། །མཐོང་འགྱུར་བུམ་པ་ལ་སོགས་བཞིན། །དོན་ཉིད་ཡིན་ཡང་ལུས་ཀྱི་ནང༌། །མི་མཐོང་བཞིན་དུ་འཁྲུལ་སྣང་གཉིས། །བདག་ལ་རྟག་ཏུ་འབྲེལ་པའི་ཕྱིར། གཞན་གྱི་རྟོགས་པ་མེད་ཅེ་ན། །ནང་གི་ལུས་ནི་ཡུལ་རུང་མིན། །དེས་ན་རང་གིས་ཀྱང་མི་མཐོང༌། །རང་དང་རྟག་ཏུ་འབྲེལ་པས་ན། །གཉིས་པོའང་ཡུལ་རུང་མིན་ཞེ་ན། །རང་བློ་ཁོ་ན་དང་འབྲེལ་ཕྱིར། །བརྗོད་ཀྱང་གཞན་གྱིས་རྟོགས་མི་འགྱུར། །རང་རང་བློ་དང་འབྲེལ་པའི་ཕྱིར། །བརྗོད་པས་དེ་ཉིད་རྟོགས་ཤེ་ན། །གང་ཟག་གཉིས་ཀྱི་བརྗོད་བྱའི་དོན། །སོ་སོ་ཡིན་ཕྱིར་སྦྱོར་མི་ནུས། །གང་ཟག་སོ་སོ་ལ་ཡོད་པའི། །སེམས་ཀྱི་རྣམ་པ་གཉིས་འདྲ་བས། །འདྲ་བ་གཅིག་ཏུ་ཞེན་པ་ལ། །ཐ་སྙད་སྦྱོར་ཕྱིར་མི་འགལ་ན། །རང་ལ་ཤར་ན་རང་ཡུལ་ཡིན། །མ་ཤར་ན་ནི་དེ་ཡུལ་མིན། །དེས་ན་ཐ་དད་གཟུང་བ་ལ། །གཅིག་ཏུ་འཛིན་པ་ག་ལ་སྲིད། །ཐ་དད་ཡིན་ཡང་ཡུལ་གཅིག་ཏུ། །འཁྲུལ་པའི་སྒོ་ནས་འཛིན་ཞེ་ན། །གཅིག་ཏུ་འཛིན་པ་འཁྲུལ་པའི་ཕྱིར། །གཟུང་ཡུལ་མེད་པར་གྲུབ་པ་ཡིན། །རིགས་པས་བརྟགས་ན་མེད་བཞིན་དུ། །ད་དུང་ཕལ་ཆེར་ཡུལ་དུ་ཞེན། །སོར་མོའི་རྩེ་མོས་བསྟན་པ་ན། །ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞལ་བྱ་རང་མཚན་གཅིག་ཁོ་ན། །ཡུལ་གཉིས་བཞེད་པས་གནོད་ཅེ་ན། །འཇུག་ཚུལ་སྒོ་ནས་རང་སྤྱི་གཉིས། །མེད་པའང་གཞལ་བྱར་མཚུངས་ཤེ་ན། །དེ་ལ་ཡུལ་གྱི་དགོས་ནུས་མེད། །སྐྲ་སོགས་སྣང་བ་བློ་ཉིད་ཡིན། །སྐྲར་སྣང་དོན་ལ་གྲུབ་པ་མེད། །དེ་ནི་དངོས་པོར་ཡོད་མེད་ཅེས། །རྟོག་པས་དཔྱོད་ན་སྤྱི་མཚན་ཡིན། །དངོས་མེད་གཉིས་པོ་རང་རིག་གི །ཤུགས་ལ་གྲུབ་པས་བསལ་ཞེ་ན། །འཁྲུལ་ཤེས་གཉིས་ལ་ཡུལ་མེད་ཅིང༌། །རང་རིག་གིས་ནི་མྱོང་བའི་ཕྱིར། །ཤེས་པ་ཉིད་ཡིན་དེ་ཡང་ནི། །མེད་པ་འཛིན་ཕྱིར་འཁྲུལ་ཤེས་ཡིན། །རང་མཚན་མིན་པའི་ཡུལ་མེད་ན། དངོས་མེད་གཞལ་བྱར་འགལ་ཞེ་ན། །དགག་བྱ་དངོས་པོར་ཡོད་མེད་ཅེས། །གྲུབ་པའི་ཕྱིར་ན་འགལ་བ་མེད། །ཕྱི་ཡི་གཟུང་ཡུལ་མཁས་པས་བཀག །ཤེས་པའི་གཟུང་ཡུལ་འདིར་མི་སྲིད། །དེས་ན་གཞལ་བྱ་གཅིག་ཉིད་ཀྱང༌། །མི་འཐད་ཅེས་ནི་འགའ་ཞིག་སྨྲ། །ངོ་བོ་ཉིད་དང་དབང་ཕྱུག་དང༌། །གཙོ་བོ་རྡུལ་དང་རྣམ་རིག་དང༌། །རྟེན་འབྲེལ་ཡིན་ཞེས་གྲུབ་པའི་མཐའ། །ཐ་དད་རང་གཞན་སྡེ་པ་འདོད། །ཆོད་པ་མིན་ཕྱིར་རྣམ་ཤེས་མིན། །དབང་པོ་རྟེན་བཅས་ལྟ་བྱེད་ལོ། །བེམ་པོ་ཡིན་ཕྱིར་ལྟ་བྱེད་མིན། །དུས་མཉམ་པ་ལ་འབྲེལ་པ་མེད། །ཡུལ་དང་རྣམ་ཤེས་དུས་མཉམ་ནི། །གཟུང་འཛིན་ཡིན་ཞེས་གངས་ཅན་པ། །དུས་མཉམ་ཕྱིར་ན་འབྲེལ་པ་མེད། །རྒྱུ་མེད་པ་ལ་རྣམ་ཤེས་འགལ། །སྐད་ཅིག་སྔ་མའི་ཡུལ་རྒྱུ་ཡིན། །དུས་མཉམ་གཟུང་ཡུལ་ཡིན་ཞེ་ན། །ཡུལ་ལས་སྐྱེས་ཕྱིར་རྣམ་ཤེས་གྲུབ། །དེ་ལ་དུས་མཉམ་དགོས་པ་མེད། །ཡུལ་དང་དབང་པོ་ཡིད་ལ་བྱེད། །དེ་ལས་སྐྱེས་པ་རྣམ་ཤེས་ཡིན། །ཟས་སོགས་བུ་ཡི་རྒྱུ་ཡིན་ཡང༌། །ཕ་མའི་གཟུགས་བཞིན་ཡུལ་འདྲར་སྐྱེ། །དེས་ན་ཡུལ་ལ་འབྲས་བུ་གཉིས། །བློ་ཡང་ཚུལ་གཉིས་ཡིན་པར་འདོད། །གཅིག་དང་དུ་མ་བྲལ་བའི་ཕྱིར། །དོན་མེད་དེས་ན་རྣམ་པའང་མེད། །ཀུན་རྫོབ་འཇིག་རྟེན་གྲགས་པ་ལ། །བརྟེན་ན་ཚད་མའི་རྣམ་གཞག་འགལ། །གསལ་དང་ལྷན་ཅིག་དམིགས་པས་འགྲུབ། །ལྷན་ཅིག་དམིགས་ལ་གཞན་མི་སྲིད། །རྫས་གཞན་ཡིན་ན་རྟགས་མི་སྲིད། །ཟླ་གཉིས་སྣང་བཞིན་སྔོ་འཛིན་ཡང༌། །གཞན་ལ་མཐའ་གཞན་བཀག་པས་ཁེགས། །སེམས་རྒྱུན་ཡན་ལག་ཅན་དང་མཚུངས། །སྐད་ཅིག་རྡུལ་གྱི་ཆ་ཤས་བཞིན། །དེས་ན་སྐད་ཅིག་གསུམ་བདག་ཕྱིར། །གཅིག་དང་དུ་མ་བྲལ་ཞེས་ཟེར། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །སྐད་ཅིག་གཅིག་པ་མི་སྲིད་འགྱུར། །སྐད་ཅིག་པ་གཅིག་མི་སྲིད་ན། །གསུམ་གྱི་བདག་ཉིད་ཡིན་པ་ཉམས། །རགས་པ་ཅིག་ཆར་བསྐོར་བས་ན། །དབུས་ཀྱི་རྡུལ་ཕྲན་ཆ་བཅས་འགྱུར། །དུས་གསུམ་ཅིག་ཆར་མི་སྐྱེ་བས། །ད་ལྟའི་སྐད་ཅིག་ཆ་མེད་ཡིན། །དོན་དུ་སྣང་བ་བློ་ཉིད་ཡིན། །སྣང་བ་དེ་ཉིད་ཕྱི་ན་མེད། །བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་རྫུན་པའི་རྣམ་གཞག་བྱེད། །ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ན། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །བསྡུ་བའི་ཚིགས་སུ་བཅད་པ་འོ། །ཚད་མ་རིགས་པའི་གཏེར་ལས་ཡུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། ༈ །།བློ་ཡི་མཚན་ཉིད་རིག་པ་ཡིན། །ཡུལ་སོགས་སྒོ་ནས་དུ་མར་འགྱུར། །ཤེས་པའི་སྒོ་ནས་རང་རིག་གཅིག །ཡིད་དཔྱོད་སྣང་ལ་མ་ངེས་དང༌། །བཅད་ཤེས་ལོག་ཤེས་ཐེ་ཚོམ་ལྔ། །ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས། །དམ་བཅའ་ཙམ་ཡིན་ཐེ་ཚོམ་འགྱུར། །རྟགས་ལ་ལྟོས་ན་ཡང་དག་གམ། །ལྟར་སྣང་གསུམ་ལས་འདའ་བ་མེད། །རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས། །ལྟར་སྣང་གསུམ་དུ་མི་འདུ་ན། །གཏན་ཚིགས་ལྟར་སྣང་བཞི་པར་འགྱུར། །ཡིད་དཔྱོད་ལྟར་སྣང་མ་ཡིན་ན། །ཚད་མ་གསུམ་པ་སྲིད་པར་འགྱུར། །བདེན་པ་ངེས་ཀྱང་ཚད་མིན་ན། །རྗེས་སུ་དཔག་པའང་མིན་པར་འགྱུར། །དེས་ཀྱང་སྒྲོ་འདོགས་མི་གཅོད་ན། །གནོད་བྱ་གནོད་བྱེད་མིན་པར་འགྱུར། །ངེས་པ་མེད་ཀྱང་བདེན་བརྫུན་དང༌། །སོམ་ཉིའི་བློ་གསུམ་མི་འགལ་ན། །ངེས་པ་མེད་ན་ཡིད་དཔྱོད་ཉམས། །གཉིས་སུ་འགྱུར་ན་ཐེ་ཚོམ་དཀའ། །ཡང་ན་བདེན་པའི་ཡིད་དཔྱོད་ལྟར། །ལོག་པའི་ཡིད་དཔྱོད་ཅིས་མི་འཐད། །འདོད་ན་ཡིད་དཔྱོད་བདེན་པ་ཉམས། །མིན་ན་སྔ་མའང་མིན་པར་མཚུངས། །གཉིས་ཀར་དོགས་ན་ཐེ་ཚོམ་འགྱུར། །གལ་ཏེ་སྲིད་ན་གྲངས་ངེས་འཇིག །ལོག་ཤེས་ཡིན་ན་ཡིད་དཔྱོད་ཀྱང༌། །ཚད་མ་ཉིད་འགྱུར་མཚུངས་ཕྱིར་རོ། །གལ་ཏེ་རྒྱུ་མཚན་མེད་པ་ཡི། །ཡིད་དཔྱོད་བདེན་ན་ཀུན་བདེན་འགྱུར། །གལ་ཏེ་ལོག་པའི་རྒྱུ་མཚན་ཅན། །ཡིད་དཔྱོད་ཡིན་ན་གཞུང་དང་འགལ། །རང་གཞན་སྡེ་པའི་ལུང་ལས་རྟོགས། །བློ་རིགས་བཞིར་འདུས་ཡིད་དཔྱོད་མིན། །གལ་ཏེ་སྣང་ལ་མ་ངེས་པ། །ཚད་མ་མིན་ན་མངོན་སུམ་ཀུན། །ཚད་མར་མིན་འགྱུར་མངོན་སུམ་ལ། །ངེས་པ་ཉིད་ནི་བཀག་ཕྱིར་རོ། བཅད་ཤེས་རིགས་པས་མཐའ་བཅད་ན། །མ་རྟོགས་པ་དང་ལོག་རྟོག་དང༌། །ཡང་ན་ཚད་མ་ཉིད་འགྱུར་གྱི། །དེ་ལས་གཞན་པའི་བློ་མི་སྲིད། །མངོན་སུམ་རྟོག་བྲལ་ད་ལྟར་བ། །བཅད་ཤེས་འདས་པ་དྲན་པ་ཡིན། །ཡུལ་དུས་འཛིན་སྟངས་འགལ་བ་ལ། །གཞི་མཐུན་པ་ནི་ག་ལ་སྲིད། །རིགས་རྒྱུན་འཛིན་པ་མངོན་སུམ་སྟེ། རྗེས་ཤེས་བཅད་ཤེས་ཡིན་ཞེ་ན། །རིགས་ནི་མངོན་སུམ་ཡུལ་མ་ཡིན། །མཐོང་བའི་དོན་ལ་རྗེས་ཤེས་མེད། །འགལ་བའི་ཕྱིར་ན་གཞི་མཐུན་མེད། །མངོན་སུམ་ཡིན་ཕྱིར་དྲན་པ་མིན། །རིགས་ནི་དབང་པོའི་ཡུལ་དུ་འགལ། །མཐོང་བ་སྔ་ཕྱི་ཁྱད་པར་མེད། །ངེས་པ་ཡོད་ན་མངོན་སུམ་མིན། །འདྲ་བར་འཛིན་པ་རྟོག་པ་ཡིན། །དེས་ན་མངོན་སུམ་བཅད་ཤེས་དང༌། །གཞི་མཐུན་རིགས་པ་ཤེས་པས་བཀག །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། །།ཡུལ་དང་དབང་པོའི་རྡུལ་ཕྲ་རབ། །ཚོགས་པའི་སྐད་ཅིག་ཇི་སྙེད་ཀྱིས། །མྱོང་བའི་རྣམ་ཤེས་གང་བསྐྱེད་པ། །སོ་སོ་སྐྱེ་བོའི་མངོན་སུམ་ཡིན། །གྲངས་ཀྱི་དབྱེ་བསྡུ་ཇི་སྙེད་པ། །རིགས་ཀྱི་དབྱེ་བས་བྱས་པ་ཡིན། །ནང་གི་དབྱེ་བསྡུ་ཇི་སྙེད་པ། །དེ་ཡི་ཁོངས་སུ་གཏོགས་པར་བཞེད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།མི་བསླུ་མ་གྲུབ་ཚད་མ་མིན། །མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ། །ཚད་མའི་འགལ་ཟླ་རྣམ་པ་གསུམ། །འཇུག་ཚུལ་སྒོ་ནས་ཕྱེ་བ་ཡིན། །ངོ་བོའི་སྒོ་ནས་བསྡུ་ན་གཅིག །དེ་དང་དེ་མིན་འཛིན་པས་སྟོང༌། །མ་རྟོགས་པ་ཡིན་དབྱེ་ན་གསུམ། །མ་ཞུགས་པ་དང་མ་རྫོགས་དང༌། །རྫོགས་པར་གྱུར་ཀྱང་མ་རྙེད་པའོ། །དེ་འཛིན་པ་ལ་དེ་མིན་གྱིས། །གནོད་པ་ལོག་ཤེས་དབྱེ་ན་གཉིས། །རྟོག་པ་དང་ནི་རྟོག་མེད་དེ། །སོ་སོར་ཕྱེ་ན་རྣམ་པ་ལྔ། །དེ་འཛིན་ན་ཡང་དེ་མིན་སྲིད། །ཐེ་ཚོམ་ཉིད་ཡིན་དབྱེ་ན་གཉིས། །མངོན་དུ་གྱུར་དང་བག་ལ་ཉལ། །ཆ་མཉམ་པ་དང་ཤས་ཆེར་འཛིན། །ཚད་མའི་ཤེས་པ་གཉིས་པོ་ཡང༌། །རང་རིག་ཚད་མ་ཁོ་ནར་འདུས། །ཚད་མ་མིན་པ་གསུམ་པོ་ཡང༌། །མ་རྟོགས་པ་ལས་དོན་གཞན་མིན། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་བློ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།། ༈ །།རང་མཚན་འཛིན་པ་རྟོག་མེད་དེ། །སྤྱི་འཛིན་པ་ནི་རྟོག་པ་ཡིན། །དེ་ལ་རང་མཚན་དངོས་པོ་སྟེ། །སྤྱི་ནི་དངོས་པོར་གྲུབ་པ་མེད། །རྫས་དང་ལྡོག་པ་སྤྱི་བྱེ་བྲག །སྒྲུབ་དང་གཞན་སེལ་རྟོག་མི་རྟོག །གཞན་དག་རྣམ་གཞག་གཞན་དུ་འཆད། །ཁོ་བོ་གཞུང་བཞིན་འཆད་པར་འདོད། །རྗེས་དཔག་དངོས་པོར་མི་འཛིན་པས། །དེ་ལ་རྫས་ཆོས་འཐད་མ་ཡིན། །སེལ་བ་ཡིན་ཕྱིར་རྗེས་དཔག་ནི། །ལྡོག་པའི་སྒོ་ནས་གྲུབ་པར་བཞེད། །གཞན་དང་རང་གི་དངོས་པོ་ལས། །ལྡོག་པར་བྱེད་པ་སྤྱི་བྱེ་བྲག །ཐད་ཀ་དང་ནི་གོང་མ་ཡི། །སྤྱི་དང་བྱེ་བྲག་གཉིས་གཉིས་ཡོད། །ཐད་ཀའི་བྱེ་བྲག་རྫས་ཐ་དད། །གོང་མའི་བྱེ་བྲག་གཅིག་པ་བཀག །ཁ་ཅིག་ཐ་དད་ཡིན་ཞེས་ཟེར། །ཐ་དད་སྣང་རུང་མེད་པས་ཁེགས། །ཁ་ཅིག་རྫས་གཅིག་ཡིན་ཞེས་ཟེར། །རྫས་གཅིག་ན་ཡང་སྣང་རུང་མིན། །ཡུལ་དུས་རྣམ་པ་འགལ་བ་ཡི། །བྱེ་བྲག་སྤྱི་གཅིག་དང་འབྲེལ་ན། །སྐྱེ་འཇིག་ངོ་བོ་གཅིག་ཏུ་འགྱུར། །མིན་ན་གཅིག་ལ་ཆ་གཉིས་འགལ། །སྤྱི་དང་བྱེ་བྲག་རྫས་གཅིག་ན། །ཡན་ལག་ཅན་ཡང་ཇི་ལྟར་དགག །དབང་པོའང་རྟོག་བཅས་ཉིད་དུ་ཐལ། །འགལ་བ་ཀུན་ཀྱང་རྫས་གཅིག་འགྱུར། །བྱེ་བྲག་རེ་རེ་དང་འབྲེལ་པའི། །སྤྱི་ཡང་དུ་མ་ཡོད་ཅེ་ན། །མཚན་ཉིད་མི་འགྲུབ་དགག་སྒྲུབ་ཀྱི། །རྣམ་པར་གཞག་པའང་འཇིག་པར་འགྱུར། །མཚན་ཉིད་མཚུངས་པའི་སྤྱི་གཅིག་དང༌། །བྱེ་བྲག་རྫས་གཅིག་ཡིན་ནོ་ལོ། །མཚུངས་པ་རྟོག་པས་སྦྱར་བ་ཡིན། །རྟོག་པའི་བློ་ཆོས་དོན་ལ་མེད། །དོན་ལ་འདྲ་བ་ཡོད་ན་ནི། །སྔོན་མེད་མཐོང་ནའང་འདྲ་བར་འགྱུར། །མཚུངས་ལ་དངོས་པོ་གཅིག་མི་སྲིད། །གཅིག་མ་ཡིན་ལ་སྤྱི་སྒྲ་མེད། །བློ་ལ་སྤྱི་གཅིག་མ་ཤར་ན། །མཚུངས་པར་རྟོགས་ཀྱང་སྤྱིར་མི་རུང༌། །ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ནའང་མེད། །རིགས་པའི་རྒྱལ་པོས་གསུངས་པ་ཡི། །རྣམ་གཞག་དང་ཡང་འགལ་བར་སྣང༌། །དེ་མིན་རང་བཞིན་ལས་ལྡོག་པ། །དངོས་པོ་ཀུན་ལ་གྲུབ་པ་དེ། །སེལ་བའི་སྤྱི་ཡིན་རང་མཚན་དུ། །འཁྲུལ་པ་དེ་ལ་དགག་སྒྲུབ་བྱེད། །གལ་ཏེ་དོན་ལ་སྤྱི་མེད་ན། །གཞན་སེལ་སྒྲོ་བཏགས་དངོས་མེད་ལ། །གྲུབ་ཀྱང་དོན་དང་མ་འབྲེལ་ཕྱིར། །ཐ་སྙད་ཐམས་ཅད་འཇིག་ཅེ་ན། །དོན་དང་སེལ་བ་གཅིག་ཉིད་དུ། །འཁྲུལ་ནས་ཡུལ་ལ་འཇུག་པ་ན། །རང་གི་མཚན་ཉིད་ཐོབ་པ་ཙམ། །ཚད་མ་ཡིན་ཕྱིར་འཐད་པ་ཡིན། །ཐ་དད་སྤྱི་འདོད་འུག་ཕྲུག་པ། །རྫས་གཅིག་ཡིན་ཞེས་གྲངས་ཅན་པ། །གངས་ཅན་པ་རྣམས་དེ་རྗེས་འབྲང༌། །སེལ་བར་འདོད་པ་མཁས་པའི་ལུགས། །བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མར་རིགས་པའི་གཏེར་ལས་སྤྱི་དང་བྱེ་བྲག་བརྟག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།། ༈ །།རྟོག་མེད་སྣང་བའི་སྒོ་ནས་འཇུག །སྒྲ་རྟོག་ཐམས་ཅད་གཞན་སེལ་ཡིན། །དེ་དག་འཁྲུལ་དང་མ་འཁྲུལ་པའི། །དབྱེ་བས་གཉིས་གཉིས་རྣམ་པ་བཞི། །དོན་ལ་གནས་པའི་དངོས་པོ་རྣམས། །གཅིག་ལ་དུ་མ་མི་སྲིད་ཅིང༌། །དུ་མ་གཅིག་ཏུ་གནས་མི་སྲིད། །གཅིག་ལ་གསལ་དང་མི་གསལ་མེད། །མངོན་སུམ་ཐམས་ཅད་དོན་བཞིན་སྣང༌། །གཅིག་ལ་ཐ་དད་སྣང་བ་མེད། །ཐ་དད་གཅིག་ཏུ་སྣང་མི་སྲིད། །སྣང་བས་འཇུག་ལ་རེས་འཇོག་མེད། །ཡུལ་ལ་ཇི་ལྟར་གནས་པ་ཡི། །སྟོབས་ཀྱི་དབང་ཤེས་སྐྱེས་པས་ན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བློ་དོན་ཕན་ཚུན་འཆོལ་བ་མེད། །དེས་ན་མངོན་སུམ་ཚད་མ་ཡང༌། །རྟོག་མེད་ཡིན་ཕྱིར་ངེས་མི་དགོས། །མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཉིད་ཀྱི་ཚད་མ་གྲུབ་པ་ཡིན། །དེ་འམ་གཞན་གྱི་སྟོབས་ཉིད་ལས། །ངེས་པའི་དབང་གིས་དགག་སྒྲུབ་བྱེད། །སྔོན་པོའི་ལྡོག་པ་ངེས་པ་ནི། །རྟོག་པ་ཡིན་ཕྱིར་གཞན་སེལ་ཡིན། །འཁྲུལ་ནས་འཇུག་ཡུལ་རང་མཚན་ཐོབ། །ནང་དུ་རང་རིག་ཚད་མར་འདོད། །གང་ལ་ངེས་པ་ཡོད་པ་དེས། །སྒྲོ་འདོགས་གཅོད་པར་ཤེས་པར་བྱ། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གཉིས་ཀ་སེལ་བས་འཇུག་པའི་ཕྱིར། །དེ་དག་མངོན་སུམ་མ་ཡིན་ཞེས། །རིགས་པ་མཁྱེན་པས་གསུངས་པ་ཡིན། །སྒྲ་རྟོག་སྣང་བས་འཇལ་ན་ནི། །དགག་སྒྲུབ་ཅིག་ཆར་རྟོགས་པར་འགྱུར། །གཅིག་ལ་དུ་མར་བཏགས་ན་ཡང༌། །རྣམ་གྲངས་ཡིན་གྱི་ཐ་དད་མིན། །ལྡོག་པས་འབྱེད་ན་སེལ་བ་ལ། །དངོས་པོའི་མིང་གིས་བཏགས་པར་ཟད། །དེ་ལ་སྣང་བར་རློམ་པ་འཁྲུལ། །དངོས་འགལ་བཅད་ནས་འཇུག་པ་ནི། །གཞན་སེལ་ཡུལ་ཅན་ཡིན་པར་བཞེད། །བརྟགས་ཕྱིར་སེལ་བ་དངོས་ཡུལ་མེད། །འཁྲུལ་པའི་འཇུག་ཡུལ་རང་མཚན་ཡིན། །རང་མཚན་གཅིག་དང་ཐ་དད་ལ། །སེལ་བའི་འཛིན་སྟངས་མུ་བཞི་སྲིད། །བྱ་དང་མཚན་ཉིད་གཅིག་པ་ལ། །བག་ཆགས་སྟོབས་ཀྱིས་གཅིག་ཏུ་འཁྲུལ། །ཐ་དད་མཚུངས་ལ་འབྲས་བུའི་བློ། །གཅིག་དང་ཐ་དད་འགལ་ཞེ་ན། །རྣམ་ཤེས་དང་ནི་སྨན་བཞིན་དུ། །ཐ་དད་ཡིན་ཡང་ཁྱད་པར་ཡོད། །ཐ་དད་རྣམས་ལ་དགག་སྒྲུབ་ཀྱི། །བྱ་བ་ཕྱོགས་གཅིག་རྟོགས་པར་འགྱུར། །གཞན་སེལ་སྤྱོད་ཡུལ་ཐ་དད་པས། །གཅིག་ལའང་ལྡོག་པ་ཐ་དད་རུང༌། །སྒྲ་དང་རྟོག་པའི་འཇུག་ཚུལ་ལྟར། །དོན་ལ་ཐ་དད་ཉིད་དུ་ཞེན། །གཅིག་ལ་གཅིག་ཏུ་མ་གཏོགས་པ། །རྟོགས་པར་བྱ་ཕྱིར་རྣམ་པར་དབྱེ། །ཡོད་དང་མེད་པར་འཛིན་པ་ཡི། །སྒོ་ནས་གཞན་སེལ་རྣམ་པ་གཉིས། །སྒྲ་དང་བློ་ཡི་དབྱེ་བ་ཡིས། །ཡོད་མེད་དེ་ཡང་གཉིས་གཉིས་ཡིན། །གཞན་སེལ་བློ་ཡི་འཇུག་ཚུལ་ཡིན། །བེམ་པོའི་དོན་ལ་གཞན་སེལ་མེད། །དོན་གྱི་གཞན་སེལ་རང་མཚན་ཕྱིར། །སྣང་ཡུལ་འགྱུར་གྱི་སེལ་བ་ཉམས། །སྣང་བའང་དོན་ལ་ཡོད་པར་མཚུངས། །འདོད་ན་ལོང་བ་རྒྱུན་ཆད་འགྱུར། །དངོས་པོའི་གཞན་སེལ་དངོས་མེད་གཅོད། །སྣང་བ་དང་ནི་མི་སྣང་བ། །ཡུལ་གྱི་སྒོ་ནས་དབྱེ་ན་གཉིས། །རང་གི་མཚན་ཉིད་སྣང་བ་ལ། །རྗེས་ཀྱི་ངེས་ཤེས་ཇི་སྙེད་པ། །སྒྲ་དང་རྟོག་པས་ཕྱེ་བས་ན། །སེལ་བ་ཆ་ཡི་ཡུལ་དུ་འགྱུར། །རང་གི་མཚན་ཉིད་མི་སྣང་བ། །རྟགས་ལ་ལྟོས་པའམ་མ་ལྟོས་ཀྱང༌། །སྒྲ་དང་རྟོག་པའི་ཡུལ་ཡིན་པས། །ངེས་པ་དེ་ཡང་གཞན་སེལ་ཡིན། །བདེན་དང་མི་བདེན་མཐའ་གཉིས་པ། །རྟོག་པའི་འཇུག་ཚུལ་རྣམ་པ་གསུམ། །མེད་པ་གཞན་སེལ་ཡོད་པ་གཅོད། །དགག་བྱ་ཡོད་དང་མེད་པ་ཡི། །སྒོ་ནས་སེལ་བ་རྣམ་པ་གཉིས། །དངོས་མེད་ངོ་བོ་ཡོད་མིན་པས། །ངོ་བོ་མེད་པས་ཤེས་བྱ་མིན། །དེས་ན་དངོས་པོ་བསལ་བ་ལ། །དངོས་མེད་ཅེས་ནི་བཏགས་པར་ཟད། །དངོས་པོ་རྒྱུ་ལས་གྲུབ་པ་ནི། །དངོས་པོ་མེད་ལ་ལྟོས་མི་དགོས། །དངོས་མེད་རྒྱུ་ཡིས་མ་བསྐྱེད་པས། །དངོས་པོ་བཀག་ནས་བློ་ངོར་སྒྲུབ། །རི་བོང་རྭ་སོགས་མེད་མོད་ཀྱི། །འདུས་མ་བྱས་དང་འཁྲུལ་ཡུལ་གཉིས། །དེར་སྣང་བ་ཡི་སྟོབས་ཉིད་ལས། །དེ་ཡུལ་ཡོད་པར་གྲུབ་ཅེ་ན། །དེར་སྣང་བ་དེ་ཤེས་པ་ཡིན། །ཕྱིར་འདོད་ཚད་མས་གཞལ་མི་ནུས། །དེས་ན་འདུས་མ་བྱས་གསུམ་དང༌། །འཁྲུལ་ཡུལ་གཉིས་ལ་ཚད་མ་མེད། །ནམ་མཁའ་མེད་ན་འཇིག་རྟེན་དང༌། །བསྟན་བཅོས་གཉིས་དང་འགལ་ཞེ་ན། །རང་མཚན་མེད་ཕྱིར་མངོན་སུམ་མིན། །འབྲེལ་པ་མེད་ཕྱིར་རྗེས་དཔག་མེད། །དེས་ན་ནམ་མཁའ་ཡོད་དོ་ཞེས། །སྒྲུབ་པར་བྱེད་ལ་ཚད་མ་མེད། །སྔོན་པོར་སྣང་བ་ཁ་དོག་ཡིན། །བུ་ག་གཟུགས་མ་མཐོང་བ་ཡིན། །དེས་ན་རྒྱན་དང་བུ་ག་ཡི། །ནམ་མཁའ་ནམ་མཁའི་སྒྲུབ་བྱེད་མིན། །འདུས་མ་བྱས་རྣམས་མ་གྲུབ་ན། །རྟག་པར་བཤད་པ་འགལ་ཞེ་ན། །མུ་སྟེགས་བྱེད་དང་ཉན་ཐོས་ཀྱི། །རྟག་སྨྲ་གཉིས་པོ་རྟག་པར་འདོད། །ཆོས་ཀྱི་གྲགས་པ་མི་རྟག་པ། །ལོག་ལ་རྟག་པའི་ཐ་སྙད་འདོགས། །དབང་ཤེས་ལྐུགས་པ་མིག་ཅན་འདྲ། །རྟོག་པ་ལོང་བ་སྨྲ་མཁས་འདྲ། །རང་རིག་དབང་པོ་ཚང་བ་ཡིས། །གཉིས་པོ་དེ་ཡི་བརྡ་སྤྲོད་བྱེད། །ཅེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།སྤྱི་མེད་ཕྱིར་ན་དེ་ཡི་སྒྲ། །རྒྱུ་མེད་ཅན་དུ་འགྱུར་ཞེ་ན། །བརྗོད་འདོད་དབང་གིས་འཇུག་པའི་ཕྱིར། །སྒྲ་རྣམས་ཡུལ་ལ་ལྟོས་པ་མེད། །དེ་ལྟ་ཡིན་ན་ཆོས་ཆོས་ཅན། །བརྗོད་པ་དོན་མེད་འགྱུར་ཞེ་ན། །དོན་གྱི་ངོ་བོ་གཅིག་ཉིད་ལ། །བརྗོད་འདོད་སྟོབས་ཀྱི་སྒྲ་གཉིས་སྦྱར། །དངོས་འགལ་གཅོད་པ་གཞན་སེལ་སྒྲ། །དེ་ནི་ཕན་ཚུན་བརྟེན་པའི་ཕྱིར། །གཅིག་མ་གྲུབ་པས་གཉིས་ཀ་མེད། །དེས་ན་གཞན་སེལ་མི་སྲིད་ལོ། །ཁྱེད་ཀྱང་དངོས་འགལ་མི་གཅོད་ན། །དེ་ཡི་ངོ་བོ་རྟོགས་མི་སྲིད། །གཅོད་ན་འགལ་ཟླ་མི་རྟོགས་པས། །ཐ་སྙད་ཐམས་ཅད་མེད་པར་འགྱུར། །དངོས་འགལ་བསལ་ནས་དངོས་པོ་དེ། །མི་སྒྲུབ་འོན་ཀྱང་གཅིག་མཐོང་བས། །དེ་ལ་བརྡ་བྱེད་ཐ་སྙད་ཀྱི། །དུས་ནའང་དེ་ཉིད་རྟོགས་ཤེ་ན། །བརྡ་ཡིས་དུས་ན་ཤིང་མ་ཡིན། །མ་བཀག་ན་ནི་ཤིང་མི་འགྲུབ། །གལ་ཏེ་བཀག་ན་ཤིང་འགྲུབ་མོད། །འོན་ཀྱང་དེ་ནི་གཞན་སེལ་ཡིན། །ཡལ་ག་ལོ་མ་ལྡན་མཐོང་ནས། །དེ་ལ་ཤིང་གི་བརྡ་བྱེད་པས། །བརྡ་དེ་རིགས་ལ་སྦྱོར་བར་བྱེད། །རིགས་ནི་གཞན་སེལ་ལས་གཞན་མིན། །གཞན་ལས་བཟློག་ནས་དེར་འཇུག་ཕྱིར། །ཚིག་ཀུན་ངེས་གཟུང་སྙིང་པོ་ཅན། །ཤེས་བྱ་སོགས་སྒྲ་གཅད་བྱ་མེད། །དེ་ལ་རྣམ་གཅད་འགལ་ཞེ་ན། །དེ་ལས་གཞན་དངོས་མེད་ན་ཡང༌། །བཏགས་པའི་སྒོ་ནས་རྣམ་གཅད་ཡོད། །གལ་ཏེ་ཁྱེད་ཀྱི་ལྡོག་པ་དེ། །དངོས་པོ་ཡིན་ན་སྤྱི་དང་མཚུངས། །དངོས་མེད་ཡིན་ན་དགོས་ནུས་མེད། །དེ་ན་ལྡོག་པ་མི་དགོས་ལོ། །འདི་ལ་བོད་རྣམས་ཕལ་ཆེར་ནི། །དངོས་པོའི་ལྡོག་པ་དངོས་པོར་འདོད། །དེ་ལྟ་ཡིན་ན་སྤྱི་ཡི་སྐྱོན། །བརྗོད་པ་འདི་ནི་གདོན་པ་དཀའ། །ཤིང་མིན་ལས་ལྡོག་དངོས་པོ་དེ། །ཤ་པ་ཡིན་ན་གཞན་ཤིང་མིན། །གཞན་ཤིང་ཡིན་ན་ཤ་པ་མིན། །དེ་ཡང་རང་བཞིན་གཞན་མིན་ཕྱིར། །ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས། །བདག་ཉིད་ཆེན་པོའི་རིགས་པ་འགོག །ནགས་ལ་གནས་པའི་སྤྲེ་འུ་དག །ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།ལྡོག་པ་དངོས་པོར་མ་གྲུབ་ཅིང༌། །བློ་ཡི་འཇུག་ཚུལ་དཔྱད་པ་ན། །དངོས་པོ་ཀུན་ལ་ཡོད་པའི་ཕྱིར། །གཞན་སེལ་ལ་ནི་སྐྱོན་འདི་མེད། །དེས་ན་སྒྲ་གཅིག་བརྗོད་ན་ཡང༌། །དགག་སྒྲུབ་ནུས་པ་རྣམ་གཉིས་ཡོད། །ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། །ལྡོག་པ་ངོ་བོ་མ་གྲུབ་པས། །ལྡོག་པ་བརྗོད་པ་ཉིད་ཀྱིས་ན། །ལྡོག་པའི་དངོས་པོ་གྲུབ་པར་གསུངས། །ཐ་དད་རྣམས་ལ་སྤྱི་མེད་ན། །ཨུཏྤལ་སྔོན་པོ་ལ་སོགས་པ། །ཆོས་རྣམས་གཅིག་ལ་མི་འདུ་བས། །གཞི་མཐུན་མེད་པར་འགྱུར་ཞེ་ན། །སྔོ་ལས་ཨུཏྤལ་གཞན་མིན་ཡང༌། །སེལ་བའི་དབྱེ་བསྡུས་རྟོག་པའི་ངོར། །གཞི་མཐུན་ཉིད་འགྱུར་རང་མཚན་ལ། །འཇུག་ཕྱིར་དབང་པོའི་སྤྱོད་ཡུལ་མིན། །སྒྲུབ་དང་གཞན་སེལ་རྣམ་དག་གི །མིག་དང་བློ་གྲོས་གསལ་ལྡན་པ། །རྟོག་གེ་པ་དེ་ཤེས་བྱ་ཡི། །དེ་ཉིད་ལྟ་བ་ཀུན་མཁྱེན་འདྲ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་སྒྲུབ་པ་དང་གཞན་སེལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པའོ།། ༈ །།བུམ་པ་ལ་སོགས་དོན་རང་མཚན། །བརྗོད་བྱ་ཡིན་ཞེས་འགའ་ཞིག་སྨྲ། །རང་མཚན་སོ་སོར་ངེས་པ་ནི། །མཐའ་ཡས་ཕྱིར་ན་བརྡ་མི་ནུས། །ཐ་སྙད་བྱེད་པའི་ཚེ་ན་ཡང༌། །དང་པོའི་རང་མཚན་རྙེད་པར་དཀའ། །འདས་དང་མ་འོངས་བརྗོད་བྱ་མིན། །དེ་ལ་རང་མཚན་མེད་ཕྱིར་རོ། །སྒྲ་ཡི་རང་མཚན་ཉིད་བརྗོད་ན། །མིག་དབང་ལ་སོགས་དགོས་མེད་འགྱུར། །དོན་ལ་འབྲེལ་པ་མེད་པའི་ཕྱིར། །དབང་པོས་འབྲེལ་པ་འཛིན་མི་སྲིད། །དེ་ཡིས་འདི་ཞེས་སྦྲེལ་བ་ནི། །དཔྱོད་པ་ཡིན་ཕྱིར་གཞན་སེལ་ཡིན། །དང་པོ་འབྲེལ་པ་བྱེད་པའི་ཚེ། །རང་གི་མཚན་ཉིད་བསྟན་ན་ཡང༌། །བརྡ་ནི་སྤྱི་ལ་སྦྱོར་བྱེད་དེ། །ཐ་སྙད་དོན་དུ་འདོགས་ཕྱིར་རོ། །དབང་པོས་སྒྲ་དང་འདྲེས་པའི་དོན། །འཛིན་ན་བརྡ་མེད་ཀྱང་རྟོགས་འགྱུར། །དབང་པོའི་སྒོ་ལ་རྗེས་འབྲངས་ཡིད། །མཐོང་སྦྱོར་འདྲེས་པ་རྟོག་མེད་འདྲ། །གཞན་དུ་མཐོང་རྟོག་ཡུལ་ཐ་དད། །ཡིན་ཕྱིར་དོན་རྟོགས་མི་སྲིད་ལོ། །རྟོག་བཅས་རྟོག་པ་མེད་པའི་ཡིད། །འཇུག་ཡུལ་གཅིག་ལ་ཅིག་ཆར་འཇུག །རིམ་གྱིས་འཇུག་ཀྱང་མྱུར་བ་ལ། །བླུན་པོ་རྣམས་ཀྱིས་གཅིག་ཏུ་ཞེན། །ཤེས་པ་རང་གི་མཚན་ཉིད་ཡིན། དེས་ན་དེ་ལ་བརྡར་མི་རུང༌། །སྒྲ་ཡིས་གསལ་བར་མི་བརྗོད་ཀྱི། །རིགས་སྤྱི་བརྗོད་ཕྱིར་སྐྱོན་མེད་ན། །དོན་ལ་སྤྱི་མེད་ཡོད་ན་ཡང༌། །དེ་ལ་སྦྱར་བ་དགོས་ནུས་མེད། །སྤྱི་དང་འབྲེལ་པའི་རང་མཚན་ལ། །སྦྱར་བས་རང་མཚན་གོ་ཞེ་ན། །དགོས་ནུས་མེད་པའི་སྤྱི་བོར་ལ། །རང་གི་མཚན་ཉིད་དངོས་ལ་སྦྱོར། །གལ་ཏེ་རང་མཚན་མཐའ་ཡས་ཕྱིར། །མི་ནུས་ཤེ་ན་འདི་ལའང་མཚུངས། །གངས་ཅན་པ་དང་ཉན་ཐོས་གཉིས། །སྒྲ་དོན་དངོས་ཀྱི་བརྗོད་བྱར་འདོད། །མི་ལྡན་འདུ་བྱེད་ལ་སྦྱར་བས། །འབྲེལ་མེད་གཟུགས་ལ་ཇི་ལྟར་རྟོགས། །བུམ་པ་ཞེས་ནི་བརྗོད་པ་ལས། །འབྲེལ་མེད་བ་ལང་མི་རྟོགས་བཞིན། །འབྲེལ་པ་མེད་ཀྱང་འདྲ་བ་ལ། །འཁྲུལ་ནས་དོན་ལ་འཇུག་ཅེ་ན། །འདྲ་བས་འཁྲུལ་ན་ཡུལ་དང་དུས། །རེས་འགའ་འཁྲུལ་གྱིས་ཀུན་ཏུ་མིན། །འདི་ནི་རྟག་ཏུ་འཁྲུལ་འགྱུར་བས། །འདྲ་བའི་སྒོ་ནས་འཁྲུལ་པ་མིན། །བརྡ་ལས་གོ་བྱ་གོ་བྱེད་ཡིན། །འཆད་དང་འཇུག་པའི་གང་ཟག་གི །དབྱེ་བས་གཉིས་གཉིས་རྣམ་པ་བཞི། །འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །དོན་དང་ཤེས་པ་རང་མཚན་ཡིན། །སྤྱི་འདོད་གཉིས་པོ་མེད་པ་ཡིན། །དེ་བཞི་བརྗོད་བྱ་མ་ཡིན་པས། །དམ་པའི་དོན་དུ་བརྗོད་བྱ་མེད། །རྟོག་པ་ངོ་བོས་འཁྲུལ་པ་ལ། །སྒྲ་ཡི་དོན་གྱི་གཟུགས་བརྙན་ཤར། །དེ་ལ་ཕྱི་རོལ་དོན་དུ་ཞེན། །དེ་ནི་སྒྲ་ཡི་བརྗོད་བྱར་བཏགས། །འཁྲུལ་པའི་བག་ཆགས་གོམས་པ་ཡིས། །བརྡ་ཡི་དུས་ན་བསྲེས་ནས་སྦྱར། །ཐ་སྙད་དུས་ནའང་དེ་ལྟར་གོ །དེ་ཕྱིར་འཁྲུལ་ཡང་བདེན་པར་འཐད། །སྒྲ་དོན་གཞན་ལས་ལྡོག་ན་ནི། །དངོས་པོ་བརྗོད་བྱར་འགྱུར་ཞེ་ན། །དམ་པའི་དོན་ལ་མི་ལྡོག་ཀྱང༌། །ལྡོག་པར་སྣང་བ་འཁྲུལ་པ་ཡིན། །སྤྱི་ནི་འཁྲུལ་པར་མི་འདོད་པས། །དེས་ན་དེ་དག་ག་ལ་མཚུངས། །རྟོག་པའི་གཟུགས་བརྙན་བརྗོད་ན་ནི། །ཤེས་པ་བརྗོད་བྱར་འགྱུར་ཞེ་ན། །རང་མཚན་ལྡོག་པ་བརྗོད་བྱ་མིན། །འཁྲུལ་པས་བཏགས་པ་དངོས་མེད་ཡིན། །དེས་ན་རྟོག་པའི་གཟུགས་བརྙན་ལ། །འཇིག་རྟེན་གཞུག་ཕྱིར་སྦྱར་བར་ཟད། །སེལ་བའི་སྤྱི་ལ་བརྡ་སྦྱོར་ན། །ལྡན་པ་མིན་དང་མཚུངས་ཤེ་ན། །དོན་སྤྱི་གལ་ཏེ་རྫས་གྲུབ་ན། །ཁྱོད་བདེན་འོན་ཀྱང་དངོས་མེད་ཡིན། །དེ་ཕྱིར་སེལ་བ་ཡུལ་མེད་ཅེས། །ཤེས་ན་བརྗོད་བྱ་རྗོད་བྱེད་མེད། །བརྗོད་བྱ་མེད་ན་འཁྲུལ་པ་གསོག །ཡིན་ཕྱིར་ཐ་སྙད་འཇིག་ཅེ་ན། །འཁྲུལ་པའི་སྒོ་ནས་རང་མཚན་ལ། །འཇུག་ཕྱིར་ཐ་སྙད་འཐད་པ་ཡིན། །ཆད་བྱས་འབྲེལ་པ་གོ་བ་ལ། །འཁྲུལ་པའི་འབྲེལ་པ་མི་དགོས་ལོ། །རང་མཚན་དང་ནི་དོན་སྤྱི་དང༌། །གཉིས་པོ་གཅིག་ཏུ་འཁྲུལ་པ་སྟེ། །གསུམ་པོ་གང་ལ་ཆད་བྱས་ཀྱང༌། །འཁྲུལ་པ་མེད་ན་བརྡ་མི་འབྱོར། །འདིར་ནི་རང་མཚན་གཟུགས་བརྙན་གཉིས། །གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར། །རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད། །འཁྲུལ་ནས་དོན་ལ་འཇུག་པར་འགྱུར། །སྒྲ་ཡི་དངོས་ཀྱི་བརྗོད་བྱ་མེད། །ཞེན་པའི་བརྗོད་བྱ་རང་མཚན་ཡིན། །འབྲེལ་པ་འཁྲུལ་པས་བྱས་ན་ཡང༌། །འཇུག་པའི་སྐྱེས་བུ་བསླུ་བ་མེད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་བརྗོད་བྱ་དང་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པའོ།། ༈ །།དགག་དང་སྒྲུབ་པ་ཇི་སྙེད་པ། །འགལ་འབྲེལ་ཉིད་ལ་ལྟོས་པས་ན། །ཚད་མའི་མཚན་ཉིད་དཔྱོད་པ་ཡི། །སྔོན་དུ་འགལ་འབྲེལ་དཔྱད་པར་བྱ། །ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། །གཅིག་ལ་འབྲེལ་པ་མི་སྲིད་པས། །རང་རང་ངོ་བོ་ལ་གནས་པའི། །དངོས་པོ་ཐམས་ཅད་འབྲེལ་མེད་ཡིན། །དངོས་མེད་ལ་ཡང་དངོས་འབྲེལ་ནི། །ཡོད་ཅེས་བླུན་པོ་འགའ་ཞིག་སྨྲ། །དངོས་མེད་ངོ་བོ་མེད་པ་ལ། །འབྲེལ་པ་ཡོད་ན་དངོས་པོར་འགྱུར། །ཆོས་གང་ཆོས་གཞན་མི་འདོར་བ། །འབྲེལ་པ་རྣམས་ཀྱི་སྤྱི་མཚན་ཏེ། །དངོས་པོ་འདྲེ་བ་མེད་ཕྱིར་དང༌། །དངོས་མེད་ངོ་བོ་མེད་ཕྱིར་མེད། །བདག་གཅིག་པ་ལ་ཆོས་གཉིས་མེད། །ཆོས་གཉིས་མེད་ལ་འབྲེལ་མི་སྲིད། །དེས་ན་བྱས་དང་མི་རྟག་པ། །དོན་གྱི་སྟེང་ན་འབྲེལ་པ་མེད། །གལ་ཏེ་བྱས་དང་མི་རྟག་པའི། །ལྡོག་པ་སྒྲ་ལ་མ་གྲུབ་ན། །ཚུལ་གསུམ་གྲུབ་པ་མི་སྲིད་པས། །དོན་ལ་བདག་གཅིག་འབྲེལ་ཞེ་ན། །རྫས་གཅིག་དོན་མཐུན་ལྡོག་པ་རྣམས། །དོན་ལ་ཡོད་ན་ལྡོག་པ་ན། །མ་འབྲེལ་རྟགས་མིན་འབྲེལ་ན་ཡང༌། །རྣམ་གྲངས་པ་འམ་འབྲས་བུར་འགྱུར། །སྔ་ཕྱི་མིན་ལ་དེ་བྱུང་མེད། །སྔ་ཕྱི་ཡོད་ན་གང་རུང་མེད། །དེས་ན་དངོས་དང་དངོས་མེད་ལ། །དེ་ལས་བྱུང་བའི་འབྲེལ་པ་མེད། །འགགས་པ་དང་ནི་སྐྱེས་པ་ལ། །སྦྱོར་བའི་འབྲེལ་པ་ཡོད་ཅེ་ན། །སྦྱོར་འབྲེལ་རྟག་ན་དངོས་པོ་མིན། །མི་རྟག་ན་ནི་ཐུག་མེད་འགྱུར། །གལ་ཏེ་ཕན་ཚུན་མ་ལྟོས་པ། །མེ་དུད་འབྲེལ་པ་ཡིན་ཞེ་ན། །རྐྱང་པ་རེ་རེ་མཐོང་བས་ཀྱང༌། །གཉིས་ཀའི་འབྲེལ་པ་ངེས་པར་འགྱུར། །རྒྱུ་འབྲས་ཕན་ཚུན་ལྟོས་ནས་ཕན། འདོགས་ཕྱིར་འབྲེལ་པ་མི་འགལ་ན། །རྒྱུ་འབྲས་དངོས་པོ་དངོས་མེད་ལ། །ཕན་བྱ་ཕན་བྱེད་འཐད་པ་དཀའ། །མེད་ན་མི་འབྱུང་འབྲེལ་ཡིན་ན། །གཡས་གཡོན་སོགས་ཀྱང་འབྲེལ་པར་འགྱུར། །དོན་ལ་མེད་ན་མི་འབྱུང་བའི། །འབྲེལ་པ་རྫས་ལྡོག་བཏགས་པས་ཁེགས། །རང་གི་མཚན་ཉིད་འབྲེལ་མེད་ཀྱང༌། །རྒྱུ་འབྲས་རིགས་ལ་འབྲེལ་ཞེ་ན། །རིགས་དེ་རྒྱུ་འབྲས་ཉིད་ཡིན་ན། །སྔར་གྱི་སྐྱོན་ལས་འདས་པ་མེད། །དེ་ལས་གཞན་པའི་རིགས་ཡོད་ན། །སྤྱི་ཡི་སྐབས་སུ་བཀག་ཟིན་ཏོ། །འདིས་ནི་ལྡན་དང་འདུ་བ་དང༌། །ཁྱད་པར་དང་ནི་ཁྱད་པར་ཅན། །བྱེད་དང་ཕྲད་པ་ལ་སོགས་པ། །འབྲེལ་པར་འདོད་པ་བཀག་པ་ཡིན། །འཁར་གཞོང་ལ་ནི་རྒྱ་ཤུག་བརྟེན། །དེ་ནི་ལྡན་པའི་འབྲེལ་ཞེས་ཟེར། །རྟག་པའི་རྟེན་ལ་མི་རྟག་པ། །འབྲེལ་པ་འཕྲོད་པ་འདུ་ཞེས་གྲགས། །བྱས་དང་མི་རྟག་ལ་སོགས་པ། །དོན་གཅིག་ལ་ནི་འདུ་ཞེས་སྨྲ། །ཐ་དད་གཞན་གྱིས་གཞན་གོ་བ། །ཁྱད་པར་བྱེད་ཆོས་འབྲེལ་ཞེས་འདོད། །འགགས་པའི་རྒྱུ་དང་ད་ལྟར་གྱི། །འབྲས་བུ་འབྲེལ་པ་སྦྱོར་འབྲེལ་ལོ། །བདག་དང་བྱ་བ་རྣམ་གཉིས་ལ། །བྱེད་པའི་འབྲེལ་པ་ཡོད་དོ་ལོ། །མིག་གིས་གཟུགས་ལ་ལྟ་བ་ལ། །ཕྲད་པའི་འབྲེལ་པ་ཡིན་ཞེས་ཟེར། །རྗེ་ཁོལ་ཁྱོ་ཤུག་ལ་སོགས་ཀྱང༌། །འབྲེལ་པ་ཡིན་ཞེས་རྨོངས་པ་སྨྲ། །དོན་ལ་འབྲེལ་པ་འདོད་པ་ནི། །གཅིག་དང་ཐ་དད་བརྟགས་པས་ཁེགས། །ལྡན་པ་སོགས་ལའང་གཞན་སེལ་གྱིས། །སྦྲེལ་ན་གོ་བྱེད་ཡིན་ཞེ་ན། །ལྡན་པ་ཅན་སོགས་གནོད་བྱེད་ཡོད། །གནོད་བྱེད་མེད་ན་གཉིས་པོར་འདུས། །ཇི་ལྟར་གནོད་པ་ཡོད་ཅེ་ན། །གཞན་ཡང་གྲངས་ཅན་འདོད་པ་ཡི། །ལྕགས་གོང་དང་ནི་མེ་བཞིན་དུ། །འདྲེས་པ་རྣམས་དབྱེར་མེད་ཅེ་ན། །ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་རྟོག་ཕལ་ཆེར་བླུན་པོ་ལེན། །སྐྱུགས་སྨན་བཏང་ནས་སྐྱུགས་པ་ལ། །ཁྱི་ལས་གཞན་པ་སུ་ཞིག་ཟ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།རྣམ་རྟོག་ཡུལ་ལ་འཇིག་རྟེན་གྱི། །ཐ་སྙད་བཞིན་དུ་དབྱེ་བསྡུ་དང༌། །སྔ་ཕྱི་རྟོག་པས་སྦྲེལ་བ་ཡིས། །འཇུག་ཡུལ་བསྒྲུབ་ཕྱིར་འབྲེལ་པར་འཐད། །བྱས་དང་མི་རྟག་བློས་སྦྲེལ་བ། །དོན་ལ་གྲུབ་ན་དོན་འབྲེལ་ཡིན། །དོན་ལ་དེ་དག་མ་གྲུབ་ན། །དོན་གྱི་སྒྲུབ་བྱེད་མིན་ཞེ་ན། །བརྟགས་པ་དོན་ལ་འཇུག་པ་དང༌། །མི་འཇུག་པ་སྟེ་རྣམ་པ་གཉིས། །འཇུག་པས་འཇུག་ཡུལ་ཐོབ་པ་ན། །འབྲེལ་པ་ཉིད་དེ་ཅིག་ཤོས་མིན། །མེད་ན་མི་འབྱུང་དུ་བ་ལ། །མེད་ན་དེ་ནི་རྒྱུ་མེད་འགྱུར། །ཡོད་ན་དེ་ཉིད་དངོས་པོ་ཡི། །འབྲེལ་པ་ཉིད་དུ་འགྱུར་ཞེ་ན། །དོན་གྱི་དུ་བ་མེ་མེད་ན། །མི་འབྱུང་བ་ཙམ་ཡོད་མོད་ཀྱང༌། །སྔ་ཕྱེ་བཟུང་ནས་སྦྲེལ་བ་ནི། །རྟོག་པ་མིན་པས་སྦྲེལ་མི་ནུས། །མཚན་ཉིད་དང་ནི་མཚོན་བྱ་དང༌། །སྤྱི་དང་བྱེ་བྲག་འབྲེལ་པ་ཡང༌། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །བརྟགས་པས་འགྲུབ་ཀྱི་གཞན་དུ་མིན། །གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་རྟགས། །སྐྱེས་པ་ཁོ་ན་འཇིག་པ་ཡིན། །དེ་ལ་འཇིག་བྱེད་གཞན་མི་དགོས། །འཇིག་པ་རྒྱུ་གཞན་ལ་ལྟོས་ཕྱིར། །ལྟོས་མེད་འདི་ནི་མ་གྲུབ་ལོ། །འཇིག་པར་བྱ་རྒྱུའི་དངོས་པོ་དང༌། །ཞིག་པ་དངོས་མེད་གཉིས་ཀ་ལ། །འཇིག་པའི་སྒྲ་དོན་འཇུག་མོད་ཀྱི། །གཉིས་ཀ་ལ་ཡང་རྒྱུ་མི་དགོས། །བུམ་འཇིག་དངོས་མེད་རྒྱུ་མི་ལྟོས། །དགོས་ནའང་རང་གྲུབ་རྒྱུ་ཅི་དགོས། །གཞན་རྒྱུས་བྱས་པས་དེ་མི་འཇིག །དེས་ན་འཇིག་པ་རྒྱུ་མེད་གྲུབ། །འཇིག་པ་དངོས་མེད་རྒྱུས་བྱེད་ཅེས། །སྨྲ་ན་ལྟོས་མེད་ཤུགས་ལས་གྲུབ། །དངོས་མེད་རྒྱུ་ཡིས་བྱེད་པ་དང༌། །རྒྱུ་ཡིས་ཅི་ཡང་མི་བྱེད་པ། །དོན་མཚུངས་དཔེར་ན་མེད་པ་ལ། །ལྟ་དང་བལྟ་རྒྱུ་མེད་པ་བཞིན། །ཚོགས་པ་ཚང་ཡང་མྱུ་གུ་བཞིན། །ལྟོས་མེད་འདི་ཡང་མ་ངེས་ལོ། །ཚོགས་པ་དེ་དག་འགྱུར་བ་ལ། །ལྟོས་པའི་ཕྱིར་ན་མ་ངེས་མིན། །བྱས་པའང་དུས་ལ་ལྟོས་ཤེ་ན། །དུས་ལ་ལྟོས་ནས་བྱས་པ་དེ། །འགྱུར་ན་འཇིག་པ་ལྟོས་མེད་གྲུབ། །མི་འགྱུར་སྔར་བཞིན་འཇིག་མེད་གནས། །ཚོགས་པ་འགྱུར་མེད་གཅིག་ཡིན་པས། །གཏན་ཚིགས་འདི་ནི་མ་གྲུབ་ལོ། །ཚོགས་པས་ཕྱི་ནས་བསྐྱེད་པ་ལྟར། །གཅིག་ཕྱིར་དང་པོ་བསྐྱེད་པར་འགྱུར། །གཅིག་ཉིད་ན་ཡང་གེགས་ཡོད་ཕྱིར། །མྱུ་གུ་བསྐྱེད་པར་མི་ངེས་ན། །གེགས་ཅན་གེགས་མེད་ཐ་དད་ཕྱིར། །གཅིག་ཏུ་འདོད་ཀྱང་གཉིས་སུ་འགྱུར། །ནས་ཀྱི་རྒྱུ་ཚོགས་སཱ་ལུ་ཡི། །མྱུ་གུ་བསྐྱེད་ལ་ལྟོས་མོད་ཀྱང༌། །སཱ་ལུས་མྱུ་གུ་མི་བསྐྱེད་པས། །གཏན་ཚིགས་འདི་ནི་མ་ངེས་ལོ། །སཱ་ལུའི་ས་བོན་ལ་ལྟོས་ཕྱིར། །ལྟོས་མེད་ཡིན་པའི་རྟགས་མ་གྲུབ། །བྱས་ཡོད་སྐད་ཅིག་འཇིག་པ་མིན། །འཇིག་པའི་རྒྱུ་ལ་ལྟོས་ཤེ་ན། །མྱུ་གུ་རང་རང་རྒྱུ་ལ་ལྟོས། །དངོས་འཇིག་རྒྱུ་གཞན་ལ་མི་ལྟོས། །འཇིག་པ་དངོས་མེད་རྒྱུ་མི་དགོས། །དེས་ན་འཇིག་བྱེད་གཞན་མི་དགོས། །དངོས་འགལ་རྫས་གཅིག་འགྱུར་བ་དང༌། །དེ་ཉིད་གཞན་དུ་མི་འཐད་དང༌། །ཐོགས་བཅས་ཐོགས་མེད་མཚུངས་པ་ཡི། །ཐལ་བ་གསུམ་གྱིས་འདིར་མི་འགོག །བྱ་རོག་དཀར་པོ་སྲིད་པ་ལྟར། །དངོས་པོ་རྟག་པ་མི་འགལ་ཟེར། །རྟགས་དེས་དོན་བྱེད་མི་ནུས་ན། །དངོས་མེད་ཡིན་ཕྱིར་དོན་ལ་མཐུན། །ནུས་དེ་འགྱུར་ན་རྟག་པ་ཉམས། །འགྱུར་བ་མེད་ན་བྱེད་པ་འགལ། །གང་གང་བྱེད་མིན་དེ་དངོས་མེད། །མཁའ་བཞིན་རྟག་པའང་བྱེད་པས་སྟོང༌། །ཆོས་ཅན་རྟག་པའི་གཞན་སེལ་ཡིན། །དངོས་པོ་བཀག་ཉིད་བསྒྲུབ་བྱའི་ཆོས། །ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ཟེར། །དགག་བྱ་འཛིན་པ་སྐྱེ་མི་དགོས། །ལ་ལ་རྟོག་མྱོང་གཅིག་ཡིན་ལོ། །ལོག་རྟོག་ཉིད་ཀྱང་མི་སྲིད་འགྱུར། །དེས་ན་སྐད་ཅིག་གིས་སྟོང་ལ། །དོན་བྱེད་འགོག་པའི་རྟགས་ཀྱིས་གྲུབ། །རང་བཞིན་རྟག་ཀྱང་གནས་སྐབས་རྣམས། །འགྱུར་ཕྱིར་དོན་བྱེད་འཐད་ཅེ་ན། །གཉིས་པོ་གཅིག་ན་ཆོས་གཉིས་འགལ། །ཐ་དད་ཡིན་ན་བྱེད་པ་འགལ། །སྐད་ཅིག་འཇིག་པ་མེད་ན་ཡང༌། །རགས་པའི་འགྱུར་བ་ཡོད་ཅེ་ན། །དང་པོ་སྐད་ཅིག་མི་འཇིག་ན། །རགས་པའི་འགྱུར་བ་ག་ལ་སྲིད། །དོན་བྱེད་ནུས་པ་བཀག་པ་ལ། །དངོས་པོ་མེད་པས་ཁྱབ་པ་འགྲུབ། །གནོད་པ་ཅན་གྱི་ལམ་སྦྱོང་དུ། །ལྟོས་མེད་འཆད་པ་དགོངས་པ་མིན། །དེས་ན་ལོག་རྟོག་རྣམ་གཉིས་ཀྱི། །གཉེན་པོར་གཏན་ཚིགས་རྣམ་གཉིས་གསུངས། །རྒྱུ་འབྲས་ཕྲུགས་ལྔས་ངེས་ཞེས་ཟེར། །ཧ་ཅང་ཐལ་ཕྱིར་འདི་མི་འཐད། །རྒྱུ་འབྲས་ཕན་འདོགས་བྱ་བྱེད་ཡིན། །རྒྱུ་ཡང་ཉེར་ལེན་ལྷན་ཅིག་བྱེད། །དེ་ཡང་རྗེས་སུ་འགྲོ་ལྡོག་གི །སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས། །མཚན་ཉིད་མི་འགྲུབ་ཧ་ཅང་ཐལ། །གཞན་དུ་འཁྲུལ་པས་འདིར་མི་གནོད། །གང་དག་རྒྱུ་མིན་ལས་སྐྱེས་པ། །དེ་ནི་དེ་ཡི་འབྲས་བུ་མིན། །རྣམ་པ་འདྲ་བས་འཁྲུལ་པ་ལ། །དེ་ཡི་མིང་གིས་བཏགས་པར་ཟད། །རྡོ་དང་ཤིང་སོགས་མེ་རྒྱུ་མིན། །མེ་རྒྱུ་མེ་ཡི་རྡུལ་ཕྲན་ཡིན། །རྡུལ་ཕྲན་གཅིག་ཏུ་སྡུད་པའི་རྒྱུ། །རྡོ་ཤིང་སོགས་ཡིན་དབང་པོ་བཞིན། །ཡང་ན་སྔོན་དང་ཕྱི་མ་ཡི། །རྒྱུ་དང་འབྲས་བུ་ཐ་དད་ཡོད། །མེ་དང་དུ་བས་བསྐྱེད་པ་ཡི། །འབྲས་བུ་དུ་བའི་ཁྱད་པར་བཞིན། །རང་མཚན་དང་ནི་སྒྲ་དོན་གཉིས། །འབྲེལ་པའི་མཚན་གཞིར་མི་འཐད་པས། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པའི་གཞན་སེལ་ཁོ་ན་ཡིན། །བདེ་བྱེད་དགའ་བ་དཔྱོད་པ་ཡིས། །འབྲེལ་པ་ངེས་པར་བྱེད་ཅེས་གྲག །ཉི་འོག་པ་རྣམས་ཚད་མ་ཡིས། །འབྲེལ་པ་ངེས་པར་བྱེད་པར་འདོད། །ཚད་མའི་སྟོབས་ཀྱིས་བསྐྱེད་པ་ཡི། །གཞན་སེལ་ངེས་པའི་བདག་ཉིད་ཅན། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །རྟོག་དཔྱོད་དེ་ཡིས་འབྲེལ་པ་ངེས། །དངོས་པོའི་དོན་ལ་འབྲེལ་པ་མེད། །འབྲེལ་པ་གཉིས་ཀྱང་སྒྲོ་བཏགས་ཡིན། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པས་འབྲེལ་པའི་རྟོག་པ་སྐྱེ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དྲུག་པའོ།། ༈ །།ཆོས་གང་གང་ལ་གནོད་བྱེད་པ། །དེ་ནི་དེ་ཡི་འགལ་ཟླ་ཡིན། །འགལ་ཟླ་དངོས་པོ་དངོས་མེད་ཀྱི། །ཡུལ་གྱི་དབྱེ་བ་ལ་ལྟོས་ནས། །ལྷན་ཅིག་མི་གནས་པ་དག་དང༌། །ཕན་ཚུན་སྤངས་འགལ་གཉིས་སུ་བཞེད། །ལྷན་ཅིག་མི་གནས་གནོད་བྱེད་དུ། །འདོད་པ་དཔྱད་ན་འཐད་མ་ཡིན། །དེས་ན་གནོད་བྱ་གནོད་བྱེད་གཉིས། །རྒྱུ་འབྲས་བཞིན་དུ་ཐ་དད་ཡིན། །གང་གིས་གནོད་བྱ་ནུས་མེད་དུ། །བསྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར། །ལྷན་ཅིག་མི་གནས་ཇི་སྙེད་པ། །དངོས་པོ་གནོད་བྱེད་གཉིས་ལ་འཇུག །དེ་ཡང་རྒྱུན་ཡིན་སྐད་ཅིག་མིན། །བསྐྱེད་བྱ་སྐྱེད་བྱེད་ཡིན་ཕྱིར་རོ། །སྐད་ཅིག་མི་འགལ་རྒྱུན་མ་གྲུབ། །དེས་ན་འགལ་འདི་མི་འཐད་ལོ། །སྐད་ཅིག་སྔ་མ་སྔ་མ་ལས། །སྔོན་མེད་ཕྱི་མ་ཕྱི་མ་སྐྱེ། །དེ་ལ་རྒྱུན་དུ་སྒྲོ་བཏགས་པ། །ཟློག་པར་བྱེད་ལ་ཉེས་པ་མེད། །རྡུལ་ཕྲན་འགལ་བ་ལྷན་ཅིག་ཏུ། །གནས་ན་ལྷན་ཅིག་མི་གནས་འགལ། །མི་གནས་ན་ནི་གཅིག་བཅོམ་པས། །རྒྱུ་འབྲས་དུས་མཉམ་འགྱུར་ཞེ་ན། །ལ་ལ་ཉེ་བར་ཞི་བར་འདོད། །ཁ་ཅིག་ཕྲད་ནས་བསྒྱུར་བར་འདོད། །འགའ་ཞིག་ཕྲད་པ་མེད་པར་འདོད། །རྟག་སྨྲ་དེ་དག་འཁྲུལ་པ་ཡིན། །ལྷན་ཅིག་གནས་ན་འགལ་བ་ཉམས། །བསྒྱུར་ན་རྟག་པར་འདོད་པ་འགལ། །དེས་ན་རྡུལ་ཕྲན་ལས་རྡུལ་ཕྲན། །ནུས་མེད་སྐྱེ་ཕྱིར་འགལ་བ་མེད། །ལ་ལ་བྱ་རྫོགས་སྐད་ཅིག་གསུམ། །འགའ་ཞིག་ཡུན་རིང་འགྲོགས་ཞེས་ཟེར། །ཡུན་རིང་འགྲོགས་པའི་ལྷན་ཅིག་ཏུ། །མི་གནས་པ་དེ་ངོ་མཚར་ཆེ། །ཕྲད་དང་ནུས་མེད་སྐྱེས་པ་དེ། །སྐད་ཅིག་གསུམ་ལ་དོན་འགལ་ལྡོག །ངེས་པ་སྐྱེས་པས་སྒྲོ་འདོགས་ཕྱིས། །མི་སྐྱེ་བ་ནི་བློ་ཡི་ཡིན། །སྐད་ཅིག་གཅིག་ལ་ཆ་མེད་ན། །རགས་པའི་རྒྱུན་རྣམས་མེད་པར་འགྱུར། །ཆ་ཤས་ཡོད་ན་ཐུག་མེད་པས། །གསུམ་ལ་ལྡོག་པ་དཀའ་ཞེ་ན། །སྐད་ཅིག་ལ་ནི་ཆ་ཤས་མེད། །རྒྱུན་ཡང་སྐད་ཅིག་སྐྱེས་ཙམ་ཡིན། །རྡུལ་དང་སྐད་ཅིག་མི་མཚུངས་པས། །གསུམ་པ་ཉིད་ལ་ལྡོག་པ་ཡིན། །གྲང་རེག་ནུས་པ་ཐོགས་མེད་དེས། །ནུས་ཅན་བསྐྱེད་དམ་ནུས་མེད་བསྐྱེད། །གཉིས་ཀ་ལྟར་ཡང་ཚ་རེག་ལ། །དགོས་ནུས་མེད་པར་འགྱུར་ཞེ་ན། །གྲང་རེག་ནུས་པ་ཐོགས་མེད་དེ། །སྐད་ཅིག་གཉིས་པའི་ཉེར་ལེན་ཡིན། །ལྷན་ཅིག་བྱེད་རྐྱེན་གང་དང་གང༌། །ཕྲད་པ་དེ་ཡིས་འབྲས་བུ་འབྱིན། །སྤང་བྱའི་ངོ་བོའམ་ས་བོན་སྤོང༌། །གཉིས་ཀ་ལྟར་ཡང་མི་འཐད་ཟེར། །ས་བོན་སྤོང་བའི་གཉེན་པོའང་ཡོད། །ངེས་པས་སྒྲོ་འདོགས་གཉིས་ཀ་མིན། །འབྲེལ་པ་བཞིན་དུ་འགལ་བ་ཡང༌། །དངོས་པོའི་དོན་ལ་གྲུབ་པ་མེད། །རྣམ་པར་རྟོག་པས་སྒྲོ་བཏགས་ནས། །འགལ་བ་ཉིད་དུ་རྣམ་པར་བཞག །སྣང་དང་མི་སྣང་མ་གཏོགས་པ། །འགལ་བ་ངེས་བྱེད་གཞན་ཡོད་མིན། །གྲང་རེག་འགོག་ལ་མེ་ཙམ་ནི། །མ་ངེས་སྟོབས་ལྡན་མི་འགྲུབ་ལོ། །ཁ་ཅིག་སྟོབས་ལྡན་འགོག་ཅེས་ཟེར། །རང་གི་ངོ་བོ་མེ་ཙམ་ཡིན། །ཆོས་གང་ཆོས་གཞན་གྱིས་དབེན་པ། །ཕན་ཚུན་སྤང་འགལ་ཡིན་ཞེས་ཟེར། །དབྱེ་ན་དངོས་འགལ་བརྒྱུད་འགལ་གཉིས། །བརྒྱུད་འགལ་ལ་ཡང་རྣམ་གཉིས་འདོད། །རྫས་དང་ལྡོག་པ་འགལ་བ་ཡི། །སྒོ་ནས་གཉིས་གཉིས་རྣམ་པ་དྲུག །ཆོས་གཞན་དབེན་པ་འགལ་ཡིན་ན། །འབྲེལ་པ་རྣམས་ཀྱང་འགལ་བར་འགྱུར། །འདོད་ན་འགལ་བ་འགོག་པ་དང༌། །འབྲེལ་ན་སྒྲུབ་པའི་རྣམ་གཞག་འཇིག །ཐ་དད་འབྲེལ་ལམ་མ་འབྲེལ་ཡང༌། །ངོ་བོ་ཡིན་པ་འགོག་ཅེ་ན། །འགལ་བ་དམིགས་པས་འགོག་པའི་ཕྱིར། །སྣང་རུང་མེད་པ་ནུས་མེད་འགྱུར། །ཐ་དད་འགལ་བར་གསུངས་པ་ནི། །བཏགས་པ་བ་ཡིན་འབྲེལ་པ་བཞིན། །རྒྱུ་དང་ཤེས་པའི་དབྱེ་བ་ཡིས། །ཐ་དད་ཐ་དད་མིན་གཞག་བྱེད། །ཐ་དད་ཕན་གནོད་འབྲེལ་དང་འགལ། །གཉིས་ཀ་མིན་ན་ཐ་དད་ཙམ། །རང་མིན་འགོག་པ་དངོས་འགལ་ཡིན། །བརྒྱུད་འགལ་རང་མིན་ཁྱབ་བྱེད་འགོག །སྔོ་སོགས་འགལ་གཉིས་མིན་མི་ཁེགས། །ཤེ་ན་སྤངས་ཡིན་འགལ་བ་མིན། །ཕན་ཚུན་སྤང་འགལ་གཅིག་པ་བཀག །དེ་ཡིན་དེ་མ་ཡིན་གྱིས་འགོག །ཕན་ཚུན་སྤངས་པའི་དངོས་པོ་གཉིས། །ཡིན་པ་སྣང་རུང་མེད་པས་ཁེགས། །བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་འགལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བདུན་པའོ།། ༈ །།ཤེས་བྱ་ཀུན་ལ་ཆོས་གསུམ་གྱིས། །ཁྱབ་ཕྱིར་དེ་ཡི་རྣམ་གཞག་བཤད། །མཚན་ཉིད་གོ་བྱེད་དོན་གྱི་ཆོས། །མཚོན་བྱ་གོ་བྱ་བློ་ཡི་ཆོས། །མཚན་གཞི་གོ་བྱ་རྟེན་གྱི་ཆོས། །དེ་དག་རྣམ་པར་གཞག་འཇོག་ཡིན། །ཆོས་གསུམ་ལ་ཡང་རྒྱུ་མཚན་དགོས། །མེད་ན་ཐམས་ཅད་འཆོལ་བར་འགྱུར། །མཚན་ཉིད་རྫས་ཡོད་ལ་མཚན་ཉིད། །མི་དགོས་དགོས་ན་ཐུག་མེད་ཟེར། །ཁ་ཅིག་དོན་ལ་མི་དགོས་ཀྱང༌། །ཐ་སྙད་ལ་དགོས་གཞན་དག་ནི། །དོན་ལའང་དགོས་ཟེར་མཚོན་བྱ་ཡང༌། །དེ་འདྲ་རྟགས་བཞིན་ཐུག་མེད་ཟེར། །རྣམ་འཇོག་རྒྱུ་ནི་མ་ངེས་པར། །རྣམ་གཞག་འབྲས་བུ་ངེས་ན་ནི། །མཚན་ཉིད་དགོས་པ་མེད་པར་འགྱུར། །མ་ངེས་ན་ནི་ཐུག་མེད་འཇིག །རྟགས་ཀྱི་མཚན་གཞིས་བསྒྲུབ་བྱའི་དོན། །སྒྲུབ་ཕྱིར་ཐུག་མེད་སྐྱོན་མེད་ན། །ཚུལ་གསུམ་ལྐོག་ཤལ་མ་ངེས་ཀྱང༌། །བྱས་དང་དཀར་ཟལ་ངེས་ཙམ་གྱིས། །མི་རྟག་བ་ལང་རྟོགས་པར་འགྱུར། །ཐ་སྙད་ལ་ཡང་ཞེན་རུང་ཞིག །མེད་ན་དེ་ནི་ཤེས་བྱ་མིན། །ཡོད་ན་དེ་ཉིད་ཕྱི་མ་ཡི། །མཚན་ཉིད་ཡིན་ཞེས་ལ་ལ་འདོད། །དེ་ལྟ་ཡིན་ན་ཡལ་ག་ལའང༌། །ཡལ་ག་མེད་ན་ཤིང་མ་ཡིན། །ཡལ་ག་ཡོད་ན་ཤིང་ལ་ཡང༌། །མཚན་ཉིད་ཐུག་པ་མེད་པར་འགྱུར། །ཡལ་ག་ལ་ནི་ཡལ་ག་གཞན། །མེད་ཀྱང་ཡལ་ག་དེ་ཉིད་ཀྱིས། །ཙནྡན་ངོ་བོ་དབྱེར་མེད་དུ། །བསྒྲུབ་ཕྱིར་ཐུག་མེད་མི་དགོས་ན། །ཐ་སྙད་གཉིས་པ་མེད་ན་ཡང༌། །ཐ་སྙད་དེ་ཉིད་མཚན་ཉིད་ཀྱིས། །ཤེས་བྱའི་ངོ་བོར་སྒྲུབ་པའི་ཕྱིར། །ཐ་སྙད་ཐུག་མེད་ག་ལ་དགོས། །བརྡ་དོན་འབྲེལ་པར་རྣམ་རྟོགས་པ། །དེ་ཡི་ཚེ་ན་ཐ་སྙད་གྲུབ། །རྟགས་དང་མཚན་ཉིད་གཉིས་ཀ་ལ། །སྤྱི་དང་བྱེ་བྲག་གཉིས་གཉིས་ཡིན། །གཉིས་ཀའང་སྦྱོར་བ་གསུམ་པར་ཐུག །བཞི་པ་ཕན་ཆད་དགོས་ནུས་མེད། །ཚུལ་གསུམ་ཚུལ་གསུམ་མེད་ན་རྟགས། །མི་འགྱུར་ཡོད་ན་ཐུག་མེད་ལོ། །ཚུལ་གསུམ་དུ་བ་ཁོ་ནའི་ཆོས། །དབྱེར་མེད་ཡིན་གྱིས་ཆོས་གཞན་མེད། །འདི་ཡི་མཚན་ཉིད་ཐུག་མེད་དུ། །ཐལ་བའི་སྐྱོན་ཡང་བསལ་བ་ཡིན། །ལ་ལ་མཚོན་བྱ་རྣམ་འཇོག་ཟེར། །གཏན་ཚིགས་ལ་ཡང་མཚུངས་ཕྱིར་མིན། །འགའ་ཞིག་ཆོས་གསུམ་ཚང་བར་འདོད། །མཚོན་བྱ་ལྟོས་ཕྱིར་འདི་མི་འཐད། །དངོས་འགལ་གཅོད་པའི་དོན་ལྡོག་ཡིན། །མཚན་ཉིད་དེ་ཡི་སྐྱོན་བསྡུ་ན། །གསུམ་ཞེས་བྱང་ཕྱོགས་པ་རྣམས་འདོད། །སྦྱོར་བ་བཀོད་ནས་སྐྱོན་བརྩི་ན། །དོན་ལྡོག་གཞན་འགྱུར་མེད་པར་འགྱུར། །མ་བཀོད་པ་ལ་སྐྱོན་སྦྱོར་ན། །མཚན་གཞི་མི་གནས་དོན་མེད་འགྱུར། །འདི་དག་སྐྱོན་དུ་འཐད་ན་ནི། །མཁས་པའི་གཙུག་རྒྱན་ཅིས་མི་བཞེད། །མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །སྒྲ་དང་དོན་གྱི་རྣམ་གཅོད་ཀུན། །གསུམ་པོ་འདི་ལས་གཞན་ཡོད་མིན། །མཚན་གཞིར་བཀོད་དང་མ་བཀོད་དང༌། །མཚན་ཉིད་མི་སྲིད་པ་ཡི་གཞིར། །མཚོན་བྱ་ཁེགས་དང་མི་ཁེགས་ཞེས། །རྩོད་པ་གཉིས་ཀྱིས་འདིར་མི་གནོད། །ཁ་ཅིག་མཚན་མཚོན་རྫས་གཅིག་ཟེར། །ཐ་སྙད་མཚོན་བྱའི་མཚན་གཞིར་འདོད། །མཚོན་བྱ་མིང་གིས་ཁྱད་པར་དུ། །བྱས་ཕྱིར་མཚན་ཉིད་མཐོང་བ་ཡི། །དབང་ཤེས་རྟོག་བཅས་ཉིད་འགྱུར་ཞིང༌། །དོན་གྲུབ་རྫས་ཡོད་དག་ཏུའང་འགྱུར། །བརྡ་ལ་འཇུག་པ་ཐ་སྙད་དུ། །གསུངས་ཕྱིར་མཚོན་བྱའི་མཚན་གཞི་མིན། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་ནི། །མཚོན་བྱ་ཉིད་ཡིན་དེ་ཡི་གཞི། །རྒྱུ་མཚན་ཉིད་ལ་བརྡ་སྦྱར་བའོ། །དེ་ལྟར་རྟོགས་ནས་སྒོ་གསུམ་ནི། །འཇུག་པ་དེ་ཡི་ཐ་སྙད་ཡིན། །དོན་ལ་ལྟོས་པའི་མིང་ཡིན་པས། །བཏགས་ཡོད་ཉིད་ཡིན་དངོས་པོ་ལ། །མ་གྲུབ་ཕྱིར་ན་སྒྲོ་བཏགས་ཡིན། །མཚན་མཚོན་རྫས་གཅིག་མ་ཡིན་ན། །རང་བཞིན་རྟགས་སུ་མི་འཐད་ལོ། །སྒྲ་ཡི་དོན་ལ་གཅིག་ཉིད་དུ། །འཁྲུལ་པས་ཐ་སྙད་སྦྱོར་བ་ནི། །འཇིག་རྟེན་དོན་ལ་མི་སླུའི་ཕྱིར། །གྲགས་པའི་རྗེས་དཔག་ག་ལ་འགལ། །མཚན་ཉིད་བརྟེན་པ་མཚན་གཞི་ཡིན། །མཚན་ཉིད་པ་དང་བཏགས་པ་གཉིས། །འགའ་ཞིག་ཆོས་གསུམ་རང་ལྡོག་ནི། །རང་གི་རྣམ་པ་འཆར་རུང་ཟེར། །དེ་ལྟ་ཡིན་ན་ཆོས་གསུམ་པོ། །རྟོག་མེད་ཡུལ་དུ་ཐལ་བར་འགྱུར། །དེས་ན་སྣང་བའི་ལྡོག་པ་ནི། །ཆོས་གསུམ་ཉིད་མིན་སེལ་བ་ཡི། །ཆོས་གསུམ་གྱི་ནི་རང་ལྡོག་ལ། །སྒྲུབ་དང་དགག་པ་གཉིས་ཀ་ཡོད། །མཚན་མཚོན་རང་བཞིན་འབྲེལ་པ་ཡིན། །མཚན་གཞི་ཕལ་ཆེར་གནས་སྐབས་འབྲེལ། །འཁྲུལ་པས་གཅིག་ཏུ་འཛིན་པ་ཉིད། །མྱོང་བས་མཚན་མཚོན་འབྲེལ་པ་འགྲུབ། །མཚན་གཞི་དང་ནི་མཚོན་བྱ་ཡི། །འབྲེལ་པ་མཁས་པས་མཐོང་བས་དྲན། །རྨོངས་པ་ལ་ནི་བརྡ་དྲན་པའི། །ཐ་སྙད་སྒྲུབ་ཀྱི་རྗེས་དཔག་དགོས། །གསུམ་པོ་དེ་ལ་སྤྱི་དང་ནི། །སྦྱོར་བ་འདིར་རྟོགས་གཉིས་གཉིས་དྲུག །བཟློག་ལའང་དྲུག་ལས་མཚན་ཉིད་དང༌། །མཚན་གཞིའི་ཆ་གཉིས་སྐྱོན་མེད་སྲིད། །སྦྱོར་བ་འདིར་རྟོགས་མཚན་ཉིད་དེ། །གཞི་མཚོན་གཉིས་ལ་ཁེགས་ན་ནི། །མཚན་གཞི་ལྐོག་ཤལ་ཁེགས་པར་འགྱུར། །མ་ཁེགས་ན་ནི་ཁྱབ་ཅེས་ཟེར། །དོན་ལྡོག་ལ་ཁྱབ་རང་ལྡོག་ལ། །མ་ཁྱབ་པས་ན་ཉེས་པ་མེད། །མཚོན་བྱ་འགལ་དང་ཐ་སྙད་ཁེགས། །དངོས་འགལ་གཞི་མཚོན་རྩོད་པ་མེད། །དེས་ན་ལ་ལར་འགལ་བ་དང༌། །མཚུངས་པར་མངོན་པའི་སྦྱོར་བ་སྲིད། །མཚན་མཚོན་གྲངས་མཉམ་ངོ་བོ་གཅིག །རྫས་ཡོད་བཏགས་ཡོད་ཉིད་དུ་ངེས། །མཚན་མཚོན་དོན་ལ་གཅིག་པ་དང༌། །ཐ་དད་གྲངས་མི་མཉམ་པ་འཁྲུལ། །དེ་དག་ཕན་ཚུན་བཟློག་པ་ཡི། །རྣམ་པར་གཞག་པས་འདིར་མི་གནོད། །མི་སླུ་མི་ཤེས་དོན་གསལ་གཉིས། །རྣམ་གྲངས་པ་འམ་ཕྱེ་སྟེ་སྨྲ། །མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །མཚན་མཚོན་གཉིས་སུ་འདོད་ན་ཡང༌། །སྤྱི་མཚན་གཅིག་པ་མི་སྲིད་འགྱུར། །མ་ཁྱབ་གཅོད་ཚུལ་འདིར་མི་འཐད། །གཉིས་སུ་འབྱེད་པ་དགོངས་པ་མིན། །མི་དགོས་མ་ཁྱབ་མི་སྲིད་གསུམ། །བདེན་པའི་དོན་རྟོགས་འདོད་ན་ཡོད། །མི་སླུ་མ་ཤེས་དོན་གསལ་གཉིས། །རང་མཚན་རྟོགས་པར་དོན་ལ་མཐུན། །ཐ་སྙད་པ་དང་དོན་དམ་པ། །གཉིས་ཀ་ལ་ཡང་གཉིས་པོ་འཇུག །མི་སླུ་ལས་དང་བྱེད་པོ་དང༌། །བྱ་བ་གསུམ་གྱི་བདག་ཉིད་ཅན། །དངོས་མེད་འཇལ་ལ་མ་ཁྱབ་ཅིང༌། །ཉེ་བར་བསླད་ལ་ཁྱབ་ཆེས་ལོ། །རང་མཚན་ཡོད་མེད་དཔྱོད་ཕྱིར་འཐད། །ཉེ་བར་བསླད་པ་བསླུ་བར་བཤད། །ཚད་མའི་སྟོབས་ཀྱིས་ངེས་པ་འདྲེན། །ངེས་པའི་འགལ་ཟླ་སྒྲོ་འདོགས་ཡིན། །དེ་ཡི་མཚན་ཉིད་གནས་ལུགས་ལས། །མཐའ་གཞན་དུ་རྟོག་དབྱེ་ན་གཉིས། །རྟོག་པ་ལོག་ཤེས་ཐེ་ཚོམ་མོ། །མ་རྟོགས་པ་ལས་གློ་བུར་དུ། །རྟོགས་པས་སྒྲོ་འདོགས་མ་བཅད་ལོ། །རྗེས་དཔག་སྣང་བས་མི་འཇུག་པས། །སེལ་བ་ཉིད་ཡིན་དེ་ཡི་ཡུལ། །མེ་མེད་གཞན་དང་མཚུངས་པ་རུ། །འཛིན་ཕྱིར་ལོག་ཤེས་ཡིན་པར་བཞེད། །ངེས་པ་དང་ནི་སྒྲོ་འདོགས་གཉིས། །ཡུལ་དང་ངོ་བོ་དུས་གསུམ་ལ། །གཅིག་དང་ཐ་དད་བརྟག་པ་ཡི། །རྩོད་པ་གསུམ་གྱིས་འདིར་མི་གནོད། །ངེས་དང་སྒྲོ་འདོགས་ཞེན་ཡུལ་གཅིག །ཞེན་སྟངས་ཐ་དད་ཕྱིར་ན་སེལ། །ཚད་མ་མིན་ལ་ཡང་དག་བཀག །ཡང་དག་ཕྱེ་ནས་འཆད་པ་འཁྲུལ། །དེས་ན་ཡང་དག་ཤེས་པ་ཉིད། །ཚད་མ་ཡིན་ཕྱིར་དབྱེ་གཞིར་འཐད། །དབྱེ་ན་མངོན་སུམ་རྗེས་དཔག་གཉིས། །དེ་དག་གཅིག་དང་ཐ་དད་བརྟག །ཚད་མ་གཉིས་ཀ་དངོས་པོ་ཉིད། །ཡིན་ཕྱིར་གཅིག་པ་བཀག་པ་མིན། །ཡུལ་གཅིག་པ་དང་ཐ་དད་ལ། །ལྟོས་ནས་གཅིག་དང་ཐ་དད་མིན། །དེས་ན་བློ་ཡི་ངོ་བོར་གཅིག །ཡུལ་ལ་ལྟོས་ནས་ཐ་དད་ཡིན། །རྗེས་དཔག་ཡུལ་མིན་རང་རིག་དང༌། །གཅིག་ཕྱིར་བརྩད་པའི་སྐྱོན་ལས་གྲོལ། །གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དེ་ལས་གྲངས་གཞན་བཀག་ཕྱིར་རོ། །མིང་ལ་བཤད་འཇུག་རྣམ་པ་གཉིས། །དེ་ལ་བཤད་འཇུག་འགལ་བ་དང༌། །མི་འགལ་འགལ་ཞིང་མི་འགལ་བའི། །རྣམ་པར་དབྱེ་བ་རྣམ་པ་བཞི། །དེ་དག་མིང་དང་རིགས་ཀྱི་སྒྲ། །མཁས་པ་རྣམས་ཀྱིས་གཉིས་སུ་ཕྱེ། །ཡུལ་དུས་རྣམ་པ་འཁྲུལ་པའི་ཆ། །མངོན་སུམ་ཚད་མར་འདོད་པ་ཡོད། །རང་མཚན་མེད་ཕྱིར་མངོན་སུམ་མིན། །རྟགས་ལས་ངེས་ན་རྗེས་དཔག་སྲིད། །ཁ་དོག་འཛིན་པ་རེག་བྱ་ལ། །མངོན་སུམ་ཡིན་ཞེས་ལ་ལ་སྨྲ། །སྐྱེ་མཆེད་རྣམ་དབྱེ་མ་ཤེས་པས། །རྒྱུ་ཆོས་མངོན་སུམ་ཡིན་པར་འཁྲུལ། །རྟོག་པ་ཡུལ་དུས་རྣམ་པ་ལ། །འཁྲུལ་པའི་མངོན་སུམ་འགོག་ཅེས་ཟེར། །རྟོག་པ་འཁྲུལ་ཡང་དབང་ཤེས་ལ། །མི་སྒྲིབ་སྔོ་འཛིན་ཚད་མ་བཞིན། །འགའ་ཞིག་ཡིན་མིན་མཚུངས་ཞེས་ཟེར། །མཚུངས་མིན་ཡུལ་ཐ་དད་ཕྱིར་རོ། །ནོར་བུའི་འོད་ལས་ནོར་བུ་ཉིད། །རྟོགས་པ་རྗེས་དཔག་མིན་ཞེ་ན། །སཱ་ལུའི་མྱུ་གུས་སཱ་ལུ་སོགས། །འབྲས་རྟགས་ཕལ་ཆེར་འཁྲུལ་པར་འགྱུར། །རྟགས་དང་བསྒྲུབ་བྱ་འཁྲུལ་ན་ཡང༌། །དོན་དང་ཆ་ལ་ཚད་མ་ཟེར། །དེ་ལྟའི་རྟགས་ལ་ཚུལ་གསུམ་མེད། །གྲུབ་ལ་རྟགས་ཀྱི་ཁྱད་པར་མེད། །ཚད་མ་དེ་དག་ངེས་པ་ནི། །རང་གཞན་གང་ལས་རྟོགས་ཤེ་ན། །ལ་ལ་རང་ལས་ངེས་པར་འདོད། །འགའ་ཞིག་གཞན་ལས་ངེས་ཞེས་ཟེར། །དེ་དག་གཉིས་ཀས་རིགས་པ་དང༌། །རིགས་པ་སྨྲ་བའི་བཞེད་པ་དོར། །དོན་རིག་གཉིས་དང་རང་རིག་དང༌། །རྗེས་སུ་དཔག་པ་རང་ལས་ངེས། །དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །དོན་བྱེད་པ་དང་གོམས་པ་ཅན། །རྗེས་སུ་དཔག་པས་ངེས་པར་བྱེད། །ཁ་ཅིག་ཡུལ་དང་ངོ་བོ་ལ། །བཏགས་ནས་གཞན་ངེས་མི་སྲིད་ཟེར། །དེ་དག་གིས་ནི་མངོན་སུམ་དང༌། །རྟོག་པའི་བྱེད་པ་འདྲེས་པར་ཟད། །སྣང་བ་དངོས་པོའི་ཡུལ་ཅན་ཡིན། །སེལ་བ་ལ་ནི་དགག་སྒྲུབ་གཉིས། །དགག་པ་སྒྲུབ་པ་སྤོང་བ་དང༌། །མི་སྤོང་བ་ཡི་སྒོ་ནས་གཉིས། །ཁ་ཅིག་དངོས་ཤུགས་སྒོ་ནས་ཀྱང༌། །སྒྲུབ་པ་དང་ནི་འགོག་ཅེས་ཟེར། །རྗེས་དཔག་ཤུགས་རྟོགས་ཉིད་དུ་འགྱུར། །མིན་ན་ཚད་མ་གསུམ་པར་འགྱུར། །དོན་དང་ཤེས་པ་ཡིན་པ་དང༌། །ཡོད་པའི་དབྱེ་བས་གཉིས་གཉིས་བཞི། །དགག་པ་དེ་ཉིད་བཟློག་པ་བཞི། །དགག་སྒྲུབ་དེ་ཡང་ཚད་མས་འགྲུབ། །ཤུགས་ལས་རྟོགས་ཞེས་གསུངས་པ་ཡང༌། །བྱེད་པའམ་རྗེས་དཔག་ཉིད་ལ་དགོངས། །ཚད་མ་རིགས་པའི་གཏེར་ལས་མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ།། ༈ །།མྱོང་བས་སྒྲོ་འདོགས་གཅོད་པ་འཁྲུལ། །མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །རྟོག་པ་སྒྲ་དོན་འཛིན་པ་ཡིན། །མ་འཁྲུལ་པ་དེ་རྣམ་པ་བཞི། །ཡུལ་དང་རྟེན་དང་གང་ཟག་གི །སྒོ་ནས་མངོན་སུམ་རྣམ་པར་དབྱེ། །མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཕྱེ་ནས་མཚན་ཉིད་འཇོག་པ་འཁྲུལ། །དེས་ན་དབང་ཤེས་མ་འཁྲུལ་བའོ། །དབང་པོ་ཡུལ་ལ་འཛིན་ནུས་ཏེ། །རྗེས་སུ་འགྲོ་ལྡོག་ངེས་པས་འགྲུབ། །གསལ་བར་སྣང་བས་རྟོག་མེད་འགྲུབ། །རང་མཚན་འཛིན་ཕྱིར་འཁྲུལ་པ་མེད། །དབང་པོ་ཐུན་མོང་མིན་རྒྱུའི་ཕྱིར། །དབང་ཤེས་ཡུལ་ཏེ་རྔ་སྒྲ་བཞིན། །ཡུལ་དང་དབང་ཤེས་རྣམ་གཉིས་ཀྱི། །དེ་མ་ཐག་ལས་སྐྱེས་པ་ཡིད། །དེ་ལ་བརྟེན་ནས་མ་འཁྲུལ་པའི། །ཤེས་པ་ཡིད་ཀྱི་མངོན་སུམ་ཡིན། །ཡིད་ཀྱི་མངོན་སུམ་དུ་མ་ཡང༌། །དབང་ཤེས་བཞིན་དུ་རང་རིག་གཅིག །འཁྲུལ་པ་མེད་ཕྱིར་ཚད་མ་ཡིན། །རྒྱུན་མེད་ཕྱིར་ན་ངེས་མི་ནུས། །དབང་པོ་གཟུགས་ཅན་ལ་དབང་སྐྱེ། །དེས་ན་དབང་ཤེས་རྒྱུན་བཅས་ཡིན། །ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མེད། །སྤེལ་མ་དང་ནི་རྒྱུན་གྱི་མཐའ། །གཉིས་ཀ་ལ་ཡང་གནོད་བྱེད་ཡོད། །དེས་ན་དབང་པོ་དབང་ཤེས་ཀྱི། །རྒྱུ་ཡིན་ཡིད་ཀྱི་རྐྱེན་དུ་འགྱུར། །རང་རིག་ཡིན་ཕྱིར་རྒྱུད་གཞན་མེད། །དེས་ན་མངོན་སུམ་འགྲོས་གསུམ་པ། །ཡུལ་གཞན་འཛིན་དང་དབང་པོ་ལ། །ལྟོས་ཕྱིར་འདི་ལ་སྐྱོན་གཉིས་མེད། །རང་གི་ངོ་བོ་རིག་པ་ནི། །མངོན་སུམ་ཡིན་པར་མཁས་རྣམས་བཞེད། །རང་སྐྱེ་སྔོན་མེད་སྐྱེ་བ་ཡིན། །རང་རིག་བེམ་པོ་བཟློག་ཙམ་ཡིན། །དེས་ན་རང་རིག་རང་སྐྱེ་གཉིས། །མཚུངས་པའི་གོ་སྐབས་ཡོད་མ་ཡིན། །ཕྱེ་ནས་མཚན་ཉིད་འཇོག་པར་འཁྲུལ། །བསྒོམ་བྱུང་འཁྲུལ་མེད་མངོན་སུམ་སྟེ། །འཁྲུལ་པ་ཅན་རྣམས་ལྟར་སྣང་ཡིན། །འཕགས་པ་གསུམ་གྱི་མངོན་སུམ་གསུམ། །སློབ་དང་མི་སློབ་སྒོ་ནས་ལྔ། །དེ་དག་སྣང་བཅས་སྣང་མེད་ཀྱི། །དབྱེ་བས་གཉིས་གཉིས་རྣམ་པ་བཅུ། །ཐབས་དང་ཤེས་རབ་ལེགས་སྦྱངས་པ། །ཕན་ཚུན་རྒྱུ་དང་རྐྱེན་གྱུར་པས། །ཇི་ལྟ་བ་དང་ཇི་སྙེད་པའི། །ཡེ་ཤེས་གཟིགས་པ་འགྲུབ་པར་འགྱུར། །ཚེ་གསུམ་བསྐལ་པ་བརྒྱ་དང་ནི། །གྲངས་མེད་གསུམ་གྱིས་དེ་མཐར་ཕྱིན། །ཐབས་གཞན་པས་ན་རྣམ་གྲོལ་གཉིས། །བག་ཆགས་བཅས་ཕྱིར་སྟོན་པ་མིན། །ཐབས་ལ་གོམས་པས་དངོས་ཀུན་གསལ། །བག་ཆགས་སྤངས་ཕྱིར་ཀུན་མཁྱེན་ཡིན། །བཅད་ཤེས་དང་ནི་ངེས་པ་གཉིས། །རྟོག་པ་ཡིན་ཕྱིར་མངོན་སུམ་མིན། །དེས་ན་རྣལ་འབྱོར་མངོན་སུམ་ཀུན། །མངོན་སུམ་ཡིན་ཕྱིར་ཚད་མར་གྲུབ། །སོ་སོ་སྐྱེ་བོའི་ཚད་མ་ནི། །ངེས་པ་ཉིད་ལས་འཇུག་ལྡོག་བྱེད། །འཕགས་པ་རྟོག་པ་བྲལ་བ་རྣམས། །ཏིང་ངེ་འཛིན་ལས་བྱེད་པར་གསུངས། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཚིག་གི་ཁྱད་པར་ངེས་གྱུར་ན། །སྔོན་བྱུང་བ་ཡང་དཔག་པར་ནུས། །གོམས་པ་རྫོགས་ནས་དེ་གསལ་བ། །མཐའ་གཞན་བཀག་པའི་ངེས་པས་འགྲུབ། །འདི་ལ་ཁ་ཅིག་རྟེན་བརྟེན་པ། །རིག་པའི་ཐོག་མཐའ་རྣམ་པ་གཉིས། །མེ་དང་སྒྲོན་མ་དཔེར་བྱས་ནས། །མངོན་སུམ་ཉིད་ཀྱིས་འགྲུབ་ཅེས་ཟེར། །ཐུག་མེད་རང་རིག་གིས་མི་འགྲུབ། །མེ་དང་སྒྲོན་མ་དཔེར་མི་རུང༌། །སེམས་ལས་གཞན་ལ་ལྟོས་མེད་ཀྱི། །རྟགས་ཀྱིས་སྔོན་མཐའ་ཐུག་མེད་འགྲུབ། །རྒྱུ་ཚོགས་ཚང་ཞིང་གགས་མེད་པའི། །རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ། །ལས་དང་ལུས་སེམས་འཁོར་བའི་རྒྱུ། །གཉིས་པོ་སྤང་ཕྱིར་དཀའ་སྤྱོད་ཟེར། །མི་ནུས་མི་ཕན་མི་དགོས་པས། །ལས་དང་ལུས་འཛད་ལམ་མ་ཡིན། །སྐྱེ་རྒྱུ་མ་རིག་དེ་ལས་ཀྱང༌། །ཉོན་མོངས་ལས་དང་འཁོར་བ་འབྱུང༌། །སྐྱེ་མཆེད་འདི་ལས་སྐྱེ་མཆེད་གཞན། །དེ་ཡི་བཟང་ངན་ལས་ཀྱིས་བྱེད། །བྱམས་སོགས་བདག་དང་མི་འགལ་ཕྱིར། །འཁོར་བའི་རྩ་བ་གཅོད་ནུས་མིན། །བདག་མེད་བདག་དང་འགལ་བས་ན། །བདག་མེད་མཐོང་བས་དེ་སུན་འབྱིན། །ས་བོན་ཐོག་མ་ཡོད་མིན་ཡང༌། །མེས་བསྲེགས་པ་ན་ཕྱི་མཐའ་མཐོང༌། །དེ་བཞིན་འཁོར་བ་ཐོག་མེད་ཀྱང༌། །བདག་མེད་མཐོང་ན་ཕྱི་མཐའ་འགྲུབ། །གསལ་བ་བསྐྱེད་ལ་རྒྱུ་ཚང་ཞིང༌། །གེགས་མེད་ཕྱིར་ན་བསྐྱེད་པར་ངེས། །འཇིག་སོགས་གོམས་ལས་གསལ་སྣང་དང༌། །གཟུང་འཛིན་མེད་ཕྱིར་འཁྲུལ་མེད་འགྲུབ། །མི་ནུས་མི་ཤེས་མི་བརྟན་ཕྱིར། །སྤངས་པའི་གྲོལ་བ་མེད་ཅེ་ན། །རང་བཞིན་མིན་ཕྱིར་ཐབས་ཡོད་ཕྱིར། །རྒྱུ་སྤོང་ཕྱིར་ན་རྣམ་གྲོལ་འཐད། །མཆོངས་དང་ཆུ་དང་གསེར་གྱི་དཔེས། །གོམས་པ་སྲིད་པ་མིན་ཞེ་ན། །འབད་ལ་ལྟོས་ཕྱིར་མི་བརྟན་ཕྱིར། །སླར་འབྱུང་བསྐྱེད་ཕྱིར་དཔེར་མི་རུང༌། །སྟོང་ཉིད་སྙིང་རྗེ་གོམས་པ་ལས། །དེ་ཡི་ངང་དུ་འགྱུར་སྲིད་མོད། །ཤེས་བྱ་ཀུན་ལ་མཐའ་མེད་ཕྱིར། །ཀུན་མཁྱེན་བསྒྲུབ་པ་དཀའ་ཞེས་ཟེར། །གཙོ་བོའི་དོན་ལ་མི་སླུ་བ། །ཀུན་མཁྱེན་ཡིན་ཏེ་ཀུན་ཚོགས་བཞིན། །དགོས་པའི་དོན་ཀུན་ཤེས་པ་ལ། །མཁས་རྣམས་ཐམས་ཅད་མཁྱེན་ཞེས་ཟེར། །ཐམས་ཅད་འདུས་ནས་ཉན་པ་ལ། །བ་ལང་མེད་ཀྱང་སྐྱོན་མ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་དོ།། །།ཡང་ན་རྗེས་སུ་དཔག་པ་ཡིས། །ཐམས་ཅད་མཁྱེན་པ་གྲུབ་པ་ཡིན། །བསྐལ་པའི་བར་དུ་བརྗོད་རྒྱུ་ཡང༌། །མེ་ལོང་ནང་དུ་ཅིག་ཆར་འཆར། །དེ་བཞིན་ཤེས་བྱ་མཐའ་མེད་པ། །མཁྱེན་པའི་སྐད་ཅིག་གཅིག་གིས་མཁྱེན། །བར་སྐབས་སུ་ཚིགས་སུ་བཅད་པའོ།། །།འཁྲུལ་པའི་ཤེས་པ་ཐམས་ཅད་ནི། །མངོན་སུམ་ལྟར་སྣང་ཉིད་དུ་འདོད། །དེ་ལ་རྟོག་པ་རྟོག་མེད་གཉིས། །རྟོག་མེད་ལ་ཡང་ཡིད་དབང་གཉིས། །རྟོག་པ་གསུམ་ཡིན་དྲུག་བཤད་པ། །ལོག་རྟོག་ལྡོག་ཕྱིར་ཕྱེ་སྟེ་གསུངས། །ལྟ་དང་ངེས་པ་ཚད་འབྲས་དང༌། །ཕྲད་དང་དོན་རྟོགས་ཚད་འབྲས་འདོད། །ཁྱད་པར་ཁྱད་པར་ཅན་དེར་སྨྲ། །ལ་ལ་དབང་ཤེས་ཚད་འབྲས་འདོད། །དེས་ན་རྣམ་པར་གཞག་འཇོག་གི །རྒྱུ་འབྲས་ཉིད་ལ་ཚད་འབྲས་བཞེད། །དེ་ལ་རང་རིག་ཚད་འབྲས་ནི། །རྣམ་གཞག་གྲུབ་མཐའ་ཕལ་ཆེར་མཐུན། །དོན་རིག་སྨྲ་བ་རང་རང་གི །གྲུབ་མཐའི་སྟོབས་ཀྱིས་ཚད་འབྲས་འཇོག །མེ་ཡི་རང་མཚན་གཞལ་བྱ་ལ། །དུ་བ་ལས་བྱུང་གཞན་སེལ་བློ། །ཚད་མ་ཉིད་ཡིན་དེ་རྟོགས་པ། །འབྲས་བུ་ཡིན་ཞེས་མཁས་རྣམས་བཞེད། །མེ་སྣང་བག་ཆགས་སྙིང་པོ་ལས། །དུ་བར་སྣང་བའི་བག་ཆགས་སྐྱེ། །དེས་ན་སྐྱེས་བུ་མི་སླུ་བ། །རྗེས་དཔག་ཡིན་ཞེས་མཁས་རྣམས་བཞེད། །ཚད་མ་རིགས་པའི་གཏེར་ལས་མངོན་སུམ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དགུ་པའོ།། ༈ །།རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཕྱོགས་ནི་ཆོས་དང་ཆོས་ཅན་གྱི། །ཚོགས་པ་བརྗོད་ལ་དངོས་མིང་ཡིན། །དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར། །ཡ་གྱལ་གཉིས་ལ་བཏགས་ནས་འཇུག །བརྗོད་པར་འདོད་པས་སྔོན་སྦྱར་བ། །དེ་ཉིད་གོ་བ་དངོས་མིང་ཡིན། །དེ་བརྟེན་རྒྱུ་མཚན་འགའ་ལས་གཞན། །རྟོག་པས་བཏགས་པ་མིང་དུ་འདོད། །ཚོགས་དོན་ལ་ནི་ཕྱོགས་ཀྱི་སྒྲ། །མཁས་པ་རྣམས་ལ་གདོད་ནས་གྲུབ། །བཏགས་པ་ལ་ནི་འདྲ་བ་དང༌། །འབྲེལ་པའི་རྒྱུ་མཚན་གཞན་ལ་ལྟོས། །ཆོས་ལ་བསྒྲུབ་བྱར་མིང་བཏགས་པ། །འགལ་བའི་གཏན་ཚིགས་ཡང་དག་ཏུ། །ལོག་པར་རྟོག་པ་སྤང་ཕྱིར་རམ། །སྡེབ་སྦྱོར་ངོར་བྱས་བཏགས་པ་ཡིན། །ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད། །མཐའ་རྣམས་བཀག་ན་ཡུན་རིང་འགོར། །དངོས་མིང་བརྗོད་ན་སྡེབ་སྦྱོར་ཉམས། །བདེ་བླག་རྟོགས་ཕྱིར་ཕྱོགས་ཞེས་གསུངས། །ཕྱོགས་དང་ཆོས་ཅན་མཚུངས་ཤེ་ན། །གྲགས་པའི་སྒོ་ནས་ཁྱད་པར་ཡོད། །ཆོས་དང་འབྲེལ་པའི་ཕྱོགས་ཀྱི་སྒྲ། །རྩོད་གཞི་ཉིད་ཡིན་ལག་ལྡན་བཞིན། །ཆོས་དང་འབྲེལ་ཡང་ཆོས་ཅན་སྒྲས། །ངེས་པར་མི་ནུས་མགོ་ལྡན་བཞིན། །བསྡུ་བའི་ཚིགས་སུ་བཅད་པའོ།། །།ཆོས་དང་ཆོས་ཅན་བསྒྲུབ་བྱ་ཉིད། །མ་ཡིན་མཚན་ཉིད་མེད་ཕྱིར་རོ། །དཔག་གཞིར་བཟུང་བ་ཤེས་འདོད་ཡིན། །དེ་ལ་གྲུབ་པ་ཕྱོགས་ཆོས་སོ། །བསྒྲུབ་བྱའི་ཆོས་ལྡན་མི་ལྡན་ལ། །མཐུན་ཕྱོགས་མི་ལྡན་ཕྱོགས་ཞེས་ཟེར། །ཕྱོགས་གཉིས་དངོས་འགལ་དུ་བསམས་ནས། །ཕུང་གསུམ་བྱུང་བར་དོགས་པ་ལ། །ཚད་མའི་ཡུལ་མི་ཤེས་པ་འགའ། །རྫས་ལྡོག་རྣམ་པར་ཕྱེ་སྟེ་སྨྲ། །རྫས་ཆོས་གཅིག་དང་ཐ་དད་ལྡན། །ལྡོག་ཆོས་རང་ལྡོག་རྟེན་ཞེས་ཟེར། །རྫས་ལྡོག་ཇི་ལྟར་ཕྱེ་ན་ཡང༌། །ཕྱོགས་གཉིས་ཉིད་དུ་ངེས་མི་ནུས། །གཉིས་ལ་འཇུག་པའི་རྫས་ལྡོག་ཀྱང༌། །མཁས་པ་རྣམས་ལ་གྲུབ་པར་མཐོང༌། །དོན་ལ་དགག་སྒྲུབ་བྱེད་ན་ནི། །ཚད་མའི་ཡུལ་མི་ཤེས་པར་འགྱུར། །བློ་ངོར་དགག་སྒྲུབ་བྱེད་ན་ནི། །ཡོད་མེད་མ་ངེས་གསུམ་དུ་འགྱུར། །ཤེས་འདོད་ཕྱོགས་སུ་མི་འདོད་ཕྱིར། །ལྟོས་གཞི་དང་པོ་མེད་པར་འགྱུར། །ལྟོས་གཞི་དང་པོ་མི་འདོད་ན། །འདི་ལ་ཕྱོགས་ཆོས་མཚན་ཉིད་དཀའ། །ལྟོས་གཞི་དང་པོ་ཕྱོགས་གཉིས་སུ། །ངེས་ན་ལྟོས་གཞི་གཞན་གཉིས་ཀྱི། །ཡོད་མེད་ངེས་པའི་འགྲོ་ལྡོག་ཀྱང༌། །བརྗོད་པ་རབ་ཏུ་དཀའ་བ་ཡིན། །ཕྱོགས་ཆོས་དང་ནི་ཕྱོགས་གཉིས་པོ། །གཅིག་ལ་ལྡོག་པས་འབྱེད་ན་ནི། །རྟགས་ཀུན་ཕྱོགས་སུ་ལྟུང་འགྱུར་བས། །གཏན་ཚིགས་མ་ངེས་ག་ལ་སྲིད། །ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། །དེ་ཡི་ཡན་ལག་དེ་ལྡན་ཉིད། །ཤེས་བྱ་ཕྱོགས་གཉིས་ངེས་པ་དང༌། །ལྟོས་གཞི་གསུམ་དུ་འདོད་པ་འགལ། །ལྟོས་གཞི་གཉིས་སུ་འདོད་ན་ནི། །དེ་ལྟོས་རྟགས་ཀྱང་ཚུལ་གཉིས་འགྱུར། །མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ། །ངེས་པ་སློབ་དཔོན་མི་བཞེད་དོ། །རྫས་ལྡོག་སོ་སོར་ཕྱེ་བ་ཡིས། །རྗེས་སུ་འཇུག་ན་ཐ་སྙད་འཇིག །རང་ལྡོག་བརྟེན་ནས་སྒྲུབ་པ་ཡི། །ཚུལ་འདི་བརྟགས་ན་སྙིང་པོ་མེད། །ཕྱོགས་གཉིས་དངོས་འགལ་མ་ཡིན་ཕྱིར། །དགག་སྒྲུབ་རྣམ་གཞག་འཇིག་ཅེ་ན། །དགག་སྒྲུབ་ཕྱོགས་ཀྱིས་བྱེད་པ་མིན། །ཚད་མའི་འགལ་འབྲེལ་ངེས་པས་འགྲུབ། །རྟགས་དང་བསྒྲུབ་བྱ་འབྲེལ་སྟོབས་ཀྱིས། །ཡོད་མེད་ངེས་པ་རྗེས་འགྲོ་ལྡོག །ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །མཐུན་ཡུལ་ཕྱོགས་ཀྱང་བཏགས་པ་བས། །གཞན་སེལ་ཉིད་ཡིན་གཉིས་པོ་མིན། །འདི་ལ་གཞན་གྱི་ཀླན་ཀ་མེད། །གཞུང་གི་དགོངས་པའང་འདི་ཉིད་ཡིན། །རྫས་ནི་དངོས་པོ་ལས་གཞན་མིན། །གཞན་སེལ་ལས་གཞན་ལྡོག་པ་མེད། །དེས་ན་རྫས་ལྡོག་གཅིག་ཉིད་དུ། །འཁྲུལ་པ་ཉིད་ལ་དགག་སྒྲུབ་བྱེད། །ཡོད་མེད་གཉིས་ཀ་ལ་བརྟེན་ནས། །སྒྲ་དོན་གསུམ་གྱི་ཆོས་གཉིས་སྒྲུབ། །དུ་བའི་རྟགས་ལས་སྐྱ་བོའི་རྫས། །ཚུལ་གསུམ་རྟགས་ལ་ཤེས་བྱ་ཙམ། །མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ། །དཔྱད་ན་ཚད་མ་འཇིག་ཅེ་ན། །དུ་བ་དང་ནི་ཚུལ་གསུམ་གྱི། །གཞན་སེལ་གཉིས་པོ་སྐྱ་བོ་དང༌། །ཤེས་བྱ་གཉིས་ཀྱི་བཟློག་པ་དང༌། །བཟློག་པ་གཉིས་ལ་འབྲེལ་ཕྱིར་འཐད། །ལྡོག་འགོག་ཆོས་རྟགས་ཕྱོགས་གཉིས་ཀྱི། །རྩོད་པ་བཞི་ཡི་གཞན་ལན་འཁྲུལ། །མེད་དགག་ཐ་སྙད་མེད་དགག་དང༌། །སྤྱི་ལྡོག་ཕུང་གསུམ་ཡིན་ཕྱིར་འཐད། །ཇི་སྙེད་རྟགས་སུ་བཀོད་གྱུར་པ། །དེ་སྙེད་ཕྱོགས་གསུམ་ལ་ལྟོས་པས། །དངོས་སུ་གང་རུང་མ་ཚང་ཡང༌། །ལྟོས་གཞི་ཉིད་དུ་འདོད་པ་ཡིན། །དགག་སྒྲུབ་སེལ་བས་བྱེད་འདི་ལ། །རྫས་ལྡོག་ཕྱེ་ནས་ཕྱོགས་གཉིས་སུ། །རྩོད་པའི་ཉེས་པས་མི་གནོད་དེ། །ཚད་མའི་ཡུལ་ལ་མཁས་ཕྱིར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།ཚུལ་གཅིག་ནས་ནི་དྲུག་གི་བར། །ཉི་ཚེའི་ཚུལ་གཞན་འདོད་པ་འཁྲུལ། །ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཕྱོགས་ཆོས་གྲུབ་པ་ཚུལ་དང་པོ། །ཚུལ་གཉིས་པ་དང་རྗེས་འགྲོ་ཡིས། །ལྡོག་པ་འཕེན་པའི་སྐྱོན་གཉིས་མེད། །ངེས་རུང་རྟགས་མིན་ཐེ་ཚོམ་ཕྱིར། །ངེས་པ་རྟགས་ཡིན་གོ་བྱེད་ཕྱིར། །འདི་ལ་གཞན་གྱི་ཀླན་ཀ་མེད། །ཁ་ཅིག་རྩོད་གཞིས་ཁྱད་པར་དུ། །བྱས་པ་རྟགས་ཀྱི་མཚན་གཞིར་འདོད། །མི་ལྡན་གཅོད་པ་རྩོད་གཞི་ཡིས། །ཡིན་ན་ཡུ་བུ་རྩོད་པ་མེད། །གཞན་ལྡན་གཅོད་ན་རྗེས་འགྲོ་མེད། །བསྒྲུབ་བྱའི་ཆོས་ཀྱང་དེ་དང་འདྲ། །རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །འདི་ལ་གཞན་གྱི་ཀླན་ཀ་མེད། །མཚན་ཉིད་དེ་དང་ལྡན་པ་ཡི། །གཏན་ཚིགས་དབྱེ་སྒོས་དུ་མར་འགྱུར། །ཆོས་ཀྱི་གྲགས་པ་སྦྱོར་བ་ཡི། །སྒོ་ནས་གསུམ་དུ་ངེས་པ་མཛད། །དགག་བྱ་འགོག་ལ་ཚུལ་གསུམ་ཚང༌། །ངོ་བོ་མི་དམིགས་པ་ལ་བཞི། །འགལ་བ་དམིགས་པ་རྣམ་པ་གཉིས། །ཚ་རེག་སྐོར་བཞིས་གྲང་རེག་བཞི། །བཀག་པས་སྦྱོར་བ་བཅུ་དྲུག་ཟེར། །ནུས་པ་ཐོགས་མེད་མེ་མིན་ཞིང༌། །རྒྱུན་མེད་ཕྱིར་ན་འགོག་མི་ནུས། །གཞུང་ལས་རྣམ་གཞག་མང་བཤད་ཀྱང༌། །འགོག་ནུས་སྔ་མ་བཅུ་གཉིས་ཡིན། །ཕན་ཚུན་སྤངས་པ་དངོས་ལ་ནི། །རྟགས་དང་རྟགས་ཅན་ཡོད་མ་ཡིན། །དེ་ཡི་ཁྱད་པར་བྱས་པ་ནི། །ཁྱབ་བྱེད་འགལ་བ་དམིགས་པ་ཡིན། །ཚད་མས་གནོད་པའི་འགལ་བ་ཡང༌། །ཁྱབ་བྱེད་འགལ་བ་དམིགས་པར་འདུས། །དངོས་འབྲེལ་བཀག་ཟིན་ལྷན་ཅིག་ན། །མི་གནས་ཚོགས་པས་བསྐྱེད་པ་འཁྲུལ། །འབྲེལ་ཡུལ་ལོག་པས་འབྲེལ་ཆོས་ཉིད། །ལྡོག་པས་བཟློག་འབྲེལ་བློ་ངོར་གྲུབ། །ཡིན་པ་སྒྲུབ་ལ་ཚུལ་གསུམ་ཚང༌། །ངོ་བོ་དབྱེར་མེད་རང་བཞིན་རྟགས། །དེ་ཡི་ཆ་མཐུན་ཁོངས་སུ་བསྡུ། །གཅིག་ཕྱིར་ཐ་དད་སྐྱོན་མི་འགོ །ཡོད་པ་སྒྲུབ་ལ་ཚུལ་གསུམ་ཚང༌། །དེ་བྱུང་བ་ལ་འབྲས་བུའི་རྟགས། །དེ་དང་ཆ་མཐུན་ཁོངས་སུ་བསྡུ། །ཐ་དད་སྒྲུབ་ཕྱིར་སྐྱོན་ལས་གྲོལ། །ཁ་ཅིག་འབྲེལ་པ་མུ་དགུ་ལ། །གོ་བྱེད་འབྲེལ་པ་བཞི་ཡོད་ལོ། །འདི་ནི་རྣམ་གཞག་འགལ་བ་དང༌། །གཞུང་གི་དགོངས་པར་འཐད་མ་ཡིན། །ཁྱད་པར་བྱ་བྱེད་འབྲེལ་པ་ཡི། །སྟོབས་ཀྱིས་བསྒྲུབ་བྱ་གོ་བ་མིན། །དེ་ཡི་ངོ་བོའམ་དོན་གཞན་གྱི། །འབྲེལ་པའི་སྟོབས་ཀྱིས་རྟོགས་པར་ཟད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།རྟགས་གང་ཚུལ་གསུམ་མ་གྲུབ་པ། །ཕྱོགས་ལ་རྟགས་མེད་མ་གྲུབ་པ། །ཕྱོགས་ཆོས་དོན་ནམ་བློ་ངོ་ལ། །མི་གནས་མ་གྲུབ་པ་ཉིད་ཡིན། །ཕྱོགས་རེའམ་རྒོལ་བ་རྣམ་གཉིས་ལ། །མ་གྲུབ་རྣམ་པར་ཕྱེ་སྟེ་བཤད། །བསྡུ་བའི་ཚིགས་སུ་བཅད་པའོ།། །།མ་ངེས་ཐེ་ཚོམ་བསྐྱེད་པའི་རྟགས། །ཕྱོགས་མིན་གཞན་ལ་མ་གྲུབ་པ། །ཐུན་མོང་མ་ཡིན་དབྱེ་ན་བཞི། །ཕྱོགས་ལས་གཞན་འཇུག་ཐུན་མོང་བ། །དབྱེ་ན་དངོས་དང་ལྷག་ལྡན་གཉིས། །གཉིས་ཀ་ལ་མཐོང་བཟློག་མི་ཆོད། །ཡང་དག་ལྷག་ལྡན་མཐུན་ཕྱོགས་མཐོང༌། །མི་མཐུན་ཕྱོགས་ལ་མ་མཐོང་བའོ། །མི་མཐུན་ཕྱོགས་མཐོང་མཐུན་ཕྱོགས་ལ། །མ་མཐོང་འགལ་བའི་ལྷག་ལྡན་ཡིན། །རྟགས་གྲུབ་བཟློག་པས་ཁྱབ་ན་འགལ། །མི་དམིགས་རང་བཞིན་གཏན་ཚིགས་སུ། །བསྡུས་པས་འགལ་བ་གཉིས་ཉིད་ཡིན། །བཙལ་མ་ཐག་བྱུང་མི་རྟག་འབྲས། །རྟག་ལ་འགྱུར་བ་མེད་ཕྱིར་འགལ། །མི་རྟག་འགྱུར་ཕྱིར་འདི་མི་མཚུངས། །དེ་འདྲ་འགྱུར་མེད་ལ་མི་འཐད། །མི་དམིགས་གསུམ་པར་འབྱེད་ན་ནི། །དེ་བཟློག་འགལ་བའང་གསུམ་དུ་འགྱུར། །འགའ་ཞིག་ཆོས་དང་ཆོས་ཅན་གྱི། །དབྱེ་བས་འགལ་བ་བཞི་ཞེས་ཟེར། །དངོས་ཤུགས་ཆོས་དང་ཆོས་ཅན་གྱི། །འགལ་བ་བརྗོད་འདོད་སྟོབས་ཀྱིས་ཡིན། །ཡང་དག་ལ་ཡང་མཚུངས་ཤེ་ན། །བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད། །ཞེ་འདོད་དང་ནི་སྨྲས་པ་གཉིས། །བསྒྲུབ་བྱ་ཉིད་དུ་མཚུངས་པའི་ཕྱིར། །གཞན་དོན་སྒྲུབ་པའི་འགལ་བ་སོགས། །འགལ་བ་གསུམ་པ་འདིར་མི་བཞེད། །མཐའ་གཞན་འགོག་པའི་ངེས་པ་ཡིས། །རྟགས་སུ་བཀོད་པ་བཞི་རུ་ངེས། །རྟགས་སུ་བཀོད་པ་བཞི་པོ་ལ། །ནུས་པ་དེ་ཡང་རྣམ་བཞི་ཡོད། །མདོ་ལས་མཚན་ཉིད་ལྔ་ལྡན་གསུངས། །བསྒྲུབ་བྱར་འདོད་པ་རིགས་པའི་སྒོར། །འདི་ལ་མ་ཁྱབ་ཁྱབ་ཆེས་དང༌། །རྟགས་ལ་མཚུངས་པའི་རྩོད་པ་མེད། །བསྒྲུབ་བྱ་མཚན་གཞི་དངོས་པོའམ། །བཏགས་པར་ཕྱེ་སྟེ་སྒྲུབ་པ་འཁྲུལ། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པ་བསྒྲུབ་བྱའི་མཚན་གཞི་ཡིན། །འདི་ལ་དངོས་པོ་དངོས་མེད་དུ། །སྒྲུབ་ལ་རྩོད་པའི་གོ་སྐབས་མེད། །བསལ་བ་ཕྱོགས་དང་འགལ་བ་གྲུབ། །ལྔ་པོ་བཞི་རུ་བསྡུས་ཏེ་བཤད། །ཡུལ་གྱི་སྒོ་ནས་རྗེས་དཔག་ལ། །ཕྱི་སྟེ་བསལ་བ་བཞི་རུ་གསུངས། །མངོན་སུམ་རྗེས་དཔག་དངོས་སྟོབས་ཀྱི། །ཚད་ཡིན་ཁས་བླངས་གྲགས་པ་གཉིས། །སྒྲོ་བཏགས་ཡིན་ཕྱིར་ཁོངས་སུ་སྡུད། །རྗེས་དཔག་བཞིན་དུ་མངོན་སུམ་ལའང༌། །བསལ་བ་གཉིས་པོ་འཇུག་ཅེ་ན། །ཁས་བླངས་འབྲས་རྟགས་ལས་གཞན་མིན། །རུང་བ་མངོན་སུམ་གྱིས་མི་འགྲུབ། །དམ་བཅས་ཉིད་ནས་མྱོང་བ་དང༌། །འགལ་བ་མངོན་སུམ་བསལ་བ་ཡིན། །ཚུལ་གསུམ་དངོས་པོ་སྟོབས་ཞུགས་དང༌། །དམ་བཅས་འགལ་ན་རྟགས་བསལ་ཡིན། །ཡིད་ཆེས་ཚིག་དང་དམ་བཅས་པ། །འགལ་བ་ཁས་བླངས་བསལ་བ་ཡིན། །དེ་ལ་ཁས་བླངས་རང་ཚིག་གཉིས། །གཞན་དག་ལུང་དང་རང་ཚིག་ཟེར། །སློབ་དཔོན་ངག་གི་དབྱེ་བར་བཞེད། །ཀུན་ལས་བཏུས་སུ་གཉིས་ཀ་ཡང༌། །དཔེ་གཅིག་གིས་བསྟན་རིགས་པའི་སྒོར། །ལུང་ལ་དཔེར་བརྗོད་གཞན་དུ་གསུངས། །གཞལ་བྱ་གཉིས་ལ་ཚད་མ་གཉིས། །བསྐལ་པའི་དོན་ལ་རང་ཚིག་གིས། །མི་གནོད་གསུང་རབ་ངེད་ཀྱི་ལུང༌། །རྗེས་སུ་དཔག་པར་བསྡུས་ཏེ་གསུངས། །དེས་ན་རིགས་པས་གྲུབ་པའི་ལུང༌། །ཚད་མ་ཉིད་ཡིན་མ་གྲུབ་ན། །རང་གི་ཚིག་དང་མཚུངས་པའི་ཕྱིར། །གགས་བྱེད་ཉིད་དུ་བཞེད་པ་ཡིན། །ལུང་དུ་གྲགས་ཚད་ཚད་མ་མིན། །ཚད་མས་གྲུབ་པ་དེ་ལུང་ཡིན། །ཁས་བླངས་ནས་ནི་དཔྱོད་པ་བླུན། །དཔྱད་ན་ཁས་ལེན་མཛངས་པའི་ལུགས། །བར་སྐབས་ཀྱི་ཚིགས་སུ་བཅད་དོ།། །།ལུང་གཞན་འགལ་བའང་དེར་འགྱུར་ལོ། །ཆགས་སོགས་ཆོས་མིན་ཆགས་བྲལ་སོགས། །ཆོས་སུ་ཆད་ལྟ་མིན་རྣམས་འཆད། །ཁྲུས་དང་ཆགས་སོགས་རྒྱུ་མི་འགལ། །དེ་ལྟའི་གཞུང་རྣམས་ལུང་མ་ཡིན། །གལ་ཏེ་རང་ཚིག་བསྟན་བཅོས་ཀྱི། །གགས་ལས་ཐེ་ཚོམ་ཙམ་ཡིན་ལ། །དེ་ནི་བསྒྲུབ་བྱ་སྐྱོན་མེད་ཉིད། །ཡིན་ཕྱིར་ཕྱོགས་སྐྱོན་མིན་ཞེ་ན། །གགས་ཀྱི་ཐེ་ཚོམ་བསྐྱེད་པ་ཡི། །སྒོ་ནས་སྐྱོན་དུ་སོང་བ་མིན། །ཚིག་དེས་བསྒྲུབ་བྱ་མི་འགྲུབ་པའི། །སྒོ་ནས་སྐྱོན་དུ་འཇོག་པ་ཡིན། །དམ་བཅས་རང་གི་བསམ་པ་སྟོན། །འགལ་བ་འདུས་ན་དམ་བཅའ་འཇིག །དེས་ན་བརྗོད་པ་སྐྱོན་ཅན་གྱིས། །རྩོད་པའི་སྐབས་སུ་ཕམ་པ་བསྐྱེད། །དམ་བཅས་ཉིད་ན་འཇིག་རྟེན་དང༌། །འགལ་བ་གྲགས་པས་བསལ་བ་ཡིན། །བརྡ་སྤྲོད་པ་དག་སྒྲ་དོན་ལ། །དངོས་འབྲེལ་འདོད་པ་སྔར་བཀག་ཅིང༌། །བརྗོད་འདོད་དབང་གིས་འཇུག་པ་ཡང༌། །བསྒྲུབས་ཟིན་དེས་ན་གྲགས་པའང་འགྲུབ། །ཡོད་པའི་རྟགས་ཀྱིས་རི་བོང་ཅན། །ཟླ་བ་ཡིན་པ་འགོག་པ་ལ། །འདི་ལ་དཔེ་མེད་ཡོད་རྣམས་ལ། །སྒྲ་ཀུན་བརྗོད་དུ་རུང་ཕྱིར་རོ། །སྒྲ་ཡི་དོན་གྱི་ཡོད་པ་ལ། །ཟླ་བར་རུང་ཕྱིར་འགལ་བ་ཡིན། །འཇིག་རྟེན་སྤྱོད་པའི་སྒྲ་ལས་བྱུང༌། །དེ་ཉིད་གྲགས་པ་ཡིན་པར་བཞེད། །དེ་ཡང་ཤེས་བྱ་ཐམས་ཅད་ལ། །རུང་ཕྱིར་གྲགས་པས་ཀུན་ལ་ཁྱབ། །མ་གྲགས་པ་ལས་གྲགས་པའི་སྒྲ། །འཇིག་རྟེན་པ་དང་འགལ་ཞེ་ན། །ཤེས་བྱ་ཀུན་ལ་རུང་བ་ལ། །གྲགས་པའི་སྒྲ་མཛད་འཚེད་པ་བཞིན། །གྲགས་རུང་དོན་ལ་གྲུབ་ན་ཡང༌། །བརྡ་དང་བརྗོད་འདོད་ལ་བརྟེན་པའི། །སྒྲ་གྲུབ་ན་ནི་གྲུབ་བོ་ཞེས། །བསྟན་ཕྱིར་སྒྲ་བྱུང་གྲགས་པ་གསུངས། །གྲགས་པའི་རྗེས་དཔག་གིས་འགྲུབ་པས། །འགལ་བ་མི་འཁྲུལ་མི་སྲིད་ལོ། །གྲགས་པ་དངོས་པོས་བསྐྱེད་ན་ནི། །རྗེས་དཔག་བཞིན་དུ་ཡུལ་ངེས་འགྱུར། །བརྗོད་འདོད་དབང་གིས་སྦྱར་བ་ལ། །སྒྲ་རྣམས་གང་ལའང་མི་འཇུག་མེད། །དེས་ན་ཀུན་ལ་འཇུག་པ་ཡི། །གྲགས་པ་ཡུལ་འདིར་མི་འཇུག་ཅེས། །བརྗོད་པའི་དཔེ་གཞན་རྙེད་དཀའ་བས། །ཐུན་མོང་ཉིད་མིན་མཉན་བྱ་བཞིན། །སྤྱི་མཚན་འཆད་པའི་སྐབས་ཡིན་པས། །རི་བོང་ཅན་ལ་དཔེར་མཛད་ནས། །ཤེས་བྱ་ཀུན་ལ་ཁྱབ་པར་བསྟན། །ད་ཏྲིག་ཤིང་མིན་སོགས་ལའང་མཚུངས། །ག་པུར་དང་ནི་དངུལ་སོགས་ལ། །ཟླ་བའི་སྒྲ་ནི་གཞན་དུ་གྲགས། །དེ་ཉིད་དཔེར་བྱས་བསིལ་ཟེར་ཅན། །ཟླ་བར་གྲུབ་པར་ཐུན་མོང་རྟགས། །བརྡ་ལ་འཇུག་རྣམས་ཐུན་མོང་བ། །གཅིག་ལ་གྲུབ་ན་ཀུན་ལ་འགྲུབ། །འདི་ནི་དངོས་པོ་སྟོབས་ཞུགས་ཡིན། །གྲགས་པ་འགོག་ན་ཁྱེད་ཀྱིའང་འཇིག །དེས་ན་འདོད་པས་སྦྱར་བའི་བརྡ། །ཀུན་ལ་འཇུག་ཏུ་རུང་བཞིན་དུ། །འགོག་ན་འཇིག་རྟེན་གྱིས་གནོད་པས། །གྲགས་པ་དག་དང་འགལ་བར་དགོངས། །ལ་ལ་བརྡ་དང་ཐ་སྙད་ཀྱི། །གྲགས་པ་གཉིས་སུ་འབྱེད་པ་ཡོད། །ཐ་སྙད་འདི་ཡི་སྐབས་དོན་མིན། །མཚན་ཉིད་དེ་འདྲ་སྔར་བཀག་ཟིན། །དངོས་དང་ཞེན་པའི་བརྗོད་རུང་གིས། །བརྡ་ཡི་གྲགས་པ་གཉིས་ཞེས་ཟེར། །འཆད་ན་གཉིས་སུ་ཡོད་མོད་ཀྱི། །འཇུག་པའི་ཚེ་ན་རྣམ་དབྱེ་མེད། །དེས་ན་བཤད་ཚུལ་རྣམ་པ་གཉིས། །དངོས་དང་ཞེན་པར་འཆད་པ་འཁྲུལ། །སྔ་མས་སྒྲ་བྱུང་གྲགས་པ་ལ། །རྗེས་དཔག་མེད་ཕྱིར་མི་ཁེགས་པའམ། །ཡང་ན་དེ་ལ་འགལ་ཟླ་མེད། །དེས་ན་ངེས་ཕྱིར་གནོད་བྱེད་ཡིན། །ཕྱི་མ་གྲགས་པའི་རྗེས་དཔག་ལས། །ཡུལ་གྱི་དབྱེ་བ་བསྟན་པ་ཡིན། །དེ་ལྟར་ཤེས་ན་གྲགས་པ་ཡི། །བསལ་བ་མཁས་པའི་དགོངས་པ་འགྲུབ། །ཚད་མ་རིགས་པའི་གཏེར་ལས་རང་དོན་རྗེས་དཔག་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པའོ།། ༈ །།གཞན་དོན་རྗེས་དཔག་རང་ཉིད་ཀྱིས། །མཐོང་བ་གཞན་ལ་སྟོན་པའི་ངག །རྒོལ་དང་ཕྱིར་རྒོལ་དཔང་པོ་གསུམ། །སྒྲུབ་དང་སུན་འབྱིན་བརྡ་སྤྲོད་པའོ། །རྒོལ་བ་གཉིས་ལ་སྐྱོན་ཡོན་གྱིས། །ཚར་གཅད་པ་དང་རྗེས་འཛིན་འཇུག །དེ་ལྟར་སྟོན་ན་རྒྱལ་ཕམ་ཡོད། །མིན་ན་གཉིས་ཀ་མེད་པར་གསུངས། །བརྫུན་དང་གཡོ་སྒྱུས་ཚར་གཅད་ཀྱང༌། །དེ་ལ་རྒྱལ་ཕམ་མི་བཞེད་དོ། །ཕྲོག་དང་སྦྱིན་པས་འཇིག་རྟེན་པ། །ཚར་གཅད་པ་དང་རྗེས་འཛིན་འདོད། །གྲུབ་མཐའ་བླང་དོར་བྱེད་པ་ལ། །དམ་པའི་ཚར་གཅད་རྗེས་འཛིན་འདོད། །ཚར་གཅད་གཉིས་ལས་ཕྱེ་བའི་བཞི། །རིགས་པ་མཁྱེན་པའི་དགོངས་པ་ཡིན། །རྒོལ་བ་ལ་ནི་གསུམ་གཉིས་དྲུག །ཕྱིར་རྒོལ་ལ་ཡང་གསུམ་གཉིས་དྲུག །དཔང་པོ་ལ་གསུམ་ཀུན་ལ་གཅིག །གངས་ཅན་པ་རྣམས་བཅུ་དྲུག་འདོད། །ཚར་གཅད་ཡིན་ན་སྔ་མར་འདུས། །མིན་ན་ཚར་གཅད་ཉིད་མ་ཡིན། །དཔང་པོ་ལ་ནི་ཚར་གཅད་མེད། །ཅི་ནས་བྱེད་ན་ཧ་ཅང་ཐལ། །དམ་བཅའ་ལ་གནོད་དམ་བཅའ་གཞན། །དམ་བཅའ་འགལ་དང་དམ་བཅའ་སེལ། །གཏན་ཚིགས་གཞན་དང་དོན་གཞན་དང༌། །དོན་མེད་པ་དང་དོན་མི་ཤེས། །དོན་བྲལ་དུས་ལ་མ་བབ་དང༌། །མ་ཚང་ལྷག་དང་ཡང་བརྗོད་དང༌། །རྗེས་སུ་མི་སྨྲ་མི་ཤེས་དང༌། །སྤོབས་པ་མེད་དང་རྣམ་གཡེང་དང༌། །འདོད་པ་ཁས་ལེན་བརྒལ་བརྟག་འདོར། །རྗེས་སུ་སྦྱོར་མེད་ལ་སྦྱོར་དང༌། །གྲུབ་མཐའ་ཉམས་དང་རྟགས་ལྟར་སྣང༌། །ཐུབ་པ་རྐང་མིག་གིས་བཤད་པའི། །ཚར་གཅད་ཉི་ཤུ་རྩ་གཉིས་ཡིན། །དེ་ལ་དཔལ་ལྡན་གྲགས་པ་ཡིས། །འགའ་ཞིག་ཚར་གཅད་མིན་པར་བཤད། །ཚར་གཅད་ཡིན་ན་གཉིས་པོར་སྡུད། །དམ་བཅའ་ལ་གནོད་ཚར་གཅད་ནི། །སྒྲུབ་པའི་ཡན་ལག་མིན་བརྗོད་ཡིན། །དམ་བཅའ་གཞན་པའི་ཚར་གཅད་ནི། །སུན་འབྱིན་ཤེས་ན་མ་ངེས་འདུས། །དམ་བཅའ་རྟགས་སོགས་འགལ་བ་ནི། །དམ་བཅའ་བརྗོད་ན་ལྷག་པའི་སྐྱོན། །མ་བརྗོད་རྟགས་ཀྱི་སྐྱོན་གསུམ་འགྱུར། །རྟགས་ལ་སྐྱོན་མེད་ཚར་གཅད་མིན། །དམ་བཅའ་སེལ་བ་མ་ངེས་འདུས། །ཚར་གཅད་གཉིས་པ་དོན་མེད་ཡིན། །གཏན་ཚིགས་གཞན་པ་ངག་རྫོགས་ན། །མ་ངེས་མ་རྫོགས་ཚར་གཅད་མིན། །དོན་གཞན་རྒོལ་བ་མ་ངེས་པས། །ཚར་གཅད་ཕྱིར་རྒོལ་སྐྱོན་མིན་པ། །བརྗོད་པའི་སྒོ་ནས་ཚར་གཅད་ཀྱི། །དེ་ལས་གཞན་པའི་ཚར་གཅད་མིན། །དོན་མེད་པ་ནི་སྒྲུབ་པ་ཡི། །ཡན་ལག་མིན་བརྗོད་ལས་གཞན་མིན། །དོན་མི་ཤེས་པ་དོན་མེད་འདྲ། །སྒྲུབ་པའི་ཡན་ལག་མིན་པར་འདུས། །དོན་ལྡན་གསུམ་བརྗོད་ཕྱིར་རྒོལ་གྱིས། །མ་རྟོགས་རྒོལ་བ་ཚར་གཅད་མིན། །དོན་བྲལ་བསྙོན་ཚིག་མ་འབྲེལ་བ། །སྒྲུབ་པའི་ཡན་ལག་མིན་པར་འདུས། །དུས་ལ་མ་བབ་གོ་རིམ་བཟློག །དེ་ལས་གོ་ན་ཚར་གཅད་མིན། །དོན་མི་གོ་ན་སྒྲུབ་པ་ཡི། །ཡན་ལག་མིན་པར་བརྗོད་པར་འདུས། །མ་ཚང་ཡན་ལག་གཉིས་པའི་སྐྱོན། །དམ་བཅའ་མེད་སོགས་ཚར་གཅད་མིན། །ལྷག་བརྗོད་སྒྲུབ་བྱེད་མིན་པར་འདུས། །ཁྱེད་ཀྱི་ལུགས་ལ་ཚར་གཅད་མིན། །ཡང་བརྗོད་སྒྲ་ཟློས་སྐྱོན་མ་ཡིན། །དོན་བཟློག་སྒྲུབ་བྱེད་མིན་པར་འདུས། །དེ་ཡང་སྒྲུབ་པའི་ངག་ལ་ཡིན། །གཏམ་རྒྱུད་རྒྱས་ལ་འདི་སྐྱོན་མིན། །རྗེས་སུ་མི་སྨྲ་ཕྱིར་རྒོལ་གྱིས། །རྒོལ་བའི་ངག་ཀུན་མ་བརྗོད་པ། །སྐྱོན་མི་དགོས་པ་མ་བརྗོད་ན། །སྤོབས་པ་མེད་པའི་ནང་དུ་འདུས། །ཁྱེད་ཀྱང་ཚར་གཅོད་དེར་འགྱུར་མོད། །དོན་མི་ཤེས་པ་ཕྱིར་རྒོལ་ནི། །སྤོབས་པ་མེད་ལས་གཞན་དུ་མིན། །མི་སྤོབས་ཡན་ལག་མི་བརྗོད་པའམ། །སྐྱོན་མི་བརྗོད་པའི་ཁོངས་སུ་འདུས། །རྣམ་གཡེང་དྲང་པོ་ཚར་གཅད་མིན། །གཡོན་ཅན་སྤོབས་པ་མེད་པར་འདུས། །འདོད་པ་ཁས་ལེན་ཤེས་མི་ཤེས། །རིམ་བཞིན་མ་ངེས་སྐྱོན་མི་བརྗོད། །བརྒལ་བརྟག་འདོར་བ་རྒོལ་བ་གཉིས། །སྤོབས་པ་མེད་པའི་ནང་དུ་འདུས། །རྗེས་སུ་སྦྱོར་མེད་ལ་སྦྱོར་བའམ། །སྤོབས་པ་མེད་པ་ལས་གཞན་མིན། །གྲུབ་མཐའ་ཉམས་པ་སྒྲུབ་པ་ཡི། །ཡན་ལག་མི་བརྗོད་པ་ཉིད་ཡིན། །གཏན་ཚིགས་ལྟར་སྣང་ཚར་གཅད་གནས། །དཔེར་ན་ལྟག་ཆོད་བརྗོད་པ་བཞིན། །ཕྲད་དང་མ་ཕྲད་གཏན་ཚིགས་དང༌། །རྟག་དང་མ་སྨྲས་མ་སྐྱེས་དང༌། །འབྲས་བུ་ཆོས་མཐུན་མི་མཐུན་དང༌། །རྣམ་རྟོག་ཁྱད་མེད་དམིགས་པ་དང༌། །ཐེ་ཚོམ་དོན་གོ་ཐལ་འགྱུར་རྣམས། །ཀུན་ལས་བཏུས་ཡིན་རིགས་བརྟག་ལས། །འཕེལ་འགྲིབ་བརྗོད་དང་མ་བརྗོད་དང༌། །རིགས་པ་དང་ནི་སོ་སོའི་དཔེ། །བསྒྲུབ་བྱ་མི་རྟག་རབ་བྱེད་དང༌། །དུས་འདས་མཚུངས་པའི་ལྟག་ཆོད་ནི། །ཉི་ཤུ་རྩ་བཞི་ཕྱོགས་གླང་གིས། །བཀག་ཕྱིར་གྲགས་པས་བཏང་སྙོམས་མཛད། །ལྟག་ཆོད་འདི་དག་མ་ཤེས་ན། །གཞུང་ལུགས་ཆེན་པོ་འཆད་པ་ཡི། །ཕྱོགས་སྔ་ཕལ་ཆེར་མི་རྟོགས་པས། །ཕྱོགས་ཙམ་ཕྱེ་སྟེ་བཤད་པ་ཡི། །བར་སྐབས་ཀྱི་ཚིགས་བཅད་དོ།། །།གང་ཟག་གསུམ་ལ་བརྗོད་ཚུལ་དྲུག །ཚུལ་གསུམ་སྟོན་པ་སྒྲུབ་པའི་ངག །ཡན་ལག་ལྔ་ལ་དམ་བཅའ་དང༌། །ཉེར་སྦྱོར་མཇུག་སྡུད་གསུམ་པོ་ལྷག །སྤྱི་ཁྱབ་མ་ཚང་ཕྱིར་མི་འཐད། །ཡན་ལག་གཉིས་ལའང་གསུམ་པ་དང༌། །ལྔ་པ་སྦྱར་ན་དམ་བཅའ་འདྲེན། །གལ་ཏེ་དམ་བཅའ་མ་བརྗོད་ན། །ངག་མ་རྫོགས་ཕྱིར་དྲི་དགོས་འགྱུར། །བླུན་པོ་ལ་ནི་ཉུང་རྒྱས་སྦྱར། །གཉིས་པོ་སྔ་ཕྱི་ཁྱད་པར་མེད། །མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར། །མཁས་པ་ལ་ནི་གཏན་ཚིགས་ཉིད། །ཀུན་ལས་བཏུས་ཀྱི་ཚིག་བསྡུ་བ། །ཟླས་དབྱེར་བཤད་ན་འགལ་ཞེས་ཟེར། །གསུམ་པ་དེ་ཡི་སྐྱེས་བུ་ཡི། །བསྡུ་བ་ཡིན་ཕྱིར་འགལ་བ་མེད། །འབྲས་བུའི་རྗེས་དཔག་བསྐྱེད་པ་ཡིན། །སྒྲུབ་བྱེད་ཡན་ལག་མ་ཡིན་པ། །བཀོད་པ་སྒྲུབ་པ་ལྟར་སྣང་ཡིན། །དོན་བློ་སྒྲ་ཡི་དབྱེ་བ་ཡིས། །ལྟར་སྣང་དེ་ཡང་རྣམ་པ་གསུམ། །སྐྱོན་བརྗོད་སྒོ་ནས་ལོག་རྟོག་སེལ། །ཡུལ་དང་ངོ་བོ་བརྗོད་ཚུལ་གྱིས། །དབྱེ་བས་སུན་འབྱིན་རྣམ་པ་གསུམ། །ལྟར་སྣང་སྐྱོན་ལ་སྐྱོན་མི་བརྗོད། །མུ་སྟེགས་བྱེད་དང་བོད་འགའ་ཞིག །གྲངས་ངེས་བྱེད་མོད་དེ་མི་འཐད། །སྐྱོན་མི་བརྗོད་དང་སྐྱོན་མིན་བརྗོད། །གཉིས་ཡིན་དབྱེ་བས་བསམ་མི་ཁྱབ། །བརྗོད་པའི་ཚུལ་ལ་རང་རྒྱུད་དང༌། །ཐལ་འགྱུར་གཉིས་ཡིན་རང་རྒྱུད་བཤད། །ཐལ་འགྱུར་བཞི་ལས་བཅུ་བཞི་ཞེས། །གངས་ཅན་པ་དག་དེ་ལྟར་འདོད། །བཟློག་པར་ནུས་དང་མི་ནུས་ལས། །ཡང་དག་ལྟར་སྣང་བདུན་བདུན་ཡིན། །དྲུག་དང་ཕྱེད་ཀྱིས་མི་འཕེན་ལ། །བདུན་པའི་ཕྱེད་ཀྱིས་འཕེན་ཞེས་ཟེར། །རང་རྒྱུད་ལ་ཡང་མཚུངས་ཕྱིར་དང༌། །རྟགས་མེད་ཁྱབ་པ་འགལ་ཕྱིར་དང༌། །ལྟག་ཆོས་ངེས་པ་མི་རུང་ཕྱིར། །ཐལ་འགྱུར་བཞིར་དབྱེ་མི་འཐད་དོ། །མ་གྲུབ་གཉིས་སུ་ཕྱེ་བ་ལྷག །འགལ་བའི་ཐལ་འགྱུར་ལྟར་སྣང་ཆད། །རྟགས་མེད་ཁྱབ་པ་གྲུབ་པ་འཁྲུལ། །དེས་ན་ཐལ་འགྱུར་བཅུ་བཞི་མིན། །འདོད་པ་བརྗོད་ནས་མི་འདོད་སྒྲུབ། །སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །དངོས་སུ་སྒྲུབ་པའི་ངག་མིན་ཡང༌། །བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཁ་ཅིག་ཐལ་བའི་ཆོས་བཟློག་པས། །སྒྲུབ་པའི་ངག་ཉིད་འཕེན་ཞེས་ཟེར། །ཐལ་བའི་ངག་གིས་རང་རྒྱུད་ཀྱི། །ཕྱོགས་ཆོས་འཕེན་ན་སྦྱོར་བ་འཇིག །ཐལ་བའི་ངག་ལས་རང་རྒྱུད་ཀྱི། །དོན་འཕེན་ཇི་ལྟར་བཟློག་བཞིན་མིན། །ཡང་དག་ཐལ་བ་བཟློག་མི་འཕེན། །རང་བཞིན་འབྲས་བུ་མཚན་ཉིད་དེ། །མི་དམིགས་གསུམ་གྱིས་སྒྲུབ་མི་འཕེན། །ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པར་ཤེས་པར་བྱ། །བཟློག་པས་རང་རིགས་འཕེན་པ་བཞི། །གཞན་རིགས་འཕེན་པ་བཅུ་དྲུག་ཡོད། །འདོད་བརྗོད་མི་འདོད་སྒྲུབ་པ་མེད། །ཁས་བླངས་གཏན་ཚིགས་ཡིན་ན་ནི། །གཏན་ཚིགས་བཞི་པ་སྲིད་པར་འགྱུར། །ཁས་བླངས་རྟགས་སུ་མི་རུང་ན། །ཐལ་བས་སྒྲུབ་པ་མི་འཐད་ལོ། །གཞན་གྱིས་ཀུན་ཏུ་བཏགས་པ་ལ། །ཐལ་བས་སྒྲུབ་པ་སྐྱོན་ཡོད་མིན། །ཐལ་འགྱུར་ལན་ནི་སྒོ་གསུམ་ཞེས། །ཁ་བ་ཅན་པ་དེ་སྐད་སྨྲ། །འགལ་དང་མ་ངེས་གཅིག་ཏུ་འགྱུར། །འདོད་ན་ལྟར་སྣང་གཉིས་སུ་འགྱུར། །དེ་མཐར་གཏན་ཚིགས་ལྟར་སྣང་ཀུན། །མ་གྲུབ་གཅིག་ཏུ་འདུ་བར་འགྱུར། །མ་གྲུབ་གཉིས་སུ་འབྱེད་ན་མཚུངས། །ཡང་ན་འགལ་ལ་དེ་འཁྲུལ་འགྱུར། །དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། །ལན་གྱིས་བཟློག་པར་མི་ནུས་ན། །དེ་ཡི་རྗེས་འབྲང་དམ་པའི་ལུགས། །དེ་ལྟར་སྒྲུབ་དང་སུན་འབྱིན་གྱི། །རིགས་པའི་གཞུང་ལུགས་གང་གིས་ཤེས། །མཁས་པ་དེ་ནི་རྫོགས་པ་ཡི། །སངས་རྒྱས་རྣམས་ཀྱི་བསྟན་པ་འཛིན། །ཚད་མ་རིགས་པའི་གཏེར་ལས་གཞན་དོན་རྗེས་སུ་དཔག་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ།། །།སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང༌། །མཁས་པ་མཁས་པ་རྣམས་ལ་སྔོན་སྦྱངས་པས། །ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་གྱིས། །གཞུང་ལུས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་གླང་གྲགས་པའི་གཞུང༌། །མདོ་དང་རྣམ་འགྲེལ་དེ་འགྲེལ་དང་བཅས་རྣམས། །ལེགས་པར་རྟོགས་ཤིང་རྟོག་གེའི་ཚུལ་ཤེས་ནས། །ཡང་དག་རིགས་མཆོག་རིགས་པའི་གཏེར་འདི་བསྒྲུབས། །ཐུབ་པ་སེར་སྐྱ་རྐང་མིག་པ་དང་འུག་པའི་བུ། །མཁའ་གོས་ཅན་དང་ཚུ་རོལ་མཛེས་པའི་གཞུང་འཛིན་པ། །ཐོས་སྒྲོག་པ་དང་གངས་རིའི་ཁྲོད་གནས་སྨྲ་རྣམས་ཀྱི། །རྟོག་གེ་ངན་འཇོམས་བསྟན་བཅོས་ཆེན་པོ་འདི་བྱས་སོ། །བློ་ཡི་ནུས་པ་ཅུང་ཟད་ཡོད་ཀྱང་ལེགས་བཤད་སྙིང་པོ་མ་རྙེད་ཅིང༌། །ཉིན་དང་མཚན་དུ་འབད་པ་བྱས་ཀྱང་གཞུང་ལུགས་ཕྱོགས་རེ་དཔྱིས་མ་ཕྱིན། །རྟག་ཏུ་བརྩོན་པས་ཏིང་འཛིན་བསྒྲུབས་ཀྱང་སངས་རྒྱས་དགྱེས་པའི་ལམ་ལས་གོལ། །སྙིགས་དུས་སྐྱེ་བོ་ཆོག་ཤེས་རྣམས་ཀྱང་ལེགས་པར་སོམས་ལ་མཁས་པ་བསྟེན། །སྡེ་བདུན་རིགས་པའི་དེ་ཉིད་འདི་ཡིན་ཞེས། །རྒན་པོའི་ལུགས་ངན་དོར་ནས་ངས་འདི་བཤད། །རིགས་པ་མཁྱེན་པ་དེ་དག་འདི་བཞེད་མོད། །ལན་མང་ཐོས་ཀྱང་བླུན་པོའི་སྤྱོད་ཡུལ་མིན། །ལེགས་པར་བཤད་པས་བློ་གྲོས་མིག་ཕྱེ་ནས། །ཤེས་བྱའི་དེ་ཉིད་ཇི་བཞིན་ལེགས་བསྟན་པའི། །དགེ་བ་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་འགྲོ་བ་ཀུན་གྱི་སྐྱབས་གྱུར་ཅིག །ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་འདི་ནི། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། སྒྲ་དང༌། ཚད་མ་དང༌། སྡེབ་སྦྱོར་དང༌། སྙན་ངག་དང༌། ཚིག་གི་རྒྱན་དང༌། མིང་གི་མངོན་བརྗོད་དང་ཐ་སྙད་ཀྱི་གཙུག་ལག་རྣམས་ལེགས་པར་ཤེས་པས། འཆད་པ་དང༌། རྩོམ་པ་དང༌། རྩོད་པའི་ཡུལ་ལ་སྤོབས་པ་དགེ་བ་ཅན། ཀུན་ལས་བཏུས་དང་སྡེ་བདུན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅིང༌། ལུང་དང༌། རིགས་པ་དང༌། མན་ངག་གི་ཚུལ་མཐའ་དག་ལ་བློའི་སྣང་བ་ཐོབ་པ། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། སྡེབ་སྦྱོར་སྤངས་ནས་གོ་བདེ་བར་བཀྲོལ་ཏེ། དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply