སྤྱི་དང་འབྲེལ་པའི་རང་མཚན་ཡང་མཐའ་ཡས་པའི་ཕྱིར་བརྡ་མི་ནུས་པར་མཚུངས་སོ། །གཉིས་པ་སྒྲ་དོན་བརྗོད་བྱར་འདོད་པ་དགག་པ་ནི། གངས་ཅན་པ་དང་ཉན་ཐོས་གཉིས། །སྒྲ་དོན་དངོས་ཀྱི་བརྗོད་བྱར་འདོད། །དོན་དང་ཤེས་པའི་རང་མཚན་གཉིས་དང་དོན་ལ་གནས་པའི་སྤྱི་བརྗོད་བྱར་བྱས་ནས་མུ་སྟེགས་བྱེད་ལ་བརྗོད་པའི་སྐྱོན་ཡོད་པས་རྟོག་པའི་ཡུལ་དོན་སྤྱི་ཉིད་དངོས་ཀྱི་བརྗོད་བྱ་ཡིན་ནོ་ཞེས་བོད་རྣམས་འདོད་ལ། མང་པོས་བཀུར་བ་ལ་སོགས་པ་ནི་ཆོས་གང་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་པ། མིང་ཞེས་བྱ་བ་སྒྲ་དང་དོན་དང་ཤེས་པ་ལས་ཐ་དད་པ་བུམ་པ་དང་སྣམ་བུ་ལ་སོགས་པར་བརྡ་བཏགས་པ་དེ་དང་མཚན་མ་ཞེས་བྱ་བའང་སྒྲ་དང་དོན་དང་ཤེས་པ་ལས་ཐ་དད་པ་དོན་བརྗོད་པའི་རྟེན་དུ་རུང་བའི་ལྡན་པ་མ་ཡིན་པའི་འདུ་བྱེད་བརྗོད་བྱ་ཡིན་ནོ་ཞེས་ཟེར་རོ། །འདི་གཉིས་དོན་གཅིག་པས་ཕྱོགས་གཅིག་ཏུ་དགག་སྟེ། མི་ལྡན་འདུ་བྱེད་ལ་སྦྱར་བས། །འབྲེལ་མེད་གཟུགས་ལ་ཇི་ལྟར་རྟོགས། །བུམ་པ་ཞེས་ནི་བརྗོད་པ་ལས། །འབྲེལ་མེད་བ་ལང་མི་རྟོགས་བཞིན། །དོན་སྤྱིའམ་མི་ལྡན་པའི་འདུ་བྱེད་ལ་བརྡ་སྦྱར་བས་བརྡ་མ་སྦྱར་བའི་བུམ་པའི་རང་མཚན་རྟོགས་མི་སྲིད་དེ་བུམ་པ་ཞེས་བརྗོད་པས་འབྲེལ་མེད་ཀྱི་བ་ལང་མི་རྟོགས་པ་བཞིན་ནོ། །དེ་སྐད་དུའང༌། མིང་སོགས་འབྲེལ་པ་མེད་པ་ཅན། །དོན་ལ་འཇུག་པར་མི་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །འབྲེལ་པ་མེད་ཀྱང་འདྲ་བ་ལ། །འཁྲུལ་ནས་དོན་ལ་འཇུག་ཅེ་ན། །བུམ་པའི་རང་མཚན་དང་མི་ལྡན་པའི་འདུ་བྱེད་ལ་འབྲེལ་པ་མེད་ཀྱང་གཉིས་ཀ་ལྟོ་ལྡིར་ཞབས་ཞུམ་པའི་རྣམ་པ་འདྲ་བའི་ཕྱིར་དོན་སྤྱི་ལ་སྦྱར་ཡང་འཁྲུལ་ནས་རང་མཚན་གོ་སྟེ་ཚེ་མ་ལ་འདྲ་བས་འཁྲུལ་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། འདྲ་བས་འཁྲུལ་ན་ཡུལ་དང་དུས། །རེས་འགའ་འཁྲུལ་གྱི་ཀུན་ཏུ་མིན། །འདི་ནི་རྟག་ཏུ་འཁྲུལ་འགྱུར་བས། །འདྲ་བའི་སྒོ་ནས་འཁྲུལ་པ་མིན། །ཡུལ་ཀུན་ཏུ་འཁྲུལ་པར་མི་འགྱུར་ཏེ། །ལྷ་སྦྱིན་འདྲ་བ་གཉིས་ཡོད་ཀྱང་མདུན་ན་གནས་པ་ལ་བྱིན་ཅིག་ཅེས་བརྗོད་ན་རྒྱབ་ན་གནས་པ་ལ་མི་འཁྲུལ་བ་ལྟར་མིང་དང་མཚན་མ་ལ་བརྡ་སྦྱོར་རོ་ཞེས་ངེས་པར་བཟུང་ན་དོན་རང་མཚན་ལ་འཁྲུལ་པ་མི་སྲིད་དོ། །ཡང་དུས་ཀུན་ཏུ་འཁྲུལ་པ་མི་སྲིད་དེ། །ལྷས་བྱིན་དང་མཆོད་སྦྱིན་ལྟ་བུ་ཚེ་མ་ལའང་འཁྲུལ་པས་རེས་འགའ་ལྷས་བྱིན་ལ་འཇུག་རེས་འགའ་མཆོད་སྦྱིན་ལ་འཇུག་པ་ལྟར། འདིར་ཡང་འཁྲུལ་པས་རེས་འགའ་དོན་རང་མཚན་ལ་འཇུག་རེས་འགའ་མིང་དང་མཚན་མ་ལ་འཇུག་པར་ཐལ་བ་ལས། དེ་ལྟ་མ་ཡིན་པར་སྐྱེས་བུ་ཐམས་ཅད་སྒྲ་ལ་འཇུག་པ་ན་དོན་རང་མཚན་ཉིད་ལེན་གྱི། འཆད་པ་པོ་དང་ཉན་པ་པོ་བརྡས་སྦྲེལ་བའི་མིང་དང་མཚན་མ་ལ་འཇུག་པ་མ་མཐོང་བས་འདྲ་བའི་སྒོ་ནས་འཁྲུལ། ཞེས་སྨྲ་བ་ནི་བབ་ཅོལ་ཡིན་ནོ། །དེ་སྐད་དུའང༌། གལ་ཏེ་དོན་ལ་མཚུངས་འདྲ་ལས། །འཁྲུལ་འཇུག་འགྱུར་ན་དུས་ཀུན་དང༌། །ཡུལ་ལ་འཁྲུལ་མིན་ཞེས་གསུངས་པས་སོ། །གཉིས་པ་རང་འདོད་པ་ལ་གསུམ་སྟེ། མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང་དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། བརྡ་ལས་གོ་བྱ་གོ་བྱེད་ཡིན། །བརྗོད་བྱའི་མཚན་ཉིད་བརྡས་གོ་བར་བྱ་བ་ཡིན་ལ། རྗོད་བྱེད་ནི་དོན་གོ་བར་བྱེད་པའི་བརྡའོ། །གཉིས་པ་རབ་ཏུ་དབྱེ་བ་ནི། །འཆད་དང་འཇུག་པའི་གང་ཟག་གི །དབྱེ་བས་གཉིས་གཉིས་རྣམ་པ་བཞི། །འཆད་པ་དང་འཇུག་པའི་དུས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་གཉིས་བཞིའོ། །འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །འཆད་པའི་ཚེ་སྒྲའི་དངོས་ཀྱི་བརྗོད་བྱ་སྒྲ་དོན་དང་ཞེན་པའི་བརྗོད་བྱ་དོན་རང་མཚན་ཡིན་ལ་དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་ཞེན་པའི་རྗོད་བྱེད་སྒྲ་རང་གི་མཚན་ཉིད་ཡིན་ནོ་ཞེས་རྣམ་པར་དབྱེ་བ་ཤེས་ནས་གནས་ལུགས་ལ་མཁས་པར་འགྱུར་རོ། །འཇུག་པའི་ཚེ་རང་མཚན་དང་སྤྱི་སོ་སོར་མ་ཕྱེ་བར་གཅིག་ཏུ་འཁྲུལ་པ་ལ་བརྡ་སྦྱར་བས་ཐ་སྙད་ཀྱི་ཚེ་དོན་རང་མཚན་ཐོབ་པ་ཡིན་ནོ། །གསུམ་པ་དེའི་དོན་གཏན་ལ་དབབ་པ་ལ་གསུམ། སྒྲའི་དངོས་ཀྱི་བརྗོད་བྱ་མེད་པར་བསྒྲུབ་པ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། འཁྲུལ་པ་ལ་སྦྱར་བས་འཇུག་ཡུལ་རང་མཚན་གོ་བའི་འཐད་པའོ། །དང་པོ་ནི། དོན་དང་ཤེས་པ་རང་མཚན་ཡིན། །སྤྱི་དོན་གཉིས་པོ་མེད་པ་ཡིན། །དེ་བཞིན་བརྗོད་བྱ་མ་ཡིན་པས། །དམ་པའི་དོན་དུ་བརྗོད་བྱ་མེད། །དོན་དང་ཤེས་པའི་རང་མཚན་གཉིས་དང༌། དོན་གྱི་སྤྱི་དང་སྒྲ་དོན་གྱི་སྤྱི་གཉིས་ཏེ། བཞི་པོ་བརྗོད་བྱར་མི་འཐད་ལ། དེ་དག་ལས་གཞན་པའི་ཤེས་བྱ་མི་སྲིད་པས་དོན་དམ་པར་ན་བརྗོད་བྱ་ཞེས་བྱ་བ་གྲུབ་པ་ཅིའང་མེད་དེ། རྣམ་འགྲེལ་ལས། དོན་རྣམས་ཀྱི་ནི་སྤྱི་གང་ཡིན། །གཞན་ལས་ལྡོག་པའི་མཚན་ཉིད་ཅན། །སྒྲ་འདི་དག་གིས་གང་བརྗོད་པ། །དེ་ལ་ངོ་བོ་ཅུང་ཟད་མེད། །ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ནི་མཐོང་ཕྱིར་དང༌། །དོན་ལ་འཁྲུལ་པའང་མེད་པ་ནི། །སྤྱིར་འདོད་དེ་ཡང་བསླད་ཕྱིར་དང༌། །དེ་ཉིད་དུ་ན་དོན་དངོས་སུ། །མེད་ཕྱིར་ངོ་བོ་ཅན་མ་ཡིན། །ངོ་བོ་མེད་པས་བརྗོད་བྱ་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །གཉིས་པ་གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ་ནི། རྟོག་པ་ངོ་བོས་འཁྲུལ་པ་ལ། །སྒྲ་ཡི་དོན་གྱི་གཟུགས་བརྙན་ཤར། །དེ་ལ་ཕྱི་རོལ་དོན་དུ་ཞེན། །དེ་ནི་སྒྲ་ཡི་བརྗོད་བྱར་བཏགས། །རྟོག་པ་གང་ཇི་སྙེད་པ་ཐམས་ཅད་རང་གི་ཡུལ་ལ་ངོ་བོ་ཉིད་ཀྱིས་སྐྲ་ཤད་དམ་རྨི་ལམ་ལྟར་གཞི་མེད་ལ་འཁྲུལ་པས་སྒྲའི་དོན་ལ་ཕྱི་རོལ་གྱི་དོན་དུ་ཞེན་ནས་བརྡ་སྦྱོར་ལ། གཞི་མེད་ཅེས་བྱ་བའང་བོད་དང་ཉན་ཐོས་ལྟར་མ་ཡིན་གྱི་དོན་སྤྱི་ཡུལ་དུ་མ་གྲུབ་པ་ལ་བརྗོད་དོ། །གསུམ་པ་འཁྲུལ་པ་ལ་སྦྱར་བས་རང་མཚན་གོ་བའི་འཐད་པ་ནི། འཁྲུལ་པའི་བག་ཆགས་གོམས་པ་ཡིས། །བརྡ་ཡི་དུས་ན་བསྲེས་ནས་སྦྱར། །ཐ་སྙད་དུས་ནའང་དེ་ལྟར་གོ །དེ་ཕྱིར་འཁྲུལ་ཡང་བདེན་པ་འཐད། །ཐོག་མ་མེད་པའི་བག་ཆགས་བརྟས་པ་ལ་སྣང་བར་འཁྲུལ་པའི་ཤུགས་གོམས་པ་དེས་བརྡའི་དུས་ན་དོན་རང་མཚན་དང་སྤྱི་མ་ཕྱེ་བར་འདི་བུམ་པ་ཞེས་བརྡ་བཏགས་ལ་ཕྱིས་བུམ་པར་ཆུ་ལུགས་ཤིག་ཅེས་བརྗོད་པ་ནའང་རང་མཚན་གྱི་བུམ་པར་ཆུ་ལྡུགས་སམ་དོན་སྤྱིའི་བུམ་པར་ལྡུགས་ཞེས་མི་འདྲི་བར་འཇུག་ཡུལ་དོན་རང་མཚན་ཉིད་གོ་བ་ཡིན་ཏེ། དེ་ཡི་ངོ་བོར་སྣང་བའམ། །དོན་ལ་དེ་ཉིད་དུ་འཛིན་པ། །གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམ་གྱིས་སྤྲུལ་ཡིན། །ཞེས་བྱ་བ་དང༌། ཕྱེད་དང་བཞི་པ་ལས། རྣམ་པར་རྟོག་པ་རྣམས་ནི་རང་བཞིན་གྱིས་འཁྲུལ་པའི་ཕྱིར་དངོས་པོ་འཛིན་པ་ལྟ་བུར་སྣང་ངོ༌། །ཞེས་བྱ་བ་དང༌། འཆད་པར་བྱེད་པ་རྣམས་དེ་ལྟར་རྣམ་པར་འབྱེད་པར་བྱེད་ཀྱིས་ཐ་སྙད་འདོགས་པར་བྱེད་པ་རྣམས་ནི་མ་ཡིན་ཏེ་དེ་དག་ནི་རང་གི་དམིགས་པ་ཁོ་ན་དོན་བྱེད་པར་རུང་བ་ཡིན་པར་སེམས་ཤིང་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་འཇུག་གོ །ཞེས་བྱ་བ་དང༌། དེ་ཁོ་ན་ཉིད་སེམས་པར་བྱེད་པ་རྣམས་ནི་སྣང་བ་ཐ་དད་པ་ལ་སོགས་པའི་སྒོ་ནས་ཐ་དད་པ་མེད་པར་མི་སེམས་སོ། །ཞེས་གསུངས་པས་སོ། །དེས་ན་སྒྲའི་དངོས་ཀྱི་བརྗོད་བྱ་མེད་ལ་ཞེན་པའི་བརྗོད་བྱ་འཇུག་ཡུལ་ཉིད་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་ལྔ་ལས། དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ་ནི། སྒྲ་དོན་གཞན་ལས་ལྡོག་ན་ནི། །དངོས་པོ་བརྗོད་བྱར་འགྱུར་ཞེ་ན། །རྟོག་པ་ལ་སྣང་བའི་དོན་གྱི་གཟུགས་བརྙན་དེ་དོན་གཞན་ལས་མི་ལྡོག་ན་ལྡོག་པ་བརྗོད་པར་འགལ་ལ་ལྡོག་ན་དོན་རང་མཚན་ལྟར་དངོས་པོར་འགྱུར་རོ། །དེ་བརྗོད་བྱ་ཡིན་ན་རྣམ་རྟོག་གི་གཟུགས་བརྙན་བརྗོད་པ་དང༌། སྤྱི་དངོས་པོ་བརྗོད་པ་གཉིས་ལ་ཁྱད་པར་མེད་པས་མིང་རྐྱང་ལ་རྩོད་པ་ཟད་དོ་ཞེ་ན་མ་ཡིན་ཏེ། དམ་པའི་དོན་ལ་མི་ལྡོག་ཀྱང༌། །ལྡོག་པར་སྣང་བ་འཁྲུལ་པ་ཡིན། །སྤྱི་ནི་འཁྲུལ་པར་མི་འདོད་པས། །དེས་ན་དེ་དག་ག་ལ་མཚུངས། །རྣམ་པར་རྟོག་པའི་གཟུགས་བརྙན་དོན་སྤྱི་ནི་དོན་དམ་པར་དེ་མ་ཡིན་ལས་མི་ལྡོག་གོ །འོན་ཀྱང་རྟོག་པའི་ངོར་ལྡོག་པར་སྣང་བ་ནི་འཁྲུལ་པ་ཡིན་པས་དངོས་པོར་མེད་ལ་མུ་སྟེགས་བྱེད་བརྗོད་བྱའི་སྤྱི་མ་འཁྲུལ་པའི་དངོས་པོར་འདོད་པས་ག་ལ་མཚུངས། དེ་སྐད་དུའང༌། རྗེས་འགྲོ་ཅན་སྒྲ་རྗེས་འགྲོ་ཅན། །དོན་གྱི་འབྲས་ཡིན་མཐོང་གོམས་པས། །སྤྲུལ་དེའང་རྗེས་འགྲོ་མེད་པ་ཅན། །བློ་ལས་ཐ་དད་མེད་ཕྱིར་རོ། །ཞེས་གསུངས་པས་སོ། །གཞན་ཡང་འདི་དག་གི་དོན་རྒྱས་པར་རྣམ་འགྲེལ་ལས། དེ་ཕྱིར་བརྡ་ཡི་དུས་ན་ཡང༌། །རང་ཉིད་མཐོང་བའི་འབྲས་བུ་ཅན། །བསྟན་པའི་དོན་དང་འབྲེལ་པ་ཡི། །གཞན་སེལ་སྒྲ་དང་འབྲེལ་པར་འགྱུར། །ཞེས་གསུངས་པས་ཐ་སྙད་ཀྱི་དུས་སུ་མི་འདོད་པ་གཞན་བཅད་ནས་འཇུག་པའི་ཕྱིར་བརྡའི་དུས་ནའང་རྟོག་པ་ལ་སྣང་བ་དང་དོན་རང་མཚན་གཉིས་གཅིག་ཏུ་འཁྲུལ་ནས་དེ་མ་ཡིན་བཅད་དེ་བརྡ་བྱེད་པས་བརྡའི་དུས་ཀྱི་སྒྲ་གཞན་སེལ་དུ་བསྒྲུབ་བོ། །ཡང༌། གཞན་དུ་མ་མཐོང་ལ་ལྟོས་དང༌། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །གཞན་སེལ་སྒྲ་དང་འབྲེལ་འགྱུར་གྱི། །དེ་ནི་དངོས་ལ་མི་རུང་ངོ༌། །ཞེས་གསུངས་པས། དངོས་པོ་ལ་སྒྲ་མི་སྦྱོར་བར་གཞན་སེལ་ལ་སྦྱོར་བའི་རྒྱུ་མཚན་ཡང་ཡལ་ག་ལ་སོགས་པ་དང་མི་ལྡན་པའི་རྡོ་བ་ལ་སོགས་པ་གཞན་དུ་ཤིང་གི་སྒྲ་མ་མཐོང༌། ཡལ་ག་ལ་སོགས་པ་དང་ལྡན་པ་གཞན་ཙནྡན་ལ་སོགས་པ་ལ་ལར་ཤིང་གི་སྒྲ་དེ་མཐོང་བས་རིས་མཐུན་པ་ལ་སྒྲ་མཐོང༌། མི་མཐུན་པ་ལ་མ་མཐོང་བ་གཉིས་ལ་བརྟེན་ནས་སྒྲ་དེ་སྦྱོར་དགོས་པས། གཞན་སེལ་དང་འབྲེལ་གྱི་དངོས་པོ་དང་མི་འབྲེལ་ལོ། །གལ་ཏེ་སྒྲ་དངོས་པོ་དང་འབྲེལ་ན་དེ་ཉིད་ལ་སྦྱར་བས་གོའི་གཞན་ལ་མེད་པ་ལ་ལྟོས་མི་དགོས་པའི་ཕྱིར་རོ། །ཡང༌། དེ་ཕྱིར་རིགས་སོགས་དེ་ལྡན་ནི། །ཡོད་མིན་དོན་དང་དེ་དག་ལ། །མཉན་པ་འབྲེལ་མིན་གཞན་ལས་ནི། །ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །ཞེས་གསུངས་པས་མུ་སྟེགས་བྱེད་འདོད་པའི་རིགས་དང་ཡོན་ཏན་དང་བྱ་བའི་ཁྱད་པར་དང་ལྡན་པ་དབང་པོའི་ཡུལ་ལ་ཡོད་པ་མ་ཡིན་ཏེ་ཡོད་ན་དངོས་པོ་ལས་ཐ་དད་དུ་སྣང་དགོས་པའི་ཕྱིར་རོ། །དེས་ན་དོན་རང་གི་མཚན་ཉིད་དང་རིགས་ལ་སོགས་པ་དེ་དག་ལ་སྒྲ་སྦྱོར་མི་སྲིད་ཀྱི། ལྡོག་པ་ཉིད་ལ་སྒྲ་སྦྱོར་བར་གསུངས་སོ། །དོན་ལ་བརྡ་མི་སྦྱོར་བའི་རིགས་པ་འདིས་དབང་ཤེས་ཀྱང་རྟོག་བྲལ་དུ་གྲུབ་བོ། །གཉིས་པ་ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ་ནི། རྟོག་པའི་གཟུངས་བརྙན་བརྗོད་ན་ནི། །ཤེས་པ་བརྗོད་བྱར་འགྱུར་ཞེ་ན། །གལ་ཏེ་རྟོག་པ་ལ་སྣང་བའི་གཟུགས་བརྙན་དོན་སྤྱི་དེ་དངོས་ཀྱི་བརྗོད་བྱ་ཡིན་ན། དེ་ཤེས་པ་ལས་ཐ་མི་དད་པའི་ཕྱིར་ཤེས་པ་རང་གི་མཚན་ཉིད་བརྗོད་བྱར་འདོད་པ་ལ་བརྗོད་པའི་སྐྱོན་འབྱུང་སྟེ། རྣམ་འགྲེལ་ལས། ཤེས་པ་ལ། །མཚུངས་མིན་རྣམ་པ་དེ་འདྲའི་བློ། །སྐྱེ་ཕྱིར་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རང་མཚན་ལྡོག་པ་བརྗོད་བྱ་མིན། །འཁྲུལ་པས་བརྟགས་པ་དངོས་མེད་ཡིན། །དེས་ན་རྟོག་པའི་གཟུགས་བརྙན་ལ། །འཇིག་ཏན་གཞུག་ཕྱིར་སྦྱར་བར་ཟད། །རྣམ་པ་དེ་སྣང་བའི་ཤེས་པ་རང་མཚན་གྱི་ཆ་བརྗོད་བྱ་མ་ཡིན་གྱི་འཁྲུལ་པས་ཕྱི་རོལ་དུ་ཞེན་པའི་ཆ་ལ་བརྡ་སྦྱོར་ལ། སྦྱར་བར་བྱ་བའི་ཡུལ་མེད་མོད་ཀྱི་འཇིག་རྟེན་པ་རྣམས་གཞུག་པའི་ཕྱིར་དོན་སྤྱི་ལ་བརྡ་སྦྱར་ཞེས་བརྗོད་པར་ཟད་དེ། རྣམ་འགྲེལ་ལས། ཕྱི་རོལ་ནུས་པ་རྣམ་གཅོད་ལ། །རེག་པ་མེད་ཀྱང་སྒྲ་དེ་དང༌། །རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་དང་འབྲེལ། །དེས་ན་གཞན་སེལ་མཐར་ཐུག་ཕྱིར། །མཉན་པ་གཞན་སེལ་བྱེད་པ་བརྗོད། །ལྡོག་པ་བཞིན་དུ་སྒྲ་དག་ལས། །ཤེས་ལ་གཞན་གྱི་གཟུགས་བརྙན་སྣང༌། །གང་དེའང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་ལས་བྱུང་ཡིན། །ཞེས་བྱ་བ་དང༌། དོན་གྱི་ངོ་བོ་ཉིད་ཀྱིས་སྤྱི། །ཀུན་ལ་ངོ་བོ་མཚུངས་ཕྱིར་དང༌། །དེ་ལྡོག་པ་ལ་བརྟེན་ཕྱིར་རོ། །བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་གསུངས་སོ། །གསུམ་པ་སེལ་བ་ལ་སྦྱོར་ན་ལྡན་པ་མ་ཡིན་པའི་འདུ་བྱེད་དང་མཚུངས་པ་སྤང་བ་ནི། སེལ་བའི་སྤྱི་ལ་བརྡ་སྦྱོར་ན། །ལྡན་པ་མིན་དང་མཚུངས་ཤེ་ན། །དོན་སྤྱི་ལ་སྦྱོར་ན་མི་ལྡན་པའི་འདུ་བྱེད་ལ་སྦྱོར་བའི་སྐྱོན་མཚུངས་སོ་ཞེ་ན། དོན་སྤྱི་གལ་ཏེ་རྫས་གྲུབ་ན། །ཁྱེད་བདེན་འོན་ཀྱང་དངོས་མེད་ཡིན། །མེད་ཕྱིར་སེལ་བ་ཡུལ་མེད་ཅེས། །ཤེས་ན་བརྗོད་བྱ་རྗོད་བྱེད་མེད། །སྒྲའི་དངོས་ཀྱི་ཞེས་ཚིག་གི་ལྷག་མར་སྦྱོར་རོ། །དོན་སྤྱི་ཞེས་བྱ་བ་མི་གསལ་ལ་དོན་བྱེད་མི་ནུས་པ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་པ་ཞིག་གྲུབ་པར་འདོད་ན། མི་ལྡན་པའི་འདུ་བྱེད་ལ་བརྗོད་པའི་སྐྱོན་འབྱུང་མོད། ཁོ་བོ་ཅག་གི་དོན་སྤྱི་རྫས་སུ་མ་གྲུབ་པས་དོན་སྤྱི་བརྗོད་བྱ་ཡིན་པ་དང༌། བརྗོད་བྱ་ཅིའང་མེད་པ་གཉིས་དོན་དམ་པར་མཚུངས་པས་བརྩད་པའི་སྐྱོན་ལས་གྲོལ་ལོ། །འོ་ན་སྤྱི་ཤེས་པས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྤྱི་འཛིན་གྱི་རྟོག་པ་ལ་སྤྱིར་བཏགས་པ་ཡིན་ལ་འདིར། རྟོག་པས་བརྟགས་པའི་ཡུལ་མེད་པ་ལ་དགོངས་པས་མི་འགལ་ལོ། །གལ་ཏེ་དོན་སྤྱི་ཅིའང་མེད་པ་ལ་བརྡ་བྱས་པས་ཀྱང་རང་མཚན་གོ་ན་རི་བོང་གི་རྭ་ལ་བརྡ་བྱས་པས་ཀྱང་བུམ་པ་གོ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དོན་སྤྱི་ལ་རང་མཚན་དུ་འཁྲུལ་ནས་གོ་ལ་རི་བོང་གི་རྭ་ལ་བུམ་པའི་རང་མཚན་དུ་འཁྲུལ་པ་མི་སྲིད་པས་ག་ལ་མཚུངས། བཞི་པ་བརྗོད་བྱ་མེད་ན་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སྤང་བ་ནི། བརྗོད་བྱ་མེད་ན་འཁྲུལ་པ་གསོག །ཡིན་ཕྱིར་ཐ་སྙད་འཇིག་ཅེ་ན། །དོན་ལ་བརྗོད་བྱ་རྗོད་བྱེད་མེད་ན་སྒྲ་སྤྱི་དང་དོན་སྤྱི་ལ་རང་མཚན་དུ་འཁྲུལ་ནས་བརྡ་སྦྱོར་བ། གསོག་གསོབ་ཡིན་ཏེ་བློའི་ཆོས་རང་དགའ་བ་རྣམས་ནི་དོན་ལ་མི་བརྟེན་པར་གསུངས་པའི་ཕྱིར་རོ། །དེས་ན་འཁྲུལ་པ་ལ་ཡིད་བརྟན་དུ་མེད་པས་ཐ་སྙད་ཐམས་ཅད་རྒྱུན་ཆད་དོ་ཞེ་ན། སྐྱོན་མེད་དེ། འཁྲུལ་པའི་སྒོ་ནས་རང་མཚན་ལ། །འཇུག་ཕྱིར་ཐ་སྙད་འཐད་པ་ཡིན། །འཇིག་རྟེན་པ་རྣམས་དོན་སྤྱི་ལ་རང་མཚན་དུ་འཁྲུལ་ནས་རང་མཚན་ཉིད་བླང་བ་དང་དོར་བ་ལ་འཇུག་པས་ན་ཐ་སྙད་རྒྱུན་ག་ལ་འཆད། ལྔ་པ་ཆད་བྱས་ཀྱི་འབྲེལ་པ་གོ་བས་འཁྲུལ་པ་མི་འཐད་པ་སྤང་བ་ནི། ཆད་བྱས་འབྲེལ་པས་གོ་བ་ལ། །འཁྲུལ་པའི་འབྲེལ་པ་མི་དགོས་ལོ། །བོད་རྣམས་ན་རེ། ཆད་བྱས་ཀྱི་འབྲེལ་པས་གོ་བས་འཁྲུལ་པའི་འབྲེལ་པས་ཅི་བྱ་ཞེ་ན། རང་མཚན་དང་ནི་དོན་སྤྱི་དང༌། །གཉིས་པོ་གཅིག་ཏུ་འཁྲུལ་པ་སྟེ། །གསུམ་པོ་གང་ལ་ཆད་བྱས་ཀྱང༌། །འཁྲུལ་པ་མེད་ན་བརྡ་མི་འབྱོར། །ཆད་བྱས་ཀྱི་འབྲེལ་པ་དེ་ཅི་རང་མཚན་ལ་བརྡ་ཆད་བྱེད་ན་མུ་སྟེགས་བྱེད་ལ་བརྗོད་པའི་སྐྱོན་འབྱུང་ལ། དོན་སྤྱི་ལ་བརྡ་ཆད་བྱེད་ན་ཉན་ཐོས་ལ་བརྗོད་པའི་སྐྱོན་ཡོད་ཅིང༌། དོན་སྤྱི་དང་དོན་རང་མཚན་གཅིག་ཏུ་འཁྲུལ་པ་ལ་བརྡ་བྱེད་ན་ཁོ་བོ་ཅག་གི་འདོད་པ་བསྒྲུབ་པས་གང་ལྟར་ཡང་མ་འཁྲུལ་པའི་ཆད་བྱས་ཀྱིས་འབྲེལ་པ་མུན་སྤྲུལ་ཡིན་ནོ། །འོ་ན་ཁྱེད་རང་བརྡ་ཆད་བྱེད་པ་མ་ཡིན་ནམ་སྙམ་ན། བྱེད་མོད་ཀྱི། འདིར་ནི་རང་མཚན་གཟུངས་བརྙན་གཉིས། །གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར། །རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད། །འཁྲུལ་ནས་དོན་ལ་འཇུག་པར་འགྱུར། །སྒྱུ་མའི་མཁན་པོ་དག་འཇིག་རྟེན་དོན་ལ་གཞུག་པའི་ཕྱིར་སྔགས་ཀྱིས་འཁྲུལ་དུ་འཇུག་པ་ལྟར། དོན་སྤྱི་དང་རང་མཚན་གཉིས་གཅིག་ཏུ་བསྲེས་ནས་བརྡ་ཆད་ཀྱི་སྔགས་ཀྱིས་འཁྲུལ་དུ་འཇུག་ལ། དེ་ལྟར་འཁྲུལ་པའི་སྟོབས་ཀྱིས་དོན་རང་མཚན་ཉིད་བླང་དོར་ལ་འཇུག་པ་ནི་ཚུ་རོལ་མཐོང་བ་རྣམས་ཀྱི་རྣམ་པར་ཐར་པ་ཡིན་ནོ། །དེ་སྐད་དུའང༌། རྣམ་འགྲེལ་ལས། དེ་དངོས་སྒྲོ་བཏགས་རྟོགས་པ་ཡིས། །གཞན་ལ་བཟློག་པ་རྟོགས་ཕྱིར་ཡང༌། །སྒྲ་དོན་གང་ཡིན་འདི་ཉིད་ཅེས། །བརྗོད་པ་ལ་ནི་འགལ་བ་མེད། །ཅེས་བྱ་བ་དང༌། ཤེས་པ་སྒྲ་ཡི་ངེས་སྤྲུལ་པ། །དེ་དག་ལོག་པར་སྣང་བ་ཉིད། །དོན་གྱི་ཆ་ལས་འདི་རྗེས་འགྲོ། །དེ་ལྟར་མཉན་པ་གཞན་སེལ་བྱེད། །ཅེས་གསུངས་པས་སོ། །སྒྲ་ཡི་དངོས་ཀྱི་བརྗོད་བྱ་མེད། །ཞེན་པའི་བརྗོད་བྱ་རང་མཚན་ཡིན། །འབྲེལ་བ་འཁྲུལ་པས་བྱས་ན་ཡང༌། །འཇུག་པའི་སྐྱེས་བུ་བསླུ་བ་མེད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་བརྗོད་བྱ་དང་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་ལྔ་པའོ།། །།བཞི་པ་འབྲེལ་པ་དང་འགལ་བ་རྟོགས་པའི་ཚུལ་ནི། དགག་དང་བསྒྲུབ་པ་ཇི་སྙེད་པ། །འགལ་འབྲེལ་ཉིད་ལ་ལྟོས་པས་ན། །ཚད་མའི་མཚན་ཉིད་དཔྱོད་པ་ཡི། །སྔོན་དུ་འགལ་འབྲེལ་དཔྱད་པར་བྱ། །ཚད་མ་ཡིན་མ་ཡིན་ཞེས་བྱ་བ་ལ་སོགས་པ་དཔྱོད་པ་ཐམས་ཅད་འགལ་འབྲེལ་ལ་ལྟོས་པའི་ཕྱིར་ཐོག་མར་དེ་གཏན་ལ་དབབ་བོ། །དེ་ལ་གཉིས་ལས། ཐོག་མར་འབྲེལ་པ་དཔྱད་པ་ལ་གསུམ་སྟེ། དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་བསྒྲུབ་པའི་ཚད་མའོ། །དང་པོ་ལ་འབྲེལ་པ་སྤྱིར་དགག་པ་དང༌། སོ་སོར་དག་ག་པ་གཉིས་ཀྱི་དང་པོ་ཡང༌། ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། །གཅིག་ལ་འབྲེལ་པ་མི་སྲིད་པས། །རང་རང་ངོ་བོ་ལ་གནས་པའི། །དངོས་པོ་ཐམས་ཅད་འབྲེལ་མེད་ཡིན། །ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་ལས་མི་སྲིད་ལ། དངོས་པོ་ལའང་རང་གཞན་གཉིས་སུ་ཁ་ཚོན་ཆོད་ཅིང༌། རང་ཡིན་ན་གཞན་དང་མ་འདྲེས། །གཞན་ཡིན་ན་རང་དང་མ་འདྲེས་པས་བར་ན་ཕུང་པོ་གསུམ་པ་མེད་དོ། །དེས་ན་གྲངས་ཅན་ལྟར་ཆོས་དུ་མ་གཅིག་ཏུ་འདྲེས་པ་མི་སྲིད་ལ་གཅིག་ལ་རང་ཉིད་རང་དང་འབྲེལ་པ་མི་སྲིད་པས་རྐྱང་པ་རེ་རེ་ལ་འབྲེལ་པ་ཡོད་རེ་སྐན། དེའང་འབྲེལ་བརྟག་ལས། གཞན་དབང་ཁོ་ནར་འབྲེལ་པ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་དུ་ན་མེད། །ཅེས་གསུངས་པས་སོ། །དངོས་མེད་ལའང་དངོས་འབྲེལ་ནི། །ཡོད་ཅེས་བླུན་པོ་འགའ་ཞིག་སྨྲ། །བོད་འགའ་ཞིག་གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ཀྱི་དགག་བྱ་མི་སྲིད་པ་རྣམས་ལ། བསྒྲུབ་བྱའི་ཆོས་མེད་དགག་ཡིན་པས་དངོས་འབྲེལ་མེད་ཅིང་དགག་བྱ་མི་སྲིད་པས་བཟློག་འབྲེལ་ཡང་མེད་ལ། འབྲེལ་མེད་ཀྱི་རྟགས་སྲིད་པར་ཐལ་བས་དེས་ན་དངོས་མེད་ལའང་དངོས་འབྲེལ་ཡོད་ལ། འོན་ཀྱང་དེ་སྤུ་རིས་མི་ཟིན་པས་བཟློག་འབྲེལ་ངེས་པ་ལ་ལྟོས་སོ་ཞེས་ཟེར་རོ། །འདི་མི་འཐད་དེ། དངོས་མེད་ངོ་བོ་མེད་པ་ལ། །འབྲེལ་པ་ཡོད་ན་དངོས་པོར་འགྱུར། །ཁྱེད་རང་ལྟར་ན་བདག་གཅིག་པས་འབྲེལ་ན་རང་བཞིན་གྱི་དངོས་པོ་དང་དེ་ལས་བྱུང་བས་འབྲེལ་ན་འབྲས་བུའི་དངོས་པོར་འགྱུར་རོ། །ཡང་དངོས་པོ་དང་དངོས་མེད་གཉིས་ཀ་ལ་འབྲེལ་པའི་མཚན་ཉིད་མི་སྲིད་དེ། ཆོས་གང་ཆོས་གཞན་མི་འདོར་བ། །འབྲེལ་པ་རྣམས་ཀྱི་སྤྱི་མཚན་ཏེ། །དངོས་པོ་འདྲེ་བ་མེད་ཕྱིར་དང༌། །དངོས་མེད་ངོ་བོ་མེད་ཕྱིར་མེད། །འབྲེལ་པ་སྤྱིའི་མཚན་ཉིད་ཆོས་གང་ཞིག་ཆོས་གཞན་མི་འདོར་བ་ཡིན་པས་ཆོས་གཉིས་ལ་གནས་དགོས་ལ་དེ་ནི་དངོས་པོ་ལ་འདྲེ་བ་མེད་ཅིང་དངོས་མེད་ལ་ངོ་བོ་མེད་པས་མི་སྲིད་དོ། །དེའང་འབྲེལ་བརྟག་ལས། འགའ་ཡང་འབྲེལ་པའི་མཚན་ཉིད་ནི། །གཉིས་ལ་གནས་ཀྱིས་གཞན་དུ་མིན། །ཞེས་གསུངས་པས་སོ། །གལ་ཏེ་འབྲེལ་པའི་མཚན་ཉིད་ཆོས་གཞན་ལ་མི་འཁྲུལ་པ་ལ་འདོད་ན། མི་འཁྲུལ་པ་བློའི་ཆོས་ཡིན་པས་དོན་ལ་འཁྲུལ་མ་འཁྲུལ་གྱི་ཐ་སྙད་མི་འཇུག་གོ །ཡང་འབྲེལ་པའི་སྒྲ་དོན་མི་འཇུག་སྟེ། སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀས་འབྲེལ་པའི་སྒྲ་སཾ་བན་དྷ་ཞེས་བྱ་བ་ཡང་དག་པར་བཅིངས་པའམ། པྲ་ཏི་བནྡྷ་ཞེས་སོ་སོར་བཅིངས་ཤིང་གཉིས་ཕན་ཚུན་མི་གཏོང་བ་ལ་འདོད་ལ། དེ་དག་ཀྱང་དངོས་པོ་དང་དངོས་མེད་ཀྱི་འབྲེལ་པ་ལ་མི་འགྲུབ་བོ། །གལ་ཏེ་སྒྲ་དོན་མ་གྲུབ་མོད་མཚན་ཉིད་གྲུབ་བོ་ཞེ་ན། འདིར་བདེན་པ་གཉིས་ཀྱི་མིང་དོན་དང་མཚན་ཉིད་ལྟར་འབྲེལ་པའང་མིང་དོན་དང་མཚན་ཉིད་གཅིག་པའི་སྐབས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་ཆོས་ཐམས་ཅད་འབྲེལ་པ་མེད་པ་ཞེས་གསུངས་པའང་དེ་ཡིན་ནོ། །གཉིས་པ་སོ་སོར་དགག་པ་ལའང་གསུམ་ལས། དང་པོ་བདག་གཅིག་པའི་འབྲེལ་པ་དགག་པ་ནི། བདག་གཅིག་པ་ལ་ཆོས་གཉིས་མེད། །ཆོས་གཉིས་མེད་ལ་འབྲེལ་མི་སྲིད། །དེས་ན་བྱས་དང་མི་རྟག་པ། །དོན་གྱི་སྟེང་ན་འབྲེལ་པ་མེད། །སྒྲ་དང་མི་རྟག་པ་དང་བྱས་པ་ཞེས་ལྡོག་པ་ཐ་དད་བློས་ཕྱེ་བ་ཡིན་གྱི་དོན་ལ་མེད་དོ། །གལ་ཏེ་བྱས་དང་མི་རྟག་པའི། །ལྡོག་པ་སྒྲ་ལ་མ་གྲུབ་ན། །ཚུལ་གསུམ་གྲུབ་པ་མི་སྲིད་པས། །དོན་ལ་བདག་གཅིག་འབྲེལ་ཅེ་ན། །གྲངས་ཅན་དང་བོད་འགའ་ཞིག་ཁ་མཐུན་པར་སྒྲ་དང་བྱས་པ་དང་མི་རྟག་པ་གསུམ་རྫས་གཅིག་ཀྱང་ལྡོག་པ་ཐ་དད་དུ་དོན་ཉིད་ལ་གནས་སོ། །གལ་ཏེ་ལྡོག་པ་བློས་བྱས་ཡིན་ན་དོན་ལ་དགག་སྒྲུབ་མི་ནུས་ཏེ། བློའི་ཆོས་རང་དགའ་བ་རྣམས་དོན་དང་མ་འབྲེལ་བའི་ཕྱིར་རོ་ཞེ་ན། མི་འཐད་དེ། རྫས་གཅིག་དོན་མཐུན་ལྡོག་པ་རྣམས། །དོན་ལ་ཡོད་ན་ལྡོག་པ་ན། །མ་འབྲེལ་རྟགས་མིན་འབྲེལ་ན་ཡང༌། །རྣམ་གྲངས་པའམ་འབྲས་བུར་འགྱུར། །བྱས་པ་དང་མི་རྟག་པ་གཉིས་སྒྲའི་རྫས་སུ་གཅིག་པར་མི་མཐུན་པ་མེད་མོད། འོན་ཀྱང་ལྡོག་པ་ཐ་དད་གཉིས་བློ་ལ་ལྟོས་པའི་དོན་ཆོས་སམ་མ་ལྟོས་པའི་དོན་ཆོས་ཡིན་ཡང་རུང་སྟེ་དོན་ལས་ཐ་དད་དུ་ཡོད་ན། བྱས་པ་དང་མི་རྟག་པའི་ལྡོག་པ་ནང་འབྲེལ་མེད་ན་བྱས་པས་མི་རྟག་པ་བསྒྲུབ་མི་ནུས་ཤིང་ཡོད་ན་བྱས་ལྡོག་དང་མི་རྟག་པའི་ལྡོག་པ་གཉིས་བདག་གཅིག་ན་རྫས་ཀྱང་གཅིག་ལྡོག་པའང་གཅིག་པས་ཐ་དད་དུ་འདོད་ཀྱང་དོན་ལ་ཁྱད་པར་ཅིའང་མེད་ལ་ཁྱད་པར་མེད་པ་ལ་མིང་དུ་མ་བཏགས་ཀྱང་ཟླ་བ་དང་བསིལ་ཟེར་བྱེད་ལྟར་མིང་གི་རྣམ་གྲངས་སུ་འགྱུར་གྱི་ལྡོག་པ་ཐ་དད་དུ་མ་སོང་ངོ༌། །གལ་ཏེ་དེ་ལས་འབྱུང་བས་འབྲེལ་ན་རང་བཞིན་གྱི་རྟགས་སུ་མི་འགྱུར་རོ། །གཞན་ཡང་བྱས་ལྡོག་རྟག་ན་རྟག་དངོས་སྲིད་པར་འགྱུར་ལ། མི་རྟག་ན་མི་རྟག་པར་གང་གིས་འགྲུབ། །བྱས་ལྡོག་ཆོས་ཅན་མི་རྟག་སྟེ། །བྱས་པའི་ཕྱིར་ཞེས་རྟགས་གཞན་གྱིས་བསྒྲུབ་བོ་སྙམ་ན། དེ་ལ་ཡང་རྟགས་གཞན་དགོས་པས་ཐུགས་མེད་དུ་འགྱུར་རོ། །དེས་ན་སྤྱོད་འཇུག་གི་གྲངས་ཅན་འགོག་པའི་སྐབས་སུ། གཅིག་ལ་རང་བཞིན་གསུམ་ཉིད་ནི། །རིགས་མིན་དེས་ན་དེ་ཡོད་མིན། །དེ་བཞིན་ཡོན་ཏན་ཡོད་མིན་ཏེ། །དེ་ཡང་སོ་སོར་རྣམ་གསུམ་ཕྱིར། །ཞེས་གསུངས་པ་དང༌། རིགས་པའི་གནད་གཅིག་པས། གྲངས་ཅན་གྱི་རང་བཞིན་དང་ཡོན་ཏན་དོན་གྱི་སྟེང་ན་བདག་གཅིག་པར་འདོད་པ་དང་བོད་དག་གིས་རྫས་དང་ལྡོག་པ་དོན་གྱི་སྟེང་ན་བདག་གཅིག་པར་འདོད་པ་ནི་མིང་བསྒྱུར་བ་མ་གཏོགས་པ་དོན་ལ་ཁྱད་པར་མེད་དོ། །གཉིས་པ་དེ་ལས་བྱུང་བའི་འབྲེལ་པ་དོན་ལ་དགག་པ་ལ་རྒྱུ་འབྲས་ཀྱི་རྫས་ལ་འབྲེལ་པ་དགག་པ་དང༌། རིགས་ལ་འབྲེལ་པ་དགག་པ་གཉིས་ལས་དང་པོ་ལ་གསུམ་སྟེ། རྒྱུ་འབྲས་རིམ་གྱིས་པ་ལ་དགག་པ། རྐྱང་པ་ལ་དགག་པ། ལྟོས་པ་ལ་དགག་པའོ། །དང་པོ་ལ་གཉིས་ལས། སྔ་ཕྱི་ལ་མི་འཐད་པ་ནི། སྔ་ཕྱི་མིན་ལ་དེ་བྱུང་མེད། །སྔ་ཕྱི་ཡོད་ན་གང་རུང་མེད། །དེས་ན་དངོས་དང་དངོས་མེད་ལ། །དེ་ལས་བྱུང་བའི་འབྲེལ་པ་མེད། །དངོས་པོ་ཐ་དད་དུས་མཉམ་པ་ལ་དེ་ལས་བྱུང་བའི་འབྲེལ་པ་མི་སྲིད་ཅིང་དུས་མི་མཉམ་པ་ལའང་རྒྱུ་མེ་ཡོད་པ་ན་འབྲས་བུ་དུ་བ་མ་སྐྱེས་ནས་དངོས་མེད་ཡིན་ལ། དུ་བ་ནམ་སྐྱེས་པ་ན་དེ་སྐྱེད་པའི་རྒྱུ་མེ་སྐད་ཅིག་གིས་འཇིག་པས་དངོས་མེད་དུ་འགྱུར་བའི་ཕྱིར། གང་ལྟར་ཡང་རྒྱུ་འབྲས་གཅིག་པ་དགག་པ་ལ་འབྲེལ་པ་མི་སྲིད་དོ། །དེ་ཉིད་འབྲེལ་བརྟག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡང༌། །དེ་གཉིས་ལྷན་ཅིག་མི་གནས་པས། །གཉིས་ལ་གནས་པ་ཇི་ལྟར་འགྲུབ། །གཉིས་ལ་མི་གནས་ཇི་ལྟར་འབྲེལ། །ཞེས་གསུངས་ལ། དེ་ཉིད་འགྲེལ་པ་བྱེད་པས་ཀྱང༌། བློས་སྤྲེལ་ཏེ་འབྲེལ་པ་ནི་རྣམ་པར་རྟོག་པས་བསྐྱེད་པར་འགྱུར་རོ་ཞེས་བཤད་དོ། །གཉིས་པ་བར་གྱི་སྦྱོར་འབྲེལ་མི་འཐད་པ་ནི། འགགས་པ་དང་ནི་སྐྱེས་པ་ལ། །སྦྱོར་བའི་འབྲེལ་པ་ཡོད་ཅེ་ན། །མུ་སྟེགས་བྱེད་ན་རེ། །རྒྱུ་མེ་འགགས་པ་དང་འབྲས་བུ་དུ་བ་སྐྱེ་བའི་བར་དེར་སྦྱོར་བའི་འགྲེལ་པ་ཡོད་དོ་ཞེ་ན། མི་འཐད་དེ། སྦྱོར་འབྲེལ་རྟག་ན་དངོས་པོ་མིན། །མི་རྟག་ན་ནི་ཐུག་མེད་འགྱུར། །སྦྱོར་བའི་འབྲེལ་པ་རྟག་ན་དངོས་པོར་མི་འཐད་ལ། དངོས་པོར་མེད་པ་དེ་བྱ་བྱེད་ལས་གྲོལ་བའི་ཕྱིར་གཉིས་སྦྱོར་བའི་བྱེད་པ་པོར་མི་རུང་ཞིང་མི་རྟག་ན་མེ་འགགས་པ་ན་སྦྱོར་འབྲེལ་ཡང་འགགས་པས་དུ་བ་དང་སྦྲེལ་བར་མི་ནུས་སོ། གལ་ཏེ་མེ་འགགས་ལ་དུ་བ་མ་སྐྱེས་པའི་བར་དེར་སྦྱོར་བའི་འབྲེལ་པ་ཡོད་པར་འདོད་ན། རྒྱུ་འབྲས་མ་འབྲེལ་པ་གཉིས་ཀྱི་འབྲེལ་བྱེད་དུ་མི་འཐད་དེ། འབྲེལ་བྱེད་དེ་ཆོས་གསུམ་པར་ཡོད་པའི་ཕྱིར་རོ། །ཆོས་གསུམ་པར་ཡོད་ཀྱང་མེ་དུད་ཀྱི་འབྲེལ་བྱེད་ཡིན་ན་མེ་དུད་གཉིས་ཉིད་སྦྲེལ་བས་ཆོག་གིས་འབྲེལ་པས་སྦྲེལ་ཅི་དགོས། གལ་ཏེ་མེ་དུད་དང་སྦྱོར་འབྲེལ་གྱི་བར་དུའང་འབྲེལ་བ་གཞན་ཞིག་དགོས་ན་ཐུག་མེད་དུ་འགྱུར་རོ། །དེའང་འབྲེལ་བརྟག་ལས། ཐ་དད་ཡིན་ན་ཅི་ཞིག་འབྲེལ། །ཐ་དད་མིན་ན་རྒྱུ་འབྲས་གང༌། །གཞན་ཞིག་ཡོད་ན་མ་འབྲེལ་གཉིས། །དེ་གཉིས་འབྲེལ་པ་ཇི་ལྟར་བྱེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་རྒྱུ་འབྲས་རྐྱང་པ་ལ་འབྲེལ་པ་དགག་པའང༌། གལ་ཏེ་ཕན་ཚུན་མ་ལྟོས་པའི། །མེ་དུད་འབྲེལ་པ་ཡིན་ཞེ་ན། །འབྲེལ་པ་ནི་ཆོས་གཉིས་ལ་ལྟོས་མི་དགོས་ཀྱི། མེ་དུད་ལ་སོགས་པ་སོ་སོ་བ་ཉིད་མཐོང་བས་འབྲེལ་པའོ་སྙམ་ན། རྐྱང་པ་རེ་རེ་མཐོང་བས་ཀྱང༌། །གཉི་གའི་འབྲེལ་པ་ངེས་པར་འགྱུར། །མེ་དུད་རྐྱང་པ་འབྲེལ་པ་ཡིན་ན་འབྲེལ་མེད་མི་སྲིད་ཅིང་ཕན་ཚུན་མ་ལྟོས་ཀྱང་རྒྱུ་འབྲས་ངེས་པར་འགྱུར་ལ། འབྲས་རྟགས་དང་རྒྱུ་མི་དམིགས་པ་གོ་བྱེད་དུ་མི་འགྱུར་ཏེ་ཕན་ཚུན་མི་ལྟོས་པའི་ཕྱིར་རོ། །དེ་ལའང་འབྲེལ་བརྟག་ལས། དེ་མེད་པར་ཡང་ཡོད་པའི་ཕྱིར། །གཅིག་ལ་འདུག་པ་འབྲེལ་པ་མེད། །ཅེས་གསུངས་པས་སོ། །གསུམ་པ་ལྟོས་པ་ལ་འབྲེལ་པར་འདོད་པ་དགག་པ་ལ་གཉིས་ལས། དང་པོ་ཕན་འདོགས་པ་ལ་འབྲེལ་པ་དགག་པ་ཡང༌། རྒྱུ་འབྲས་ཕན་ཚུན་ལྟོས་ནས་ཕན། །འདོགས་ཕྱིར་འབྲེལ་བ་མི་འགལ་ན། །མེ་ཕན་འདོགས་བྱེད་དང༌། དུ་བ་ཕན་གདགས་བྱ་ཡིན་པས་འབྲེལ་པ་ཆོས་གཉིས་ལ་ལྟོས་སོ་ཞེ་ན། རྒྱུ་འབྲས་དངོས་པོ་དངོས་མེད་ལ། །ཕན་བྱ་ཕན་བྱེད་འཐད་པ་དཀའ། །ཕན་འདོགས་བྱེད་ཀྱི་རྒྱུ་ཡོད་པ་ན་ཕན་གདགས་བྱའི་འབྲས་བུ་མ་སྐྱེས་ལ། ཕན་གདགས་བྱའི་འབྲས་བུ་སྐྱེས་པ་ན་ཕན་འདོགས་བྱེད་ཀྱི་རྒྱུ་འགགས་པས་དུས་མི་མཉམ་པའི་ཕྱིར་ཕན་འདོགས་མ་སྲིད་དེ། ཐུབ་པ་དང་རིང་འཕུར་བཞིན་ནོ། །དེའང་འབྲེལ་བརྟག་ལས། འདི་ནི་གཞན་དུ་འདུག་པ་ན། །ཅི་སྟེ་དེ་གཉིས་གཅིག་ལ་ལྟོས། །ལྟོས་ལས་ཕན་པ་བྱེད་པར་འགྱུར། །མེད་ན་ཇི་ལྟར་ཕན་པར་བྱེད། །ཅེས་གསུངས་པས་སོ། །གཉིས་པ་མེད་ན་མི་འབྱུང་བའི་འབྲེལ་པ་དགག་པ་ཡང༌། མེད་ན་མི་འབྱུང་འབྲེལ་ཡིན་ན། །གཡས་གཡོན་སོགས་ཀྱང་འབྲེལ་པར་འགྱུར། །རྒྱུ་ལ་མ་ལྟོས་པར་འབྲས་བུའི་ཐ་སྙད་མི་འབྱུང་བ་ཙམ་ལ་འབྲེལ་པར་འདོད་དོ་ཞེ་ན། རྭ་གཡས་གཡོན་དང་ཕ་རོལ་ཚུ་རོལ་དང་རིང་ཐུང་ལ་སོགས་པ་ཐམས་ཅད་རྒྱུ་འབྲས་སུ་འགྱུར་ཏེ། འབྲེལ་བརྟག་ལས། ཅི་སྟེ་དོན་གཅིག་འབྲེལ་པའི་ཕྱིར། །དེ་གཉིས་རྒྱུ་འབྲས་ཉིད་ཡིན་ན། །གཉིས་ཉིད་ལ་སོགས་འབྲེལ་པའི་ཕྱིར། །གཡས་གཡོན་རྭ་ཡང་དེ་གཉིས་ཐོབ། །ཅེས་གསུངས་པ་ལྟར་རོ། །དོན་ལ་མེད་ན་མི་འབྱུང་བའི། །འབྲེལ་པ་རྫས་ལྡོག་བརྟག་པས་ཁེགས། །ཐ་སྙད་ལྟོས་པ་ཙམ་མ་ཡིན་གྱི་དོན་ཉིད་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་ཅེ་ན། མེའི་རྫས་མེད་ན་དུ་བའི་རྫས་མི་འབྱུང་བ་ཡིན་ནམ། མེ་ཙམ་གྱི་ལྡོག་པ་མེད་ན་དུ་བ་ཙམ་གྱི་ལྡོག་པ་མི་འབྱུང་བ་ཡིན། དང་པོ་ལྟར་ན་མེའི་རྫས་ལ་གསུམ་ལས་མི་འདའ་བས་ད་ལྟར་མཐོང་བའི་དུ་བ་དང་འདས་པའི་མེ་མེད་ན་མི་འབྱུང་བ་ཡིན་མོད། །དོན་ཐོབ་བྱེད་མ་ཡིན་ཏེ་འགགས་པའི་ཕྱིར་རོ། །མ་འོངས་པའི་མེ་ཐོབ་ཏུ་ཆུག་ནའང་རྒྱུ་མ་ཡིན་པས་མེད་ན་མི་འབྱུང་བ་མེད་ལ། ད་ལྟ་བ་ལ་མེད་ན་མི་འབྱུང་བ་དང་ཐོབ་པ་གཉིས་ཀ་མེད་དེ་དུས་མཉམ་པའི་ཕྱིར་རོ། །གཉིས་པ་མེ་དུད་ཀྱི་རྫས་སོ་སོར་མ་ཕྱེ་བར་ལྡོག་པ་མེད་ན་མི་འབྱུང་བ་ལ་འདོད་ན་དེ་རྟོག་པས་སྦྲེལ་པ་ཡིན་གྱི་དོན་གྱི་འབྲེལ་པ་མི་འཐད་དོ། །གཉིས་པ་རྒྱུ་འབྲས་རིགས་ལ་འབྲེལ་པ་དགག་པ་ཡང༌། རང་གི་མཚན་ཉིད་འབྲེལ་མེད་ཀྱང༌། །རྒྱུ་འབྲས་རིགས་ལ་འབྲེལ་ཞེ་ན། །རྒྱུ་འབྲས་རང་གི་མཚན་ཉིད་ལ་མེད་ཀྱང་རིགས་ལ་འབྲེལ་པ་ཡོད་དོ་ཞེ་ན། རིགས་དེ་རྒྱུ་འབྲས་ཉིད་ཡིན་ན། །སྔར་གྱི་སྐྱོན་ལས་འདས་པ་མེད། །དེ་ལས་གཞན་པའི་རིགས་ཡོད་ན། །སྤྱི་ཡི་སྐབས་སུ་བཀག་ཟིན་ཏོ། །སྤྱི་རིགས་ཀྱི་འབྲེལ་པ་ཞེས་བྱ་བ་དེ་ཅི། རྒྱུ་འབྲས་རང་གི་མཚན་ཉིད་ལ་ཟེར་ན་རང་མཚན་དུས་གསུམ་དུ་བརྟགས་ནས་བཀག་ཟིན་ལ་དེ་ལས་གཞན་པའི་སྤྱི་རིགས་ནི་སྤྱི་བྱེ་བྲག་ལས་ཐ་དད་ན་བྱེ་བྲག་པ་ལ་བརྗོད་པའི་སྐྱོན་དང༌། ཐ་མི་དད་ན་གྲངས་ཅན་ལ་བརྗོད་པའི་སྐྱོན་སྔར་སྤྱི་འགོག་པའི་སྐབས་སུ་བཤད་ཟིན་ཏོ། །གསུམ་པ་འབྲེལ་པ་གཞན་བཀག་པར་གྲུབ་པ་ནི། འདིས་ནི་ལྡན་དང་འདུ་བ་དང༌། །ཁྱད་པར་དང་ནི་ཁྱད་པར་ཅན། །བྱེད་དང་ཕྲད་པ་ལ་སོགས་པ། །འབྲེལ་པར་འདོད་པ་བཀག་པ་ཡིན། །དེ་ལ་གཉིས་ལས་ཕྱོགས་སྔ་མ་བརྗོད་ན། འཁར་གཞོང་ལ་ནི་རྒྱ་ཤུག་བརྟེན། །དེ་ནི་ལྡན་པའི་འབྲེལ་ཞེས་ཟེར། །འཁར་གཞོང་དང་རྒྱ་ཤུག་ངོ་བོ་ཐ་དད་ཅིང་དེ་ལས་མ་སྐྱེས་པས་བདག་གཅིག་དང་དེ་བྱུང་མེད་མོད་འོན་ཀྱང་རྟེན་དང་བརྟེན་པ་གཉིས་སྦྲེལ་བ་ལྡན་པའི་འབྲེལ་པ་དང༌། རྟག་པའི་རྟེན་ལ་མི་རྟག་པ། །འབྲེལ་པ་འཕྲོད་པ་འདུ་ཞེས་གྲགས། །སྤྱི་ཤིང་ཙམ་ལ་སོགས་པ་རྟག་པ་གཅིག་པུའི་རྟེན་དེ་ལ་བྱེ་བྲག་ཙནྡན་ལ་སོགས་པ་མི་རྟག་པ་བརྟེན་པ་འཕྲོད་པ་འདུ་བའི་འབྲེལ་པ་དང༌། བྱས་དང་མི་རྟག་ལ་སོགས་པ། །དོན་གཅིག་ལ་ནི་འདུ་ཞེས་སྨྲ། །བྱས་པ་དང་མི་རྟག་པ་ལ་སོགས་པ་ཐ་དད་སྒྲ་དང་འབྲེལ་པ་ལྟ་བུའམ། ནོག་ལྐོག་ཤལ་རྭ་དང་རྨིག་བཞི་ལ་སོགས་པ་དཀར་ཟལ་ལ་སོགས་པ་དང་འབྲེལ་པའམ། ཐགས་ཀྱི་རྒྱུ་སྤུན་སྣམ་བུ་དང་འབྲེལ་པ་ལ་སོགས་པ་ཆོས་ཐ་དད་མི་འབྲེལ་པ་ཐམས་ཅད་དོན་གཅིག་ལ་འདུ་བའི་འབྲེལ་པ་དང༌། ཐ་དད་གཞན་གྱིས་གཞན་གོ་བ། །ཁྱད་པར་བྱེད་ཆོས་འབྲེལ་ཞེས་འདོད། །ཐ་དད་པའི་དབྱུག་པས་དབྱུག་པ་ཅན་དུ་གོ་བ་ལ་སོགས་པ་ཐམས་ཅད་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་པ་དང༌། འགགས་པའི་རྒྱུ་དང་ད་ལྟར་གྱི། །འབྲས་བུ་འབྲེལ་པ་སྦྱོར་འབྲེལ་ལོ། །རྒྱུ་འགགས་པ་དང་འབྲས་བུ་ད་ལྟར་བ་གཉིས་འབྲེལ་པ་ལ་སྦྱོར་བའི་འབྲེལ་པ་དང༌། བདག་དང་བྱ་བ་རྣམ་གཉིས་ལ། །བྱེད་པའི་འབྲེལ་པ་ཡོད་དོ་ལོ། །བདག་རྟག་པ་དང་བྱ་བ་མི་རྟག་པ་ལ་བྱེད་པའི་འབྲེལ་པ་དང༌། མིག་གིས་གཟུགས་ལ་བལྟ་བ་ལ། །ཕྲད་པའི་འབྲེལ་བ་ཡིན་ཞེས་ཟེར། །གཟུགས་དང་མིག་འདུས་པའམ་དེ་བཞིན་དུ་ལུས་དང་རེག་བྱ་འདུས་ནས་འཛིན་པའི་བར་ཐམས་ཅད་ལ་ཕྲད་པའི་འབྲེལ་པ་དང༌། རྗེ་ཁོལ་ཁྱོ་ཤུག་ལ་སོགས་ཀྱང༌། །འབྲེལ་པ་ཡིན་ཞེས་རྨོངས་པ་སྨྲ། །ཁུ་བྱུག་དང་ཁུག་རྟའམ། །བྱ་རྒོད་དང་བྱི་བ་ལ་སོགས་པ་དག་ལ་རྗེ་ཁོལ་དང༌། ངུར་པ་ལ་སོགས་པ་ལ་ཁྱོ་ཤུག་དང༌། སྒྲ་དང་དོན་ལ་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ལ་སོགས་པ་རྣམ་པར་རྟོག་པས་སྤྲུལ་པ་དུ་མ་དོན་ལ་ཡོད་པར་འདོད་དོ། །གཉིས་པ་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་དགག་ན་གཉིས་ལས་དང་པོ་དོན་ལ་མ་གྲུབ་པ་ནི། དོན་ལ་འབྲེལ་པ་འདོད་པ་ནི། །གཅིག་དང་ཐ་དད་བརྟགས་པས་ཁེགས། །ལྡན་པ་དང་འདུ་བ་ལ་སོགས་པ་དེ་དག་དངོས་པོར་མེད་ན། དངོས་འབྲེལ་མི་སྲིད་ཅིང༌། དངོས་པོར་ཡོད་ནའང་གཅིག་ཡིན་ནའང་ཐ་དད་མེད་ལ། ཐ་དད་ཡིན་ན་འདྲེ་བ་མེད་པས་འབྲེལ་བ་མི་འཐད་པར་སྔར་བཀག་པས་འདི་དག་ཀྱང་ཁེགས་ཟིན་ཏོ། །གཉིས་པ་བློ་ངོར་གྲུབ་ཀྱང་གཞན་དུ་མི་འཐད་པ་ནི། ལྡན་པ་སོགས་ལའང་གཞན་སེལ་གྱིས། །སྦྲེལ་ན་གོ་བྱེད་ཡིན་ཞེ་ན། །ལྡན་པ་ལ་སོགས་པ་དེ་དག་དོན་ལ་འབྲེལ་པ་མེད་ཀྱང་ཁྱེད་རང་ལྟར་གཞན་སེལ་གྱིས་སྦྲེལ་ན་བློ་ངོར་འབྲེལ་པ་ཅི་སྟེ་མི་འགྲུབ་སྙམ་ན། ལྡན་པ་ཅན་སོགས་གནོད་བྱེད་ཡོད། །གནོད་བྱེད་མེད་ན་གཉིས་པོར་འདུས། །དེ་དག་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པའི་ཕྱིར་འབྲེལ་པར་མི་རུང་ངོ༌། །གལ་ཏེ་གནོད་པ་མེད་ན་འབྲེལ་པ་བློ་ངོར་གྲུབ་མོད། འོན་ཀྱང་དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་མི་འདའོ། །ཇི་ལྟར་གནོད་པ་ཡོད་ཅེ་ན། འཁར་གཞོང་གིས་རྒྱ་ཤུག་ལ་ཕན་པའི་ཁྱད་པར་མི་བསྐྱེད་ན་རྒྱ་ཤུག་མི་གནས་པར་འགྱུར་ཏེ་ཕན་མ་བཏགས་པའི་ཕྱིར་རོ། །ཕན་མ་བཏགས་ཀྱང་གནས་ན་རྒྱ་ཤུག་ལྟུང་བ་མི་སྲིད་དོ། །བསྐྱེད་ན་སྔར་མི་གནས་པ་ཕྱིས་གནས་པར་བསྐྱེད་པས་རྒྱུ་འབྲས་ལས་མ་འདས་ཏེ། རྣམ་འགྲེལ་ལས། རྒྱ་ཤུགས་སོགས་ལའང་དེ་ཡི་ཡུལ། །བསྐྱེད་པ་འཁར་གཞོང་སོགས་པས་ནུས། །ཞེས་གསུངས་པ་ལྟར་རོ། །འདུ་བའི་འབྲེལ་པའང་བྱས་མི་རྟག་འདུ་བ་མ་ཡིན་གྱི་དོན་གཅིག་ཉིད་དུ་བཤད་ཟིན་ཏོ། །ནག་ལྐོག་ཤལ་ལ་སོགས་པའང་འདུ་བས་སྦྲེལ་བའི་ཡན་ལག་ཅན་གྱི་རྫས་མི་འདོད་ལ་ནོག་ལ་སོགས་པའི་ཚོགས་པ་ཅན་ཡ་གྱལ་རྣམས་འདུས་པ་ལས་ཚོགས་པའི་གོང་བུ་སྐྱེ་བ་ནི་རྡུལ་ཕྲན་འདུས་པ་ལས་རིའམ་ནས་འདུས་པ་ལས་ཕུང་པོ་སྐྱེ་བ་ལྟར་ཕན་བཏགས་པ་ཉིད་ཀྱིས་རྒྱུ་འབྲས་ཡིན་ཏེ། ཀུན་ལས་བཏུས་ལས། དེ་དོན་དུ་མས་བསྐྱེད་པའི་ཕྱིར། །ཞེས་བྱ་བ་དང༌། དོན་གཞན་དང་ནི་དངོས་འབྲེལ་ཕྱིར། །རྡུལ་ཕྲན་གཞན་འགའ་སྐྱེ་འགྱུར་བས། །ཞེས་བྱ་བ་དང༌། རྣམ་ངེས་ལས། ཚོགས་པ་རྣམ་པར་འཇོག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་པས། །དེ་དག་མེད་ན་དེ་མེད་ཕྱིར། །བ་ལང་ཉིད་ལས་རྭ་ཅན་བཞིན། །ཞེས་གསུངས་པས་སོ། །རྒྱུ་སྤུན་ལས་སྣམ་བུ་འབྱུང་བའང་འདུ་བ་མ་ཡིན་ཏེ། སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། དབང་པོས་འཕྲོད་འདུ་འཛིན་མིན་ཕྱིར། །འབྲེལ་པ་མཐོང་བ་མེད་པར་གནས། །ཞེས་གསུངས་པ་ལྟར་རོ། །འབྲེལ་པ་སྣང་དུ་མི་རུང་ངོ་སྙམ་ན། སྣང་རུང་མ་ཡིན་པའི་འཕྲོ་འདུ་དེ་སྣམ་བུ་ལ་མི་དགོས་ཏེ་སྣམ་བུ་རྒྱུ་སྤུན་བཏགས་པ་ལས་གྲུབ་པའི་ཕྱིར་རོ། །དེ་ཉིད་འཕྲོད་པ་འདུ་བའི་འབྲེལ་བའོ་སྙམ་ན། དེ་རྒྱུ་འབྲས་ལས་མ་འདས་ཏེ་སྔར་གྱི་རྒྱུ་སྤུན་ལས་སྣམ་བུ་ཞེས་བྱ་བའི་ཆོས་གཞན་སྐྱེས་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། སྣལ་མ་དེ་རྣམས་ཀྱིས་སྣམ་བུ། །འདི་ཞེས་སྣལ་མ་འདུས་བྱས་ལ། །ཕྱིས་འབྱུང་འབྲས་བུར་བརྗོད་ཡིན་གྱི། །ཅི་ལྟ་བུར་ཡང་དུས་གཅིག་མིན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་བྱ་བྱེད་ཀྱི་འབྲེལ་པ་ཡང༌། ཁྱད་པར་དང་ནི་ཁྱད་པར་ཅན། །འབྲེལ་དང་འཇིག་རྟེན་ཆོས་ལུགས་ནི། །བཟུང་སྟེ་དེ་དག་བསྡོམ་བྱས་ནས། །དེ་ལྟར་རྟོགས་ཀྱི་གཞན་དུ་མིན། །ཞེས་བྱ་བ་ལྟ་བུ་ལ་ཁྱད་པར་དུ་བྱེད་ཆོས་དབྱུག་པ་ཁྱད་པར་དུ་བྱ་གཞི་སྐྱེས་བུས་བཟུང་བ་ན་ཁྱད་པར་དུ་བྱས་ཆོས་དབྱུག་པ་ཅན་ཞེས་འདོགས་པ་ནི་ཁྱད་པར་བྱས་ཆོས་ཀྱི་འབྲེལ་པ་ཞེས་མུ་སྟེགས་བྱེད་དང་བོད་རྣམས་ཁ་མཐུན་པར་སྨྲའོ། །དེ་ལྟར་ན་འཁར་གཞོང་དང་རྒྱ་ཤུག་གམ་མེ་དང་དུ་བའང་འབྲེལ་པ་གཞན་ཡིན་པས་ཅིས་དགག དེ་ལ་དུས་མཉམ་པའི་རྟེན་དང་བརྟེན་པའམ་མེ་དུད་ཀྱི་རྫས་འབྲེལ་པར་མི་འདོད་ཀྱི་སྐད་ཅིག་གིས་སྔ་བའི་འཁར་གཞོང་དང་རྒྱ་ཤུག་གི་རྒྱུ་རྐྱེན་ལས་རྒྱ་ཤུག་མི་ལྟུང་བ་ཞེས་བྱ་བའི་ཆོས་གཞན་སྐྱེ་ལ། མེ་དུད་ཀྱང་སྐད་ཅིག་གིས་སྔ་བའི་མེ་ལས་དུ་བ་ཕྱིས་སྐྱེས་པས་རྒྱུ་འབྲས་ཡིན་ནོ་ཞེ་ན། འདིར་ཡང་སྐྱེས་བུ་དང་དབྱུག་པ་དུས་མཉམ་པ་རྒྱུ་འབྲས་སུ་མི་འདོད་ཀྱི། སྐད་ཅིག་གིས་སྔ་བའི་སྐྱེས་བུ་དང་དབྱུག་རྐྱང་ལས་སྐད་ཅིག་གིས་འཕྱི་བའི་དབྱུག་པ་ཅན་ཞེས་བྱ་བ་ཆོས་གཞན་སྐྱེ་བ་རྒྱུ་འབྲས་ཡིན་ནོ། །འོ་ན་འབྲས་བུ་རྟགས་སུ་བཀོད་ནས་རྒྱུ་བསྒྲུབ་པ་ལ་འདིས་ཇི་ལྟར་འགྲུབ་ཅེ་ན། འདྲ་མོད་འཁར་གཞོང་དང་རྒྱ་ཤུག་དང་ཚོགས་པ་དང་ཚོགས་པ་ཅན་ལ་སོགས་པ་ཐམས་ཅད་ཀྱང་ནུས་ན་ནུས་མཉམ་མི་ནུས་ན་མི་ནུས་མཉམ་མོ། །གལ་ཏེ་མི་ནུས་སུ་ཆུག་ནའང་རྒྱུ་འབྲས་ཡིན་པ་ཅི་འགལ་ཏེ་ཚང་མང་གི་མེ་དུད་བཞིན་ནོ། །དེས་ན་ཁྱད་པར་དུ་བྱེད་ཆོས་ཀྱི་འབྲེལ་པ་རྒྱུ་འབྲས་སུ་བསྒྲུབ་མི་ཤེས་པའི་བླུན་པོ་དག་གིས་ལྡན་པ་དང་འདུ་བའི་འབྲེལ་པ་ལ་སོགས་པ་ཐམས་ཅད་རྒྱུ་འབྲས་སུ་བསྒྲུབ་མི་ཤེས་པས་མུ་སྟེགས་བྱེད་ཀྱི་ཕྱོགས་ཉིད་ཁས་བླང་དགོས་སོ། །གཞན་ཡང་གྲངས་ཅན་འདོད་པ་ཡི། །ལྕགས་གོང་དང་ནི་མི་བཞིན་དུ། །འདྲེས་པ་རྣམས་དབྱེར་མེད་ཅེ་ན། །ཞེས་ལྕགས་གོང་མེར་སོང་བའམ་རྒྱུ་འབྲས་སུ་བསྒྲུབ་མི་ཤེས་པས་གྲངས་ཅན་ལྟར་འདྲེས་པས་རྣམ་པར་མ་བྱེད་པ་ཉིད་ཁས་ལེན་དགོས་ལ། དེ་ལྟ་ན་ཆོས་ཀྱི་གྲགས་པའི་ཁོངས་སུ་འདུ་མི་འདུའི་རྣམ་གཞག་ཐམས་ཅད་ནུབ་པས་སྡེ་བདུན་གྱི་རིགས་པ་ཐམས་ཅད་བོར་བ་ཡིན་ནོ། །ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་རྟོག་ཕལ་ཆེར་བླུན་པོ་ལེན། །སྐྱུག་སྨན་བཏང་ནས་སྐྱུགས་པ་ལ། །ཁྱི་ལས་གཞན་པ་སུ་ཞིག་ཟ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཡང་རྩོལ་བྱུང་གིས་ཁྱད་པར་དུ་བྱས་པའི་སྒྲ་ལ་སོགས་པ་གཞི་ཐ་མི་དད་ཀྱི་ཁྱད་པར་བྱེད་ཆོས་ནི་བདག་གཅིག་པར་གསལ་ལ། སྦྱོར་བའི་འབྲེལ་པ་རྒྱུ་འབྲས་ཀྱི་འབྲེལ་པ་འགོག་པའི་སྐབས་སུ་བཀག་ཟིན་ཏོ། །ཡང་བྱེད་པ་པོ་དང་ལས་ལ་བྱ་བའི་འབྲེལ་པ་འདོད་དེ། ལས་འབྲས་ཅན་ལ་བྱེད་པ་པོ་ལྷས་བྱིན་གྱིས་བྱ་བ་འཚེད་པ་ལྟ་བུའི་འབྲེལ་པ་དེ་ཡང་བརྟག་སྟེ། བྱེད་པ་པོ་རྟག་གམ་མི་རྟག དེ་ལ་གྲངས་ཅན་ནི་བྱེད་པ་པོ་ཤེས་རིགས་ཀྱི་སྐྱེས་བུ། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །རང་བཞིན་བྱ་མེད། ཅེས་བྱ་བ་ཆོས་ལྔ་ལྡན་གྱི་བདག་དེ་ཡུལ་སྒྲ་དང་གཟུགས་ལ་སོགས་པ་དེ་ཙམ་ལྔ་ལ་ལོངས་སྤྱོད་པ་ན་བྱ་བ་ཞེས་བྱ་བའི་འབྲེལ་པ་འདོད་པ་དང༌། བྱེ་བྲག་པས་བདག་བེམས་པོར་རྟག་པ་ལ་སོགས་པ་ཆོས་བཞི་ལྡན་དེས་ཡུལ་ལ་དངོས་སུ་ལོངས་སྤྱོད་ན་མི་རྟག་པར་འགྱུར་བས་སེམས་པ་ཅན་གཞན་དང་ལྡན་པས་ལོངས་སྤྱོད་པ་ལ་བྱེད་པའི་འབྲེལ་པ་ཞེས་འདོད་དོ། །འདི་དག་མི་འཐད་དེ། བདག་རྟག་པ་ལ་བྱེད་པའི་འབྲེལ་པ་དེས་ཁྱད་པར་བསྐྱེད་ན་མི་རྟག་པར་འགྱུར་ལ་མ་བསྐྱེད་ན་བྱེད་པོས་ཅིའང་མ་བྱས་པས་འབྲེལ་པ་དགོས་པ་མེད་དོ། །གལ་ཏེ་རྟག་པ་དང་མི་རྟག་པ་ལ་འབྲེལ་པས་ཅིའང་མི་བྱེད་ཀྱང་ལས་དང་བྱེད་པོ་མི་རྟག་པ་ལ་བྱེད་པའི་འབྲེལ་པ་ཡོད་དོ་ཞེ་ན། ལྷས་བྱིན་འབྲས་ཆེན་འཚེད་པ་ན་ལྷས་བྱིན་དང་འབྲས་ཡོད་པ་ན་བྱ་བ་མ་སྐྱེས་པས་མེད་ལ་བྱ་བ་སྐྱེས་པ་ན་ལྷས་བྱིན་དང་འབྲས་ཆན་འགགས་ནས་མེད་པས་དེ་དག་གི་བར་ན་འབྲེལ་པ་ག་ལ་ཡོད། འབྲས་ཆན་འཚེད་པ་ཉིད་བྱ་བ་ཡིན་ནོ་ཞེ་ན། དེའི་ཚེ་བྱེད་པ་པོ་དང་ལས་མེད་དོ། །དེ་བཞིན་དུ་བྱེད་པ་པོ་མིག་གིས་ལས་གཟུགས་ལ་བྱ་བ་ལྟ་བར་བྱེད་ཅེས་བྱ་བ་དང༌། བྱེད་པ་པོ་སྒྲ་འཛིན་གྱིས་ལས་སྒྲ་ལ་བྱ་བ་ཉན་པར་བྱེད་ཅེས་བྱ་བ་ལའང་ཤེས་པར་བྱ་སྟེ། མིག་གི་རྣམ་ཤེས་གཟུགས་འཛིན་དུ་སྐྱེས་པ་ན་དབང་པོ་དང་གཟུགས་མེད་ལ། གཟུགས་དང་དབང་པོ་ཡོད་པ་ན་མིག་གི་རྣམ་ཤེས་མེད་པས་གཟུགས་དང་དབང་པོ་ལ་ལྟ་བ་ཞེས་བྱ་བའི་འབྲེལ་པ་མེད་དོ། །དེས་ན་ཆོས་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ཕྱིར་བྱ་བ་མེད་དེ་བྱ་བ་བྱེད་པ་ལ་གནས་དགོས་པའི་ཕྱིར་རོ། །དེ་ཉིད་རྣམ་འགྲེལ་ལས། བྱ་བས་ཕན་འདོགས་ལྟོས་པར་བྱེད། །ཡིན་ན་འགྱུར་མེད་ལྟོས་པ་མེད། །འདི་ནི་ཕུལ་བྱུང་ཡོད་ན་ཡང༌། །སྐད་ཅིག་ཉིད་ཕྱིར་བྱ་གང་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་བདེ་བར་གཤེགས་པས། འདི་ན་བདག་དང་སེམས་ཅན་མེད། །བྱེད་པ་པོ་ནི་མ་དམིགས་སོ། །ཞེས་བྱ་བ་དང༌། །ཆོས་ཐམས་ཅད་བྱེད་པ་མེད་པ་ཞེས་གསུངས་པ་དེ་རིགས་པས་བསྒྲུབ་པ་ཡིན་ནོ། །དེས་ན་མིག་དང་གཟུགས་ལ་ཕྲད་པའི་འབྲེལ་པའང་རིགས་པ་དེ་ཉིད་ཀྱིས་ཁེགས་སོ། །དེ་བཞིན་དུ་རྗེ་ཁོལ་དང་ཁྱོ་ཤུག་ལ་སོགས་པའང་ཕན་ཚུན་ལུས་དང་སྲོག་གནས་པ་ལ་ཕན་འདོགས་ན་རྒྱུ་འབྲས་ལས་མ་འདས་ལ་ཕན་མི་འདོགས་ན་འབྲེལ་པ་ཉིད་མ་ཡིན་ནོ། །དེས་ན་འབྲེལ་པར་སྒྲོ་བཏགས་པ་ཐམས་ཅད་ཀྱང་རྫས་ཐ་མི་དད་ན་བདག་གཅིག་པ་ལས་མི་འདའ་ཞིང་རྫས་ཐ་དད་ལ་ཕན་འདོགས་ན་དེ་ལས་བྱུང་བ་ཡིན་ལ་ཕན་མི་འདོགས་ན་འབྲེལ་པ་མེད་པར་ཤེས་པར་བྱའོ། །གཉིས་པ་བློ་ངོར་འབྲེལ་པ་བསྒྲུབ་པ་གཉིས་ལས། དང་པོ་བློས་ཇི་ལྟར་སྦྲེལ་པའི་ཚུལ་ནི། རྣམ་རྟོག་ཡུལ་ལ་འཇིག་རྟེན་གྱི། །ཐ་སྙད་བཞིན་དུ་དབྱེ་བསྡུ་དང༌། །སྔ་ཕྱི་རྟོག་པས་སྦྲེལ་བ་ཡིས། །འཇུག་ཡུལ་བསྒྲུབ་ཕྱིར་འབྲེལ་པར་འཐད། །དོན་ཐམས་ཅད་ངོ་བོ་གཅིག་དང་ཐ་དད་དུ་གནས་པས་འབྲེལ་པ་མི་སྲིད་མོད། འོན་ཀྱང་གཞན་སེལ་གྱི་སྒོ་ནས་བློ་ངོར་འབྲེལ་པ་བསྒྲུབ་སྟེ། དཔེར་ན་བུམ་པའི་རང་མཚན་ཉིད་གཅིག་ལ་ཐ་དད་དུ་འབྱེད་པའི་གཞན་སེལ་གྱིས་ལྟོ་ལྡིར་མ་ཡིན་པ་དང༌། སྐད་ཅིག་མ་མ་ཡིན་པ་དང༌། རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་པ་སྤོང་བའི་རྣམ་པ་ཅན་གྱི་སྒྲ་རྟོག་གིས་བུམ་པ་དང༌། མི་རྟག་པ་དང༌། བྱས་པའི་ལྡོག་པ་ལོགས་སུ་ཕྱེ་ལ། དེ་དག་གཅིག་ཏུ་སྡུད་པའི་གཞན་སེལ་གྱིས་གཅིག་ཏུ་བཟུང་བ་ལ་བདག་གཅིག་པའི་འབྲེལ་པ་ཞེས་བཏགས་སོ། །དེ་དག་ཀྱང་བློའི་ཆོས་རང་དགའ་བས་རྒྱུ་མཚན་མེད་པར་དབྱེ་བསྡུ་བྱེད་པ་མ་ཡིན་གྱི། སྒྲ་རྟོག་གི་ཡུལ་ཐ་དད་དང་འཇིག་རྟེན་ལ་གྲགས་པའི་ཐ་སྙད་ལ་བརྟེན་ནས་བྱས་པས་མི་འགལ་ཏེ། རྣམ་འགྲེལ་ལས། མིང་དོན་གང་ལྡན་ཕན་ཚུན་དང༌། །ཐ་དད་པ་འདིའི་ས་བོན་ཡིན། །ཞེས་བྱ་བ་དང༌། འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་བསྒྲུབ་པ་ཀུན་གཞག་པ། །དམ་པའི་དོན་ལ་གཞུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་པས་སོ། །དེ་ལས་བྱུང་བའི་འབྲེལ་པའང་རྫས་ཐ་དད་དུས་མཉམ་དང༌། སྔ་ཕྱི་གཉིས་ཀའི་དོན་ལ་མི་སྲིད་པས་སྔར་མཐོང་བའི་མེ་དང་ཕྱིས་མཐོང་བའི་དུ་བ་གཉིས་མངོན་སུམ་དང་མི་དམིགས་པ་ཕྲུགས་གསུམ་ལ་སོགས་པས་བློ་ངོར་འབྲེལ་པ་འགྲུབ་མོད། དོན་ལ་འབྲེལ་པ་ཡོད་ན་ཕྲུགས་གསུམ་ལ་སོགས་པ་རྟོག་པའི་བཟོ་ཅི་དགོས། དེའང་འབྲེལ་བརྟག་ལས། མངོན་སུམ་མ་དམིགས་པ་དག་ལས། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས། །འབྲེལ་པའི་དོན་བཞིན་ཡང་དག་དོན། །སྟོན་པའི་རྣམ་རྟོག་ལོག་པ་ཡིན། །ཞེས་བྱ་བ་དང༌། རྣམ་ངེས་ལས་ཀྱང༌། དོན་དམ་པར་ནི་ཡོད་པ་ལའང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་པ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་རྣམ་འགྲེལ་དུ་བཤད་ཟིན་ཏོ། །ཞེས་གསུངས་པས་སོ། །མི་དམིགས་པ་ལའང་སྣང་རུང་མི་དམིགས་པས་བུམ་པ་མེད་པའི་ཐ་སྙད་བསྒྲུབ་པ་དང༌། རྒྱུ་བཀག་པས་འབྲས་བུ་འགོག་པ་དང༌། ཁྱབ་བྱེད་བཀག་པས་ཁྱབ་བྱ་འགོག་པ་ལ་དངོས་འབྲེལ་མེད་ཀྱང་སེལ་བའི་བདག་གཅིག་དང་དེ་བྱུང་ཡོད་དེ། དེ་ཡང་རྣམ་ངེས་ལས། འབྲེལ་པ་བློས་བྱས་པ་ནི་མེད་པ་ལའང་གང་གིས་འགོག་ཅེས་གསུངས་པ་ལྟར་རོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ལས། བློས་བདག་གཅིག་པར་སྦྲེལ་བ་ལ་རྩོད་པ་སྤང་བ་ནི། བྱས་དང་མི་རྟག་བློས་སྦྲེལ་བ། །དོན་ལ་གྲུབ་ན་དོན་འབྲེལ་ཡིན། །དོན་ལ་དེ་དག་མ་གྲུབ་ན། །དོན་གྱི་སྒྲུབ་བྱེད་མིན་ཞེ་ན། །བྱས་པ་དང་མི་རྟག་པ་དེ་དག་བློས་སྦྲེལ་བ་ལྟར་དོན་ལ་གྲུབ་ན་དོན་ལ་འབྲེལ་པ་མེད་ཅེས་བརྗོད་ཀྱང་ཡོད་པར་འགྱུར་ལ་མ་གྲུབ་ན་བྱས་པས་སྒྲ་མི་རྟག་པར་མི་འགྲུབ་སྟེ། འབྲེལ་པ་དོན་ལ་མི་གནས་པའི་ཕྱིར་རོ། །དེས་ན་བློས་སྦྲེལ་བ་ནི་བློས་ཆོས་རང་དགའ་བར་འགྱུར་རོ་ཞེ་ན། བཏགས་པ་དོན་ལ་འཇུག་པ་དང༌། །མི་འཇུག་པ་སྟེ་རྣམ་པ་གཉིས། །འཇུག་པས་འཇུག་ཡུལ་ཐོབ་པ་ནི། །འབྲེལ་པ་ཉིད་རུང་ཅིག་ཤོས་མིན། །གཞན་སེལ་ཕྱིན་ཅི་མ་ལོག་པའི་བཏགས་པ་བློ་ཆོས་དེ་མཐོང་བ་དོན་ཆོས་ལ་འཇུག་ཏུ་རུང་སྟེ། དཔེར་ན་སྒྲ་ལ་བྱས་པ་དང་མི་རྟག་པ་རྟོག་པ་ལྟ་བུ་དང༌། གཞན་སེལ་ཕྱིན་ཅི་ལོག་དོན་ལ་འཇུག་ཏུ་མི་རུང་བ་སྒྲ་ལ་རྟག་པ་དང་མ་བྱས་པར་རྟོག་པ་ལྟ་བུའོ། །དེ་ལ་དང་པོ་འཇུག་ཡུལ་ཐོབ་པས་འབྲེལ་པའི་ཐ་སྙད་རུང་ལ། གཉིས་པས་མི་ཐོབ་པས་འབྲེལ་པ་མ་ཡིན་པར་འཇོག་སྟེ། ནོར་བུ་སྒྲོན་མའི་འོད་དག་ལས། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་པ་ལྟར་རོ། །དེས་ན་གཞན་སེལ་ཕྱིན་ཅི་ལོག་ལ་དགོངས་ནས་བློའི་ཆོས་རང་དགའ་བ་རྣམས་ནི་དོན་ལ་མི་བརྟེན་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་དེ་ལས་བྱུང་བ་ལ་རྩོད་པ་སྤང་བ་ནི། མེད་ན་མི་འབྱུང་དུ་བ་ལ། །མེད་ན་དེ་ནི་རྒྱུ་མེད་འགྱུར། །ཡོད་ན་དེ་ཉིད་དངོས་པོ་ཡི། །འབྲེལ་པ་ཉིད་དུ་འགྱུར་ཞེ་ན། །འབྲེལ་ཡུལ་མེའི་སྟེང་ན་འབྲེལ་པ་མེད་ཀྱང་འབྲེལ་ཆོས་དུ་བའི་སྟེང་ན་དུ་བ་འདི་མེ་དེ་མེད་ན་མི་འབྱུང་བ་དོན་ལ་མེད་ན་དུ་བ་རྒྱུ་མེད་དུ་འགྱུར་ལ་ཡོད་ན་དེ་ཉིད་དངོས་པོའི་འབྲེལ་པའོ་ཞེ་ན། དོན་གྱི་དུ་བ་མེ་མེད་ན། །མི་འབྱུང་བ་ཙམ་ཡོད་མོད་ཀྱང༌། །སྔ་ཕྱི་བཟུང་ནས་སྦྲེལ་བ་ནི། །རྟོག་པ་མིན་པས་སྦྲེལ་མི་ནུས། །དོན་ལ་རྒྱུ་མེད་པར་འབྲས་བུ་མི་འབྱུང་མོད། སྔར་གྱི་མེ་དེ་མེད་ན་ད་ལྟར་གྱི་དུ་བ་མི་འབྱུང་ཞེས་མཚམས་སྦྱོར་བའི་འབྲེལ་པ་ནི་རྟོག་པས་བྱས་པ་མིན་པ་དོན་ལ་མི་སྲིད་དོ། །དེས་ན་མེད་ན་མི་འབྱུང་བའི་འབྲེལ་པ་ཞེས་གསུངས་པའང་སེལ་བའི་བློ་ངོར་ཡིན་ཏེ། རྣམ་འགྲེལ་ལས། རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད། །ཅེས་གསུངས་པ་ལྟར་རོ། །དགག་རྟགས་ཀྱི་འབྲེལ་པ་ལ་རྩོད་པ་སྤང་བའང༌། དེ་ཉིད་ཀྱིས་ཤེས་པར་འགྱུར་རོ། །གསུམ་པ་འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་ལ་གསུམ་སྟེ། མཚན་ཉིད་བསྒྲུབ་པ་དང༌། མཚན་གཞི་ངོས་གཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ལས། བདག་གཅིག་པའི་འབྲེལ་པ་སྒྲུབ་བྱེད་ལྡོག་པ་ཐ་དད་དོན་ལ་གཅིག་ཏུ་ཡོད་པར་ཚད་མ་གང་གིས་གྲུབ་ཅེ་ན། འདི་ལ་གཉིས་ལས་དང་པོ་ཐ་སྙད་བསྒྲུབ་ཀྱི་འབྲེལ་པ་ནི། མཚན་ཉིད་དང་ནི་མཚོན་བྱ་དང༌། །སྤྱི་དང་བྱེ་བྲག་འབྲེལ་པ་ཡང༌། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །བརྟགས་པས་འགྲུབ་ཀྱི་གཞན་དུ་མིན། །ནོག་ལྐོག་ཤལ་དང་བ་ལང་གི་ཐ་སྙད་ཀྱི་འབྲེལ་པ་ཡང་ནོག་ལྐོག་ཤལ་དང་ལྡན་པ་འདི་ཉིད་བ་ལང་ངོ་ཞེས་མིང་དོན་གཅིག་ཏུ་འཁྲུལ་པ་ལ་བདག་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི། དོན་ལ་གཅིག་ཏུ་མེད་དེ་མཚོན་བྱ་སྒྲོ་བཏགས་དོན་ལ་མི་གནས་པའི་ཕྱིར་རོ། །སྤྱི་དང་བྱེ་བྲག་གི་འབྲེལ་པའང་ལྡོག་པ་གཅིག་རྐྱང་དང་གཉིས་ཚོགས་ཀྱི་ཤིང་དང་ཤ་པ་གཅིག་ཏུ་འཁྲུལ་པ་ལ་བདག་གཅིག་པའི་བརྡ་ཆད་བྱས་པས་འགྲུབ་ཀྱི་དོན་ལ་སྤྱི་དང་བྱེ་བྲག་རྫས་གཅིག་པ་བཀག་ཟིན་ཏོ། །གཉིས་པ་དོན་བསྒྲུབ་ཀྱི་འབྲེལ་པ་ནི། བྱས་ཡོད་དང་མི་རྟག་པ་གཅིག་ཡིན་པར་གང་གིས་འགྲུབ་ཅེ་ན། འདི་ལ་གསུམ་ལས་དང་པོ་རྩ་བའི་རྟགས་ནི། གང་ཡོད་དེ་འཇིག་བུམ་པ་བཞིན། །སྒྲ་ཡང་ཡོད་ཅེས་རང་བཞིན་རྟགས། །གཞུང་འདིས་ཡང་དག་གི་སྦྱོར་བ་བཀོད་པ་སྟེ། གང་ཡོད་པ་དེ་སྐད་ཅིག་གིས་འཇིག་སྟེ་བུམ་པ་བཞིན་སྒྲ་ཡང་ཡོད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །གཉིས་པ་སྦྱོར་བའི་དོན་ངེས་པར་བྱ་བ་ལ་གསུམ་ལས། ཆོས་ཅན་སྒྲ་ནི། རིག་བྱེད་ཀྱི་སྒྲ་ལ་སོགས་པ་ཕྱིར་རྒོལ་གྱིས་རྟག་པར་ཁས་བླངས་པའི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་པའོ། །བསྒྲུབ་བྱའི་ཆོས་ནི་སྐད་ཅིག་མ་གཅིག་ཏུ་སྐྱེས་པ་དེ་གཉིས་པར་མི་སྡོད་པའི་ངང་ཚུལ་ཅན་ནོ། །གཏན་ཚིགས་དོན་ལའང་བཞི་ལས་དང་པོ་རྟགས་ཀྱི་ངོ་བོ་ངེས་བཟུང་ན། ཡོད་པའམ་བྱས་པ་གང་བཀོད་ཀྱང་རུང་མོད། འོན་ཀྱང་འགའ་ཞིག་རྡུལ་ཕྲན་དང་བདག་དང་དབང་ཕྱུག་དང་རིག་བྱེད་ཀྱི་སྒྲ་ལ་སོགས་པ་བྱས་པར་མི་འདོད་པར་ཁོའི་བློ་ངོར་རྟགས་མ་གྲུབ་ཀྱིས་དོགས་ནས་ཡོད་པའི་ཕྱིར་ཞེས་བཀོད་དེ་དེ་དག་ཡོད་པར་ཁོ་ཡང་འདོད་པའི་ཕྱིར་རོ། །ཡང་ཡོད་པ་དེའང་རྒྱུ་རྐྱེན་གྱིས་བྱས་པ་མ་ཡིན་པ་ལ་མི་སྲིད་པའི་ཕྱིར། ཕྱིས་བྱས་པ་ཉིད་དུ་ཁོའི་བློ་ངོར་གྲུབ་ན་བྱས་པའི་ཕྱིར་ཞེས་བཀོད་པས་གྲུབ་བོ། །གཉིས་པ་དེ་ལ་གཞན་གྱིས་བརྟག་པ་དགག་ན། བོད་ཁ་ཅིག་ཡོད་པའི་དོན་དོན་བྱེད་ནུས་པ་ལ་བྱས་ན་ལྟོས་པ་བའི་རྟགས་སུ་འགྱུར་ལ། དེ་འདོད་ན། ཁྱད་པར་ལྟོས་དང་དག་པ་སྟེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་བྱས་པ་ལྟོས་པ་བ་དང༌། ཡོད་པ་མི་ལྟོས་པར་དག་པ་བར་གསུངས་ལ། དོན་བྱེད་ནུས་པའང་དོན་བྱེད་པ་ལ་ལྟོས་པའི་ཕྱིར་དག་པ་བ་མ་ཡིན་ནོ། །དེས་ན་ཡོད་པ་ནི་དངོས་པོ་ཡིན་ལ་དེའི་མཚན་ཉིད་ནི་སྒྲོ་མ་བཏགས་ཀྱི་རྣམ་པ་ཞེས་ཟེར་རོ། །འདི་མི་འཐད་དེ། བྱས་པ་ནི་རྒྱུ་རྐྱེན་གང་གིས་བྱས་ཞེས་བྱེད་པ་པོ་ལ་ལྟོས་ལ། ཡོད་ཅེས་བརྗོད་ན་རྒྱུ་རྐྱེན་ལ་མ་ལྟོས་ཀྱང་ཡོད་པར་རློམ་པའི་ཕྱིར་ལྟོས་མ་ལྟོས་སུ་བཤད་ཀྱི་ཕྱིས་དོན་བྱེད་པ་ལ་ལྟོས་ནས་ལྟོས་པ་བར་འཇོག་པ་གཞུང་གི་དགོངས་པ་མ་ཤེས་པ་ཡིན་ནོ། །གལ་ཏེ་སྒྲོ་མ་བཏགས་ཀྱི་རྣམ་པ་ལ་བྱེད་ན་དངོས་མེད་ཀྱི་རྣམ་པ་ནི་སྒྲོ་བཏགས་ཡིན་པས་དངོས་པོའི་རྣམ་པ་ཉིད་ལ་བྱེད་དགོས་ལ། དེ་འདོད་ན་དངོས་པོའི་མཚན་ཉིད་ཅི་ཡིན་ཞེས་ད་གཟོད་འཇོག་དགོས་པས་མཐར་ཕྱིན་པ་མ་ཡིན་ནོ། །དེས་ན་སྒྲོ་མ་བཏགས་ཀྱི་རྣམ་པ་བརྟགས་ན་འཇིག་གོ །ཡང་བོད་ཕལ་ཆེར་དངོས་མེད་ཀྱང་ཡོད་པར་འདོད་ལ་དེ་ལྟ་ན་ཡོད་པས་མི་རྟག་པ་བསྒྲུབ་པ་མ་ངེས་པར་འགྱུར་ཏེ། དངོས་པོ་དང་དངོས་མེད་གཉིས་ཀ་ལ་རྟགས་ཡོད་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་ཡོད་པ་ཙམ་ལ་དངོས་པོའི་ཡོད་ཙམ་དང་དངོས་མེད་ཀྱི་ཡོད་ཙམ་གཉིས་ཡོད་དོ་ཞེ་ན། དངོས་མེད་ཀྱི་ཡོད་པ་དེ་ཅི། དོན་བྱེད་ནུས་ན་དངོས་པོར་འགྱུར་ལ། མི་ནུས་ན་ཅིའང་མེད་པས་ཡོད་པར་མིང་བཏགས་ཀྱང་མེད་པ་ཉིད་ཡིན་ནོ། །ཡང་རྟགས་དགོད་པ་ན་ཡོད་ཙམ་མ་ངེས་པར་འགྱུར་བས་དངོས་པོའི་ཡོད་པ་ཡིན་པའི་ཕྱིར་ཞེས་དགོད་དགོས་པར་འགྱུར་རོ། །ཆོས་ཀྱི་གྲགས་པའི་རིགས་པ་དྲི་མ་མེད་པ་ལ་ངན་རྟོག་གི་རྙོག་པ་འདི་ཙམ་ཞིག་སློང་བ་བླུན་པོ་དེ་དག་གི་སྙིང་དུ་ཅི་ཞིག་ཞུགས། གསུམ་པ་རང་གི་ལུགས་ནི། ཡོད་པའི་མཚན་ཉིད་དོན་བྱེད་ནུས་པ་ཞེས་ཆོས་ཀྱི་གྲགས་པས་གསུངས་པ་དེ་ཉིད་ཡིན་ནོ། །བཞི་པ་དེ་ལ་མི་འཐད་པ་སྤང་བ་ནི། འོ་ན་སེམས་སམ་ཕྱི་རོལ་གྱི་དངོས་པོ་རྒྱུན་འགག་ཀ་མའི་ཐ་མའི་སྐད་ཅིག་དོན་བྱེད་མི་ནུས་པའི་ཕྱིར་དངོས་མེད་དུ་ཐལ་ལོ་ཞེ་ན། དེ་དག་ཀྱང་རྐྱེན་དང་མ་ཕྲད་པ་ཡིན་པས་ཕྲད་ན་དོན་བྱེད་ནུས་སོ། །གསུམ་པ་རྟགས་དེ་མ་ངེས་པ་སྤང་བ་ལ་གཉིས་ཏེ། ལྟོས་མེད་དང་གནོད་པ་ཅན་གྱི་རྟགས་སོ། །དང་པོ་ནི། སྐྱེས་པ་ཁོ་ན་འཇིག་པ་ཡིན། །དེ་ལ་འཇིག་བྱེད་གཞན་མི་དགོས། །དངོས་པོ་སྐྱེས་པ་བྱས་པའམ། །ཡོད་པ་དེ་ཉིད་སྐད་ཅིག་གཉིས་པར་སྐྱེས་པ་ན་སྐད་ཅིག་དང་པོ་ལ་ཞིག་པ་ཞེས་མིང་གདགས་ཀྱི་བཤིག་ནས་ཞིག་པ་ཞེས་བྱ་བའི་ཆོས་གྲུབ་པ་ཅིའང་མེད་དོ། །དེ་སྐད་དུ། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །ཅེས་གསུངས་པ་ལྟར་རོ། །དེ་ལ་གཉིས་ལས་དང་པོ་རྟགས་དགོད་ན། ངོ་བོ་གང་རྒྱུ་གཞན་ལ་ལྟོས་པ་མེད་པ་དེའི་ངོ་བོ་ལ་ངེས་པ་ཡིན་ཏེ། རྒྱུ་ཚོགས་པ་ཐ་མ་འབྲས་བུ་སྐྱེད་པ་གཞན་ལ་མི་ལྟོས་པ་བཞིན་དངོས་པོ་འཇིག་པའང་རྒྱུ་གཞན་ལ་ལྟོས་པ་མེད་དོ་ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །གཉིས་པ་དེའི་གནོད་པ་སྤང་བ་ལ་གསུམ་ལས་དང་པོ་མ་གྲུབ་པ་སྤང་བ་ནི། འཇིག་པ་རྒྱུ་གཞན་ལ་ལྟོས་ཕྱིར། །ལྟོས་མེད་འདི་ནི་མ་གྲུབ་ལོ། །བུམ་པའམ་ཤིང་ཡོད་པ་ཙམ་གྱིས་འཇིག་པར་མི་འགྱུར་གྱི་འོན་ཀྱང་ཐོ་བའམ་མེ་ལྟ་བུ་རྒྱུ་གཞན་གྱིས་འཇིག་པར་བྱེད་དོ་ཞེ་ན། འདི་ལ་དཔྱད་དེ། འཇིག་པར་བྱ་རྒྱུའི་དངོས་པོ་དང༌། །ཞིག་པ་དངོས་མེད་གཉིས་ཀ་ལ། །འཇིག་པའི་སྒྲ་དོན་འཇུག་མོད་ཀྱི། །གཉིས་ཀ་ལ་ཡང་རྒྱུ་མི་དགོས། །འཇིག་པ་ཞེས་བྱ་བའི་སྒྲ་དེ་འཇིག་རྒྱུ་བུམ་པའམ་ཤིང་ལྟ་བུ་དངོས་པོ་ལའང་འཇུག་ཞིག་ནས་མེད་པ་དངོས་མེད་ལའང་འཇུག་པ་ལ་ཆོས་ཀྱི་གྲགས་པས་འཇིག་པར་བྱ་རྒྱུ་དངོས་པོའི་སྐབས་སུ་རྒྱུ་མེད་དུ་གསུངས་པ་ནི་འཇིག་པ་ཉིད་དངོས་པོ་ཡིན་པས་དངོས་པོ་སྐྱེད་པ་ལས་རྒྱུ་གཞན་ལ་མི་ལྟོས་པ་ལ་དགོངས་ལ་ཞིག་ནས་མེད་པ་ལ་འཇིག་པར་འདོགས་པའི་སྐབས་སུ་རྒྱུ་མེད་ནི་རྒྱུ་གཏན་མེད་པ་ལ་དགོངས་ཏེ་འཇིག་པ་དེ་དངོས་མེད་ཡིན་པའི་ཕྱིར་རོ། །གཉིས་ཀ་ལྟར་ཡང་འཇིག་པ་ལ་རྒྱུ་མི་དགོས་པར་གསལ་ལོ། །འདིའི་དགོངས་པ་མ་ཤེས་ན་གཞུང་འཆད་པ་འདྲེས་པར་འགྱུར་རོ། །འདི་ཙམ་ཉིད་ཀྱིས་ལྟོས་མེད་འགྲུབ་མོད། །འོན་ཀྱང་འཇིག་པ་རྒྱུ་མེད་འདི་དཔྱིས་ཕྱིན་པར་ཤེས་པར་བྱ་བའི་ཕྱིར་རྣམ་པར་བརྟགས་ལ་དགག་སྟེ། བུམ་འཇིག་དངོས་མེད་རྒྱུ་མི་ལྟོས། །དངོས་ནའང་རང་གྲུབ་རྒྱུ་ཅི་དགོས། །གཞན་རྒྱུས་བྱས་པས་དེ་མི་འཇིག །དེས་ན་འཇིག་པ་རྒྱུ་མེད་གྲུབ། །ཐོ་བ་ལ་སོགས་པ་རྒྱུས་བུམ་པ་འཇིག་པར་བྱེད་ན་འཇིག་པ་དེ་ཅི་དངོས་མེད་ཡིན་ན་རྒྱུས་བསྐྱེད་པར་འགལ་ལོ། །རྒྱུས་བསྐྱེད་ན་དངོས་མེད་དུ་འདོད་ཀྱང་དངོས་པོར་འགྱུར་ཏེ་མྱུ་གུ་བཞིན་ནོ། །འཇིག་པ་དངོས་པོ་བྱེད་ན་དངོས་པོ་ལ་རང་བཞིན་གཉིས་སུ་ཁ་ཚོན་ཆོད་པས། བུམ་པ་རང་བྱ་མི་དགོས་ཏེ་རྫ་མཁན་གྱིས་བྱས་ཟིན་པའི་ཕྱིར་རོ། །བུམ་པ་ལས་གཞན་བྱེད་དོ་ཞེ་ན། འཇིག་པའི་རྒྱུ་ཐོ་བ་དེས་བུམ་པ་ལས་གཞན་ཐོ་བའམ་གྱོ་མོའམ་དེ་གཉིས་ལས་གཞན་ཞིག་བྱེད་བརྟག་གྲང༌། ཐོ་བ་རང་ཐོ་བས་བྱེད་མི་སྲིད་དོ། །གྱོ་མོ་བྱས་ན་བུམ་པའི་ཉེར་ལེན་དང་ཐོ་བའི་ལྷན་ཅིག་བྱེད་པ་ལས་གྱོ་མོ་སྐྱེ་བ་ཁོ་བོ་ཡང་འདོད་དོ། །གལ་ཏེ་གྱོ་མོར་བཏང་བ་ཉིད་འཇིག་པ་རྒྱུས་བྱས་པ་ཡིན་ནོ་ཞེ་ན། གྱོ་མོ་བསྐྱེད་པ་ལ་འཇིག་པ་བསྐྱེད་པར་འདོགས་ན་བླུན་པོ་ལ་བ་ལང་ལྟར་མིང་ལ་མི་བརྩད་དོ། །གལ་ཏེ་སྒྲོན་མ་གཅིག་གིས་སྡོང་བུ་བསྲེག་པ་དང་མུན་པ་སེལ་བའི་འབྲས་བུ་གཉིས་བསྐྱེད་པ་ལྟར་ཐོ་བ་གཅིག་གིས་བུམ་པ་དངོས་མེད་དུ་འཇིག་པ་དང་གྱོ་མོ་དངོས་པོ་གཉིས་ཅིག་ཅར་བསྐྱེད་དོ་ཞེ་ན། སྒྲོན་མ་གཅིག་ཉིད་ལྷན་ཅིག་བྱེད་པའི་དབྱེ་བས་འབྲས་བུ་དུ་མ་སྐྱེད་ཀྱང་འདིར་འཇིག་པ་དངོས་མེད་དང་གྱོ་མོ་དངོས་པོ་གཉིས་བྱ་བའི་ཡུལ་དུ་མཚུངས་པ་ག་ལ་སྲིད། ཐོ་བ་དང་གྱོ་མོ་ལས་གཞན་ཞིག་ཐོ་བས་བྱེད་ན། གཞན་བྱས་པས་བུམ་པ་མི་རྟག་པ་བྱས་པར་མི་འགྱུར་རོ། །ཡང་ཐོ་བས་བུམ་པ་བཤིག་པ་ཡིན་གྱི་གྱོ་མོ་ནི་མེས་བྱས་པའི་ཐལ་བ་ལྟར་ཤུགས་ལས་བྱུང་བའོ་ཞེ་ན། དེ་ལྟ་ན་རྫ་མཁན་གྱིས་ཀྱང་འཇིམ་པ་བཤིག་པར་གྱུར་གྱི་བུམ་པ་བྱས་པར་མི་འགྱུར་བ་ལ་སོགས་པ་ཧ་ཅང་ཐལ་ལོ། །དེས་ན་བུམ་པ་འཇིག་པ་ནི་ཡུ་བུ་གཉི་ག་འདོད་ལ། འཇིག་པ་ལ་རྒྱུ་མི་དགོས་པར་ཚད་མས་གྲུབ་པས་འཇིག་པ་རྒྱུ་ལ་ལྟོས་མེད་དུ་གྲུབ་བོ། །དེ་སྐད་དུའང༌། དེས་ན་འབྲས་གནས་མེད་པའི་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན། །ཞེས་གསུངས་པས་སོ། །དེ་ཉིད་ཀྱི་རིགས་པ་རྣམ་འགྲེལ་དུ། ཤིང་འཇིག་པའི་རྒྱུ་མེ་ཡིན་ནོ། །ཞེས་རིག་བྱེད་པས་ཁས་བླངས་པ་ལ། ཤིང་འཇིག་པ་དེ་ཤིང་དང་གཅིག་ན་ཤིང་སྐྱེས་ཟིན་པས་མེས་བྱ་ཅི་དགོས། ཐ་དད་ནའང་ཤིང་མི་འཇིག་པར་འགྱུར་ལ། འདོད་ན་རྟག་ཏུ་ཤིང་མཐོང་བར་ཐལ་མ་ཞིག་པའི་ཕྱིར་རོ། །གལ་ཏེ་མི་སྐྱེ་བ་དེ་ཉིད་ཤིང་འཇིག་པ་ཡིན་པས་ཤིང་མི་མཐོང་ངོ་ཞེ་ན། དངོས་པོ་གཞན་སྐྱེས་པས་གཞན་འཇིག་ན་ཧ་ཅང་ཐལ་ལོ། །ཡང་ཤིང་རྟག་ན་མེ་སྐྱེས་ཀྱང་མེ་འཇིག་དགོས་ལ། མི་རྟག་ནའང་ཤིང་ཁོ་རང་འཇིག་པས་མེ་མི་དགོས་སོ། །མེ་སྐྱེ་བ་དེས་ཤིང་བསྒྲིབས་པས་མི་སྣང་ངོ་ཞེ་ན། ཤིང་མི་འཚིག་པར་ཐལ། བསྒྲིབས་པ་ཙམ་ལས་མེད་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་བཀག་སྟེ། མེ་ལས་དོན་གཞན་གྱུར་པ་དག །སྐྱེ་ན་འཇིག་པ་མེད་པའི་ཕྱིར། །ཤིང་ནི་མཐོང་བ་ཉིད་དུ་འགྱུར། །འདི་ཉིད་འདི་ཡིས་འཇིག་ཅེ་ན། །ཇི་ལྟར་གཞན་ནི་གཞན་འཇིག་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །གཞན་ཡང༌། འཇིག་པ་དངོས་མེད་རྒྱུས་བྱེད་ཅེས། །སྨྲ་ན་ལྟོས་མེད་ཤུགས་ལས་གྲུབ། །འཇིག་པ་རྒྱུ་ལྡན་དུ་སྨྲ་བ་རྣམས་ཀྱིས་འཇིག་པ་ཞེས་བྱ་བ་དངོས་པོའི་ངོ་བོ་མེད་པར་བྱེད་པ་ལ་བསམས་ནས་མེད་པ་རྒྱུས་བྱེད་དོ་ཞེས་བྱ་བ་དེའི་ཁས་བླངས་ཉིད་ཀྱིས་ལྟོས་མེད་གྲུབ་སྟེ། འདི་ལྟར། དངོས་མེད་རྒྱུ་ཡིས་བྱེད་པ་དང༌། །རྒྱུ་ཡིས་ཅི་ཡང་མི་བྱེད་པ། །དོན་མཚུངས་དཔེར་ན་མེད་པ་ལ། །ལྟ་དང་བལྟ་རྒྱུ་མེད་པ་བཞིན། །ཚུལ་འདི་སློབ་དཔོན་གྱི་དགོངས་པ་དང་སྦྱར་ན། རྣམ་འགྲེལ་ལས། དེ་རྒྱུ་ནུས་པ་མེད་ཕྱིར་ཡང༌། །དེའི་འགྲེལ་པར། ཡང་གི་སྒྲས་ནི་དངོས་པོ་མེད་པ་བྱེད་པའི་བྱ་བ་བཀག་པའི་ཡང་ཕྱིར་ཞེས་གསུངས་སོ། །དེའི་དགོངས་པ་འདི་ཡིན་ཏེ། འཇིག་པའི་རྒྱུ་དེས་མེད་པ་བྱེད་དོ་ཞེས་ཁས་བླངས་ན་ཤུགས་ཀྱིས་བྱེད་པ་མེད་དོ་ཞེས་བྱ་བར་འགྱུར་ལ། དེ་ལྟ་ན་འཇིག་པའི་རྒྱུས་རང་ཉིད་ཀྱི་བྱ་བ་འགོག་སྟེ། འདི་ལྟར་འཇིག་པའི་རྒྱུས་ཅི་ཡང་མི་བྱེད་དོ་ཞེས་ཁས་བླངས་པ་ཡིན་ནོ། །དེ་ལྟ་ན་བྱ་བྱེད་ལས་གྲོལ་བའི་འཇིག་པའི་རྒྱུ་འདིས་དངོས་པོ་འཇིག་པ་ལ་ཅིའང་མ་བྱས་པས་འཇིག་པ་ལྟོས་མེད་གྲུབ་པར་དགོངས་ཏེ། དཔེར་ན་མེད་པ་ལ་ལྟ་བ་དང་བལྟ་རྒྱུ་མེད་པའམ། ནམ་མཁའ་སྒོམ་པ་དང་བསྒོམ་རྒྱུ་མེད་པའམ། ཡིད་ལ་མི་བྱེད་པ་བསྒོམ་པ་དང་སྒོམ་ཡིད་ལ་མི་བྱེད་པ་ལ་སོགས་པ་ལྟར་དོན་གཅིག་གོ །གཉིས་པ་མ་ངེས་པ་སྤང་བ་ནི། ཚོགས་པ་ཚང་ཡང་མྱུ་གུ་བཞིན། །ལྟོས་མེད་འདི་ཡང་མ་ངེས་ལོ། །ཁ་ཅིག་ས་བོན་དང་ཆུ་ལུད་ཀྱི་ཚོགས་པ་ཚང་ནས་རྒྱུ་གཞན་ལ་ལྟོས་པ་མེད་དུ་ཟིན་ཡང༌། མྱུ་གུ་མི་སྐྱེད་པ་མཐོང་བས་རྟགས་དེ་མ་ངེས་སོ་ཞེ་ན་མ་ཡིན་ཏེ། ཚོགས་པ་དེ་དག་འགྱུར་བ་ལ། །ལྟོས་པའི་ཕྱིར་ན་མ་ངེས་མིན། །དེ་དག་ཚོགས་པ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར་ལྟོས་མེད་ཀྱི་རྟགས་མ་ཞུགས་སོ། །བྱས་པའང་དུས་ལ་ལྟོས་ཤེ་ན། འོ་ན་བྱས་པ་ལ་ཡང་འཇིག་པ་ཡོད་དུ་ཟིན་ཀྱང་དུས་གཞན་ལ་ལྟོས་སོ་ཞེ་ན། དུས་ལ་ལྟོས་ན་བྱས་པ་དེ། །འགྱུར་ན་འཇིག་པ་ལྟོས་མེད་གྲུབ། །མི་འགྱུར་སྔར་བཞིན་འཇིག་མེད་གནས། །བྱས་པ་འཇིག་པ་དུས་ལ་སྡོད་ཀྱི་བར་དུ་འགྱུར་ན་འཇིག་པ་ལྟོས་མེད་གྲུབ་ལ། མི་འགྱུར་ན་སྔར་བཞིན་དུ་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཕྱིས་ཀྱང་མི་འཇིག་པར་ཐལ། དེས་ན་དུས་ལ་ལྟོས་ནས་ཕྱིས་འཇིག་པ་ཉིད་ཀྱིས་དང་པོ་ཉིད་ནས་ལྟོས་པ་མེད་པར་སྐད་ཅིག་གིས་འཇིག་པར་གྲུབ་སྟེ། དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་རོ། །ཚོགས་པ་འགྱུར་མེད་གཅིག་ཡིན་པས། །གཏན་ཚིགས་འདི་ནི་མ་གྲུབ་ལ། །ས་དང་ས་བོན་ལ་སོགས་པ་རང་གི་ངོ་བོ་འགྱུར་མེད་ཀྱི་གཅིག་ཡིན་པས་རྒྱུན་འགྱུར་བ་ལ་ལྟོས་པའི་རྟགས་མ་གྲུབ་བོ་སྙམ་ན། ཚོགས་པས་ཕྱི་ནས་བསྐྱེད་པ་ལྟར། །གཅིག་ཕྱིར་དང་པོར་བསྐྱེད་པར་འགྱུར། །ས་དང་ས་བོན་ལ་སོགས་པའི། །ཚོགས་པ་ཐ་མས་མྱུ་གུ་སྐྱེད་པ་ལྟར་སྔར་ཚོགས་པ་ཙམ་ཉིད་ན་སྐྱེད་པར་ཐལ་ཏེ་ངོ་བོ་གཅིག་པའི་ཕྱིར་རོ། །གཅིག་ཉིད་ན་ཡང་གགས་ཡོད་ཕྱིར་རོ། །མྱུ་གུ་སྐྱེད་པར་མི་ངེས་ན། །གལ་ཏེ་ངོ་བོ་གཅིག་ཀྱང་ཚོགས་པ་དང་པོ་ལ་གགས་སྲིད་པའི་ཕྱིར་སྐྱེད་པར་མ་ངེས་སོ་ཞེ་ན། གགས་ཅན་གགས་མེད་ཐ་དད་ཕྱིར། །གཅིག་ཏུ་འདོད་ཀྱང་གཉིས་སུ་འགྱུར། །ཚོགས་པ་སྔ་ཕྱི་གཉིས་ཐ་དད་དུ་ཐལ་ཏེ་གགས་ཅན་གགས་མེད་ཡིན་པའི་ཕྱིར་རོ། །ནས་ཀྱི་རྒྱུ་ཚོགས་སཱ་ལུ་ཡི། །མྱུ་གུ་སྐྱེད་ལ་ལྟོས་མེད་ཀྱང༌། །སཱ་ལུའི་མྱུ་གུ་མི་སྐྱེད་པས། །གཏན་ཚིགས་འདི་ནི་མ་ངེས་ལོ། །གལ་ཏེ་ནས་ཀྱི་ས་བོན་ལ་སོགས་པ་ལའང་སཱ་ལུའི་མྱུ་གུ་སྐྱེད་པ་ལ་ལྟོས་ནས་ལྟོས་མེད་ཀྱི་རྟགས་ཞུགས་ཀྱང་དེས་སཱ་ལུའི་མྱུ་གུ་མི་སྐྱེད་པས་རྟགས་དེ་མ་ངེས་སོ་ཞེ་ན། སཱ་ལུའི་ས་བོན་ལ་ལྟོས་ཕྱིར། །ལྟོས་མེད་ཡིན་པའི་རྟགས་མ་གྲུབ། །དེ་ལྟོས་མེད་ཡིན་པའི་གཏན་ཚིགས་མི་འགྲུབ་སྟེ། སཱ་ལུའི་ས་བོན་གྱི་ངོ་བོ་ལ་ལྟོས་བཅས་ཡིན་ནོ། །བྱས་ཡོད་སྐད་ཅིག་འཇིག་པ་མིན། །འཇིག་པའི་རྒྱུ་ལ་ལྟོས་ཤེ་ན། །འོ་ན་བྱས་པའམ་ཡོད་པ་ལའང་སྐད་ཅིག་རེ་རེ་འཇིག་པ་མེད་དོ། །འཇིག་པའི་རྒྱུ་ཐོ་བ་ལ་སོགས་པ་ལ་ལྟོས་པའི་ཕྱིར་ལྟོས་མེད་ཀྱི་རྟགས་མི་འགྲུབ་བོ་ཞེ་ན། དེ་གཉིས་མི་མཚུངས་ཏེ། མྱུ་གུ་རང་རང་རྒྱུ་ལ་ལྟོས། །དངོས་འཇིག་རྒྱུ་གཞན་ལ་མི་ལྟོས། །འཇིག་པ་དངོས་མེད་རྒྱུ་མི་དགོས། །དེས་ན་འཇིག་བྱེད་གཞན་མི་དགོས། །སཱ་ལུ་དང་ནས་ལ་སོགས་པ་འབྲས་བུ་སྐྱེད་པ་དང་མི་སྐྱེད་པའི་རང་བཞིན་ནི་རང་རང་གི་རྒྱུ་ཡིན་གྱི་ཕན་ཚུན་རྒྱུ་མ་ཡིན། དེས་ན་རྒྱུ་མ་ཡིན་པ་དེ་དེའི་རང་བཞིན་མ་ཡིན་ནོ། །གལ་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཁྱད་པར་མེད་པ་ལ་རྒྱུ་དང་རྒྱུ་མ་ཡིན་པའི་ཁྱད་པར་མི་འཐད་དོ་ཞེ་ན། མི་འགལ་ཏེ་ཐ་དད་པ་དང་མི་དད་པའི་ཁྱད་པར་ཐམས་ཅད་རྒྱུ་ཐ་དད་དང་ཐ་མི་དད་ཀྱིས་བྱེད་པས་ཡུལ་དུས་རྣམ་པ་ཐ་དད་ཐམས་ཅད་རྒྱུ་ཐ་དད་ལ་མ་ལྟོས་པར་མི་འབྱུང་བར་ཚད་མ་གཉིས་ཀྱིས་གྲུབ་པའི་ཕྱིར་རོ། །བྱས་པའམ་ཡོད་པ་འཇིག་པ་དེ་དངོས་པོ་ཡིན་ན་རང་གི་རྒྱུ་ལས་སྐྱེ་བས་རྒྱུ་གཞན་མི་དགོས་ལ་དངོས་མེད་ཡིན་ནའང་སྐྱེ་རྒྱུ་མེད་པའི་ཕྱིར་རྒྱུ་མི་དགོས་སོ། །དེས་ན་མུ་སྟེགས་བྱེད་ཀྱིས་བུམ་པ་ལ་སོགས་པ་གང་ཅི་ཡང་རུང་བ་ཞིག་རྒྱུ་འདོད་ཀྱང་རུང་མི་འདོད་ཀྱང་རུང་འཇིག་པར་ཁས་བླངས་པ་ཉིད་ཀྱིས་སྔར་ཡང་འཇིག་པའི་རང་བཞིན་དུ་གྲུབ་ལ། གལ་ཏེ་མི་འགྲུབ་ན་ཕྱིས་ཀྱང་མི་འགྲུབ་སྟེ་རང་བཞིན་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་འཇིག་མེད་རྒྱུས་བསྐྱེད་པའམ། འཇིག་མེད་དོན་བྱེད་ནུས་པར་འདོད་པ་དེས་དུས་ཐམས་ཅད་དུ་མི་འཇིག་པའམ་ཐམས་ཅད་དུ་བྱ་བ་མི་བྱེད་པ་ཅིག་ཁས་བླངས་དགོས་ལ། དེ་མི་སྲིད་དེ་བུམ་པ་ལ་སོགས་པ་ཕྱིས་འཇིག་པའམ་དོན་བྱེད་པར་མཐོང་བའི་ཕྱིར་རོ། །དེས་ན་ལྟོས་མེད་ཡང་དག་ཏུ་གྲུབ་བོ། །གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི། །དངོས་འགལ་རྫས་གཅིག་འགྱུར་བ་དང༌། །དེ་ཉིད་གཞན་དུ་མི་འཐད་དང༌། །ཐོགས་བཅས་ཐོགས་མེད་མཚུངས་པ་ཡི། །ཐལ་བ་གསུམ་གྱིས་འདིར་མི་འགོག །རིག་བྱེད་པ་ན་རེ། འཇིག་པ་ལ་རྒྱུ་མེད་ན་དེ་དངོས་མེད་དུ་འགྱུར་ལ། དངོས་མེད་ཡིན་ན་རྟག་པར་འགྱུར་ཞིང༌། དེ་ལྟ་ན་བུམ་པ་མི་རྟག་པ་དང་འཇིག་པ་རྒྱུ་མེད་རྟག་པ་གཉིས་དངོས་འགལ་བུམ་པའི་སྟེང་དུ་རྫས་གཅིག་པར་འགྱུར་རོ་ཞེས་རྒོལ་ཏེ། རྣམ་འགྲེལ་ལས། འཇིག་པ་རྒྱུ་མེད་ཅན་ཡིན་ནའང༌། །རྟག་ཕྱིར་དངོས་པོ་འཇིག་པ་དག །ལྷན་ཅིག་ཡོད་པར་འགྱུར་ཞེ་ན། །ཞེས་འབྱུང་བ་ལྟར་རོ། །འདི་མི་འཐད་དེ། ཞིག་པ་ལ་རྒྱུ་མེད་པས་དངོས་མེད་ཡིན་ཡང་རྟག་པར་མི་འགྱུར་ཏེ། ཁོ་བོ་ཅག་དངོས་མེད་ངོ་བོ་མེད་པར་འདོད་ལ། རྟག་མི་རྟག་གི་དཔྱད་པའང་དངོས་པོ་ལ་འཇུག་གི་དངོས་མེད་ལ་མི་འཇུག་གོ་ཞེས་བཤད་ཟིན་ཏོ། །དེས་ན་རྟག་མི་རྟག་ངོ་བོ་གཅིག་པའི་སྐྱོན་ལས་གྲོལ་ཏེ། རྣམ་འགྲེལ་ལས། མེད་པ་རྟག་ཉིད་ག་ལ་ཡིན། །ཞེས་གསུངས་པས་སོ། །འོ་ན་ཞིག་པ་དངོས་མེད་ལ་ནུས་པ་མེད་པས་དེས་དངོས་པོ་འཇིག་པར་མི་འགྱུར་ལ། འདོད་ན་དངོས་པོ་རྟག་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དོན་གཞན་དུ་འགྱུར་བའི་ཞིག་པ་དངོས་མེད་ཀྱིས་དངོས་པོ་འཇིག་པར་མི་འདོད་པས་སོ། །དེའང་རྣམ་འགྲེལ་ལས། མེད་ལ་དངོས་འཇིག་མེད་ཉིད་ཀྱིས། །ཐལ་བར་འགྱུར་བ་མི་རུང་སྟེ། །གང་ཕྱིར་དངོས་པོ་འཇིག་པ་ཡིས། །འཇིག་པ་དག་ནི་མི་འདོད་དོ། །ཞེས་གསུངས་པས་སོ། །འོ་ན་འཇིག་པ་གང་ཡིན་ཞེ་ན། བཤིག་པས་ཞིག་པ་དེ་དངོས་མེད་དུ་མི་འདོད་ཀྱི་འོན་ཀྱང་རང་གི་རྒྱུ་ལས་སྐད་ཅིག་གཅིག་སྐྱེས་ནས་གཉིས་པ་ཕན་ཆད་དུ་མི་སྡོད་པ་ཙམ་ལ་འཇིག་པ་ཟེར་གྱིས་འཇིག་པ་ཞེས་བྱ་བའི་ཆོས་ལོགས་པ་མི་འདོད་དོ། །དེའང་རྣམ་འགྲེལ་ལས། དངོས་འཇིག་གཞན་ལས་ལྟོས་མེད་ཕྱིར། །དེ་ཤེས་དོན་དུ་སེམས་ཀྱིས་ནི། །དེ་ཡི་ཐ་དད་སྒྲོ་བཏགས་ནས། །གནས་སྐབས་དེ་རྒྱུ་མེད་ཅན་བཤད། །ཅེས་གསུངས་པས་སོ། །གཉིས་པ་དེ་ཉིད་དང་གཞན་དུ་བརྟགས་ན་མི་འཐད་པ་སྤང་བ་ནི། རྒྱལ་དཔོག་པ་ན་རེ། གལ་ཏེ་འཇིག་པ་རྒྱུ་མེད་ཡིན་ན་སྔར་ངེད་ལ་བཀོད་པ་ལྟར་ཞིག་པ་དེ་དངོས་པོ་དེ་ཉིད་ཡིན་ན་ཞིག་པ་དངོས་པོ་ཡིན་པའི་ཕྱིར་མ་ཞིག་པར་ཐལ། དངོས་པོ་ལས་གཞན་ཡིན་ན་ཤིང་ངམ་བུམ་པ་ཉིད་མཐོང་བར་ཐལ་བའི་སྐྱོན་མཚུངས་སོ། །ཞེ་ན་ཞིག་པ་དངོས་པོར་འདོད་ན་དངོས་པོ་ལ་གཅིག་གམ་ཐ་དད་གཉིས་ལས་མི་འདའ་བས་བརྟག་པ་དེ་འཇུག་གི་འདིར་འཇིག་པ་ངོ་བོ་མེད་པ་ལ་གཅིག་གམ་ཐ་དད་ཀྱི་སྐྱོན་མི་འབྱུང་ངོ༌། །དེ་ཉིད་རྣམ་འགྲེལ་ལས། དེའི་ཅུང་ཟད་འགྱུར་མེད་དེ། །མེད་པར་གྱུར་པ་ཙམ་ཞིག་ཡིན། །ཡོད་ལ་རྣམ་རྟོག་འདིར་འགྱུར་ཏེ། །བསྒྲུབ་པ་དངོས་དང་འབྲེལ་ཕྱིར་རོ། །ཞེས་བྱ་བ་དང༌། དངོས་མེད་ཡིན་ཞེས་གསུངས་པ་ཡང༌། །དངོས་པོ་མིན་ཞེས་བྱ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཐོགས་བཅས་ཐོགས་མེད་ལ་མཚུངས་པ་སྤང་བ་ནི། བྱས་པའམ་ཡོད་པར་མཚུངས་པ་ལ་རྟག་མི་རྟག་གཉིས་མི་སྲིད་ན། དངོས་པོ་མཉམ་པོ་ལ་རང་གི་ཡུལ་དུ་དངོས་པོ་གཞན་སྐྱེ་བའི་གགས་བྱེད་པའི་ཐོགས་བཅས་བུམ་པ་ལ་སོགས་པ་དང༌། གགས་མི་བྱེད་པའི་བློ་དང་སྣང་བ་ལ་སོགས་པའི་ཐོགས་མེད་གཉིས་ཀྱང་མི་སྲིད་པར་མཚུངས་སོ་ཞེ་ན་མི་མཚུངས་ཏེ། བྱས་པའམ་ཡོད་པར་སྐྱེས་ཙམ་ཉིད་མི་རྟག་པ་ཡིན་གྱི་དེ་ལ་མི་རྟག་པ་དང་རྟག་པར་བྱེད་པའི་རྒྱུ་ཐ་དད་མེད་ལ་ཐོགས་བཅས་ཐོགས་མེད་གཉིས་རྒྱུ་ཐ་དད་ལས་སྐྱེ་བར་གྲུབ་པས་ག་ལ་མཚུངས། དེ་སྐད་དུའང༌། རྣམ་འགྲེལ་ལས། ཇི་ལྟར་སྐྱེ་ལྡན་འགའ་ཞིག་ཉིད། །ཐོགས་བཅས་ཉིད་འདོད་དེ་བཞིན་དུ། །ཡོད་རྣམས་འཇིག་པའི་རང་བཞིན་ཡིན། །སྐྱེ་ལྡན་མིན་པ་མིན་ཞེ་ན། །ཞེས་དོགས་པ་བཀོད་ནས་དེའི་ལན་དུ། རྒྱུ་ཡི་རང་བཞིན་ངེས་པ་ལས། །འབྲས་བུའི་རང་བཞིན་ངེས་པ་སྟེ། །ཐ་དད་རྒྱུ་རྣམས་མེད་པའི་ཕྱིར། །མི་རྟག་ངོ་བོ་ཐ་དད་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ལའང༌། གཉིས་ལས་ཕྱོགས་སྔ་མ་ནི། བྱ་རོག་དཀར་པོ་སྲིད་པ་ལྟར། །དངོས་པོ་རྟག་པ་མི་འགལ་ཟེར། །དབང་ཕྱུག་པ་ལ་སོགས་པ་ཁ་ཅིག་བྱ་རོག་ཕལ་ཆེར་ནག་པོར་མཐོང་ཡང་བརྒྱ་ལ་དཀར་པོར་སྲིད་པ་ལྟར། དངོས་པོའི་ནུས་པ་སྣ་ཚོགས་པས་བུམ་པ་ལ་སོགས་པ་ཕལ་ཆེར་མི་རྟག་ཀྱང་དབང་ཕྱུག་ལ་སོགས་པ་འགའ་ཞིག་རྟག་པར་སྐྱེའོ། །དེའི་ཕྱི་བུམ་པ་ལ་སོགས་པ་རྒྱུན་གྱི་མཐར་འཇིག་པར་མཐོང་བ་འདི་དག་ལ་ལྟོས་མེད་ཀྱིས་འགྲུབ་ཀྱང༌། དབང་ཕྱུག་ལ་སོགས་པ་རང་བྱུང་ཡིན་པས་བྱས་པའི་རྟགས་མི་འགྲུབ་ལ་རྟག་པ་ཡིན་པས་ཐ་མར་འཇིག་པ་མ་མཐོང་བའི་ཕྱིར་ལྟོས་མེད་ཀྱིས་མི་རྟག་པར་མི་འགྲུབ་པས་ཡོད་པའི་རྟགས་གྲུབ་ཀྱང་མི་རྟག་པའི་བསྒྲུབ་བྱ་མི་འགྲུབ་བོ། །དེས་ན་མི་མཐུན་ཕྱོགས་ལ་རྟགས་ཞུགས་པས་མ་ངེས་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ་གསུམ་ལས། བརྟག་ན་མི་འཐད་པ་ནི། རྟགས་དེས་དོན་བྱེད་མི་ནུས་ན། །དངོས་མེད་ཡིན་ཕྱིར་དོན་ལ་མཐུན། །ནུས་དེ་འགྱུར་ན་རྟག་པ་ཉམས། །འགྱུར་བ་མེད་ན་བྱེད་པ་འགལ། །དབང་ཕྱུག་ལ་སོགས་པ་རྟག་པར་འདོད་པ་དེ་ཅི། དོན་བྱེད་མི་ནུས་ན་ཡོད་པར་མིང་བཏགས་ཀྱང་དངོས་མེད་ཡིན་པས་མིང་ལ་མི་བརྩད་དོ། །གལ་ཏེ་ནུས་ན་དེས་བྱ་བ་བྱེད་པའི་ཚེ་སྔར་གྱི་རང་བཞིན་ལས་འགྱུར་ན་མི་རྟག་པར་འགྱུར་ལ་མི་འགྱུར་ན་དོན་བྱེད་པ་འགལ་ཏེ། དོན་མི་བྱེད་པའི་གནས་སྐབས་ལས་མ་འགྱུར་བའི་ཕྱིར་རོ། །གཉིས་པ་དེ་རྟགས་ཀྱིས་བསྒྲུབ་པ་ལ་གསུམ་སྟེ། རྟགས་དགོད་པ་དང༌། སྦྱོར་བའི་དོན་ངོས་བཟུང་དང༌། རྟགས་ཀྱི་རིགས་ངོས་བཟུང་བའོ། །དང་པོ་ནི། གང་གང་བྱེད་མིན་དེ་དངོས་མེད། །མཁའ་བཞིན་རྟག་པའང་བྱེད་པས་སྟོང༌། །གང་དོན་བྱེད་པས་སྟོང་པ་དེ་ཡོད་པས་སྟོང་སྟེ་ནམ་མཁའ་བཞིན་དབང་ཕྱུག་ལ་སོགས་པ་རྟག་པའང་དོན་བྱེད་པས་སྟོང་ངོ༌། །ཞེས་མི་མཐུན་ཕྱོགས་རྟག་པ་ལ་རྟགས་བྱས་པའང་ཡོད་པ་འགོག་པས་གནོད་པ་ཅན་གྱི་གཏན་ཚིགས་སོ། །གཉིས་པ་སྦྱོར་བའི་དོན་ངོས་བཟུང་བ་ལ་གསུམ་སྟེ། ཆོས་ཅན་དང༌། བསྒྲུབ་བྱ་དང༌། གཏན་ཚིགས་སོ། །དང་པོ་ལ་གཉིས་ལས་རང་གི་ལུགས་ནི། ཆོས་ཅན་རྟག་པའི་གཞན་སེལ་ཡིན། །ཆོས་ཅན་ནི་ཕ་རོལ་གྱིས་ཁས་བླངས་པའི་དབང་ཕྱུག་རྟག་པ་ལ་སོགས་པའི་སྒྲ་དོན་ལ་རང་མཚན་དུ་བཟུང་བའོ། །གཉིས་པ་དེ་ལ་གཞན་གྱིས་བརྟགས་པ་དགག་པ་ལ་གཉིས་ལས། རང་མཚན་ཆོས་ཅན་དུ་འདོད་པ་དགག་ན། བོད་འགའ་ཞིག་ཤེས་བྱ་བ་ལ་གནས་པའི་འཇིག་པ་ཁེགས་ཙམ་ཆོས་ཅན་ཡིན་ཞེས་ཟེར་བ་དང༌། རྟག་པའི་རང་མཚན་ཤེས་བྱ་ལ་གྲུབ་ཅེས་ཟེར་བ་ནི་ཆོས་ཀྱི་གྲགས་པའི་དགོངས་པ་མ་ཡིན་པར་བཤད་ཟིན་ཏོ། །གཉིས་པ་སྒྲ་དོན་ཆོས་ཅན་དུ་འདོད་པ་དགག་ན། ཁ་ཅིག་སྒྲ་དོན་ཆོས་ཅན་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། སྒྲ་དོན་རྐྱང་པ་ལ་དགག་སྒྲུབ་བྱས་པས་རང་མཚན་ལ་མ་འབྲེལ་བའི་ཕྱིར་རོ། །གཉིས་པ་བསྒྲུབ་བྱ་ནི། དངོས་པོ་བཀག་ཉིད་བསྒྲུབ་བྱའི་ཆོས། །བསྒྲུབ་བྱའི་ཆོས་ནི་ཁ་དོག་ཏུ་དབྱུང་བྱ་མ་ཡིན་མོད་ཀྱི་དོན་གྱིས་གོ་བ་བྱས་པའམ་ཡོད་པས་སྟོང་པའི་མེད་དགག་ཉིད་དོ། །གསུམ་པ་གཏན་ཚིགས་ཀྱི་དོན་ལ་གཉིས་ཏེ། ཕྱོགས་ཆོས་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། གཞན་ལུགས་དགག་པ། རང་ལུགས་བརྗོད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། མངོན་སུམ་གྱིས་གྲུབ་པ་དགག་ན། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ཟེར། ཁ་ཅིག་རྟག་པ་ལ་རིམ་དང་ཅིག་ཅར་གྱིས་དོན་བྱེད་པས་སྟོང་པའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པར་འདོད་དེ། དགག་གཞི་རྟག་པ་འགྱུར་མེད་ལ་རྟོག་པ་དང༌། དགག་བྱ་དོན་བྱེད་པ་འགྱུར་བ་ལ་རྟོག་པའི་རྟོག་པ་གཉིས་འཛིན་སྟངས་འགལ་བར་རང་རིག་གིས་མྱོང་བའི་ཤུགས་ལས་ཡུལ་གཉིས་འགལ་བར་གྲུབ་པས་རྟག་པ་ལ་དོན་བྱེད་ཁེགས་སོ་ཞེས་ཟེར་རོ། །འདི་མི་འཐད་དེ། དགག་བྱ་འཛིན་པ་སྐྱེ་མི་དགོས། །དགག་པ་བྱེད་པ་ལ་དགག་བྱ་ལ་དམིགས་པའི་ཚད་མ་སྐྱེ་བས་ཁྱབ་པ་མི་དགོས་པའི་ཕྱིར་རོ། །གཉིས་པ་རང་རིག་གཅིག་པུས་འགྲུབ་པར་འདོད་པ་དགག་ན། ལ་ལ་རྟོག་མྱོང་གཅིག་ཡིན་ལོ། །ཁ་ཅིག་རྟག་པ་ལ་དོན་བྱེད་པས་སྟོང་པའི་ཕྱོགས་ཆོས་རྟག་པ་འགྱུར་མེད་དུ་རྟོག་པ་མྱོང་བའི་རང་རིག་གིས་དེའི་ཡུལ་འགྱུར་མེད་ཀྱི་རྣམ་པར་གྲུབ་པས་འགྱུར་བ་ཙམ་ཁེགས་པ་ན་རིམ་དང་ཅིག་ཅར་གྱི་དོན་བྱེད་པའང་ཁེགས་པས་བློ་གཅིག་ཉིད་ཀྱིས་འགྲུབ་བོ་ཞེས་ཟེར་བ་མི་འཐད་དེ། ལོག་རྟོག་ཉིད་ཀྱང་མི་སྲིད་འགྱུར། །རྟག་པ་འགྱུར་མེད་དུ་རྟོག་པ་མྱོང་བའི་རང་རིག་གིས་གྲུབ་པས་རིམ་དང་ཅིག་ཅར་གྱི་དོན་བྱེད་པ་ཁེགས་ན། མུ་སྟེགས་བྱེད་ལ་རྟག་པ་བྱེད་པ་པོ་ཡིན་པའི་ལོག་རྟོག་སྐྱེ་མི་སྲིད་དེ། བློ་གཅིག་ཉིད་ཀྱིས་རྟག་པ་ལ་དོན་བྱེད་པ་ཁེགས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། དེས་ན་སྐད་ཅིག་གིས་སྟོང་ལ། །དོན་བྱེད་འགོག་པའི་རྟགས་ཀྱིས་འགྲུབ། །དེ་ལ་གཉིས་ལས་དང་པོ་རྟགས་དགོད་པ་ནི། གང་འགྱུར་བ་མེད་པ་དེ་རིམ་དང་ཅིག་ཅར་གྱི་དོན་བྱེད་པ་མེད་དེ། ནམ་མཁའ་བཞིན་དབང་ཕྱུག་ལ་སོགས་པ་རྟག་པའང་འགྱུར་བ་མེད་དོ་ཞེས་ཁྱབ་བྱེད་མི་དམིགས་པའོ། །གཉིས་པ་ཚུལ་བསྒྲུབ་པ་ལ་གཉིས་ལས་ཕྱོགས་ཆོས་ནི་ཕྱིར་རྒོལ་གྱིས་རྟག་པ་འགྱུར་མེད་དུ་ཁས་བླངས་པ་ཉིད་ཡིན་ལ། གཉིས་པ་འགྱུར་མེད་ལ་རིམ་དང་ཅིག་ཅར་མེད་པའི་ཁྱབ་པ་ནི། མཐའ་གཞན་བཀག་པས་འགྲུབ་སྟེ། འདི་ལྟར་ཅིག་ཅར་དོན་བྱེད་ན་ཅིག་ཅར་ལན་ཅིག་བྱས་ནས་འཇོག་ན་བྱེད་པ་དང་འཇོག་པའི་གནས་སྐབས་གཉིས་ལ་ཁྱད་པར་ཡོད་ན་མི་རྟག་པར་ཐལ་ཏེ། འགྱུར་བའི་ཕྱིར་རོ། །གཞན་ཡང་ལན་ཅིག་ཐམས་ཅད་བྱེད་ན་མ་འོངས་པ་ཐམས་ཅད་ད་ལྟར་གྲུབ་པར་ཐལ། ཅིག་ཅར་བྱས་པའི་ཕྱིར་རོ། །ཡང་ཕྱིས་ཀྱང་བྱེད་ན་ཅིག་ཅར་བྱེད་པ་ཉམས་སོ། །གལ་ཏེ་རྟག་པས་རིམ་གྱིས་དོན་བྱེད་ན་དང་པོ་མི་བྱེད་པའི་གནས་སྐབས་ལས་ཕྱིས་བྱེད་པ་ན་འགྱུར་ན་མི་རྟག་པར་ཐལ། མི་འགྱུར་ན་ཕྱིས་ཀྱང་མི་བྱེད་པར་ཐལ། སྔ་མ་ལས་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་སློབ་དཔོན་གྱིས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །དེ་ལ་རིམ་དང་རིམ་མ་ཡིན། །འགལ་ཕྱིར་སྐད་ཅིག་མིན་པ་མེད། །ཅེས་གསུངས་པས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། རྟག་པའི་གནས་སྐབས་ལ་མི་ཁེགས་པ་སྤང་བ་ནི། རང་བཞིན་རྟག་ཀྱང་གནས་སྐབས་རྣམས། །འགྱུར་ཕྱིར་དོན་བྱེད་འཐད་ཅེ་ན། །རྟག་པའི་རང་བཞིན་མི་འགྱུར་ཡང་གནས་སྐབས་འགྱུར་བས་དོན་བྱེད་དོ་ཞེ་ན། མི་འཐད་དེ། གཉིས་པོ་གཅིག་ན་ཆོས་གཉིས་འགལ། །ཐ་དད་ཡིན་ན་བྱེད་པ་འགལ། །རྟག་པའི་རང་བཞིན་དང་གནས་སྐབས་གཉིས་གཅིག་ན་འགྱུར་མི་འགྱུར་ཆ་གཉིས་འགལ་ལ། ཐ་དད་ན་གནས་སྐབས་མི་རྟག་པས་དོན་བྱེད་ཀྱང་རང་བཞིན་རྟག་པས་དོན་བྱེད་མི་ནུས་པར་འགྱུར་རོ། །གཉིས་པ་རྟག་པའི་རང་བཞིན་ལ་མི་ཁེགས་པ་སྤང་བ་ནི། སྐད་ཅིག་འཇིག་པ་མེད་ན་ཡང༌། །རགས་པའི་འགྱུར་བ་ཡོད་ཅེ་ན། །རྟག་པ་ལ་སྐད་ཅིག་གིས་འཇིག་པ་མེད་ཀྱང་རགས་པའི་འགྱུར་བ་ཡོད་པས་བྱ་བ་བྱེད་དོ་ཞེ་ན། དང་པོ་སྐད་ཅིག་མི་འཇིག་ན། །རགས་པའི་འགྱུར་བ་ག་ལ་སྲིད། །དང་པོ་ནས་སྐད་ཅིག་གིས་མི་འཇིག་ན་ཕྱིས་ཀྱང་འགྱུར་བ་འགལ་ཏེ། སྐད་ཅིག་དང་པོ་སྐྱེས་པ་དེ་གཉིས་སུ་སྡོད་ཅིང་གསུམ་དུ་མི་སྡོད་པའི་རང་བཞིན། གཉིས་པར་ཉམས་ན་གཉིས་པར་སྡོད་པའི་རང་བཞིན་འགག་པས་སྐད་ཅིག་ཏུ་གྲུབ་ལ། མ་ཉམས་ན་གཉིས་པའི་གཉིས་པ་གསུམ་དུ་སྡོད་པར་འགྱུར་བ་ལས་གསུམ་དུ་མི་སྡོད་པའི་ཕྱིར་གཉིས་པར་སྡོད་པ་མ་ཡིན་ནོ། །དེ་ལ་དགོངས་ནས། གནས་པ་ལ་ནི་མི་སྲིད་དང༌། །དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་མདོ་སྡེ་རྒྱན་ལས་གསུངས་པས་སོ། །རྩོད་སྤང་གཞན་མང་པོ་སྐད་ཅིག་གིས་འཇིག་པ་ཡང་དག་ཏུ་སྒྲུབ་ཤེས་ན་རང་གྲོལ་དུ་འགྲོ་བས་སྤང་མི་དགོས་སོ། །གཉིས་པ་དོན་བྱེད་པས་སྟོང་པ་ལ་བྱས་པའམ་ཡོད་པས་སྟོང་པའི་ཁྱབ་པ་ནི། དོན་བྱེད་ནུས་པ་བཀག་པ་ལ། །དངོས་པོ་མེད་པས་ཁྱབ་པ་གྲུབ། །དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཡིན་ལ། དེ་རྟག་པ་ལ་ཁེགས་པས་རྟག་པ་ལ་དངོས་མེད་ཀྱི་ཁྱབ་པ་འགྲུབ་སྟེ་དཔེར་ན་ནམ་མཁའ་བཞིན་ནོ། །གསུམ་པ་རྟགས་ཀྱི་རིགས་ངོས་གཟུང་བ་ལ་གཉིས་ཏེ། རིགས་གང་ཡིན་པ་དང༌། གཉིས་མི་དགོས་པ་སྤང་བའོ། །དང་པོ་ནི་ཡོད་པའམ་བྱས་པའི་མཚན་ཉིད་འགོག་ན་དོན་འགོག་ཡིན་ལ་མཚོན་བྱ་འགོག་ན་ཐ་སྙད་འགོག་པ་ཡིན་ནོ། །གཉིས་པ་ནི། ལྟོས་མེད་དམ་གནོད་པ་ཅན་གང་རུང་གིས་ཁྱབ་པ་འགྲུབ་པས་གཉིས་དོན་མེད་དོ་ཞེ་ན། གནོད་པ་ཅན་གྱི་ལམ་སྦྱོང་དུ། །ལྟོས་མེད་འཆད་པ་དགོངས་པ་མིན། །ཁ་ཅིག་ལྟོས་མེད་གནོད་པ་ཅན་གྱི་ལམ་སྦྱོང་དུ་འཆད་པ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ནོ། །དེས་ན་ལོག་རྟོག་རྣམ་གཉིས་ཀྱི། །གཉེན་པོར་གཏན་ཚིགས་རྣམ་གཉིས་གསུངས། །ལྟོས་མེད་ནི་མུ་སྟེགས་བྱེད་འགའ་ཞིག་དངོས་པོ་རྣམས་འཇིག་རྒྱུ་དང་ཕྲད་ན་འཇིག་ལ། མ་ཕྲད་ན་མི་འཇིག་པར་འདོད་པ་ལ་འཇིག་པར་ཁས་ལེན་ན་རྒྱུ་ལ་མི་ལྟོས་པར་རང་གིས་འཇིག་པར་འགྲུབ་པ་ཡིན་ཅིང༌། གནོད་པ་ཅན་ནི། དབང་ཕྱུག་དང་རིག་བྱེད་ལ་སོགས་པ་དངོས་པོ་ནི་ཡིན་ལ་འཇིག་པའི་རྐྱེན་དང་ཕྲད་ཀྱང་མི་འཇིག་པར་འདོད་པ་ལ་དངོས་པོ་འཇིག་མེད་དེས་དོན་བྱེད་དུས་སམ་མི་ནུས་ཞེས་བརྟགས་ནས་འགོག་པ་ཡིན་ནོ། །དེས་ན་འཇིག་པར་ཁས་ལེན་པ་ལ་གནོད་པ་ཅན་མི་འཇུག་ལ་མི་འཇིག་པར་ཁས་ལེན་པ་ལ་ལྟོས་མེད་མི་འཇུག་པས་ཡུལ་ཐ་དད་པ་ཡིན་ནོ། །གཉིས་པ་དེ་ལས་བྱུང་བའི་འབྲེལ་པ་ངེས་པར་བྱེད་པ་ལ་གསུམ་ལས་གཞན་ལུགས་དགག་ན། རྒྱུ་འབྲས་ཕྲུགས་ལྔས་ངེས་ཞེས་ཟེར། །ཧ་ཅང་ཐལ་ཕྱིར་འདི་མི་འཐད། །འགའ་ཞིག་རྒྱུ་འབྲས་ཕྲུགས་ལྔས་ངེས་པར་བྱེད་དེ། དང་པོ་རྒྱུ་འབྲས་གཉིས་ཀ་མ་དམིགས། དེ་ནས་རྒྱུ་དམིགས། དེ་ནས་འབྲས་བུ་དམིགས། དེ་ནས་རྒྱུ་ལོག་པས་རྒྱུ་མ་དམིགས། དེ་ནས་འབྲས་བུ་ལོགས་པས་འབྲས་བུ་མ་དམིགས་པ་དང་ལྔའོ། །འདི་ཙམ་གྱིས་མི་ངེས་ཏེ། གནས་སྐབས་ཀྱི་རྗེས་སུ་འགྲོ་ལྡོག་རྔ་སྒྲ་དང་ཉི་མའི་འོད་ཟེར་ལ་ཡང་ཡོད་ལ། རང་བཞིན་རྗེས་སུ་འགྲོ་ལྡོག་གིས་ངེས་ན། ཕྲུགས་གསུམ་ཉིད་དུ་འདུས་སོ། །ཡང་འགའ་ཞིག་རྒྱུ་འབྲས་གཉིས་ཀ་མཐོང་བ་ལས་རྒྱུ་མ་མཐོང༌། དེ་ནས་འབྲས་བུ་མ་མཐོང་བའི་ཚད་མ་གསུམ་གྱིས་ངེས་ཞེས་ཟེར་ཏེ་རྒྱུ་འབྲས་གཉིས་དུས་གཅིག་ཏུ་མཐོང་བ་མི་སྲིད་ལ་རེས་འཇོག་ཏུ་མཐོང་ན་མཐོང་བ་གཉིས་དང་མ་མཐོང་བ་གཉིས་ཏེ། བཞིར་འགྱུར་རོ། །དེའང་གནས་སྐབས་ཙམ་མ་ཡིན་པར་རང་བཞིན་ངེས་ན་འགལ་བ་མེད་དེ། ཆོས་ཀྱི་གྲགས་པས་ཀྱང༌། རྟག་ལ་ལྟོས་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པ་དཀའ། །ཞེས་ཡོད་ན་ཡོད་པའི་རྗེས་འགྲོ་ཙམ་གྱིས་མི་གྲུབ་པར་ལོག་ན་ལྡོག་པའི་ལྡོག་པ་ཉིད་དགོས་པར་གསུངས་པའི་ཕྱིར་རོ། །ཁ་ཅིག་འདིས་མ་ངེས་ཏེ་ལྡོག་པ་ངེས་པའི་ཚད་མ་གསུམ་གྱིས་དུ་བ་སྐྱེ་བར་མ་གྲུབ་པར་མེ་ལས་སྐྱེ་བ་མི་འགྲུབ་ལ། དེ་མ་ཡིན་ལ་སྐྱེ་བ་ཁེགས་ཙམ་གྱིས་དེ་ལས་སྐྱེ་བ་མི་འགྲུབ་ཅིང་དུ་བའི་སྒྲ་དོན་མེ་མ་ཡིན་ལས་སྐྱེ་བ་ཁེགས་པས་མེ་ལས་སྐྱེ་བ་མི་འགྲུབ་པ་བཞིན་ནོ། །ཞེས་ཟེར་བ་མི་འཐད་དོ། །དུ་བའི་སྒྲ་དོན་དངོས་མེད་ཡིན་པས་དཔེ་ག་ལ་མཚུངས། དངོས་པོ་ཞིག་ཡིན་ན་དེ་མ་ཡིན་ལས་སྐྱེ་བ་ཁེགས་ན་དེ་ལས་སྐྱེ་བ་འགྲུབ་པ་ཉིད་ཡིན་ཏེ་བྱས་པ་རྟག་པ་ལ་ཁེགས་པས་མི་རྟག་པ་ལ་འགྲུབ་པ་བཞིན་ནོ། །ཁ་ཅིག་མེ་ལས་དུ་བ་སྐྱེ་བ་མངོན་སུམ་གྱིས་གྲུབ་པས་རྒྱུ་འབྲས་སྒྲུབ་བྱེད་གཞན་མི་དགོས་སོ་ཞེས་ཟེར་བའང་མི་འཐད་དེ། མེ་དུད་དུས་མཉམ་པ་མཐོང་བ་ནི་རྒྱུ་འབྲས་མ་ཡིན་ལ། སྔ་ཕྱིར་མཐོང་ནས་རྒྱུ་འབྲས་སུ་ངེས་པའང་ཕྲུགས་གསུམ་ལས་མ་འདས་ཤིང་དུ་བ་སྐྱེ་བ་མཐོང་བ་ནི་དུ་བ་རྐྱང་པ་ཡིན་གྱི་མེ་ལ་ལྟོས་མི་དགོས་སོ། །གཉིས་པ་རང་གི་ལུགས་ལ་གསུམ་སྟེ། རྒྱུ་འབྲས་སྤྱིའི་མཚན་ཉིད། དེ་ངེས་པར་བྱེད་པའི་ཚད་མ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི་རྒྱུ་འབྲས་ཕན་འདོགས་བྱ་བྱེད་ཡིན། །རྒྱུ་ཡང་ཉེར་ལེན་ལྷན་ཅིག་བྱེད། །རྒྱུ་འབྲས་གཉིས་ལ་སྤྱི་མཚན་མེད་པས་སོ་སོར་ཕྱེ་ན། རྒྱུའི་མཚན་ཉིད་ནི་ཆོས་གཞན་ལ་ཕན་འདོགས་པ་ཡིན་ལ་འབྲས་བུའི་མཚན་ཉིད་ནི་ཆོས་གཞན་གྱིས་ཕན་བཏགས་པའོ། །རྒྱུ་ལའང་གཉིས་ལས། ཉེར་ལེན་ནི་འབྲས་བུའི་ངོ་བོ་ལ་ཕན་འདོགས་པ་ཡིན་ལ། ལྷན་ཅིག་བྱེད་པ་ནི་དེའི་ཁྱད་པར་ལ་ཕན་འདོགས་པའོ། །དེས་ན་ས་བོན་གྱི་མཚན་ཉིད་ཀྱང་རྐྱེན་དང་ཕྲན་ན་འབྲས་བུ་སྐྱེད་ནུས་སོ། །བོད་ཁ་ཅིག་འབྲས་བུ་སྐྱེད་ནུས་ལ་བྱེད་པ་མི་འཐད་དེ། ས་བོན་རྐྱང་པ་ལ་ནུས་པ་མེད་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། དེ་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་ཏན་སྲིད་གྱུར་པ། །དེ་དག་རྒྱུ་ཡིན་ཞེས་གསུངས་པས་སོ། །གཉིས་པ་རྒྱུ་འབྲས་ངེས་པར་བྱེད་པའི་ཚད་མ་ནི། དེ་ཡང་རྗེས་སུ་འགྲོ་ལྡོག་གི །སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས། །མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནི། དང་པོ་ས་ཕྱོགས་དག་པར་མེ་དུད་གཉིས་ཀ་སྣང་རུང་མ་དམིགས་པ་ལས་མེ་མཐོང་བའི་ཚེ་རྟོག་པས་མེའི་གཞན་སེལ་བཟུང༌། དེ་ནས་དུ་བ་མཐོང་བའི་རྗེས་སུ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས་ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་འབྲེལ་ལ་ངེས་པར་བྱེད་དོ། །ཡང་ན་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་སྟེ། དང་པོ་འབྲས་བུ་སྐྱེ་བ་མ་མཐོང་བ། དེ་ནས་སྐྱེད་བྱེད་ཀྱི་རྒྱུ་མེ་མ་མཐོང་བ། དེ་ནས་བསྐྱེད་པའི་འབྲས་བུ་དུ་བ་མ་མཐོང་བ་སྟེ་གསུམ་མོ། །འདི་ནི་སྔོན་མཐའ་མི་ངེས་པ་ལ་ཡིན་ཅིང༌། སྔ་མ་ནི་ཕྱི་མཐའ་མི་ངེས་པ་འཇུག་ལ་གཉིས་ཀ་ལྟར་ཡང་ཕྲུགས་གསུམ་ཡིན་ནོ། །སློབ་དཔོན་གྱིས། གང་ཞིག་མཐོང་ན་མ་མཐོང་མཐོང༌། །དེ་མ་མཐོང་ན་མ་མཐོང་བ། །འབྲས་བུ་ཡིན་པ་ཉིད་དུ་ནི། །སྟོན་པའི་སྐྱེ་བོ་མེད་ཀྱང་ཤེས། །ཞེས་བྱ་བ་ལ་སོགས་པས་རྗེས་སུ་འགྲོ་ལྡོག་གཉིས་ཀ་གསུངས་པ་ནི་གཉིས་ཀ་ལ་དགོངས་པ་ཡིན་ནོ། །སེམས་དང་ལྗོན་པའམ་ཡུལ་དང་རྣམ་ཤེས་ལ་སོགས་པ་རྒྱུ་འབྲས་ཕྲུགས་གསུམ་གྱིས་ངེས་མི་ནུས་པ་རྣམས་ལ། འགའ་ཞིག་སྔ་ཕྱི་ལྟོས་པས་གྲུབ་ཅེས་ཟེར་མོད། འོན་ཀྱང་གཞན་སེལ་ཉིད་ཀྱིས་དེ་དག་ངེས་ཏེ། རྣམ་འགྲེལ་ལས། རིགས་གང་གང་ལ་རབ་གྲུབ་པ། །ཁྱད་པར་མེད་དེ་མེ་ཤིང་བཞིན། །རྒྱུ་མ་མཐོང་བ་ཅན་གཞན་ཡང༌། །དེ་ལས་གྲུབ་པར་ཡང་དག་ཤེས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་སྔར་མི་དམིགས་པས། རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་ལྡོག་པ་གྲུབ་ལ། སྔར་མེད་པ་དང་ཕྱིས་སྐྱེ་བ་དམིགས་པ་གཉིས་ཀྱིས་གཏན་མི་སྐྱེ་བ་དང༌། རྒྱུ་མེད་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་རྗེས་འགྲོ་གྲུབ་པས་རྒྱུའི་མཐའ་གསུམ་ཁེགས་ལ། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་གྲུབ་པས་རྗེས་འགྲོ་ཕྲུགས་གསུམ་དང༌། དེ་བཞིན་དུ་ལྡོག་པའི་ཕྲུགས་གསུམ་གྱིས་འགྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ལ་གསུམ་སྟེ། མཚན་ཉིད་མི་འགྲུབ་ཧ་ཅང་ཐལ། །གཞན་དུ་འཁྲུལ་པས་འདིར་མི་གནོད། །དང་པོ་ནི་སྔར་མ་དམིགས་པས་འབྲས་བུ་ལྡོག་པ་མི་འགྲུབ་སྟེ། འབྲས་བུ་བལྟར་མི་རུང་བ་སྲིད་པའི་ཕྱིར་རོ། །དེ་ཙམ་གྱིས་སྐྱེད་པར་མཐོང་བས་ཀྱང་མི་སྣང་བའི་རྒྱུ་གཞན་མི་ཁེགས་ཏེ། བདེ་བ་དང་སྡུག་བསྔལ་ལ་ལས་སམ། ནད་སྐྱེད་པ་དང་འཚོ་བ་ལ་གདོན་དང་ལྷ་བཞིན་ནོ་ཞེ་ན། སྣང་དུ་མི་རུང་བའི་མེ་དུད་ལ་སོགས་པ་ལ་དེ་ལྟར་དོགས་པས་མི་ཁེགས་ཀྱང་འདིར་རང་བཞིན་གྱིས་མ་བསྐལ་བའི་མེ་དུད་རྒྱུ་འབྲས་སུ་བསྒྲུབ་པས་སྐྱོན་མེད་དོ། །གཉིས་པ་ཧ་ཅང་ཐལ་བ་ནི། རྒྱུ་འབྲས་མ་ཡིན་པའི་སྡོང་བུའི་རྣམ་འགྱུར་དང༌། མུན་པའམ། འབྲས་བུའི་སྤྱི་དང་རྒྱུའི་བྱེ་བྲག་ཀྱང་ཐ་དད་ལས་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རྒྱུ་འབྲས་སུ་ཐལ་ལོ་ཞེ་ན། མུན་པ་ནི་སྡོང་བུའི་རྣམ་འགྱུར་དང་རྗེས་སུ་འགྲོ་ལྡོག་མི་བྱེད་ཀྱི་སྡོང་བུའི་རྣམ་འགྱུར་ལྡོག་པའི་སྣང་བ་དང་རྗེས་སུ་འགྲོ་ལྡོག་བྱེད་པ་ལ་དེ་དང་རྗེས་སུ་འགྲོ་ལྡོག་བྱེད་པ་ལྟར་མཐོང་བ་ཡིན་ནོ། །འབྲས་བུའི་སྤྱི་དང་རྒྱུའི་བྱེ་བྲག་ལ་ཁྱབ་ཆེས་པ་མེད་དེ། དུ་བའི་ཤེས་བྱ་དང་ཤེས་བྱ་ཙམ་ལྡོག་གཉིས་ལས་དང་པོ་ནི་འབྲས་བུ་ཉིད་ཡིན་ལ། གཉིས་པ་ལ་ལྡོག་པ་མེད་པས་མཚན་ཉིད་མ་ཞུགས་སོ། །གསུམ་པ་གཞན་དུ་འཁྲུལ་པ་སྤང་བ་ལ་གཉིས་ཏེ། རྒྱུ་མིན་ལས་མི་སྐྱེ། སྐྱེ་ན་སྔ་ཕྱིའི་རྒྱུ་འབྲས་སུ་གྲུབ་པའོ། །དང་པོ་ལ་གཉིས་ལས་སྐྱེ་བར་འདོད་པ་དགག་ན། མེ་མིན་བརྒྱ་བྱིན་གྱི་སྤྱི་བོ་ལས་དུ་བའམ། ས་བོན་མ་ཡིན་པ་བ་ལང་གི་ལྕིབ་ལས་ཨུཏྤ་ལའམ། ལུག་གི་རྭ་ལས་དཱུར་བ་སྐྱེ་བ་ལ་སོགས་པ་མཐོང་བས་མ་ངེས་སོ་ཞེ་ན། གང་དག་རྒྱུ་མིན་ལས་སྐྱེས་པ། །དེ་ནི་དེ་ཡི་འབྲས་བུ་མིན། །རྣམ་པ་འདྲ་བས་འཁྲུལ་པ་ལ། །དེ་ཡི་མིང་གིས་བཏགས་པར་ཟད། །གང་རྒྱུ་མ་ཡིན་པ་དེས་རྒྱུ་དེའི་འབྲས་བུ་མི་སྐྱེད་དོ། །དེས་ན་བརྒྱ་བྱིན་གྱི་སྤྱི་བོའི་དེ་དུ་བ་ཡིན་ན་མེ་ལས་སྐྱེས་པར་ཐལ། མེ་ལས་མ་སྐྱེས་ན་དུ་བ་མ་ཡིན་པར་ཐལ། ཞེས་བྱ་བ་ཙམ་གྱིས་འགྲུབ་མོད་ཀྱི། འོན་ཀྱང་སློབ་དཔོན་གྱིས། གལ་ཏེ་བརྒྱ་བྱིན་སྤྱི་བོའི་མེ། །རང་བཞིན་ཡིན་ན་དེ་ཉིད་མེ། །འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌། །དུ་བའི་རྒྱུ་ཡི་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་བ་དེ་ནི་རྒྱུ་མེད་འགྱུར། །ཞེས་གསུངས་པ་ལྟར་ན། དུ་བ་མེ་དང་མེ་མིན་གཉིས་ཀ་ལ་ལྡོག་པ་འཁྲུལ་པས་དེ་གཉིས་ཀའི་འབྲས་བུ་མ་ཡིན་པར་ཐལ་པ་དང༌། རྒྱུ་ལས་མ་བྱུང་ཞིང་རྒྱུ་མིན་ལས་བྱུང་བས་རྒྱུ་ཡེ་མེད་དུ་ཐལ་བ་དང༌། མེ་དང་མེ་མིན་གྱི་འབྲས་བུ་མ་ཡིན་པས་དུ་བ་ཉིད་མ་ཡིན་པར་ཐལ་བ་གསུམ་མོ། །དེ་བཞིན་དུ་མེའི་སྟེང་དུ་ཐལ་བ་གསུམ་དང༌། བརྒྱ་བྱིན་གྱི་སྤྱི་བོའི་སྟེང་དུ་ཐལ་བ་གསུམ་སྟེ་དགུ་བཀོད་ཀྱང་རུང་ངོ༌། །དེས་ན་གྲག་མཁར་གྱི་དུ་བ་དང༌། ལྕི་བའི་ཨུཏྤ་ལ་ལ་སོགས་པ་མིང་དེར་བཏགས་ཀྱང་ཁ་དོག་དང་ནུས་པ་དང་རོ་ལ་སོགས་པ་སོ་སོར་ཕྱེ་ན་མི་འདྲ་བས་ཨུཏྤ་ལ་ལ་སོགས་པ་ཉིད་མ་ཡིན་ཏེ་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་རྣམས་ནི་རྒྱུ་ལ་འཁྲུལ་པ་མེད་དོ། །ཞེས་གསུངས་པ་བཞིན་ནོ། །འདི་ནི་འབྲས་བུའི་རྟགས་ཀྱི་གནོད་པ་ཅན་གྱི་གཏན་ཚིགས་སོ། །གཉིས་པ་བཀག་པ་ལ་མི་འཐད་པ་སྤང་བ་ནི། གལ་ཏེ་རྒྱུ་མ་ཡིན་པ་ལས་གྲུབ་པ་དེའི་འབྲས་བུ་མ་ཡིན་ན། རྡོ་གཙུབས་པའི་མེ་མེ་མ་ཡིན་པར་འགྱུར་རོ། །མེའི་རྒྱུ་བུད་ཤིང་ལས་མ་བྱུང་ཡང་མེ་ཡིན་ན་བརྒྱ་བྱིན་གྱི་སྤྱི་བོའི་ཡང་རྒྱུ་མེ་ལས་མ་བྱུང་ཡང་དུ་བར་མཚུངས་སོ། །དེ་རྒྱུ་མེ་ལས་མ་བྱུང་བས་དུ་བ་མ་ཡིན་ན། རྡོ་གཙུབས་པའི་ཡང་རྒྱུ་ཤིང་ལས་མ་བྱུང་བས་མེ་མ་ཡིན་ནོ། །དེ་མེ་ཡིན་ན་སྔ་མ་ཡང་དུ་བ་ཡིན་ནོ་ཞེ་ན་མི་མཚུངས་ཏེ། རྡོ་དང་ཤིང་སོགས་མེ་རྒྱུ་མིན། །མེ་རྒྱུ་མེ་ཡི་རྡུལ་ཕྲན་ཡིན། །རྡུལ་ཕྲན་གཅིག་ཏུ་སྡུད་པའི་རྒྱུ། །རྡོ་ཤིང་སོགས་ཡིན་དབང་པོ་བཞིན། །རྡོ་དང་བུད་ཤིང་ལ་སོགས་པ་མེའི་ཉེར་ལེན་གྱི་རྒྱུར་འདོད་ན་བདེན་པ་ཞིག་ན། ཁོ་བོ་ཅག་བེམས་པོ་ཐམས་ཅད་འབྱུང་བ་བཞིན་ཁ་དོག་དང་རེག་པ་དང༌། དྲི་དང་རོའི་རྡུལ་ཕྲན་འདུས་པར་འདོད་ཀྱི་རྐྱང་པ་ལ་རགས་པར་སྣང་བ་མི་འདོད་དོ། །མེའི་ཉེར་ལེན་མེའི་རྡུལ་ཕྲན་ཉིད་ཡིན་ཏེ། ཚོགས་པ་རྣམ་པར་འཇོག་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཡིན་པས། །ཞེས་གསུངས་པ་ལྟར་རོ། །རྡོ་དང་ཤིང་ནི་མེའི་རྡུལ་ཕྱོགས་གཅིག་ཏུ་འཚོགས་པར་བྱེད་པའི་བདག་རྐྱེན་ཡིན་གྱི། ཉེར་ལེན་གྱི་རྒྱུར་མི་རུང་སྟེ། དཔེར་ན་མིག་གི་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་རྣམ་ཤེས་སྔ་མ་ཡིན་ལ་བདག་རྐྱེན་དབང་པོ་ཡིན་པ་བཞིན་ནོ། །དེས་ན་མེ་མ་ཡིན་པ་མེའི་ཉེར་ལེན་དང་རྣམ་ཤེས་མ་ཡིན་པ། རྣམ་ཤེས་ཀྱི་ཉེར་ལེན་དུ་མི་འཐད་དོ། །འོ་ན་དུ་བའི་རྒྱུའང་སའི་རྡུལ་ཕྲན་ཡིན་ལ། མེ་དང་བརྒྱ་བྱིན་གྱི་སྤྱི་བོ་ཡང་སའི་རྡུལ་ཕྲན་སྡུད་པའི་བདག་རྐྱེན་ཡིན་ནོ་ཞེ་ན། མི་མཚུངས་ཏེ། སའི་རྡུལ་ཕྲན་བསྡུས་པ་ཙམ་གྱིས་དུ་བར་འགྱུར་ན། རི་དང་ཁང་པ་ལ་སོགས་པའང་དུ་བར་འགྱུར་རོ། །མེའི་རྡུལ་ཕྲན་བསྡུས་པ་མེར་གྱུར་ན། རྒོད་མཁའི་མེའང་མེར་འགྱུར་རོ་ཞེ་ན། འདོད་པས་ག་ལ་མཚུངས། གལ་ཏེ་སའི་རྡུལ་ཕྲན་སྡུད་པ་ཙམ་མ་ཡིན་གྱི། འོན་ཀྱང་མེ་དང་བརྒྱ་བྱིན་གྱི་སྤྱི་བོ་གཉིས་ཀས་དུ་བ་སྡུད་པར་བྱེད་དོ་ཞེ་ན། མ་ཡིན་ཏེ་དུ་བ་ནི་མེ་དང་བུད་ཤིང་གིས་བསྐྱེད་པའི་སྐྱའི་རྫས་ཀྱི་བྱེ་བྲག་ཡིན་པས་དེ་བརྒྱ་བྱིན་གྱི་སྤྱི་བོ་ལ་ག་ལ་འགྲུབ། དེས་ན་དུ་བ་ཞེས་བྱ་བ་ཤིང་གི་སྒྲ་ལྟ་བུར་སྐྱ་བོའི་རྫས་ཀྱི་སྤྱི་སྒྲ་མ་ཡིན་གྱི་ཤིང་ཤ་པ་ལྟ་བུར་མེ་ལས་སྐྱེས་པའི་རྫས་ཀྱི་བྱེ་བྲག་གི་ཐ་སྙད་ཡིན་ནོ། །གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་ལ་མིང་ཡང་དུ་བར་གྲགས་ལ་རྣམ་པའང་དུ་བ་དང་འདྲའོ། །ཞེ་ན་མི་འདྲ་བ་ལ་སྒྲོ་བཏགས་པ་ཡིན། རྣམ་པ་སྔོ་ལ་འཕྱུར་བ་ཙམ་དུ་འདྲ་ཡང་མཚུལ་དུ་དཀུ་བ་དང༌། སྔོ་ཚུལ་དང་འཕྱུར་ཚུལ་མི་འདྲའོ། །ངོ་བོ་མི་འདྲ་ཡང་བློས་སྤུ་རིས་མི་ཟིན་ནོ་ཞེ་ན། ངོ་བོ་མི་འདྲ་བས་ཆོག་མོད། སྤུ་རིས་མི་ཟིན་པ་བློའི་སྐྱོན་ཡིན་གྱི་དོན་གྱི་སྐྱོན་མ་ཡིན་ནོ། །བློ་སྐྱོན་ཐམས་ཅད་དོན་ལ་སྦྱོར་ན་གསེར་དང་ར་གན་དང་མི་དང་ཐོ་ཡོར་ལ་སོགས་པའང་སྤུ་རིས་མི་ཟིན་པའི་བླུན་པོ་ཡོད་པས་ཐམས་ཅད་ངེས་པར་མི་ནུས་སོ། །དེ་སྐད་དུའང༌། ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་པས་ཐ་དད་མེད་ཕྱིར། །རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱ་བོའི་རྫས་པ་མེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེས་ན་མིང་གཅིག་ཀྱང་དོན་མི་གཅིག་སྟེ། འཆི་བའི་སྒྲ་ཤིང་སྐམ་པ་དང༌། མེ་རྣལ་བ་དང༌། འོ་མ་རུལ་པ་ལའང་འཇུག་མོད་ཀྱི། སངས་རྒྱས་པས་ཤི་བ་མཚན་ཉིད་པ། རྣམ་ཤེས་ཀྱི་རྟེན་དང་ཚེ་ལ་སོགས་པ་འགག་པ་ལ་ཟེར་གྱི་སྐམ་པ་ལ་མི་ཟེར་བ་བཞིན་ནོ། །དེ་ཉིད་རྒྱན་མཛད་པས། རྣམ་ཤེས་ལ་སོགས་འགག་པ་ལ། །འཆི་བར་སངས་རྒྱས་པས་རྟོགས་པས། །གང་ལ་ཤིང་ལ་རྣམ་ཤེས་སོགས། །མ་གྲུབ་དེ་ལས་འཆི་དེ་བཞིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐྱེ་ན་སྔ་ཕྱིའི་རྒྱུ་འབྲས་སུ་གྲུབ་པ་ནི། ཡང་ན་སྔོན་དང་ཕྱི་མ་ཡི། །རྒྱུ་དང་འབྲས་བུ་ཐ་དད་ཡོད། །མེ་དང་དུ་བས་བསྐྱེད་པ་ཡི། །འབྲས་བུ་དུ་བའི་ཁྱད་པར་བཞིན། །དང་པོ་བསྐྱེད་པའི་རྒྱུ་འབྲས་དང༌། །ཕྱིས་བསྐྱེད་པའི་རྒྱུ་འབྲས་མི་འདྲ་སྟེ། དུ་བ་དང་པོའི་རྒྱུ་མེ་ཡིན་ལ་དུ་བ་ཕྱི་མའི་རྒྱུ་དུ་བ་ཉིད་ཡིན་པའམ། །ཆུ་ཤིང་དང་པོའི་རྒྱུ་ས་བོན་ཡིན་ལ། ཕྱིས་ཀྱི་རྒྱུ་སྡོང་བུའམ། དཱུར་བ་དང་པོའི་རྒྱུ་ལུག་གི་རྭ་ཉིད་ལ་ཕྱིས་ཀྱི་རྒྱུ་དཱུར་བའི་ས་བོན་ནམ། བུམ་པ་དང་པོའི་རྒྱུ་འཇིམ་པ་དང་རྫ་མཁན་ལ་ཕྱིས་ཀྱི་རྒྱུ་བུམ་པ་ཉིད་དམ། དེ་བཞིན་དུ་ཤ་ལུ་ཀ་ལ་སོགས་པ་ཐམས་ཅད་ལ་ཤེས་པར་བྱ་སྟེ། གཏན་ཚིགས་ཐིགས་པ་ལས། རིགས་མི་མཐུན་པ་ལས་ཀྱང་ཅུང་ཟད་འབྱུང་བར་མཐོང་སྟེ། དཔེར་ན་བ་ལང་གི་ལྕི་བ་ལ་སོགས་པ་ལས་ཤ་ལུ་ཀ་ལ་སོགས་པ་མ་ཡིན་ནམ་ཞེ་ན། རིགས་མི་མཐུན་པ་ལས་ཀྱང་འབྱུང་བ་ཡིན་ཏེ། དེ་ལྟ་བུ་ཁོ་ན་དེ་དང་འདྲ་བའི་དང་པོའི་རྒྱུ་ཡིན་པས་རྒྱུ་ཐ་དད་པ་མ་ཡིན་ནོ། །རྒྱུན་གྱིས་འབྱུང་ན་འདམ་བུ་ལས་འབྱུང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེས་ན་ཤ་ལུ་ཀ་ལ་སོགས་པ་ངོ་བོ་ཡིན་ན་སྔ་ཕྱི་རྒྱུ་འབྲས་ཡིན་ལ་ངོ་བོ་མ་ཡིན་པའི་གཟུགས་འདྲ་བ་ཙམ་ནི་དུ་བ་དང་བརྒྱ་བྱིན་གྱི་སྤྱི་བོ་ལྟར་མིང་གཅིག་ཀྱང་དོན་འཁྲུལ་པ་ཡིན་ནོ། །གཉིས་པ་འབྲེལ་པ་དེ་དག་གི་མཚན་གཞི་ངོས་བཟུང་བ་ལ་གསུམ་ལས་གཞན་ལུགས་དགག་པ་ནི། རང་མཚན་དང་ནི་སྒྲ་དོན་གཉིས། །འབྲེལ་པའི་མཚན་གཞིར་མི་འཐད་པས། །བོད་རྣམས་འབྲེལ་པ་དོན་ལ་ཡོད་པར་འདོད་པ་ལྟར་ན། མཚན་གཞིའང་ཡུལ་དུས་སོ་སོར་ངེས་པའི་རྫས་ལ་བརྩི་དགོས་ལ། དེ་འདོད་ན་རང་མཚན་ལ་རྗེས་འགྲོ་མེད་པའི་ཕྱིར་གོ་བྱེད་མ་ཡིན་པར་བཤད་ཟིན་ཏོ། །འགའ་ཞིག་དུ་བ་དང་བྱས་པ་ལ་སོགས་པའི་སྒྲ་དོན་ལ་འབྲེལ་པ་བརྩི་བའང་མི་འཐད་དེ། སྒྲ་དོན་དངོས་མེད་ལ་འབྲེལ་པ་བྱས་པས་རང་མཚན་གོ་བར་མི་ནུས་སྟེ། རང་མཚན་དང་དངོས་མེད་ཉིད་ལ་འབྲེལ་པ་མེད་པའི་ཕྱིར་བུམ་པ་ལ་འབྲེལ་པ་བྱས་པས་བ་ལང་མི་གོ་བ་བཞིན་ནོ། །གཉིས་པ་རང་གི་ལུགས་ནི། སྒྲའི་དོན་ལ་རང་མཚན་དུ། །འཁྲུལ་པའི་གཞན་སེལ་ཁོ་ན་ཡིན། །རྟོག་པས་སྒྲ་དོན་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་གྱིས་དུ་བ་དང་མེ་དང༌། བྱས་པ་དང་མི་རྟག་པ་ལ་སོགས་པའི་ལྡོག་པ་གཅིག་ཏུ་བཟུང་བ་ཉིད་ཡིན་ཏེ། གང་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྩོད་པ་སྤང་བ་ནི། ལྡོག་པ་གཅིག་འདོད་ན་རྫས་ཀྱི་སྤྱི་དང་བརྟག་པ་མཚུངས་པའི་སྐྱོན་ཡོད་དོ་ཞེ་ན། ལྡོག་པ་དངོས་མེད་ཡིན་པས་གཅིག་གམ་ཐ་དད་ཀྱི་སྐྱོན་ལས་གྲོལ་ལོ་ཞེས་གཞན་སེལ་གྱི་སྐབས་སུ་བཤད་ཟིན་ཏོ། །ཁ་ཅིག་ལྡོག་པ་གཅིག་མ་ཡིན་ཏེ་མཚུངས་པ་ཡིན་ནོ། །ཞེས་ཟེར་བའང་མི་འཐད་དེ། བདག་ཉིད་ཐམས་ཅད་ཀྱིས་མཚུངས་སམ་ཕྱོགས་གཅིག་གིས་མཚུངས། གང་ལྟར་ཡང་མཚུངས་པ་ཙམ་དུ་བཟུང་བས་ཁྱབ་པ་མི་འགྲུབ་པའང་སྔར་བཤད་ཟིན་ཏོ། །གསུམ་པ་དེ་དག་གང་གིས་ངེས་པའི་ཚུལ་ལ་གསུམ་སྟེ། ཕྱོགས་རེས་ངེས་པ་གཞན་གྱི་ལུགས་དང༌། གཉིས་ཀ་དགོད་པ་རང་གི་ལུགས་དང༌། དེ་ལ་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས་ལས། དཔྱོད་པས་ངེས་པ་ནི། བདེ་བྱེད་དགའ་བ་དཔྱོད་པ་ཡིས། །འབྲེལ་པ་ངེས་པར་བྱེད་ཅེས་གྲག །ཁ་ཆེའི་རྟོག་གེ་བ་ཆེན་པོ་བདེ་བྱེད་དགའ་བ་ན་རེ། གནས་སྐབས་ཀྱི་འབྲེལ་པ་ཚད་མས་ངེས་ཀྱང་རང་བཞིན་གྱིས་འབྲེལ་པ་དཔྱོད་པས་ངེས་དགོས་སོ་ཞེས་གསུངས་སོ། །དཔྱོད་པ་དེའི་མཚན་ཉིད་ཀྱང་འགལ་འབྲེལ་གྱི་རྩ་བ་ལ་བརྟེན་ནས་སྔར་མ་རྟོགས་པའི་སྤྱིའི་རྣམ་པ་ལ་མཐའ་གཞན་དུ་འཛིན་པའི་དོགས་པ་སེལ་བ་ཞེས་བྱ་བའོ། །དེ་སྐད་དུའང༌། འཇུག་ཡུལ་ངེས་པ་མ་རྟོགས་པས། །ཚད་མའི་མཚན་ཉིད་མེད་ཀྱང་བླ། །འབྲེལ་པའི་རྩ་བ་ལ་བརྟེན་ནས། །རྣམ་གཞག་དོགས་འགོག་ཡིད་ཆེས་རྒྱུ། །ཞེས་བཤད་པ་ལྟར་རོ། །དེ་ལ་དབྱེ་ན་སྒྲ་དོན་གྱི་དཔྱོད་པ་དང་དངོས་པོའི་དཔྱོད་པ་གཉིས་ལས། དང་པོ་ནི་ཆད་བྱས་ཀྱི་འབྲེལ་པ་ལ་བརྟེན་ནས་བརྟགས་པའི་དོན་ལ་དོགས་པ་སེལ་བ་སྟེ། རྩིས་དང་མིག་མངས་ཀྱི་འབྲེལ་བུ་ལྟ་བུའོ། །གཉིས་པ་ནི་དངོས་པོའི་འབྲེལ་པ་ལ་བརྟེན་ནས་སྤྱིའི་དོན་ལ་དོགས་པ་སེལ་བ་སྟེ་ཤིང་དང་ཤ་བའི་འབྲེལ་པ་ལྟ་བའོ། །དེས་དཔྱོད་པའི་ཚུལ་ཇི་ལྟར་འཇུག་ཅེ་ན། ཡལ་ག་ལོ་འདབ་དང་ལྡན་པའི་དངོས་པོ་མཐོང་བ་ལྟ་བུ་མཚན་གཞི་འཛིན་པའི་ཚད་མ་དང༌། དེ་ནས་མཐུན་དངོས་དང་གཞན་དངོས་ལས་ལོག་པའི་ལྡོག་པ་ཐ་དད་དུ་བྱེད་པའི་བློ་དང༌། དེའི་རྗེས་སུ་བློ་ལ་དཔྱོད་པ་སྐྱེ་སྟེ། ཆོས་གང་ཞིག་གང་ལས་རྣམ་པ་གཞན་དུ་མི་འཆར་བ་དེ་ནི་དེ་དང་འབྲེལ་པ་དང༌། གཞན་དང་མི་འགལ་བའི་དོགས་པ་ཆོད་དེ། དཔེར་ན་ཤ་བའི་རྣམ་པ་དེ་ཡལ་འདབ་དང་ལྡན་པའི་ཤིང་ཙམ་ལས་གཞན་དུ་རྣམ་པ་མི་འཆར་བས་ཤིང་ཙམ་དང་འབྲེལ་ཞིང་ཤིང་མིན་དང་འགལ་བར་ངེས་པ་ལྟ་བུའོ། །ཡང་ཆོས་གང་ཞིག་གང་ལས་གཞན་དུ་རྣམ་པར་འཆར་བ་དེ་ནི་དེ་དང་འབྲེལ་ཞིང་གཞན་དང་མི་འགལ་བ་ཡིན་ཏེ། ཤིང་ཙམ་ཤ་པ་ལས་གཞན་དུའང་རྣམ་པ་འཆར་བས་དེ་དང་འབྲེལ་ཞིང་དེ་མིན་དང་མི་འགལ་བ་བཞིན་ནོ་ཞེའོ། །འདི་ལ་དཔྱོད་པ་ཁས་ལེན་པ་རྣམས་ན་རེ། རང་གི་མཚན་ཉིད་ཡུལ་ཅན་ཕྱིར། །ཁྱབ་པ་མངོན་སུམ་གྱིས་མི་འགྲུབ། །ཚད་མ་ཡིན་ཕྱིར་རྗེས་དཔག་ནི། །ཡུལ་དུས་སྤྱི་ལ་འཇལ་མི་བྱེད། །གང་ཞིག་སྤྱི་ཡི་ཡུལ་ཅན་མིན། །དེ་ཡི་ཁྱབ་པ་ཇི་ལྟར་འགྲུབ། །ཅེས་བཤད་པ་ལྟར་ཚད་མས་འབྲེལ་པ་མི་ངེས་ཏེ། དེའི་འཇུག་ཡུལ་རང་མཚན་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །དེས་ན་སྤྱི་འབྲེལ་དཔྱོད་པས་ངེས་པར་བྱེད་དོ་ཞེས་ཟེར་བའང་ཆོས་ཅན་ངེས་པར་མ་བཟུང་བར་འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས་པ་ཉིད། རང་མཚན་མ་བཟུང་བས་མངོན་སུམ་མིན་ལ། རྟགས་ལ་མ་ལྟོས་པས་རྗེས་དཔག་མིན་ཅིང་དོན་མཐོང་བ་ཙམ་ཡོད་པས་དཔྱོད་པ་ཞེས་བཏགས་པར་གསལ་ལོ། །གཉིས་པ་ཚད་མས་ངེས་པ་ནི། །ཉི་འོག་པ་རྣམས་ཚད་མ་ཡིས། །འབྲེལ་པ་ངེས་པར་བྱེད་པར་འདོད། །རྒྱ་གར་གྱི་པཎྜི་ཏ་རྣམས་མཐུན་པར་སྔར་བཤད་པ་བཞིན་དུ་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མས་འབྲེལ་པ་ངེས་པར་བྱེད་དེ། དཔེ་ལ་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་དང༌། དེ་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་གཉིས་ཀྱིས་ཡོད་ན་ཡོད་པའི་རྗེས་འགྲོ་དང༌། ལོག་ན་ལྡོག་པའི་ལྡོག་པ་གྲུབ་པས་སྤྱི་ཁྱབ་འགྲུབ་སྟེ། རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོ་མཐོང༌། །ཞེས་གསུངས་པ་ལྟར་རོ། །དེའང་མཐུན་དཔེ་ཚད་མས་གྲུབ་དགོས་ཀྱི་མི་མཐུན་དཔེ་གྲུབ་མི་དགོས་ཏེ། དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ན་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་གསུངས་སོ། །དེས་ན་དུ་བའམ། བྱས་པ་ཡོད་ན་མེའི་མི་རྟག་པ་ཡོད་ཅེས་བརྗོད་པ་ཉིད་ཀྱིས་མེའམ་མི་རྟག་པ་ལོག་ན་དུ་བའམ་བྱས་པ་ལྡོག་པས་ངེས་སོ་ཞེས་གསུང་ངོ༌། །གཉིས་པ་རང་གི་ལུགས་ནི། ཚད་མའི་སྟོབས་ཀྱིས་བསྐྱེད་པ་ཡི། །གཞན་སེལ་ངེས་པའི་བདག་ཉིད་ཅན། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །རྟོག་དཔྱོད་དེ་ཡི་འབྲེལ་པ་ངེས། །ཁོ་བོ་ནི་ཚད་མ་ལ་མ་ལྟོས་པའི་དཔྱོད་པ་ལའང་གཞན་སེལ་ཕྱིན་ཅི་ལོག་སྲིད་པས་མི་ངེས་ལ། མངོན་སུམ་ཡང་མ་ངེས་ན་འཇུག་ལྡོག་གི་ཐ་སྙད་མི་འགྲུབ་ཅིང༌། ངེས་ན་རྟོག་དཔྱོད་ལས་མ་འདས་ལ་རྗེས་དཔག་གིས་མི་མཐུན་ཕྱོགས་ལ་ཁེགས་ཀྱང་རྟོག་དཔྱོད་མེད་ན་མཐུན་ཕྱོགས་དང་འབྲེལ་པ་མི་འགྲུབ་པས། ཚད་མའི་རྗེས་ལ་སྐྱེས་པའི་ངེས་པ་རྟོག་དཔྱོད་ཀྱི་ངོ་བོས་འབྲེལ་པ་ངེས་པ་ཡིན་ནོ། །འདི་ལ་དགོངས་ནས། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་བྱ་བ་དང༌། དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་དེ་ལ་མི་འཐད་པ་སྤང་བ་ནི། འོ་ན་དཔྱོད་པ་ཡིད་དཔྱོད་དམ་བཅད་ཤེས་སུ་འགྱུར་ལ་མ་ཡིན་ན་ཚད་མ་མ་ཡིན་པ་བཞི་པར་འགྱུར་རོ་ཞེ་ན། ཡིད་དཔྱོད་མི་སྲིད་ལ་བཅད་ཤེས་ཡིན་ཡང་བཞི་པར་མི་འགྱུར་ཏེ། བཅད་ཤེས་ཉིད་ཁ་ཕྱི་ལྟ་ལོག་ཤེས་ནང་ལྟ་རང་རིག་ཡིན་པའི་ཕྱིར་རོ། །འཁྲུལ་ཡང་རང་མཚན་ཐོབ་པའི་མི་འགལ་བ་བཤད་ཟིན་ཏོ། །དེས་ན་དཔྱོད་པ་མེད་པར་འཇུག་ལྡོག་མི་ངེས་ལ་ཚད་མ་མེད་ན་དཔྱོད་པ་འཁྲུལ་སྲིད་པས་འབྲེལ་པ་ངེས་པ་ལ་གཉིས་ཀ་དགོས་སོ། །དངོས་པོའི་དོན་ལ་འབྲེལ་པ་མེད། །འབྲེལ་པ་གཉིས་ཀྱང་སྒྲོ་བཏགས་ཡིན། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པས་འབྲེལ་པའི་རྟོག་པ་སྐྱེ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ་དྲུག་པའོ།། །།གཉིས་པ་འགལ་བའི་དོན་ངེས་པར་བྱ་བ་ནི། འགལ་བ་སྤྱིའི་མཚན་ཉིད་དང༌། མཚན་གཞིའི་རབ་ཏུ་དབྱེ་བ་གཉིས་ལས། དང་པོ་ནི། ཆོས་གང་གང་ལ་གནོད་བྱེད་པ། །དེ་ནི་དེ་ཡི་འགལ་ཟླ་ཡིན། །འགལ་བའི་མཚན་ཉིད་ནི་ཆོས་གང་ཞིག་གང་ལ་གནོད་པ་བྱེད་པ་ཞེས་བྱ་བ་ཡིན་ནོ། །འགའ་ཞིག་ན་རེ། ཆོས་གང་ཞིག་གང་གིས་དབེན་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། དེ་ལྟ་ན་མེ་དང་དུ་བ་དང་བྱས་པ་དང་མི་རྟག་པ་ལ་སོགས་པ་ཆོས་ཐ་དད་པ་ཐམས་ཅད་འགལ་བར་འགྱུར་རོ། །འདོད་ན་མེ་དང་དུ་བ་དང་བྱས་པ་དང་མི་རྟག་པ་ཕན་ཚུན་འགོག་ནུས་པར་འགྱུར་ཏེ་རྣམ་ངེས་ལས། དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ་ཞེས་བཤད་པས་སོ། །གཉིས་པ་མཚན་གཞིའི་རབ་ཏུ་དབྱེ་བ་ནི། འགལ་ཟླ་དངོས་པོ་དངོས་མེད་ཀྱི། །ཡུལ་གྱི་དབྱེ་བ་ལ་ལྟོས་ནས། །ལྷན་ཅིག་མི་གནས་པ་དག་དང༌། །ཕན་ཚུན་སྤང་འགལ་གཉིས་སུ་བཞེད། །འགལ་བ་དེའང་ཡུལ་གྱི་སྒོ་ནས་དབྱེ་ན་ལྷན་ཅིག་མི་གནས་པ་དང་ཕན་ཚུན་སྤངས་འགལ་གཉིས་སོ། །དང་པོ་ལ་བཞི་སྟེ། ལྷན་ཅིག་མི་གནས་པའི་མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་ལྡོག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །མཚན་ཉིད་ལའང་གསུམ་ལས། གཞན་ལུགས་དགག་ན། ལྷན་ཅིག་མི་གནས་གནོད་བྱེད་དུ། །འདོད་པ་དཔྱད་ན་འཐད་མ་ཡིན། །ལྷན་ཅིག་མི་གནས་པའི་མཚན་ཉིད་ནི། དངོས་པོ་གཉིས་ལ་གནས་པའི་ཆོས་གནོད་བྱ་གནོད་བྱེད་ཅེས་ཟེར་བ་མི་འཐད་དེ། གནོད་བྱ་གནོད་བྱེད་འཚོགས་པའི་སྤྱི་གཅིག་མི་སྲིད་ཅིང་ཡ་གྱལ་དགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་བོ། །གཞན་ཡང་གནོད་བྱེད་ཅེས་བྱ་བ་འཇིག་པར་བྱེད་པ་ལ་ཟེར་ན་མི་འཐད་དེ། འཇིག་པ་ལ་རྒྱུ་མི་དགོས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི་དེས་ན་གནོད་བྱ་གནོད་བྱེད་གཉིས། །རྒྱུ་འབྲས་བཞིན་དུ་ཐ་དད་ཡིན། །གང་གིས་གནོད་བྱ་ནུས་མེད་དུ། །སྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར། །གནོད་བྱའི་མཚན་ཉིད་ནི་རྒྱུ་མ་གཏུགས་པ་འབྱུང་བ་ཅན་གཞན་ཡོད་ན་ནུས་མེད་དུ་སྐྱེ་བའོ། །གནོད་བྱེད་ཀྱི་མཚན་ཉིད་ནི། རྒྱུ་མ་གཏུགས་པ་འབྱུང་བ་ཅན་དེ་ནུས་མེད་དུ་སྐྱེ་བྱེད་དོ། །དེ་སྐད་དུའང༌། རྒྱུ་མ་གཏུགས་པ་འབྱུང་བ་ཅན་གཞན་ཡོད་ན་མེད་པའི་ཕྱིར་འགལ་བར་རྟོགས་ལ་ཞེས་གསུངས་པ་ལྟར་རོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། མ་ཁྱབ་པ་སྤང་བ་ནི། གལ་ཏེ་ནུས་མེད་དུ་སྐྱེ་བ་ལ་དང་པོ་ཕྲད་དགོས་པ་ལ་སྣང་མུན་གཉིས་ཕྲད་པ་མེད་དོ་ཞེ་ན། མི་འགལ་ཏེ། མུན་པའི་སྐད་ཅིག་སྔ་མས་སྣང་བ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་པའི་ཚེ་སྣང་བའི་སྐད་ཅིག་སྔ་མས་མུན་པ་དང་ཉེ་བའི་སྐད་ཅིག་ཕྱི་མ་སྐྱེད་ལ། དེ་ནས་སྣང་བ་དང་ཉེ་བའི་མུན་པ་ནུས་མེད་དུ་སྐྱེའོ། །ཕྱིས་མུན་པ་ནུས་མེད་འགགས་པ་ཉིད་སྣང་བ་སྐྱེས་པ་ཡིན་པས་སྐྱེ་འགག་དུས་མཉམ་སྟེ་སྲང་མདའི་མཐོ་དམན་བཞིན་ནོ། །གཉིས་པ་ཁྱབ་ཆེ་པ་སྤང་བ་ནི། ནུས་མེད་དུ་སྐྱེད་པ་གནོད་བྱེད་ཡིན་ན་ཉེར་ལེན་གྱི་རྒྱུ་ལ་ཁྱབ་ཆེས་ཏེ། དཔེར་ན་སཱ་ལུའི་ས་བོན་གྱིས་ནས་ཀྱི་མྱུ་གུ་སྐྱེད་པའི་ནུས་མེད་ལ་སོགས་པ་རྒྱུ་ཐམས་ཅད་གཞན་གྱི་འབྲས་བུ་སྐྱེད་པ་ལ་ནུས་མེད་ཡིན་པའི་ཕྱིར་རོ་ཞེ་ན། ནུས་མེད་དུ་སྐྱེས་པ་ཙམ་མ་ཡིན་གྱི་རྒྱུ་མ་གཏུགས་པ་འབྱུང་བ་ཅན་གཞན་གྱི་རྒྱུ་ནུས་མེད་དུ་སྐྱེད་པ་ལ་འདོད་ལ། འདིར་རང་གི་རྒྱུ་མ་ཚང་བ་ཡིན་པས་ཁྱབ་ཆེས་པ་མེད་དོ། །ཡང་གནོད་བྱེད་དང་ལྷན་ཅིག་པའི་ཉེར་ལེན་གྱི་རྒྱུ་ལ་ཁྱབ་ཆེས་ཏེ་ཚ་རེག་དང་ཕྲད་པའི་གྲང་རེག་དེས་གྲང་རེག་ཕྱི་མ་སྐྱེད་པ་ལྟར་དེ་དང་རྫས་གཅིག་པའི་ནུས་མེད་ཀྱང་མི་སྐྱེད་ན་ཆ་ཤས་ཀྱི་བསྐྱེད་བྱ་སྐྱེད་བྱེད་དུ་ཐལ་ལ། སྐྱེད་ན་ཚ་རེག་དང་ཕྲད་པའི་གྲང་རེག་དང་གྲང་རེག་ཕྱི་མ་གནོད་བྱ་གནོད་བྱེད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚ་རེག་དང་ཕྲད་པའི་གྲང་རེག་གིས་ཉེར་ལེན་གྱི་རྒྱུ་དང་ཚ་རེག་གིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་གྲང་རེག་ནུས་མེད་སྐྱེ་བས་དེས་ན་ཚ་རེག་དང་ཕྲད་སྟོབས་ཀྱིས་གྲང་རེག་ནུས་མེད་དུ་སྐྱེའི། མ་ཕྲད་ན་ནུས་མེད་ཉིད་ཀྱང་མི་སྐྱེད་པའི་ཕྱིར་གྲང་རེག་སྔ་མ་དང་ཕྱི་མ་གནོད་བྱ་གནོད་བྱེད་དུ་ག་ལ་འགྱུར། གཉིས་པ་འགལ་བ་གནས་པའི་ཡུལ་ལ་གཉིས་ལས་དང་པོ་འགལ་བ་ངོས་བཟུང་ན། ལྷན་ཅིག་མི་གནས་ཇི་སྙེད་པ། །དངོས་པོ་གནོད་བྱེད་གཉིས་ལ་འཇུག །དེ་ཡང་རྒྱུན་མིན་སྐད་ཅིག་མིན། །བསྐྱེད་བྱ་སྐྱེད་བྱེད་ཡིན་ཕྱིར་རོ། །ལྷན་ཅིག་མི་གནས་པ་ཞེས་བྱ་བ་རྒྱུན་གཉིས་འགྲོགས་སུ་མི་རུང་བ་ཡིན་ལ་དེ་ནི་ངོ་བོ་གཅིག་པ་དང་ཡ་གྱལ་དངོས་མེད་ལ་མི་འཇུག་པས་དངོས་པོའི་ཆོས་གཉིས་ཡིན་ཞིང༌། དེའང་གནོད་བྱ་གནོད་བྱེད་གཉིས་བསྐྱེད་བྱ་སྐྱེད་བྱེད་ཡིན་པས་དེ་སྐད་ཅིག་གཅིག་ལ་མི་འཐད་པའི་ཕྱིར་རྒྱུན་གཉིས་འགལ་བ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་ཡུལ་ལ་བརྟག་ན་མི་འཐད་པ་སྤང་བ་ནི། སྐད་ཅིག་མི་འགལ་རྒྱུན་མ་གྲུབ། །དེས་ན་འགལ་འདི་མི་འཐད་ལོ། །སྐད་ཅིག་ལ་འགལ་བ་མི་སྲིད་ལ་རྒྱུན་རྫས་སུ་མ་གྲུབ་པས་འགལ་བ་གཉིས་གནས་པའི་ཡུལ་མི་སྲིད་དོ་ཞེ་ན། སྐྱོན་མེད་དེ། སྐད་ཅིག་སྔ་མ་སྔ་མ་ལས། །སྔོན་མེད་ཕྱི་མ་ཕྱི་མ་སྐྱེ། །དེ་ལ་རྒྱུན་དུ་སྒྲོ་བཏགས་པ། །ཟློག་པར་བྱེད་ལ་ཉེས་པ་མེད། །གནོད་བྱ་ལྡོག་པ་ནི་སྐད་ཅིག་མ་མང་པོ་མཐུད་པ་ལ་འབྱུང་སྟེ། དཔེར་ན་མེའི་སྐད་ཅིག་མང་པོ་ཡོད་ན་གྲང་བའི་སྐད་ཅིག་འབྱུང་ཡང་འགག་པའི་ཆོས་ཅན་ཡིན་པ་བཞིན་ནོ། །གཉིས་པ་རྫས་ལ་བརྟགས་ན་མི་འཐད་པ་སྤང་བ་ལ་གཉིས་ལས་དང་པོ་རྩོད་པ་དགོད་ན། རྡུལ་ཕྲན་འགལ་བ་ལྷན་ཅིག་ཏུ། །གནས་ན་ལྷན་ཅིག་མི་གནས་འགལ། །མི་གནས་ན་ནི་གཅིག་བཅོམ་པས། །རྒྱུ་འབྲས་དུས་མཉམ་འགྱུར་ཞེ་ན། །གལ་ཏེ་ཚ་རེག་དང་གྲང་རེག་གི་རྡུལ་ཕྲ་རབ་གཉིས་ལྷན་ཅིག་གཞིབས་པ་ན་གྲང་རེག་གི་རྡུལ་ཕྲན་དེ་མ་བཅོམ་ན་ལྷན་ཅིག་གནས་པར་འགྱུར་ལ། བཅོམ་ན་ཕྲད་དུས་དེ་ཉིད་དུ་བཅོམ་ན་དུས་མཉམ་པའི་རྒྱུ་འབྲས་སུ་འགྱུར་ཞིང༌། འགྲོགས་ན་ལྷན་ཅིག་མི་གནས་པ་འགལ་ལོ་ཞེའོ། །གཉིས་པ་ལན་ལ་གཉིས་ལས་གཞན་གྱི་ལན་དགག་ན། ལ་ལ་ཉེ་བར་ཞ་བར་འདོད། །ཁ་ཅིག་ཕྲད་ནས་བསྒྱུར་བར་འདོད། །འགའ་ཞིག་ཕྲད་པ་མེད་པར་འདོད། །རྟག་སྨྲ་དེ་དག་འཁྲུལ་པ་ཡིན། །གྲངས་ཅན་ནི་གྲང་རེག་གི་རྡུལ་ཉིན་མོའི་སྐར་མ་བཞིན་ཚ་རེག་གི་ཁོངས་ན་ཉེ་བར་ཞའོ་ཞེས་ཟེར་རོ། །གཟེགས་ཟན་གྱི་རྗེས་སུ་འབྲང་བ་ཁ་ཅིག་གྲང་རེག་གི་འདུ་བའི་འབྲེལ་པ་ཞིག་ཀྱང་རྫས་ཕན་ཚུན་རྟག་པས་གནོད་པ་མ་བྱས་པ་དང༌། བྱེ་བྲག་པ་ཁ་ཅིག་གྲང་རེག་གི་རྡུལ་ཕྲན་དེ་ཚ་རེག་གི་རྡུལ་ཕྲན་དུ་བསྒྱུར་བ་དང༌། ཉན་ཐོས་ཁ་ཅིག་བསྐོར་བ་བར་དང་བཅས་པས་མ་རིག་པར་ཡོད་ལ། གྲང་རེག་གི་རྡུལ་ཕྲན་གཞན་འོང་བའི་གོ་ཚ་རེག་གིས་བཀག་པས་རགས་པ་བརྩམ་མ་ནུས་སོ་ཞེས་ཟེར་རོ། །ལྷན་ཅིག་གནས་ན་འགལ་བ་ཉམས། །བསྒྱུར་ན་རྟག་པར་འདོད་པ་འགལ། །ཚ་རེག་གི་ཁོངས་ན་གྲང་རེག་གི་རྡུལ་ཉེ་བར་ཞ་བ་ལ་སོགས་པ་གང་ལྟར་ཡོད་ཀྱང་ལྷན་ཅིག་མི་གནས་པར་འགལ་ལ་གྲང་རེག་གི་རྡུལ་ཚ་རེག་ཏུ་བསྒྱུར་ན་རྟག་པ་ཉམས་སོ། །གཉིས་པ་རང་གི་ལན་ནི། དེས་ན་རྡུལ་ཕྲན་ལས་རྡུལ་ཕྲན། །ནུས་མེད་སྐྱེ་ཕྱིར་འགལ་བ་མེད། །འགལ་ཟླའི་རྡུལ་ཕྲན་གཉིས་སྐད་ཅིག་སྔ་མ་ཞིག་ནས་ཕྱི་མ་སྐྱེ་བ་ན་གང་རྡུལ་མང་བ་ནུས་ལྡན་དུ་སྐྱེས་ལ། ཉུང་བ་ནུས་མེད་དུ་སྐྱེ་བས་སྐྱོན་མེད་དོ། །གསུམ་པ་གནོད་བྱ་ལྡོག་པའི་དུས་ལ་གསུམ་ལས་གཞན་ལུགས་དགག་ན། ལ་ལ་བྱ་རྫོགས་སྐད་ཅིག་གསུམ། །འགའ་ཞིག་ཡུན་རིང་འགྲོགས་ཞེས་ཟེར། །ཁ་ཅིག་སྤང་བྱ་དང་གཉེན་པོ་གཉིས་བྱ་བ་རྫོགས་པའི་སྐད་ཅིག་གསུམ་ལ་ལྡོག་པ་དང༌། ཁ་ཅིག་ད་ལྟ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་བསྐལ་བ་དཔག་མེད་དུ་གནོད་བྱ་གནོད་བྱེད་འགྲོགས་སོ་ཞེས་ཟེར་བ་མི་འཐད་དེ། ཡུན་རིང་འགྲོགས་པའི་ལྷན་ཅིག་ཏུ། །མི་གནས་པ་དེ་ངོ་མཚར་ཆེ། །བསྐལ་པ་དཔག་ཏུ་མེད་པར་འགྲོགས་པའི་ལྷན་ཅིག་མི་གནས་པ་དེ། བློ་གྲོས་ནམ་མཁའ་དང་མཉམ་པ་ཁྱེད་ལྟ་བུ་ལས་གཞན་སུས་གོ ཤིན་ཏུ་ཡ་མཚན་ནོ། །གཉིས་པ་རང་གི་ལུགས་ནི། ཕྲད་དང་ནུས་མེད་སྐྱེས་པ་སྟེ། །སྐད་ཅིག་གསུམ་ལ་དོན་འགལ་ལྡོག །ངེས་པ་སྐྱེས་པས་སྒྲོ་འདོགས་ཕྱིར། །མི་སྐྱེ་བ་ནི་བློ་ཡི་ཡིན། །ཚ་རེག་གྲང་རེག་ལ་སོགས་པ་དོན་གྱི་ཆོས་རྣམས་དུས་གཅིག་ལ་འདུར་རུང་བས་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་ནུས་མེད་དུ་བསྐྱེད། གསུམ་པ་ལ་གནོད་བྱ་འགག་པ་དང་གནོད་བྱེད་སྐྱེས་པ་གཉིས་དུས་མཉམ་ལ། སྒྲོ་འདོགས་དང་ངེས་པ་ལ་སོགས་པ་བློའི་ཆོས་དུས་ལ་ལྟོས་པ་རྣམས་ནི་སྐད་ཅིག་དང་པོ་ལ་ཕྲད་པ་མི་སྲིད་པས་གཉེན་པོ་ཡོད་པ་ན་སྤང་བྱ་སྐྱེ་མ་ནུས་པ་ཉིད་ལ་ལྷན་ཅིག་མི་གནས་པ་ཞེས་བརྗོད་དོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། དོན་གྱི་འགལ་བ་ལ་རྩོད་པ་སྤང་བ་དང༌། བློའི་འགལ་བ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་ཆ་ཡོད་མེད་བརྟགས་ན་མི་འཐད་པ་སྤང་བ་ནི། སྐད་ཅིག་གཅིག་ལ་ཆ་མེད་ན། །རགས་པའི་རྒྱུན་རྣམས་མེད་པར་འགྱུར། །ཆ་ཤས་ཡོད་ན་ཐུགས་མེད་པས། །གསུམ་པ་ལྡོག་པ་དཀའ་ཞེ་ན། །གལ་ཏེ་སྐད་ཅིག་མ་གསུམ་ལ་ལྡོག་པའི་སྐད་ཅིག་མ་དང་པོ་ཉིད་ལ་སྐད་ཅིག་གསུམ་མེད་ན་རྒྱུན་རྩོམ་པ་མི་སྲིད་ཅིང་ཡོད་ན་དེ་ལའང་སྐད་ཅིག་གསུམ་འབྱུང་ལ་འདོད་ན་ཐུག་པ་མེད་པར་འགྱུར་པས་སྐད་ཅིག་གསུམ་ལ་ལྡོག་པ་ངོས་མི་ཟིན་ནོ་ཞེ་ན། སྐད་ཅིག་ལ་ནི་ཆ་ཤས་མེད། །རྒྱུན་ཡང་སྐད་ཅིག་སྐྱེས་ཙམ་ཡིན། །རྡུལ་དང་སྐད་ཅིག་མི་མཚུངས་པས། །གསུམ་པ་ཉིད་ལ་ལྡོག་པ་ཡིན། །སྐད་ཅིག་དུས་ལ་ལྟོས་པས་ཆ་མེད་ཅིང་རྡུལ་ཕྲན་ཕྱོགས་ལ་ལྟོས་པས་ཆ་བཅས་སུ་བཤད་ཟིན་ཏོ། །དེས་ན་ཆ་མེད་ཀྱི་སྐད་ཅིག་ལས་སྐད་ཅིག་གཞན་སྐྱེ་བས་སྐད་ཅིག་གསུམ་པ་ལ་ལྡོག་གོ །གང་དག་ཆོས་ཀྱི་གྲགས་པའི་རྣམ་གཞག་ཁས་ལེན་བཞིན་དུ་སྐད་ཅིག་ཆ་ཤས་ཅན་དུ་འདོད་པ་ནི་རིགས་པའི་ར་བ་ལས་འདས་པ་ཡིན་ནོ། །གཉིས་པ་ནུས་པ་ཐོགས་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། གྲང་རེག་ནུས་པ་ཐོགས་མེད་དེ། །ནུས་ཅན་སྐྱེད་དམ་ནུས་མེད་སྐྱེད། །གཉིས་ཀ་ལྟར་ཡང་ཚ་རེག་ལ། །དགོས་ནུས་མེད་པར་འགྱུར་ཞེ་ན། གལ་ཏེ་ཚ་རེག་དང་དུས་མཉམ་པའི་གྲང་རེག་དེས་གྲང་རེག་ནུས་ལྡན་དུ་སྐྱེད་པའི་ནུས་པ་ཐོགས་མེད་ཡིན་ན་ཚ་རེག་གིས་བཟློག་མི་ནུས་ཏེ་རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་ནུས། །ཞེས་གསུངས་པ་ལྟར་རོ། །ནུས་མེད་དུ་སྐྱེད་པའི་ནུས་པ་ཐོགས་མེད་ཡིན་ན་ཚ་རེག་མི་དགོས་ཏེ། རང་ཉིད་འགག་པའི་ཕྱིར་རོ་ཞེ་ན། གྲང་རེག་ནུས་པ་ཐོགས་མེད་དེ། །སྐད་ཅིག་གཉིས་པའི་ཉེར་ལེན་ཡིན། །ལྷན་ཅིག་བྱེད་རྐྱེན་གང་དང་གང༌། །ཕྲད་པ་དེ་ཡི་འབྲས་བུ་འབྱིན། །ཚ་རེག་དང་དུས་མཉམ་པའི་གྲང་རེག་དེས་ནུས་ལྡན་གྱི་ནུས་པ་ཐོགས་མེད་དང་ནུས་མེད་ཀྱི་ནུས་པ་ཐོགས་མེད་གཉིས་ཀའི་ལྡོག་པར་མི་འདོད་ཀྱི། གྲང་རེག་གི་སྐད་ཅིག་གཉིས་པ་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ནོ། །དེའི་འབྲས་བུ་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བསྒྱུར་ཏེ། ཚ་རེག་གི་རྐྱེན་སྟོབས་ཆེ་ན་ནུས་མེད་དུ་སྐྱེ་ལ། གྲང་རེག་སྟོབས་ཆེ་ན་ནུས་ལྡན་དུ་སྐྱེ་སྟེ། དཔེར་ན་འཇིམ་པ་ལ་ས་སྟོབས་ཆེ་ན་སྐ་བ་དང་ཆུ་སྟོབས་ཆེ་ན་སླ་བར་སྐྱེ་བ་བཞིན་ནོ། །གཉིས་པ་བློའི་འགལ་བ་ལ་རྩོད་པ་སྤང་བ་ནི། སྤང་བྱའི་ངོ་བོའམ་ས་བོན་སྤངས། །གཉིས་ཀ་ལྟར་ཡང་མི་འཐད་ཟེར། །སྒྲོ་འདོགས་སྤོང་བ་ཡང་ངོ་བོ་ཙམ་མེད་པར་བྱེད་པ་གཞན་ལ་ཡིད་གཏད་པས་ཀྱང་ལྡོག་པས་ཚད་མ་མི་དགོས། ས་བོན་འཇོམས་པའི་ནུས་པ་ཚད་མ་ལའང་མེད་དོ་ཞེ་ན། ས་བོན་སྤོང་བའི་གཉེན་པོའང་ཡོད། །ངེས་པས་སྒྲོ་འདོགས་གཉིས་ཀ་མིན། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ས་བོན་སྤོང་བའང་ཡོད་མོད་ཀྱི། འདིར་ནི་ཚད་མ་ལས་བྱུང་བའི་ངེས་པ་ཇི་སྲིད་ཡོད་པའི་བར་དུ་སྒྲོ་འདོགས་མི་སྐྱེ་བ་ཉིད་ཡིན་ནོ། །བཞི་པ་འགལ་བ་ངེས་པར་བྱེད་པའི་ཚད་མ་ལ་གསུམ་ལས། དང་པོ་དོན་ལ་འགལ་བ་དགག་པ་ནི། འབྲེལ་པ་བཞིན་དུ་འགལ་བ་ཡང༌། །དངོས་པོའི་དོན་ལ་གྲུབ་པ་མེད། །རྣམ་པར་རྟོག་པས་སྒྲོ་བཏགས་ནས། །འགལ་བ་ཉིད་དུ་རྣམ་པར་གཞག །འབྲེལ་པ་བཞིན་དུ་འགལ་བའང་དངོས་པོ་ལ་གྲུབ་པ་མེད་དེ་གནོད་བྱ་ཡོད་པ་ན་གནོད་བྱེད་མེད་ལ་གནོད་བྱེད་སྐྱེས་པ་ན་གནོད་བྱ་འགགས་ཤིང༌། དུས་མཉམ་པའི་ཚ་རེག་གྲང་རེག་ལྟ་བུ་ནི་འགལ་བ་དང་འབྲེལ་པ་གཉིས་ཀ་མ་ཡིན་པའི་ཕྱིར་རོ། །གཉིས་པ་བློ་ངོར་ཚད་མས་བསྒྲུབ་པ་ནི། སྣང་དང་མི་སྣང་མ་གཏོགས་པ། །འགལ་བ་ངེས་བྱེད་གཞན་ཡོད་མིན། །རྒྱུ་འབྲས་ངེས་པར་བྱེད་པ་བཞིན་དུ་གནོད་བྱ་ནུས་མེད་དང་གནོད་བྱེད་སྟོབས་ལྡན་གཉིས་ཀ་མ་དམིགས། དེ་ནས་གནོད་བྱེད་ནུས་ལྡན་དམིགས། །དེའི་རྗེས་སུ་གནོད་བྱ་ནུས་མེད་དམིགས་པའི་ཚད་མས་ངེས་སོ། །གསུམ་པ་གྲུབ་པ་ལ་རྩོད་པ་སྤང་བ་ནི། གྲང་རེག་འགོག་ལ་མེ་ཙམ་ནི། །མ་ངེས་སྟོབས་ལྡན་མི་འགྲུབ་ལོ། །ཁ་ཅིག་གྲང་རེག་འགོག་པ་ལ་མེ་ཙམ་བཀོད་ན་གྲང་རེག་མེད་པ་མི་ངེས་ལ། མེ་སྟོབས་ལྡན་རྟགས་སུ་བཀོད་ན་དེའི་ཚེ་གྲང་རེག་སྣང་དུ་རུང་ན། སྣང་རུང་མི་དམིགས་པས་ཁེགས་ཤིང་སྣང་དུ་མི་རུང་ན་དེ་བས་སྟོབས་ཆེ་བའི་ཕྱོགས་ཆོས་མི་འགྲུབ་བོ་ཞེ་ན། ཁ་ཅིག་སྟོབས་ལྡན་འགོད་ཅེས་ཟེར། །རང་གི་ངོ་བོ་མེ་ཙམ་ཡིན། །ཁ་ཅིག་སྟོབས་ལྡན་འགོད་ལ་དགག་བྱ་གྲང་རེག་མེ་བས་སྟོབས་ཆེ་བའམ་མཉམ་པ་ནི་སྣང་རུང་མི་དམིགས་པས་ཁེགས་ཤིང༌། འོན་ཀྱང་དེ་བས་སྟོབས་ཆུང་བའི་གྲང་རེག་ཡོད་ཀྱང་སྣང་དུ་མི་རུང་བས་དེ་འགོག་པ་ལ་རྟགས་སྦྱོར་རོ་ཞེས་ཟེར་རོ། །འདི་མི་འཐད་དེ། གྲང་རེག་སྟོབས་ཅན་ཞིག་ཡིན་ན་ཚ་རེག་མེད་ལ་སྟོབས་མཉམ་པ་ཞིག་ཡིན་ན། གཉིས་ཀ་མེད་པར་འགྱུར་ཏེ་ལྷན་ཅིག་མི་གནས་པའི་ཕྱིར་རོ། །དེས་ན་མེ་སྣང་བ་ཉིད་ཀྱིས་དེའི་འགལ་ཟླའི་གྲང་རེག་མེད་པར་གྲུབ་པས་མེ་ཙམ་གྱི་རྟགས་ཀྱིས་འགྲུབ་བོ། །འོ་ན་གྲང་རེག་དང་ཚ་རེག་ཕྲད་དུས་ཀྱི་སྐད་ཅིག་ཙམ་ལྷན་ཅིག་གནས་པས་དེ་འགོག་པ་འཁྲུལ་ལོ་ཞེ་ན། སྐད་ཅིག་མི་འགོག་གི་རྒྱུན་འགྲོགས་པ་འགོག་གོ་ཞེས་བཤད་ཟིན་ཏོ། །གཉིས་པ་ཕན་ཚུན་སྤང་འགལ་ལ་གཉིས་ལས། གཞན་གྱི་ལུགས་དགག་ན། ཆོས་གང་ཆོས་གཞན་གྱིས་དབེན་པ། །ཕན་ཚུན་སྤངས་འགལ་ཡིན་ཞེས་ཟེར། །བོད་ཕལ་ཆེར་རོ། །དེ་ལྟ་ན་ལྷན་ཅིག་མི་གནས་པའང་ཕན་ཚུན་སྤངས་འགལ་གྱི་བྱེ་བྲག་ཏུ་འདོད་དོ། །ཁ་ཅིག་ནི་རྒྱུན་མི་ལྡོག་ཀྱང་ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ་ཞེས་ཟེར་ཏེ། རྒྱུན་མི་ལྡོག་ཅེས་བྱ་བས་ལྷན་ཅིག་མི་གནས་པ་གཅོད་པར་འདོད་དོ། །དེ་ལ་དབྱེ་ན་དངོས་འགལ་བརྒྱུད་འགལ་གཉིས། །བརྒྱུད་འགལ་ལའང་རྣམ་གཉིས་འདོད། །དངོས་འགལ་ནི་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པའོ། །བརྒྱུད་འགལ་ལ་གཉིས་ཏེ། དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང་མ་བྱས་པའོ། །རྫས་དང་ལྡོག་པ་འགལ་བ་ཡི། །སྒོ་ནས་གཉིས་གཉིས་རྣམ་པ་དྲུག །རྫས་དངོས་འགལ་རྟག་པ་དང་མི་རྟག་པ་ལྟ་བུ་དང༌། རྫས་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་སྔོ་མིན་དང་ཨུཏྤ་ལའི་སྔོན་པོ་ལྟ་བུ་དང༌། ཁྱད་པར་དུ་མ་བྱས་པ་སྔོན་པོ་དང༌། སེར་པོ་དང༌། འདུས་བྱས་དང༌། རྟག་པ་ལ་སོགས་པ་ལྟ་བུ་སྟེ་འགལ་བ་གསུམ་མོ། །ལྡོག་པ་དངོས་འགལ་མེད་དགག་ཡིན་མ་ཡིན་དང༌། བསྒྲུབ་བྱ་ཡིན་མ་ཡིན་དང༌། གཏན་ཚིགས་ཡིན་མ་ཡིན་ལ་སོགས་པ་གཞི་ལྡོག་པ་གཅིག་ལ་གཅིག་བཀག་པ་གཅིག་གིས་ལྡོག་པ་ཡིན་པའི་ཕྱིར་རོ། །ལྡོག་པ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་མེད་དགག་དང་ཤེས་བྱའི་ལྡོག་པ་ལྟ་བུ་དང༌། གཏན་ཚིགས་མ་ཡིན་པ་དང་བྱས་པའི་གཏན་ཚིགས་ལ་སོགས་པ་དང༌། ཁྱད་པར་དུ་མ་བྱས་པ་བྱས་ལྡོག་དང་མི་རྟག་པའི་ལྡོག་པ་ལ་སོགས་པ་ལྡོག་པ་ཐ་དད་པ་ཐམས་ཅད་ཡིན་པས་དྲུག་ཡིན་ནོ་ཞེས་ཟེར་རོ། །འདི་དག་མི་འཐད་པ་ལ་གསུམ་ལས་དང་པོ་ཧ་ཅང་ཐལ་བ་ནི། ཆོས་གཞན་དབེན་པ་འགལ་ཡིན་ན། །འབྲེལ་པ་རྣམས་ཀྱང་འགལ་བར་འགྱུར། །ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ་ཙམ་འགལ་བར་འདོད་ན། ཆོས་ཐ་དད་ཐམས་ཅད་འགལ་བར་འགྱུར་ལ། འདོད་ན་མེ་དུད་ལ་སོགས་པ་རྫས་ཐ་དད་ཐམས་ཅད་དང༌། བྱས་པ་དང་མི་རྟག་པ་ལ་སོགས་པའི་འབྲེལ་པ་ཐམས་ཅད་དང༌། སྨྲ་བ་དང་ཐམས་ཅད་མཁྱེན་པ་ལ་སོགས་པ་ལྡོག་པ་ཐ་དད་པ་མཐའ་དག་ཀྱང་འགལ་བར་འགྱུར་རོ། །འདོད་ན་འགལ་ན་འགོག་པ་དང༌། །འབྲེལ་ན་བསྒྲུབ་པའི་རྣམ་གཞག་འཇིག །འགལ་བ་རྟགས་སུ་སྦྱར་བས། བསྒྲུབ་བྱ་བསྒྲུབ་པར་འགྱུར་བ་དང༌། ཐམས་ཅད་མཁྱེན་པ་དང་སྨྲ་བ་གཉིས་ཀྱང་འགལ་ན། ཆོས་ཀྱི་གྲགས་པས་སྨྲ་བ་དང་ཐམས་ཅད་མཁྱེན་པ་ཉིད་ལ་འགལ་བ་རྣམ་པ་གཉི་ག་ཡང་མེད་པའི་ཕྱིར་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ཉེས་སྤོང་གི་ལན་དགག་པ་ནི། ཐ་དད་འབྲེལ་ལམ་མ་འབྲེལ་ཡང༌། །ངོ་བོ་ཡིན་པ་འགོག་ཅེ་ན། །རྫས་སམ་ལྡོག་པ་ཐ་དད་སྔོ་སེར་ལ་སོགས་པ་མ་འབྲེལ་ཡང་རུང༌། མེ་དུད་དམ་བྱས་མི་རྟག་པ་ལ་སོགས་པ་འབྲེལ་ཡང་རུང་ཕན་ཚུན་ཐ་དད་ལྡན་པ་དང་ངོ་བོ་ཡིན་པ་འགོག་ལ། དེ་ཉིད་འགལ་སྟོབས་ཀྱིས་ཡིན་པས་འགལ་ཡང་འགལ། འབྲེལ་ཡང་འབྲེལ་བས། སྐྱོན་ཡང་མེད་དོ་སྙམ་ན། འགལ་བ་དམིགས་པས་འགོག་པའི་ཕྱིར། །སྣང་རུང་མེད་པ་ནུས་མེད་འགྱུར། །ས་ཕྱོགས་སུ་བུམ་པ་ཡོད་པ་དང༌། སྔོ་སེར་དང་མེ་དུད་ལ་སོགས་པ་ཕན་ཚུན་ཡིན་པ་སྣང་རུང་མི་དམིགས་པས་མི་ཁེགས་ཤིང༌། ལྡོག་པ་ཐ་དད་ཕན་ཚུན་ཡིན་པ་གཞན་སེལ་གྱིས་མི་ཁེགས་པར་ཐམས་ཅད་དུ་འགལ་དམིགས་སྦྱོར་དགོས་པར་འགྱུར་རོ། །གསུམ་པ་ཐ་དད་ལ་འགལ་བར་གསུངས་པའི་དགོངས་པ་ནི། ཐ་དད་འགལ་བར་གསུངས་པ་ནི། །བཏགས་པ་བ་ཡིན་འབྲེལ་པ་བཞིན། །རྟོག་གེའི་སྐབས་འགར་སྔོ་སེར་དང་མེ་དུད་ལ་སོགས་པ་ཕན་ཚུན་འགལ་བར་བཤད་པ་ནི། དཀར་པོ་དང་འབྲེལ་བའི་སེར་པོ་འམ། རྟ་དང་འབྲེལ་པའི་བ་ལང་ཞེས་ལྷན་ཅིག་ཏུ་འདུག་པ་ལ་འབྲེལ་པར་འདོགས་པ་བཞིན་ཐ་དད་ལ་འགལ་བར་བཏགས་པ་ཡིན་གྱི་འགལ་བ་མཚན་ཉིད་པ་མ་ཡིན་ནོ། །གཉིས་པ་རང་འདོད་པ་ལ་གསུམ་ལས། དང་པོ་གཅིག་དང་ཐ་དད་ཀྱི་རྣམ་གཞག་ནི། རྒྱུ་དང་ཤེས་པའི་དབྱེ་བ་ཡིས། །ཐ་དད་ཐ་དད་མིན་གཞག་བྱེད། །རྒྱུ་ཐ་དད་དང་ཐ་མི་དད་ཀྱིས་བསྐྱེད་པའམ། ཤེས་པ་ལ་ཐ་དད་དང་གཅིག་ཏུ་ཤར་བའི་སྒོ་ནས་དངོས་པོ་རྣམས་ཀྱི་གཅིག་དང་ཐ་དད་པའི་ཐ་སྙད་བྱེད་དོ། །གཉིས་པ་ཐ་དད་ལ་འགལ་འབྲེལ་དུ་འཇོག་པའི་ཚུལ་ནི། ཐ་དད་ཕན་གནོད་འབྲེལ་དང་འགལ། །གཉིས་ཀ་མིན་ན་ཐ་དད་ཙམ། །ཆོས་ཐ་དད་དེ་དག་ཕན་འདོགས་ན་འབྲེལ་པ་དང༌། གནོད་པ་བྱེད་ན་འགལ་བ་དང༌། གཉིས་ཀ་མ་ཡིན་ན་ཐ་དད་པ་ཙམ་དུ་རྣམ་པར་གཞག་གོ །གསུམ་པ་ཕན་ཚུན་སྤངས་འགལ་ཉིད་བཤད་པ་ལ་གསུམ་ལས་དངོས་འགལ་ནི། རང་མིན་འགོག་པ་དངོས་འགལ་ཡིན། །མཚན་ཉིད་དོ་ཞེས་སྦྱར་རོ། །དཔེར་ན་རྟག་མི་རྟག་དང་སྔོན་པོ་སྔོ་མིན་ལ་སོགས་པ་དང༌། མེད་དགག་ཡིན་མ་ཡིན་ལ་སོགས་པའོ། །འོ་ན་སྔོ་མིན་ནི་དཀར་པོ་དང་སེར་པོ་ལ་སོགས་པ་དངོས་པོ་གཞན་ཐམས་ཅད་ཀྱང་ཡིན་པས་འགལ་ཟླ་དངོས་པོར་གྲུབ་བོ་ཞེ་ན། སྔོ་མིན་གྱི་ལྡོག་པ་མེད་དགག་དངོས་མེད་ཡིན་གྱི་མ་ཡིན་དགག་གི་དངོས་པོ་དགག་བྱ་མ་ཡིན་པས་སྐྱོན་མེད་དོ། །གཉིས་པ་དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་ནི། བརྒྱུད་འགལ་རང་མིན་ཁྱབ་བྱེད་འགོག །ཅེས་བྱ་བ་མཚན་ཉིད་དོ། །དཔེར་ན་འདུས་བྱས་དང༌། རྟག་པ་དང༌། ལྟོས་བཅས་དང༌། ངེས་དངོས་དང༌། བདག་དང༌། ཕུང་པོ་དང༌། དངོས་པོ་དང་བདེན་དངོས་ལ་སོགས་པ་ཕན་ཚུན་འགོག་པའོ། །གསུམ་པ་རྩོད་པ་སྤང་བ་ནི། སྔོ་སོགས་འགལ་གཉིས་མིན་མི་ཁེགས། །ཤེ་ན་སྤངས་ཡིན་འགལ་བ་མིན། །ཁ་ཅིག་སྔོ་སེར་དང་བུམ་སྣམ་ལ་སོགས་པ་གཅིག་གྲུབ་པས་གཅིག་མི་ཁེགས་ཏེ་དངོས་འགལ་དང་དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་གཉིས་ཀ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་དག་ཕན་ཚུན་སྤངས་པ་ཡིན་ཡང་སྤངས་འགལ་མ་ཡིན་ནོ། །དེས་ན་ཕན་ཚུན་སྤངས་པ་སྣང་རུང་འདི་དག་ཡོད་པའམ་ཡིན་པ་སྣང་རུང་མ་དམིགས་པས་ཁེགས་ལ་སྤངས་འགལ་ནི་དགག་བྱ་སྣང་དུ་རུང་མི་རུང་བའི་ཁྱད་པར་འགལ་དམིགས་ཀྱི་སྦྱོར་བས་འགོག་གོ །ཕན་ཚུན་སྤངས་འགལ་གཅིག་པ་བཀག །དེ་ཡིན་དེ་མ་ཡིན་གྱིས་འགོག །ཕན་ཚུན་སྤངས་པའི་དངོས་པོ་གཉིས། །ཡིན་པ་སྣང་རུང་མེད་པས་ཁེགས། །བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་འགལ་བ་བརྟག་པའི་རབ་ཏུ་བྱེད་པ་བདུན་པའོ།། །།གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་གཞག་དང༌། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་མཚན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པ་བསྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གོ །དང་པོ་ནི། ཤེས་བྱ་ཀུན་ལ་ཆོས་གསུམ་གྱིས། །ཁྱབ་ཕྱིར་དེ་ཡི་རྣམ་གཞག་བཤད། །ཤེས་བྱ་ཐམས་ཅད་ལ་མཚན་ཉིད། མཚོན་བྱ། མཚན་གཞི་རྣམ་པ་གསུམ་གྱིས་ཁྱབ་པར་རང་རིག་གིས་འགྲུབ་སྟེ། ཤེས་བྱའི་རྣམ་པ་བློ་ལ་འཆར་བ་ན། གཞན་དང་མི་འདྲ་བའི་རྣམ་པ་དང༌། དེ་ཉིད་ལ་སྒྲ་བློ་མ་འཁྲུལ་པས་ཞེན་དུ་རུང་བ་དང༌། གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །གཉིས་པ་ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ལས། དང་པོ་ངོ་བོ་ངོས་གཟུང་བ་ནི། མཚན་ཉིད་གོ་བྱེད་དོན་གྱི་ཆོས། །མཚོན་བྱ་གོ་བྱ་བློ་ཡི་ཆོས། །མཚན་གཞི་གོ་བྱ་རྟེན་གྱི་ཆོས། །དེ་དག་རྣམ་པར་གཞག་འཇོག་ཡིན། །མཚན་ཉིད་ནི་འདིས་གོ་བར་བྱེད་པ་རྣམ་འཇོག་གི་རྒྱུ་སྟེ་ནོག་ལྐོག་ཤལ་ལྟ་བུ་དོན་གྱི་ཆོས་སོ། །མཚོན་བྱ་ནི་འདི་གོ་བར་བྱ་བ་རྣམ་གཞག་གི་འབྲས་བུ་བ་ལང་གི་ཐ་སྙད་ལྟ་བུ་བློའི་ཆོས་སོ། །མཚན་གཞི་ནི་འདི་ལ་གོ་བར་བྱ་བའི་རྟེན་ཏེ་དཀར་ཟལ་ལྟ་བུའོ། །གསུམ་པོ་འདིའང་དོན་རང་མཚན་གྱི་ཆ་ནས་མི་འགྱུར་གྱི། གཞན་སེལ་ཉིད་ཡིན་ནོ། །གཉིས་པ་དེར་འཇོག་པའི་འཐད་པ་ནི། །ཆོས་གསུམ་ལ་ཡང་རྒྱུ་མཚན་དགོས། །མེད་ན་ཐམས་ཅད་འཚོལ་བར་འགྱུར། །དཀར་ཟལ་བ་ལང་གི་ཐ་སྙད་དུ་མཚོན་པ་ལ་ནོག་ལྐོག་ཤལ་ཁོ་ན་མཚན་ཉིད་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན། རྒྱུ་མཚན་མེད་ཀྱང་མཚན་ཉིད་ཅེས་བརྗོད་ན་གཉིས་པོ་ལའང་ཅི་སྟེ་མི་བརྗོད། དེ་བཞིན་དུ་བ་ལང་གི་ཐ་སྙད་དང་དཀར་ཟལ་ལ་ཡང་མཚོན་བྱ་དང་མཚན་གཞིའི་ཐ་སྙད་དུ་འཇོག་པའི་མཚན་ཉིད་གང་ཡིན་ཞེས་བརྟག་དགོས་སོ། །གསུམ་པ་སོ་སོའི་མཚན་ཉིད་ལ་མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་གྱི་དང་པོ་ལ་གསུམ་སྟེ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་རྟོག་པ་དགག་པ། དགོས་པའི་མཚན་ཉིད་གཞག་པ་དེའི་བསལ་བྱ་སྐྱོན་ཅན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་ལས། གཞན་ལུགས་དགག་ན། མཚན་ཉིད་རྫས་ཡོད་ལ་མཚན་ཉིད། །མི་དགོས་དགོས་ན་ཐུག་མེད་ཟེར། །ཁ་ཅིག་མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་ཏེ་དོན་ལྡོག་རྫས་ཡོད་ཡིན་པའི་ཕྱིར་དང༌། དགོས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་རོ། །ཁ་ཅིག་དོན་ལ་མི་དགོས་ཀྱང༌། །ཐ་སྙད་ལ་དགོས་གཞན་དག་ནི། །དོན་ལའང་དགོས་ཟེར་མཚོན་བྱ་དང༌། །དེ་འདྲ་རྟགས་བཞིན་ཐུག་མེད་ཟེར། །འདི་ལ་བོད་སྔ་རབས་པ་རྣམས་སྔོན་པོ་ལ་མངོན་འགྱུར་གྱི་དོན་གྲུབ་ཀྱང་ཐ་སྙད་མ་གྲུབ་པའི་རྨོངས་པ་ལ་སྔོན་པོ་ཆོས་ཅན་མངོན་གྱུར་གྱི་ཐ་སྙད་དུ་བྱར་རུང་སྟེ། མྱོང་བས་རྟོགས་པར་བྱ་བའི་ཕྱིར་རོ་ཞེས་རྟོག་གི་པ་ཐམས་ཅད་འདོད་པ་བཞིན་དུ། མཚན་ཉིད་ལའང་མཚན་ཉིད་ཀྱི་དོན་དང་ཐ་སྙད་གཉིས་ལས་དོན་ལ་མཚན་ཉིད་གཞན་མི་དགོས་ཀྱང་དོན་དེ་མཚན་གཞིར་གཞག་པ་ལ། མཚན་ཉིད་ཀྱི་ཐ་སྙད་དུ་མཚོན་བྱའི་མཚན་ཉིད་འཇོག་པ་ཡིན་ལ། དེ་རྫས་ཡོད་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་ཟེར་བ་དང༌། འགའ་ཞིག་དོན་ལ་དགོས་ཀྱང་སྐྱོན་མེད་དེ་ཐ་སྙད་གཉིས་པའི་མཚན་ཉིད་བ་ལང་གི་ཐ་སྙད་ལ་མཚན་ཉིད་ནོག་ལྐོག་ཤལ་དགོས་པ་བཞིན་ནོ། །བ་ལང་གི་ཐ་སྙད་ཐ་སྙད་གཉིས་པའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། ནོག་ལྐོག་ཤལ་ཡང་བ་ལང་གི་མཚན་ཉིད་ཇི་ལྟར་ཡིན། དེ་བ་ལང་གི་ཞེན་ཡུལ་ཡིན་པས་སོ། །ཞེ་ན་བ་ལང་གི་ཐ་སྙད་ཀྱང་ཐ་སྙད་གཉིས་པོའི་ཞེན་ཡུལ་ཡིན་པས་སོ། །འོན་ཀྱང་ནོག་ལྐོག་ཤལ་ལ་མཚན་ཉིད་གཞན་མི་དགོས་པས་ཐུགས་མེད་དུ་མི་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་མཚོན་བྱ་ལའང་མཚོན་བྱ་གཞན་ཡོད་པར་འདོད་དོ། །དེ་ལྟར་ན་མཚན་ཉིད་ཀྱི་དོན་ལ་ཐུག་པ་ཡོད་ཀྱང་ཐ་སྙད་ཐུག་མེད་དུ་འགྱུར་ཏེ། མཚན་ཉིད་དང་མཚོན་བྱ་གཉིས་པོ་དེ་གཞིར་བཞག་ནས་མཚན་ཉིད་ངད་མཚོན་བྱའི་ཐ་སྙད་དུ་བྱར་རུང་ལ་མཚན་ཉིད་གཞན་དགོས་པས་ཐུག་མེད་དུ་འགྱུར་རོ་ཞེ་ན། ཁྱོད་ཉིད་ལ་འདི་འདྲི་སྟེ་ལ་མེ་ལྡན་དུ་བསྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པའི་ཚེ་དུ་བ་གཏན་ཚིགས་ཡིན་པའི་རྒྱུ་མཚན་གང་ལས་ཚུལ་གསུམ་དང་ལྡན་པའི་ཕྱིར་ཞེ་ན། འོ་ན་དུ་བ་རྟགས་སུ་སྒྲུབ་པ་ལ་ཚུལ་གསུམ་དགོས་ན་དེ་ཉིད་རྟགས་སུ་སྒྲུབ་པ་ལ་གཏན་ཚིགས་གཞན་དགོས་པས་ཐུག་མེད་དུ་འགྱུར་རོ། །དེ་ལ་འདི་སྐད་ཅེས། རྨོངས་པ་ལ་དུ་བ་གཏན་ཚིགས་སུ་སྒྲུབ་པ་ལ་གཏན་ཚིགས་ཙམ་དང༌། བྱེ་བྲག་གི་གཏན་ཚིགས་སུ་སྒྲུབ་པའི་ཚུལ་གཉིས་ལས། བྱེ་བྲག་གི་རྟགས་ཐུག་མེད་དུ་ཡོད་དེ། དཔེར་ན་དུ་བ་ཆོས་ཅན་ལ་མེ་ལྡན་དུ་སྒྲུབ་པའི་གཏན་ཚིགས་ཀྱི་ཐ་སྙད་དུ་བྱར་རུང་སྟེ། ལ་མེ་ལྡན་དུ་བསྒྲུབ་པ་ལ་ལྟོས་ནས་ཚུལ་གསུམ་ཚང་བའི་ཕྱིར་ཞེས་བྱ་བ་དང༌། ཚུལ་གསུམ་ཚང་བ་ཆོས་ཅན་དུ་བ་གཏན་ཚིགས་སུ་བསྒྲུབ་པའི་གཏན་ཚིགས་ཀྱི་ཐ་སྙད་དུ་བྱར་རུང་སྟེ། དུ་བ་གཏན་ཚིགས་སུ་བསྒྲུབ་པ་ལ་ལྟོས་ནས་ཚུལ་གསུམ་གཉིས་པ་ཚང་བའི་ཕྱིར་ཞེས་བྱ་བ་དང༌། ཚུལ་གསུམ་གཉིས་པ་ཆོས་ཅན། ཚུལ་གསུམ་དང་པོ་གཏན་ཚིགས་སུ་བསྒྲུབ་པ་ལ་ལྟོས་ནས་གཏན་ཚིགས་ཀྱི་ཐ་སྙད་དུ་བྱར་རུང་སྟེ། ཚུལ་གསུམ་དང་པོ་གཏན་ཚིགས་སུ་བསྒྲུབ་པ་ལ་ལྟོས་ནས་ཚུལ་གསུམ་གསུམ་པ་ཚང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བློས་སྤུར་རིས་ཟིན་ཅིང་སྒྲས་བརྗོད་པ་མ་འཁྲུལ་ན་བསྐལ་པར་བརྗོད་ཀྱང་མི་ཟད་དོ། །དེ་ལྟ་ན་སྒྲ་ཉིད་ལ་སྒྲ་གྲུབ་པ་དང་མཚུངས་སོ་ཞེ་ན། སྒྲ་ལ་གྲུབ་པ་གྲུབ་ཆོས་གཉིས་ཡོད་པར་འགྱུར་རོ། །ཚུལ་གསུམ་ལའང་དེ་ལྟར་འགྱུར་རོ་ཞེ་ན་འདོད་དེ། ཆོས་ཅན་གྱི་ཚུལ་གསུམ་ནི་དུ་བའི་ཚུལ་གསུམ་ཡིན་ལ། གཏན་ཚིགས་ཀྱི་ཚུལ་གསུམ་ནི་རང་ལ་ཡོད་པའི་ཚུལ་གསུམ་ཡིན་པས། ལྡོག་པ་ཐ་དད་པའི་ཕྱིར་རོ། །སྒྲ་ལའང་ལྟོས་ནས་འཇོག་ན་དག་པ་བ་མ་ཡིན་པར་འགྱུར་ལ། ཚུལ་གསུམ་དག་པ་བ་མ་ཡིན་པར་འདོད་པས་མི་མཚུངས་སོ། །དེ་ལྟ་ན་ཐུག་མེད་ཀྱི་ཕྱི་མ་མ་ཤེས་པས་སྔ་མ་མི་ཤེས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བསྒྲུབ་བྱ་གཏན་ཚིགས་ཀྱི་མཚན་གཞིས་བསྒྲུབ་པའི་ཕྱིར་རོ། །དེ་ལྟ་ན་གཏན་ཚིགས་ཀྱི་ཐ་སྙད་ཐུག་མེད་དུ་དགོད་དགོས་སོ། །ཞེ་ན་ལོག་རྟོག་ཞུགས་ན་དགོས་པ་ཉིད་དོ། །གཏན་ཚིགས་ཙམ་གྱི་ཐ་སྙད་དུ་བསྒྲུབ་པ་ལ་ལྡོག་པ་གཅིག་བཅད་དང་མཚུངས་པར་འདོད་པའི་ལུགས་གཉིས་ལས། དང་པོ་ལྟར་ན་སྦྱོར་བ་གསུམ་པའི་ཚེ་ཐུག་སྟེ། འདི་ལྟར་ཚུལ་གསུམ་ཆོས་ཅན། གཏན་ཚིགས་ཀྱི་ཐ་སྙད་དུ་བྱར་རུང་སྟེ་ཚུལ་གསུམ་ཚང་བའི་ཕྱིར་རོ། །ཞེས་བཀོད་ན། སྒྲ་ཆོས་ཅན་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་ཞེས་བརྗོད་པ་ལྟར་གཞི་རྟགས་ཐ་དད་མེད་པའི་མ་གྲུབ་པར་འགྱུར་རོ་ཞེས་ཟེར་རོ། །འདི་ལ་ཁ་ཅིག་དེ་མི་འཐད་དེ། ཚུལ་གསུམ་ལ་ཚུལ་གསུམ་མ་ཚང་ན་ཚུལ་གསུམ་དེ་གཏན་ཚིགས་ཡིན་ནམ་མ་ཡིན། མ་ཡིན་ན་དུ་བ་གཏན་ཚིགས་སུ་བསྒྲུབ་མི་ནུས་ལ་ཡིན་ན་རང་ལྡོག་གཏན་ཚིགས་ཡིན་པ་ལ་ཚུལ་གསུམ་མ་ཚང་བ་ག་ལ་སྲིད། ཡང་ཚུལ་གསུམ་ལ་ཚུལ་གསུམ་མ་ཚང་ན་དུ་བ་ལའང་མ་ཚང་བར་མཚུངས་སོ། །དུ་བ་རྩོད་གཞི་ལ་གྲུབ་པས་ཕྱོགས་ཆོས་དང་མཐུན་ཕྱོགས་མེ་ལྡན་ལ་འཇུག་མི་མཐུན་ཕྱོགས་མེ་མེད་ལ། མི་འཇུག་པས་རྗེས་སུ་འགྲོ་ལྡོག་ཚང་བས་ཚུལ་གསུམ་ཡིན་ནོ་ཞེ་ན། འདིར་ཡང་རྩོད་གཞི་དུ་བའི་ཆོས་སུ་གྲུབ་པས་ཕྱོགས་ཆོས་དང༌། མཐུན་ཕྱོགས་གཏན་ཚིགས་ཀྱི་ཐ་སྙད་དང་ལྡན་པ་ལ་འཇུག་མི་མཐུན་ཕྱོགས། མི་ལྡན་པ་ལ་མི་འཇུག་པས་རྗེས་སུ་འགྲོ་ལྡོག་ཚང་བའི་ཕྱིར་ཚུལ་གསུམ་ཇི་ལྟར་མ་ཚང༌། དེས་ན་ལྡོག་པ་མཚུངས་པས་གཏན་ཚིགས་ཙམ་གྱི་ཐ་སྙད་བསྒྲུབ་པའི་དུས་སུའང་ཐུག་མེད་དུ་འདོད་དེ། སྔ་མ་སྔ་མ་ལ་ལྟོས་པའི་ཚུལ་གསུམ་ཙམ་ལྡོག་ཆོས་ཅན་དང༌། ཕྱི་མ་ཕྱི་མ་ལ་ལྟོས་པའི་ཚུལ་གསུམ་ཙམ་ལྡོག་གཏན་ཚིགས་ཡིན་པས་སོ། །དེ་ནི་ཚུལ་གསུམ་གྱི་བྱེ་བྲག་ལྡོག་པ་ཐ་དད་ཡིན་གྱི་ཙམ་པོ་ལ་ལྡོག་པ་ཐ་དད་མེད་དོ་ཞེ་ན། བྱེ་བྲག་ལྡོག་པ་ཐ་དད་པ་ཉིད་ཀྱིས་དེ་ལ་བརྟེན་པའི་ཙམ་ལྡོག་ཀྱང་ཐ་དད་དུ་འགྱུར་བས་གཏན་ཚིགས་ཐུག་མེད་དུ་གནས་སོ། །ཞེ་ན་འདིར་ཡང་ལྐོག་ཤལ་ཙམ་མཚན་གཞིར་བཞག་ནས་མཚན་ཉིད་ཀྱི་ཐ་སྙད་དུ་མཚོན་པ་ལའང་མཚན་ཉིད་ཙམ་གྱི་ཐ་སྙད་དང༌། བྱེ་བྲག་གི་མཚན་ཉིད་དུ་མཚོན་པ་གཉིས་ལས། བྱེ་བྲག་ཏུ་མཚོན་ན་ཐུག་མེད་དུ་གནས་པ་ཚུལ་སྔ་མ་བཞིན་ཡིན་ལ། མཚན་ཉིད་ཙམ་དུ་མཚོན་པའི་ཚེའང་ལྡོག་པ་གཅིག་བཅད་དང་མཚུངས་པར་འདོད་པའི་ལུགས་གཉིས་ལས། དང་པོ་ལྟར་ན་སྦྱོར་བ་གསུམ་པའི་ཚེ་ཐུག་པར་འདོད་པ་མི་རིགས་ཏེ། །ཆོས་གསུམ་ལ་ཆོས་གསུམ་མ་ཚང་ན་རང་ལྡོག་མཚན་ཉིད་མ་ཡིན་པར་འགྱུར་བ་དང༌། ནོག་དང་ལྐོག་ཤལ་ལའང་མ་ཚང་ཞེས་མཚུངས་སོ། །དེས་ན་ལྡོག་མཚུངས་སུ་འདོད་པ་རྣམས་མཚན་ཉིད་ཙམ་གྱི་ཐ་སྙད་དུ་མཚོན་པའི་ཚེའང་ཐུག་མེད་དུ་འདོད་དེ་སྔ་མ་སྔ་མ་ལ་ལྟོས་པའི་ཆོས་གསུམ་མཚན་གཞི་དང༌། ཕྱི་མ་ཕྱི་མ་ལ་ལྟོས་པའི་ཆོས་གསུམ་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་མཚན་ཉིད་ཀྱི་མཚན་ཉིད་ཐུག་མེད་དུ་ཐལ་བ་འདོད་དོ་ཞེས་ཟེར་རོ། །འདི་མི་འཐད་དེ། རྣམ་འཇོག་རྒྱུ་ནི་མ་ངེས་པར། །རྣམ་གཞག་འབྲས་བུ་ངེས་ན་ནི། །མཚན་ཉིད་དགོས་པ་མེད་པར་འགྱུར། །མི་ངེས་ན་ནི་ཐུག་མེད་འཇིག །རྣམ་འཇོག་གི་རྒྱུ་མཚན་ཉིད་མ་ངེས་པར་དེས་རྣམ་པར་གཞག་པའི་འབྲས་བུ་མཚོན་བྱ་ངེས་ན་མཚན་ཉིད་མེད་ཀྱང་མཚོན་བྱ་གོ་བར་འགྱུར་ཞིང༌། མི་ངེས་ན་མཚན་ཉིད་ཐུག་མེད་ཀྱི་ཕྱི་མ་ངེས་པ་མི་སྲིད་པས་མཐར་རྩ་བའི་མཚན་ཉིད་མ་ངེས་པར་འགྱུར་རོ། །རྟགས་ཀྱི་མཚན་གཞིས་བསྒྲུབ་བྱའི་དོན། །བསྒྲུབ་ཕྱིར་ཐུག་མེད་སྐྱོན་མེད་ན། །ཐུག་མེད་ཀྱི་ཕྱི་མ་མ་ཤེས་ཀྱང་སྐྱོན་མེད་དེ། བསྒྲུབ་བྱ་རྟགས་ཀྱི་མཚན་གཞིས་བསྒྲུབ་པའི་ཕྱིར་རོ་ཞེ་ན། ཚུལ་གསུམ་ལྐོག་ཤལ་མ་ངེས་ཀྱང༌། །བྱས་དང་དཀར་ཟལ་ངེས་ཙམ་གྱིས། །མི་རྟག་བ་ལང་རྟོགས་པར་འགྱུར། །རྟགས་ཀྱི་མཚན་གཞིའམ་མཚན་ཉིད་ཀྱི་མཚན་གཞིར་བསྒྲུབ་བྱ་གོ་ན་ཚུལ་གསུམ་མམ་ལྐོག་ཤལ་མ་ངེས་པར་ཡང་རྟགས་ཀྱི་མཚན་གཞི་བྱས་པའམ་བ་ལང་གི་མཚན་གཞི་དཀར་ཟལ་ལ་སོགས་པ་མཐོང་བ་ན་སྒྲ་མི་རྟག་པའམ་བ་ལང་ངེས་པར་འགྱུར་རོ། །འདོད་ན་སྒྲ་བྱས་པར་མཐོང་བ་ལ་མི་རྟག་པའི་སྒྲོ་འདོགས་སྐྱེ་མི་སྲིད་པར་ཐལ་བ་དང༌། ནོག་ལྐོག་ཤལ་མེད་པའི་གོང་བུ་གཞན་ལའང་བ་ལང་དུ་ངེས་པར་འགྱུར་རོ། །བྱེ་བྲག་ཏུ་ཐ་སྙད་མཚན་ཉིད་དུ་འདོད་པ་མི་འཐད་དེ། ཐ་སྙད་ལའང་ཞེན་རུང་ཞིག །མེད་ན་དེ་ནི་ཤེས་བྱ་མིན། །ཡོད་ན་དེ་ཉིད་ཕྱི་མ་ཡི། །མཚན་ཉིད་ཡིན་ཞེས་ལ་ལ་འདོད། །ཁ་ཅིག་བ་ལང་གི་ཐ་སྙད་ཉིད་ཐ་སྙད་གཉིས་པའི་མཚན་ཉིད་ཡིན་ཏེ་འདི་ལྟར་བ་ལང་གི་ཐ་སྙད་དེ་ཉིད་ལ་སྒྲ་བློ་མ་འཁྲུལ་པའི་ཞེན་རུང་ཞིག་མེད་ན་ཤེས་བརྗོད་ལས་འདས་པར་འགྱུར་ལ་ཡོད་ན་དེ་ཞེན་ཡུལ་བ་ལང་གི་ཐ་སྙད་ལས་དོན་ལྡོག་གཞན་མ་ཡིན་ན་ལྐོག་ཤལ་ལ་ཞེན་རུང་གི་བ་ལང་ཡང་ལྐོག་ཤལ་ཉིད་ལས་གཞན་མ་ཡིན་ཞེས་བསྒྲེའོ། །ཡིན་ན་དེའི་ཞེན་ཡུལ་བ་ལང་གི་ཐ་སྙད་དེ་ཉིད་ཡིན་ནམ། འོན་ཏེ་ནོག་ལྐོག་ཤལ་ཡིན། །དང་པོ་ལྟར་ན་གཞན་གྱི་ཐ་སྙད་མཚན་ཉིད་དུ་གྲུབ་ལ། གཉིས་པ་ལྟར་ན་མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་མཚོན་པར་འགྱུར་བས་དེ་མི་སྲིད་དོ། །དེས་ན་ཐ་སྙད་སྔ་མ་སྔ་མ་ནི་མཚན་ཉིད་ཡིན་ལ། དེ་ཉིད་ལ་སྒྲ་བློས་ཞེན་རུང་གི་ཐ་སྙད་ཕྱི་མ་ཕྱི་མ་རྣམས་ནི་མཚོན་བྱ་ཡིན་པས་ཤེས་བྱ་ལ་མཚན་ཉིད་དུ་མི་རུང་བའི་ཆོས་མི་སྲིད་དོ་ཞེས་གསུང་ངོ༌། །འདི་དགག་སྟེ། དེ་ལྟར་ཡིན་ན་ཡལ་ག་ལའང༌། །ཡལ་ག་མེད་ན་ཤིང་མ་ཡིན། །ཡལ་ག་ཡོད་ན་ཤིང་ལ་ཡང༌། །མཚན་ཉིད་ཐུག་པ་མེད་པར་འགྱུར། །ཤིང་གི་མཚན་ཉིད་དུ་འདོད་པའི་ཡལ་ག་ལ་ཡལ་ག་གཉིས་པ་མེད་ན་ཡལ་ག་ཤིང་མ་ཡིན་པར་འགྱུར་ལ། ཡོད་ན་དེ་ལའང་གསུམ་པ་དང་བཞི་པ་ལ་སོགས་པ་དགོས་པས་ཤིང་གི་མཚན་ཉིད་ཀྱང་ཐུག་མེད་དུ་ཡོད་དོ་ཞེས་བརྗོད་ན་ཅིར་འགྱུར། ཡལ་ག་ལ་ནི་ཡལ་ག་གཞན། །མེད་ཀྱང་ཡལ་ག་དེ་ཉིད་ཀྱིས། །ཙནྡན་ངོ་བོ་དབྱེར་མེད་དུ། །བསྒྲུབ་ཕྱིར་ཐུག་མེད་མི་དགོས་ན། །ཙནྡན་ཤིང་དུ་བསྒྲུབ་པ་ལ་ཡལ་ག་བཀོད་པའི་ཚེ་ཡལ་ག་ལའང་ཡལ་ག་གཞན་མེད་ཀྱང་ཡལ་ག་ཤིང་མ་ཡིན་པར་མི་འགྱུར་ཏེ་ཡལ་ག་དེས་ཤིང་དང་ཐ་དད་ལྡན་པར་མི་བསྒྲུབ་ཀྱི་ངོ་བོ་དབྱེར་མེད་དུ་བསྒྲུབས་པས་ཡལ་ག་ཉིད་ཀྱང་ཤིང་དུ་གྲུབ་བོ་ཞེ་ན། ཐ་སྙད་གཉིས་པ་མེད་ན་ཡང༌། །ཐ་སྙད་དེ་ཉིད་མཚན་ཉིད་ཀྱིས། །ཤེས་བྱའི་ངོ་བོར་བསྒྲུབ་པའི་ཕྱིར། །ཐ་སྙད་ཐུག་མེད་ག་ལ་དགོས། །ཐ་སྙད་ལ་ཐ་སྙད་གཉིས་པ་མེད་ཀྱང་ཐ་སྙད་སྔ་མ་ཤེས་བརྗོད་ལས་འདས་པར་མི་འགྱུར་ཏེ། ནོག་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱིས་བ་ལང་ལ་སོགས་པའི་ཐ་སྙད་དེ་ཐ་དད་ལྡན་པར་མི་བསྒྲུབ་ཀྱི་ངོ་བོ་དབྱེར་མེད་དུ་བསྒྲུབས་པས་ནོག་ལྐོག་ཤལ་ཤེས་བརྗོད་དུ་གྲུབ་པ་ན་དེ་དང་དབྱེར་མེད་ཀྱི་ཐ་སྙད་ཀྱང་ཤེས་བརྗོད་དུ་གྲུབ་སྟེ། ཙནྡན་ཤིང་དུ་གྲུབ་པ་ན་དེའི་ཡལ་ག་ཤིང་དུ་གྲུབ་པ་བཞིན་ནོ། །རིགས་པ་འདི་མཚན་ཉིད་ཐུག་མེད་དུ་འདོད་པ་ལ་བསྒྲེས་ན་ཆ་མཐུན་གྱི་མགོ་བསྒྲེ་ཡིན་ལ། སྐབས་འདིར་ཐོད་རྒལ་བའི་མགོ་བསྒྲེ་ཡིན་ནོ། །ཆ་མཐུན་དུ་བསྒྲེ་ན་ཐ་སྙད་སྔ་མ་ལ་ཐ་སྙད་ཕྱི་མ་མེད་ན་སྔ་མ་ཤེས་བརྗོད་ལས་འདས་པར་འགྱུར་རོ། །ཞེས་ཟེར་ན། ཙནྡན་སྔ་མ་ལ་ཙནྡན་ཕྱི་མ་མེད་ན་སྔ་མ་དྲི་དང་བྲལ་བར་འགྱུར་རོ། །ཕྱི་མ་མེད་ཀྱང་སྔ་མ་ཉིད་ཙནྡན་དུ་གྲུབ་པས་དྲི་དང་མི་འབྲེལ་ལོ་ཞེ་ན། ཐ་སྙད་ཕྱི་མ་མེད་ཀྱང་སྔ་མ་ཉིད་ཐ་སྙད་དུ་གྲུབ་པས་ཤེས་བརྗོད་ལས་མི་འདའོ། །དེ་བཞིན་དུ་མེའི་མཚན་ཉིད་ཚ་བ་ལ་ཚབ་གཉིས་པ་མེད་ན་སྔ་མ་མེ་མ་ཡིན་པར་ཐལ་བ་དང༌། མེ་ལ་མེ་གཉིས་པ་མེད་ན་སྔ་མ་མེ་མ་ཡིན་པར་ཐལ་བ་ལ་སོགས་པ་ཐམས་ཅད་དུ་མཚུངས་སོ། །གལ་ཏེ་མེ་དང་ཤིང་ལ་སོགས་པ་རྫས་ཆོས་དག་པ་བ་དང་མཚན་ཉིད་ཀྱི་མཚན་ཉིད་ཐུག་མེད་དང༌། ཐ་སྙད་ཀྱི་ཐ་སྙད་ཐུག་མེད་ལྡོག་ཆོས་ལྟོས་པ་བ་ཚིག་མཚུངས་ཀྱང་དོན་མི་འདྲའོ། །ཞེ་ན་ཁོ་བོ་ཅག་སྒྲ་དང་རྣམ་པར་རྟོག་པ་ཐམས་ཅད་གཞན་སེལ་དུ་འདོད་ལ། དགག་སྒྲུབ་ཐམས་ཅད་བློའི་ཆོས་ལྡོག་པ་ལ་བརྟེན་པ་ཡིན་པས་ཐམས་ཅད་དུ་མཚུངས་སོ། །ཡང་ནོག་ལྐོག་ཤལ་བ་ལང་གི་ཞེན་ཡུལ་ཡིན་པས་མཚན་ཉིད་དུ་འགྲོ་བ་བཞིན་ཐ་སྙད་གཉིས་པའི་ཞེན་ཡུལ་ཐ་སྙད་དང་པོ་མཚན་ཉིད་དུ་འགྲོ་ཞེས་གསུང་བའང་ཞེན་ཡུལ་ཙམ་གྱིས་མཚན་ཉིད་དུ་འགྲོ་ན་འབྲས་རྟགས་ཀྱི་ཞེན་ཡུལ་མེ་ཡིན་པས་མེ་མཚན་ཉིད་ཡིན་པ་ལ་སོགས་པ་ཧ་ཅང་ཐལ་ལོ། །དེས་ན་མཚན་ཉིད་ཐུག་མེད་དང་ཐ་སྙད་ཐུག་མེད་འདི་དག་འབྲས་ཆེན་ཟ་བ་ལ་ས་བོན་གྱི་ཕྱི་མོ་ཚོལ་བ་ལྟར་དོན་མེད་པར་དགོངས་ནས་སྡེ་བདུན་གྱི་གཞུང་གང་ལས་ཀྱང་མ་གསུངས་སོ། །གཉིས་པ་རང་གི་ལུགས་ནི། བརྡ་དོན་འབྲེལ་པ་ནམ་རྟོགས་པ། །དེ་ཡི་ཚེ་ན་ཐ་སྙད་འགྲུབ། །མཁས་པས་གཏན་ཚིགས་དང་མཚན་ཉིད་ཀྱི་དོན་མཐོང་བ་ཙམ་གྱི་ཐ་སྙད་འགྲུབ་ལ། བླུན་པོ་ལ་དེ་དག་གི་མཚན་ཉིད་རྟགས་སུ་བཀོད་པའི་ཐ་སྙད་བསྒྲུབ་ཀྱི་འགྲུབ་ཅིང་ཤིན་ཏུ་བླུན་པོ་ལ་ཚུལ་གསུམ་སོ་སོའི་ངོ་བོ་བཤད་པ་དང༌། ནོག་ལྐོག་ཤལ་གྱི་དོན་ལྡོག་གཉའ་བར་ཤ་འཕུངས་པ་དང༌། མགྲིན་པར་པགས་པ་འཕྱང་བ་ལ་སོགས་པ་བརྡ་དོན་སྦྲེལ་དགོས་པ་སྲིད་དོ། །དེ་ཙམ་བརྗོད་ཀྱང་མི་གོ་བ་ནི་ཐ་སྙད་བསྒྲུབ་ཀྱི་ཡུལ་མ་ཡིན་ནོ། །འོ་ན་བླུན་པོ་ལ་ཐ་སྙད་ཇི་ལྟར་བསྒྲུབ་སྙམ་ན། རྟགས་དང་མཚན་ཉིད་གཉི་ག་ལ། །སྤྱི་དང་བྱེ་བྲག་གཉིས་གཉིས་ཡིན། །གཉི་གའང་སྦྱོར་བ་གསུམ་པར་ཐུག །བཞི་པ་ཕན་ཆད་དགོས་ནུས་མེད། །དུ་བ་གཏན་ཚིགས་ཡིན་ཏེ་ཅིའི་ཕྱིར་ཞེས་དྲིས་པ་ལ། སྤྱིར་གཏན་ཚིགས་ཙམ་དུ་བསྒྲུབ་པ་དང་བྱེ་བྲག་ཏུ་སྦྱོར་བ་འདིར་གཏོགས་ཀྱི་ཐ་སྙད་བསྒྲུབ་པ་གཉིས་ལས། དང་པོ་ནི་ཚུལ་གསུམ་ཚང་བ་དེ་གཏན་ཚིགས་ཡིན་ཏེ་བྱས་པ་བཞིན་དུ་བ་ཡང་ཚུལ་གསུམ་ཚང་ངོ་ཞེས་འགོད་དོ། །དེ་ལྟ་བུའི་ཚུལ་གསུམ་ཚང་བ་དེ་གཏན་ཚིགས་ཡིན་ཏེ་ཅིའི་ཕྱིར་ཞེ་ན། གང་ཚུལ་གསུམ་དང་ལྡན་པ་ལ་གཏན་ཚིགས་ཀྱི་བརྡ་སྦྱར་ཏེ་ཡལ་ག་དང་ལྡན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན་ཞེས་བརྡ་དྲན་པར་བྱས་པས་འགྲུབ་བོ། །སྦྱོར་བ་འདིར་རྟོགས་ཀྱང་«གང་བསྒྲུབ་བྱ་གང་བསྒྲུབ་ལ་ལྟོས་ནས་ཚུལ་གསུམ་ཚང་བ་དེ་གང་བསྒྲུབ་དེའི་གཏན་ཚིགས་ཡིན་ཏེ་མི་རྟག་བསྒྲུབ་པ་བཞིན། དུ་བ་ལའང་ལ་མེ་ལྡན་བསྒྲུབ་ལ་ལྟོས་ནས་ཚུལ་གསུམ་ཚང་ངོ༌། །ལ་མེ་ལྡན་བསྒྲུབ་ལ་ལྟོས་ནས་ཚུལ་གསུམ་ཚང་བ་དེ་ལ་མེ་ལྡན་བསྒྲུབ་ཀྱི་གཏན་ཚིགས་ཡིན་ཏེ། གང་གི་ཕྱིར་ན་གང་ལ་མེ་ལྡན་བསྒྲུབ་ལ་ལྟོས་ནས་ཚུལ་གསུམ་ཚང་བ་དེ་ག་ལ་མེ་ལྡན་བསྒྲུབ་ཀྱི་རྟགས་སུ་བརྡ་སྦྱར་ཏེ་ཡལ་ག་དང་ལྡན་པ་ལ་ཤིང་དུ་བརྡ་སྦྱར་བ་བཞིན།་་་་་»གོ་སླའོ། །དེ་བཞིན་དུ་ནོག་ལྐོག་ཤལ་མཚན་ཉིད་ཡིན་པ་ལའང་སྤྱི་དང་སྦྱོར་བ་འདིར་གཏོགས་གཉིས་ལས་དང་པོ་ནི། གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་དེ་མཚན་ཉིད་ཡིན་ཏེ་ལྟོ་ལྡིར་ཞབས་ཞུམ་བཞིན་ནོག་ལྐོག་ཤལ་འདུས་པའང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་བོ་ཞེས་པས་འགྲུབ་ཅིང༌། དེ་ཉིད་མཚན་ཉིད་ཡིན་པར་ཡང་གང་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ་མཚན་ཉིད་ཀྱི་བརྡ་སྦྱར་ཏེ་ཡལ་ག་དང་ལྡན་པ་ལ་ཤིང་བཞིན་ཞེས་པ་ཉིད་ཀྱིས་འགྲུབ་ལ། སྦྱོར་བ་འདིར་རྟོགས་ཀྱང་བྱེ་བྲག་ལ་བཀར་ཏེ་བརྗོད་པ་ཉིད་ཀྱིས་ཤེས་པར་«་་་་་གང་གང་དུ་མཚོན་པ་ལ་ལྟོས་ནས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་དེ། གང་དུ་མཚོན་པ་དེའི་མཚན་ཉིད་ཡིན་ཏེ་ཕམ་པར་མཚོན་པའི་ལྟོ་ལྡིར་བཞིན། ལྐོག་ཤལ་ལ་དཀར་ཟལ་བ་ལང་དུ་མཚོན་པ་ལ་ལྟོས་ནས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་བོ། །དཀར་ཟལ་བ་ལང་དུ་མཚོན་པ་ལ་ལྟོས་ནས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་དེ། དཀར་ཟལ་བ་ལང་དུ་མཚོན་པའི་མཚན་ཉིད་ཡིན་ཏེ་གང་གི་ཕྱིར་ན། དཀར་ཟལ་བ་ལང་བ་ལང་དུ་མཚོན་པ་ལ་ལྟོས་ནས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ། དཀར་ཟལ་བ་ལང་དུ་མཚོན་པའི་མཚན་ཉིད་ཀྱི་བརྡ་སྦྱར་ཏེ། ཡལ་ག་དང་ལྡན་པ་ལ་བརྡ་སྦྱར་བ་བཞིན།» སླའོ། །གསུམ་པ་རྩོད་པ་སྤང་བ་ནི། ཚུལ་གསུམ་ཚུལ་གསུམ་མེད་ན་རྟགས། །མི་འགྱུར་ཡོད་ན་ཐུག་མེད་ལོ། །ཚུལ་གསུམ་ལ་ཚུལ་གསུམ་མ་ཚང་ན་ཚུལ་གསུམ་གཏན་ཚིགས་མ་ཡིན་པར་འགྱུར་ལ། ཚང་ན་དེ་ཉིད་ཚུལ་གསུམ་གཉིས་པ་ཡིན་པས། དེ་ཉིད་ལ་ལྟོས་ནས་ཚུལ་གསུམ་གསུམ་པ་དང༌། བཞི་པ་ལ་སོགས་པ་ཁྱེད་ལའང་ཐུག་མེད་དུ་འགྱུར་རོ་ཞེ་ན། ཚུལ་གསུམ་དུ་བ་ཁོ་ནའི་ཆོས། །དབྱེར་མེད་ཡིན་གྱི་ཆོས་གཞན་མེད། །དུ་བ་གཞིར་བཞག་ནས་དེའི་སྟེང་དུ་ཚུལ་གསུམ་གཞན་ཞིག་རྩི་ན་ཁྱེད་བདེན་པ་ཞིག་ན་ཁོ་བོ་ཅག་དུ་བ་ཉིད་བློས་ཚུལ་གསུམ་དུ་བཟུང་བ་མ་གཏོགས་པ་དུ་བའི་སྟེང་དུ་ཚུལ་གསུམ་གཉིས་པ་དང་གསུམ་པ་ལ་སོགས་པ་མི་འདོད་པས་སྐྱོན་ག་ལ་ཡོད། འདི་ཡི་མཚན་ཉིད་ཐུག་མེད་དུ། །ཐལ་བའི་སྐྱོན་ཡང་བསལ་བ་ཡིན། །དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་ལ་མཚན་ཉིད་མེད་ན། དེ་མཚན་ཉིད་མ་ཡིན་པར་འགྱུར་ལ། ཡོད་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་བའང་འདིས་བསལ་ཏེ། ནོག་ལྐོག་ཤལ་གཞིར་བཞག་ནས་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་གཞན་ཞིག་རྩི་ན་ཐུག་མེད་དུ་འགྱུར་ཡང༌། ནོག་ལྐོག་ཤལ་ཉིད་དངོས་འགལ་གཅོད་པའི་དོན་ལྡོག་ཏུ་སྒྲུབ་པས་སྐྱོན་མེད་དོ། །དེ་ལྟ་མ་ཡིན་ན་ལྐོག་ཤལ་ལ་ལྐོག་ཤལ་གཉིས་པ་མེད་ན་ལྐོག་ཤལ་བ་ལང་མ་ཡིན་པར་འགྱུར་ལ་ཡོད་ན་ལྐོག་ཤལ་ཐུག་མེད་དུ་དགོད་དགོས་པ་ལ་སོགས་པ་ཧ་ཅང་ཐལ་ལོ། །གཉིས་པ་དགོས་པའི་མཚན་ཉིད་གཞག་པ་ལའང་གཉིས་ལས་དང་པོ་གཞན་ལུགས་དགག་ན་ལ་ལ་མཚོན་བྱ་རྣམ་འཇོག་ཟེར། གཏན་ཚིགས་ལ་ཡང་མཚུངས་ཕྱིར་མིན། །མཚན་ཉིད་ཀྱི་མཚན་ཉིད་མཚོན་བྱ་རྣམ་འཇོག་གི་རྒྱུ་མཚན་ཡིན་ན་རྟགས་ཀྱི་མཚན་ཉིད་ཀྱང་བསྒྲུབ་བྱ་གོ་བྱེད་ཅིའི་ཕྱིར་མ་ཡིན། བསྒྲུབ་བྱ་གོ་བྱེད་ཉིད་ལ་ཚུལ་གསུམ་དགོས་སོ་ཞེ་ན། མཚོན་བྱ་རྣམ་འཇོག་ལའང་འཇོག་ཚུལ་ཆོས་གསུམ་དགོས་སོ། །འགའ་ཞིག་ཆོས་གསུམ་ཚང་བར་འདོད། །ཆོས་གསུམ་ཚང་བའི་མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཞེས་གསུང་ངོ༌། །མཚོན་བྱ་ལྟོས་ཕྱིར་འདི་མི་འཐད། མཚན་ཉིད་དུ་གོ་བ་མཚོན་བྱ་ལ་ལྟོས་དགོས་པས་མི་འཐད་དོ། །གལ་ཏེ་མཚན་ཉིད་དུ་དགོད་བྱའི་ངོ་བོ་དེ་རང་གི་མཚོན་བྱ་ལ་ལྟོས་ན་སྐྱོན་དུ་འགྱུར་ཡང་འདི་རང་གི་མཚོན་བྱ་ལ་མི་ལྟོས་པས་སྐྱོན་དུ་མི་འགྱུར་ཏེ། དཔེར་ན་བྱས་པ་རྟགས་སུ་འཇོག་པ་རང་གི་བསྒྲུབ་བྱ་མི་རྟག་པ་ལ་ལྟོས་ཀྱང་རྟགས་ཀྱི་དགོད་བྱའི་ངོ་བོ་མི་རྟག་པ་ལ་མི་ལྟོས་པས་སྐྱོན་མེད་པ་བཞིན་ནོ་ཞེ་ན། དཔེ་མི་མཚུངས་ཏེ། མི་རྟག་པ་ལ་མི་ལྟོས་པར་བྱས་ལྡོག་འགྲུབ་ལ་འདིར་མཚོན་བྱ་མ་གྲུབ་ན་མཚོན་བྱའི་དོན་ལྡོག་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། དངོས་འགལ་གཅོད་པའི་དོན་ལྡོག་ཡིན། ཆོས་གང་ཞིག་དངོས་འགལ་རྣམ་པར་གཅོད་པའི་དོན་ལྡོག་གྲུབ་པ་སྟེ། མཚོན་བྱ་དང་མཚན་གཞིའི་ལྡོག་པ་གཉིས་བཅད་ནས་གང་འདོད་པ་དེའི་དོན་ལྡོག་གྲུབ་པའི་ཕྱིར་རོ། །གསུམ་པ་དེའི་བསལ་བྱ་སྐྱོན་ཅན་གྱི་གྲངས་ངེས་པ་ལ་གསུམ་ལས་གཞན་གྱི་ལུགས་དགག་ན། མཚན་ཉིད་དེ་ཡི་སྐྱོན་བསྡུ་ན། །གསུམ་ཞེས་བྱང་ཕྱོགས་པ་རྣམས་འདོད། །བོད་ཀྱི་རྟོག་གེ་པ་ཕྱི་རབས་པ་རྣམས་མཚན་ཉིད་ཀྱི་སྐྱོན་བསྡུ་ན། རང་ལྡོག་རྫས་སུ་མ་གྲུབ། དོན་ལྡོག་གཞན་དུ་འགྱུར། །མཚན་གཞི་ལ་མི་གནས་པའོ། །དེ་ལ་དང་པོ་ནི་མཚན་ཉིད་གང་ཞིག་རང་གི་ཐ་སྙད་ལས་རང་དབང་དུ་མ་གྲུབ་པ་ཡིན་ལ། དབྱེ་ན་བ་ལང་གི་མཚན་ཉིད་དུ་བ་ལང་ཉིད་ལ་ལྟ་བུ་རང་གི་ཐ་སྙད་མཚན་ཉིད་དུ་བཀོད་པ་དང༌། བ་ལང་གི་མགོ་བོ་ལྟ་བུ་རང་གི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་གཉིས་དང༌། ཁ་ཅིག་དེའི་སྟེང་དུ་གཞན་གྱི་ཐ་སྙད་དང༌། གཞན་གྱི་ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བཀོད་པ་སྟེ། བཞི་ཡིན་ནོ་ཞེས་གསུང་ངོ༌། །དོན་ལྡོག་གཞན་འགྱུར་ནི། །རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་རང་གི་མཚོན་བྱའི་དོན་ལྡོག་མ་ཡིན་པའོ། །དབྱེ་ན་བཞི་སྟེ། མི་སྲིད་པ། མ་ཁྱབ་པ། ཁྱབ་ཆེས་པ། ཁྱབ་མཉམ་པའི་དོན་ལྡོག་གཞན་གྱུར་རོ། །དང་པོ་ནི་མཚོན་ལྡན་གྱི་གཞི་ལ་ཡེ་མི་སྲིད་པ་སྟེ། དཔེར་ན་རྟར་མཚོན་པ་ལ་ལྐོག་ཤལ་ལམ་མ་ཡིན་དགག་ཏུ་མཚོན་པ་ལ་བསྒྲུབ་ཆོས་དོར་བ་བཀོད་པ་ལྟ་བུའོ། །གཉིས་པ་ནི་མཚོན་ལྡན་གྱི་ཕྱོགས་གཅིག་ལ་མེད་པ་སྟེ། བ་ལང་གི་མཚན་ཉིད་ལ་ལྐོག་ཤལ་ཁྲ་བོའམ་ཤེས་བྱའི་མཚན་ཉིད་དུ་བསྒྲུབ་ཆོས་དོར་བ་བཀོད་པ་ལྟ་བུའོ། །གསུམ་པ་ནི་མཚོན་ལྡན་ལ་ཁྱབ་ཅིང་མཚོན་ཆོས་མེད་པར་ཡང་ཞུགས་པ་སྟེ། བ་ལང་གི་མཚན་ཉིད་དུ་མགོ་ལྡན་ནམ་མ་ཡིན་དགག་གི་མཚན་ཉིད་དུ་ཤེས་བྱ་བཀོད་པ་ལྟ་བུའོ། །བཞི་པ་མཚོན་ལྡན་དང་ཁྱབ་མཉམ་ཡང་མཚོན་ཆོས་ལས་ལྡོག་པ་གཞན་དུ་གྱུར་པ་སྟེ། དཔེར་ན་མི་རྟག་པའི་མཚན་ཉིད་དུ་རྒྱུ་རྐྱེན་གྱིས་བསྐྱེད་པའམ་སྟོང་ཉིད་ཀྱི་མཚན་ཉིད་དུ་ཤེས་བྱ་བཀོད་པ་ལྟ་བུའོ། །མཚན་གཞི་ལ་མི་གནས་པའི་མཚན་ཉིད་ནི། མཚན་ཉིད་གང་ཞིག་རང་གི་ཐ་སྙད་ལས་རང་དབང་དུ་གྲུབ་ཀྱང་གང་མཚོན་པར་བྱ་བའི་གཞི་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དབྱེ་ན་བཞི་སྟེ། འགལ་ནས་མི་གནས་པ། ལྡོག་པ་ཐ་དད་མེད་ནས་མི་གནས་པ། དོན་ལྡོག་ཐ་དད་མེད་ནས་མི་གནས་པ། མཚན་གཞིའི་ཕྱོགས་གཅིག་ལ་མ་ཁྱབ་ནས་མི་གནས་པའོ། །དང་པོ་ནི་རྫས་ཆོས་ལ་རྟ་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་ལམ་ལྡོག་ཆོས་ལ་ཤེས་བྱ་མེད་དགག་ཏུ་མཚོན་པ་ལ་བསྒྲུབ་ཆོས་མདོར་བཀོད་པ་ལྟ་བུའོ། །ཚུལ་གསུམ་གྱིས་སྟོང་པ་ལ་ཚུལ་གསུམ་བཀོད་པ་ནི། དེར་མི་འགྱུར་ཏེ། ཁྱད་པར་བཀག་ལྡོག་ཉིད་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །གཉིས་པ་ནི་གཞི་ལྡོག་མཚན་ཉིད་དུ་བཀོད་པ་སྟེ་ལྐོག་ཤལ་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་ཉིད་བཀོད་པ་ལྟ་བུའོ། །ཚུལ་གསུམ་རྟགས་སུ་མཚོན་པ་ལ་ཚུལ་གསུམ་བཀོད་པ་ནི་དེར་མི་འགྱུར་ཏེ། ལྟོས་པས་གཞི་མཚན་ལྡོག་པ་ཐ་དད་པའི་ཕྱིར་རོ། །གསུམ་པ་ནི་རང་ཉིད་རང་གི་མཚན་གཞིར་བྱས་པ་ལ་མཚན་ཉིད་བཀོད་པ་སྟེ། བ་ལང་ཉིད་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་ལྟ་བུའོ། །ཤེས་བྱའི་ཐ་སྙད་ཤེས་བྱར་མཚོན་པ་ལ་བློའི་ཡུལ་རུང་དུ་བཀོད་པའམ། མ་ཡིན་དགག་གི་ཐ་སྙད་མ་ཡིན་དགག་ཏུ་མཚོན་པ་ལ་བསྒྲུབ་ཆོས་མ་དོར་བ་བཀོད་པ་ནི་དེར་མི་འགྱུར་ཏེ། མཚན་གཞི་དང་མཚོན་བྱ་ལྟོས་པས་དོན་ལྡོག་ཐ་དད་པའི་ཕྱིར་རོ། །བཞི་པ་ནི་མཚོན་འདོད་ཀྱི་ཕྱོགས་གཅིག་ལ་མ་ཁྱབ་པ་སྟེ་སྲོག་ཆགས་ཙམ་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་ལམ། བློ་ཙམ་ཚད་མར་མཚོན་པ་ལ་བདེན་པའི་དོན་རྟོགས་བཀོད་པ་ལྟ་བུའོ། །དེ་དག་ལས་མཚན་གཞི་ལ་འགལ་ནས་མི་གནས་པ་མ་གཏོགས་པ་ལྷག་མ་གསུམ་ནི་ལྡོག་པ་ལ་བརྟེན་པའི་ཆོས་བསྒྲུབ་པའི་ཚེ་མི་སྲིད་དེ། འདི་ལྟར་དེར་མཚོན་པའི་མཚན་ཉིད་མི་གནས་པའི་ལྡོག་པ་དེ་ལ་དེ་མིན་དུ་མཚོན་པའི་མཚན་ཉིད་གནས་སམ་མི་གནས། གནས་ན་དེ་མིན་གྱི་མཚན་ཉིད་གནས་པས་དེའི་མཚན་ཉིད་མི་གནས་པ་དེ་ནི་འགལ་ནས་མི་གནས་པ་ཡིན་ལ། མི་གནས་ན་ལྡོག་པ་ལ་དེ་དང་དེ་མིན་གྱི་མཚན་གཞིར་ཁ་ཚོན་མཆོད་པར་འགྱུར་བའི་ཕྱིར་རོ། །ཞེས་སྤྲོས་པ་དང་བཅས་ནས་གསུངས་སོ། །འདི་དག་དགག་པ་ལ་གཉིས་ལས་རིགས་པས་མི་འཐད་པ་ནི། སྦྱོར་བར་བཀོད་ནས་སྐྱོན་བརྩི་ན། །དོན་ལྡོག་གཞན་འགྱུར་མེད་པར་འགྱུར། །མ་བཀོད་པ་ལ་སྐྱོན་སྦྱོར་ན། །མཚན་གཞི་མི་གནས་དོན་མེད་འགྱུར། །གལ་ཏེ་འདི་དག་སྦྱོར་བ་བཀོད་ནས་བརྩི་ན། མཚན་ཉིད་མཚོན་བྱ་ལས་དོན་ལྡོག་གཞན་དུ་གྱུར་པ་མི་འཐད་དེ། སྟོང་ཉིད་བསྒྲུབ་ཆོས་དོར་བས་མེད་དགག་ཏུ་མཚོན་པའི་ཚེ། བསྒྲུབ་ཆོས་དོར་བ་མེད་དགག་གི་ཐ་སྙད་ལ་མི་སྲིད་པའི་ཕྱིར་དོན་ལྡོག་གཞན་གྱུར་དུ་ཐལ་ལོ། །གལ་ཏེ་མཚོན་ཉིད་མཚོན་བྱ་ལ་སྲིད་མི་སྲིད་ཀྱི་དོན་མཚན་གཞི་ལ་སྲིད་མི་སྲིད་ལ་བརྗོད་ཀྱི་མཚོན་བྱ་ཉིད་ཀྱི་ལྡོག་པ་ལ་བརྟེན་མི་བརྟེན་ལ་མི་འདོད་དེ། དེ་ལྟར་མི་དགོས་པ་དང་མི་ཕན་པའི་ཕྱིར་རོ་ཞེ་ན། འོ་ན་དོན་ལྡོག་གཞན་གྱུར་དུ་འདོད་ཀྱང་མཚན་གཞི་ལ་མི་གནས་པར་འགྱུར་ཏེ། མི་སྲིད་ནས་དོན་ལྡོག་གཞན་གྱུར་གྱི་སྐྱོན་ཡང་མཚན་གཞི་ལ་མི་སྲིད་པ་ལ་འཇོག་པའི་ཕྱིར་རོ། །གལ་ཏེ་སྦྱོར་བ་མི་བཀོད་པ་ལ་སྐྱོན་བརྩིའོ་ཞེ་ན། མཚན་གཞི་ལ་མི་གནས་པ་མི་དགོས་ཏེ་བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་བཀོད་པ་དང་མེད་དགག་གི་མཚན་ཉིད་བསྒྲུབ་ཆོས་དོར་བ་བཀོད་ན། སྐྱོན་མེད་ཡིན་པའི་ཕྱིར་རོ། །དེ་ལ་གལ་ཏེ་མཚན་གཞིར་འཇོག་ཚུལ་ལ་རག་སྟེ། དཀར་ཟལ་ལམ་སྟོང་ཉིད་ལྟ་བུ་བཞག་ན་སྐྱོན་མེད་ཡིན་ལ་རྟའམ་ཤེས་བྱ་ལྟ་བུ་བཞག་ན་སྐྱོན་ཅན་ཡིན་ནོ་ཞེ་ན། འོ་ན་སྦྱོར་བ་མ་བཀོད་པ་སྐྱོན་བརྩི་བ་ཉམས་ཏེ། ཆོས་གསུམ་ཀ་བཀོད་པ་ལ་སྐྱོན་ལྟོས་དགོས་པའི་ཕྱིར་རོ། །དེ་ལ་མཚོན་བྱའི་སྐྱོན་ནི་མཚན་གཞིར་བཀོད་དམ་མ་བཀོད་ཀྱང་རུང་སྟེ། མཚོན་བྱ་ལ་བརྩི་ལ། མཚན་གཞིའི་སྐྱོན་ནི་མཚོན་ཆོས་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ། མཚན་གཞིར་བཀོད་པ་ལ་ལྟོས་ནས་བརྩི་བས་སྐྱོན་མེད་དོ་ཞེ་ན། མི་འཐད་དེ། རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply