མཚན་གཞི་ལ་བརྩི་ན་མ་བཀོད་པ་འགལ་ལ་བཀོད་ན་མཚན་གཞིའི་སྐྱོན་མ་ཡིན་པ་འགལ་ལོ། །ཡང་མཚན་གཞི་ལ་མི་གནས་པའི་སྐྱོན་མཚོན་ཆོས་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ། མཚན་གཞིར་བཀོད་པ་ལ་ལྟོས་ནས་བརྩི་ན། རྟ་བ་ལང་དུ་མཚོན་པ་ལ་རང་ལྡོག་རྫས་སུ་མ་གྲུབ་པ་བཀོད་ཀྱང་མཚོན་གཞི་ལ་མི་གནས་པར་འགྱུར་རོ། །དེ་འདོད་ན་སྐྱོན་ཐམས་ཅད་མཚན་གཞི་ལ་མི་གནས་པར་འདུས་པས་སྐྱོན་གཞན་དོན་མེད་དོ། །ཡང་རང་གི་རྣམ་གཞག་དང་འགལ་ཏེ། བ་ལང་ཉིད་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་དོན་ལྡོག་ཐ་དད་མེད་ནས་མཚན་གཞི་ལ་མི་གནས་པར་འདོད་པ་དང༌། ཐ་སྙད་དང་པོའི་བ་ལང་གི་ཐ་སྙད་ཆོས་ཅན། བ་ལང་གི་ཐ་སྙད་དུ་བྱར་རུང་སྟེ། ནོག་ལྐོག་ཤལ་དང་ལྡན་པའི་ཕྱིར་ཞེས་ཐ་སྙད་ཐུག་མེད་དུ་འདོད་པ་འགལ་བ་བཞིན་ནོ། །གཉིས་པ་གཞུང་གི་དགོངས་པ་མ་ཡིན་ཏེ། འདི་དག་སྐྱོན་དུ་འཐད་ན་ནི། །མཁས་པའི་གཙུག་རྒྱན་ཅིས་མི་བཞེད། །སྐྱོན་གསུམ་པོ་འདི་མཚན་ཉིད་ཀྱི་སྐྱོན་ཡིན་ན་མཁས་པའི་གཙུག་གི་ནོར་བུ་གཉིས་པོས་ཀུན་ལས་བཏུས་དང་སྡེ་བདུན་དུ་ཅིའི་ཕྱིར་མི་གསུང༌། དེས་ན་ཐ་སྙད་དེ་དག་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་རང་འདོད་པ་ནི། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །རང་ལྡོག་རྫས་སུ་མ་གྲུབ་པ་ལ་སོགས་པ་གསུམ་པོའང་སྐྱོན་དུ་འགྲོ་བའི་ཆ་ཐམས་ཅད་གསུམ་པོ་འདིར་འདུས་པ་ཡིན་གྱི་ལོགས་པ་མེད་དོ། །སྒྲ་དང་དོན་གྱི་རྣམ་གཅོད་ཀུན། །གསུམ་པོ་འདི་ལས་གཞན་ཡོད་མིན། །མཚན་ཉིད་དོན་གྱི་སྒོ་ནས་རྣམ་གཅོད་གསུམ་ཡོད་པ་བཞིན་དུ་སྒྲ་ཐམས་ཅད་ཀྱང་རྣམ་གཅོད་གསུམ་ལས་མ་འདས་ཏེ། ཇི་སྐད་དུ། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་པ་དག་དང༌། །གཞན་པ་དག་དང་ལྡན་པ་དང༌། །གཏན་མི་ལྡན་ཉིད་རྣམ་གཅོད་བྱེད། །དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །ཞེས་གསུངས་པའང༌། མི་ལྡན་རྣམ་གཅོད་དང༌། གཞན་ལྡན་རྣམ་གཅོད་དང༌། མ་འབྲེལ་རྣམ་གཅོད་དང་གསུམ་པོ་རིམ་པ་ལྟར་མ་ཁྱབ། ཁྱབ་ཆེས་མི་སྲིད་གསུམ་གཅོད་པའི་ངག་ཡིན་ལ། སྒྲ་ཇི་ལྟར་གཅོད་པ་ལྟར་དོན་ཡང་དེ་ལྟར་རྣམ་པར་གཅོད་པས། མཚན་ཉིད་ཀྱི་སྐྱོན་གསུམ་ལས་མི་འདའོ། །དེ་ཉིད་སློབ་དཔོན་གྱིས་མཚན་ཉིད་ཀྱི་རྣམ་གཅོད་ཀྱི་སྐབས་སུ། བདག་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་རྣམས། །ལྡོག་པ་སེལ་བར་བྱེད་པ་ཡིན། །ཞེས་གསུངས་པས་ཁྱབ་ཆེས་པ་གཅོད་ཅིང༌། འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །ཅེས་པས་མ་ཁྱབ་པ་གཅོད་ལ། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །ཞེས་མི་སྲིད་པ་ལ་དགོངས་པ་ཡིན་ནོ། །དེས་ན་ཆོས་ཀྱི་གྲགས་པའི་རྣམ་གཞག་བདེ་བ་བོར་ནས་རང་ཉིད་ཀྱིས་མི་དགོས་པ། བློས་བརྟགས་ནས་སྦྱོར་བ་འདི་ནི་འཁྲུལ་པར་འགྱུར་ལ། ཅུང་ཟད་མ་འཁྲུལ་དུ་ཟིན་ཡང༌། མཁས་པ་རྣམས་ལ་མ་གྲགས་པས་མི་བདེ་སྟེ་ཀླ་ཀློའི་སྐད་ཀྱིས་སྒྲ་འཆད་པ་བཞིན་ནོ། །དེ་ལྟ་བུའི་སྐྱོན་ཅན་གསུམ་པོ་ལའང༌། མཚན་ཉིད་དང་དབྱེ་བ་གཉིས་ལས། མ་ཁྱབ་པའི་མཚན་ཉིད་ནི། མཚན་ཉིད་བཀོད་པ་གང་ཞིག་མཚན་གཞིའི་ཕྱོགས་གཅིག་ ལ་མ་གྲུབ་པའོ། །དབྱེ་ན་དངོས་པོ་ལ་དཔེར་བརྗོད་ན། བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཁྲ་བོ་བཀོད་པའམ། དངོས་མེད་ལ་དཔེར་བརྗོད་ན། མེད་དགག་གི་མཚན་ཉིད་རི་བོང་གི་རྭ་བཀོད་པའམ། གཉིས་ཀའི་ཆོས་ལ་དཔེ་བརྗོད་ན་ཤེས་བྱའི་མཚན་ཉིད་རྒྱུས་བསྐྱེད་པ་བཀོད་པ་ལྟ་བུའོ། །ཁྱབ་ཆེས་པའི་མཚན་ཉིད་ནི། མཚན་ཉིད་གང་ཞིག་མཚན་གཞི་ལ་ཁྱབ་ཅིང་མཚོན་འདོད་མེད་པར་ཞུགས་པའོ། །དེ་ལ་གསུམ་ལས། དངོས་པོའི་ཆོས་ལ་ཁྱབ་ཆེས་པ་བ་ལང་གི་མཚན་ཉིད་མགོ་ལྡན་བཀོད་པའམ། དངོས་མེད་ཀྱི་ཆོས་ལ་ཁྱབ་ཆེས་པ་རི་བོང་གི་རྭའི་མཚན་ཉིད་དུ་མེད་དགག་བཀོད་པའམ། གཉིས་ཀའི་ཆོས་ལ་ཁྱབ་ཆེས་པ་ཤེས་བྱའི་མཚན་ཉིད་དུ་ཐམས་ཅད་མཁྱེན་པའི་བློའི་ཡུལ་རུང་དུ་བཀོད་པ་ལྟ་བུའོ། །མི་སྲིད་པའི་མཚན་ཉིད་ནི། མཚན་ཉིད་གང་ཞིག་མཚོན་འདོད་ལ་ཇི་ལྟར་དགོད་བྱ་ལྟར་མ་གྲུབ་པའོ། །དེ་ལ་གཉིས་ཏེ། རང་ལྡོག་མ་གྲུབ་ནས་མི་སྲིད་པ་དང༌། རང་ལྡོག་གྲུབ་ཀྱང་མཚོན་འདོད་ལ་མི་སྲིད་པའོ། །དང་པོ་ལའང་གཉིས་ལས། དངོས་པོའི་རང་ལྡོག་མ་གྲུབ་པ་ནི་རང་གཞན་གྱི་ཐ་སྙད་དང༌། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་མཚན་ཉིད་དུ་བཀོད་པའོ། །དེ་རེ་རེ་ལའང་གཉིས་གཉིས་ཏེ། རང་གི་ཐ་སྙད་མཚན་ཉིད་དུ་བཀོད་པ། དཔེར་ན་བ་ལང་གི་མཚན་ཉིད་དུ་བ་ལང་བཀོད་པ་དང༌། ཐ་སྙད་ཀྱིས་ཁྱད་པར་དུ་བྱས་པ་བ་ལང་གི་མགོ་བོ་བཀོད་པ་ལྟ་བུ་དང༌། གཞན་གྱི་ཐ་སྙད་བཀོད་པ་བ་ལང་གི་མཚན་ཉིད་དུ་རྟའི་ཐ་སྙད་བཀོད་པ་དང༌། ཐ་སྙད་ཀྱི་ཁྱད་པར་དུ་བྱས་པ་རྟའི་མགོ་བོ་བཀོད་པ་ལྟ་བུའོ། །ཕྱི་མ་གཉིས་པོ་འདི་ཐ་སྙད་ཀྱི་རང་ལྡོག་གི་ཆ་ནས་འཇོག་གི་རྟའི་མགོ་བོའི་བརྡ་དོན་འཕྲོད་ན་ནི། རང་ལྡོག་གྲུབ་ཀྱང་མཚན་གཞི་ལ་མི་སྲིད་པར་འགྱུར་རོ། །ཁ་ཅིག་གཞན་གྱི་ཐ་སྙད་མཚན་ཉིད་དུ་བཀོད་ན་སྐྱོན་མེད་དུ་འགྱུར་རོ་ཞེས་གསུང་བ་མི་འཐད་པར་བཤད་ཟིན་ཏོ། །གཉིས་པ་རང་ལྡོག་གྲུབ་ཀྱང་མཚོན་འདོད་ལ་མི་སྲིད་པ་ལ་གསུམ་སྟེ། ངོ་བོ་ཐ་དད་ནས་མི་སྲིད་པ་རང་ལྡོག་ཐ་དད་མེད་ནས་མི་སྲིད་པ། དོན་ལྡོག་ཐ་དད་མིན་ནས་མི་སྲིད་པའོ། །དང་པོ་ངོ་བོ་ཐ་དད་ནས་མི་སྲིད་པ་ནི་དངོས་པོའི་ཆོས་ལ་དཔེར་བརྗོད་ན་གཉིས་ཏེ། རྫས་ཐ་དད་པ་རྟ་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་ལྟ་བུའོ། །ལྡོག་པ་ཐ་དད་པ་བྱས་པའི་མཚན་ཉིད་སྐད་ཅིག་གཉིས་པར་མི་སྡོད་པ་བཀོད་པ་ལྟ་བུའོ། །འདི་མི་སྲིད་པར་ཇི་ལྟར་འགྱུར་ཞེ་ན། བྱས་པ་དང་མི་རྟག་པ་གཅིག་གི་དོན་ལྡོག་ཏུ་གཅིག་མི་སྲིད་པ་ཡིན་ཏེ། རྣམ་འགྲེལ་ལས། དེ་ཕྱིར་ཁྱབ་པར་གང་ཞིག་ཆོས། །གང་གིས་གོ་བར་གྱུར་པ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་བྱ་བ་དང༌། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །ཞེས་གསུངས་པས་སོ། །དེས་ན་རྟ་ལ་ལྐོག་ཤལ་མཚན་གཞི་ལ་མི་སྲིད་ལ་བྱས་པ་ལ་སྐད་ཅིག་གཉིས་པར་མི་སྡོད་པ་མཚོན་བྱ་ལ་མི་སྲིད་པ་ཡིན་ནོ། །དངོས་མེད་ཀྱི་ཆོས་ལ་དོན་སྤྱི་དངོས་མེད་དུ་མཚོན་པ་ལ་དབང་ཤེས་འཁྲུལ་པས་གཟུང་བ་བཀོད་པ་ལྟ་བུའོ། །གཉི་གའི་ཆོས་ལ་ཤེས་བྱ་མེད་དགག་ཏུ་མཚོན་པ་ལ་བློའི་ཡུལ་དུ་བྱར་མི་རུང་བ་བཀོད་པ་ལྟ་བུའོ། །ཚུལ་གསུམ་གྱིས་སྟོང་པ་ལ་ཚུལ་གསུམ་བཀོད་པ་ནི་དེར་མི་འགྱུར་ཏེ། ཁྱད་པར་བཀག་ལྡོག་ཉིད་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །གཉིས་པ་རང་ལྡོག་ཐ་དད་མེད་ནས་མི་སྲིད་པ་ནི། གཞི་ལྡོག་མཚན་ཉིད་དུ་བཀོད་པ་སྟེ། དངོས་པོ་ལ་དཔེར་བརྗོད་ན། ལྐོག་ཤལ་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་ལྟ་བུ་དང༌། དངོས་མེད་ལ་རི་བོང་གི་རྭ་དངོས་མེད་དུ་མཚོན་པ་ལ་རི་བོང་གི་རྭ་ཉིད་བཀོད་པ་དང༌། གཉིས་ཀའི་ཆོས་ལ་ཤེས་བྱ་བློའི་ཡུལ་རུང་དུ་མཚོན་པ་ལ་ཤེས་བྱ་བཀོད་པ་ལྟ་བུའོ། །གསུམ་པ་དོན་ལྡོག་ཐ་དད་མེད་ནས་མི་སྲིད་པ་ནི། རང་གི་མཚོན་བྱ་གཞིར་བྱས་པ་ལ་མཚན་ཉིད་བཀོད་པ་སྟེ། དེ་ལའང་གཉིས་ལས། དངོས་པོ་ལ་དཔེར་བརྗོད་ན། བ་ལང་ཉིད་བ་ལང་དུ་མཚོན་པ་ལ་ལྐོག་ཤལ་བཀོད་པ་ལྟ་བུ་དང༌། དངོས་མེད་ལ་རྟགས་དངོས་སུ་མཚོན་པ་ལ་འཇིག་མེད་བཀོད་པ་ལྟ་བུའོ། །གཉིས་ཀའི་ཆོས་ལ་ཤེས་བྱ་ཉིད་དང་ཤེས་བྱར་མཚོན་པ་ལ་བློའི་ཡུལ་རུང་བཀོད་པ་ནི་དེར་མི་འགྱུར་ཏེ། མཚན་གཞི་དང་མཚན་ཉིད་ལྟོས་པས་དོན་ལྡོག་ཐ་དད་པར་འགྱུར་རོ། །གསུམ་པ་རྩོད་པ་སྤང་བ་ནི། མཚན་གཞི་བཀོད་དང་མ་བཀོད་དང༌། །མཚན་ཉིད་མི་སྲིད་པ་ཡི་གཞིར། །མཚོན་བྱ་ཁེགས་སམ་མི་ཁེགས་ཞེས། །རྩོད་པ་གཉིས་ཀྱིས་འདིར་མི་གནོད། །གལ་ཏེ་མཚན་ཉིད་ཀྱི་སྐྱོན་འདི་དག་མཚན་གཞི་བཀོད་པ་ལ་བརྩི་ན་བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་འདི་མ་ཁྱབ་པར་མི་འགྱུར་ཏེ། དཀར་ཟལ་ལ་བཀོད་ན་སྐྱོན་མེད་དུ་འགྱུར་ཞིང་ནག་སྒྲུར་ལ་བཀོད་ན་མི་སྲིད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་མ་བཀོད་པ་ལ་བརྩི་ན་མཚན་གཞིའི་སྐྱོན་ཐམས་ཅད་མི་འཐད་པར་འགྱུར་ཏེ། སྲོག་ཆགས་ཙམ་བ་ལང་དུ་མཚོན་པ་དང་རྟ་བ་ལང་དུ་མཚོན་པའི་མཚན་ཉིད་ནོག་ལྐོག་ཤལ་བཀོད་པའང་སྐྱོན་མེད་ཁོ་ན་ཡིན་ནོ་ཞེ་ན། སྐྱོན་ཐམས་ཅད་བཀོད་པ་ལ་བརྩིའོ། །འོ་ན་བ་ལང་གི་མཚན་ཉིད་ལྐོག་ཤལ་ཁྲ་བོ་བཀོད་ན་མ་ཁྱབ་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་དཀར་ཟལ་མཚན་གཞིར་འཇོག་ལ་འོན་ཀྱང་དཀར་ཟལ་ལ་བ་ལང་ཁྲ་བོའི་ཐ་སྙད་དུ་མཚོན་ན་བདེན་ཡང་བ་ལང་ཙམ་དུ་མཚོན་པའི་ཚེ་མ་ཁྱབ་པ་ཡིན་ནོ། །ཡང་མ་བཀོད་ཀྱང་བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་སྐྱོན་མེད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དུ་བ་མེའི་འབྲས་བུ་ཡིན་ཡང་རྩོད་གཞི་ལས་གཞན་དུ་བཀོད་ན་གོ་བྱེད་ཀྱི་རྟགས་སུ་མི་རུང་བ་ལྟར་བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཡིན་ཡང་མཚན་གཞི་གཞན་རྟ་ལ་སོགས་པ་ལ་བཀོད་ན་མཚོན་མི་ནུས་པས་སྐྱོན་ཅན་ཡིན་ནོ། །དེས་ན་དང་པོ་ནས་བ་ལང་གི་མཚན་ཉིད་ལྐོག་ཤལ་ཡིན་ནམ་ཞེས་འདྲི་ན། མཚན་ཉིད་ཡིན་མོད་ཀྱི་མཚོན་བྱེད་དུ་འགྲོ་མི་འགྲོ་མཚན་གཞི་ལ་རག་ཅེས་བརྗོད་དགོས་ཏེ། དཔེར་ན་དུ་བ་མེའི་འབྲས་བུ་ཡིན་ཡང་འབྲས་རྟགས་སུ་འགྲོ་མི་འགྲོ་འགོད་ཚུལ་ལ་རག་པ་བཞིན་ནོ། །གཉིས་པ་ནི་མཚན་གཞི་ལ་བརྩི་ན་མཚན་ཉིད་མི་སྲིད་པའི་གཞི་ལ་མཚོན་བྱ་མི་ཁེགས་ན་མཚོན་བྱ་ལ་མཚན་ཉིད་ཀྱིས་མ་ཁྱབ་པར་འགྱུར་ལ། ཁེགས་ན་ལྐོག་ཤལ་གཞིར་བྱས་པ་ལ་ལྐོག་ཤལ་ལྡོག་པ་ཐ་དད་མེད་ནས་མི་སྲིད་པའི་ཕྱིར་མཚོན་བྱ་བ་ལང་གི་ཐ་སྙད་ཀྱང་ཁེགས་པར་འགྱུར་རོ་ཞེ་ན། ལྐོག་ཤལ་རང་མི་སྲིད་པར་མ་གྲུབ་ལ་གཞན་མི་སྲིད་པའི་ཕྱིར་ཐ་སྙད་གཞན་མི་སྲིད་པར་ཐལ་བར་འདོད་པ་ཡིན་ནོ། །དེ་བཞིན་དུ་ཁྱབ་བྱེད་ཁེགས་པས་ཁྱབ་བྱ་མི་ཁེགས་ན་ཁྱབ་བྱ་ལ་ཁྱབ་བྱེད་ཀྱིས་མ་ཁྱབ་པར་ཐལ་ལ། །ཁེགས་ན་སྒྲ་ལ་ཁྱབ་བྱེད་སྒྲ་ཁེགས་པའི་ཕྱིར་མཉན་བྱའང་ཁེགས་པར་ཐལ་ལོ་ཞེས་བྱ་བ་ལའང་མཚུངས་ཏེ། སྒྲ་ལ་སྒྲ་ཡིན་པ་མི་ཁེགས་ན་སྒྲ་གཞན་ཁྱབ་བྱེད་དུ་ཁེགས་པས་གཞན་དེའི་མཉན་བྱའང་ཁེགས་སོ། །གཉིས་པ་མཚོན་བྱ་ལའང་གསུམ་ལས་དང་པོ་གཞན་ལུགས་དགག་ན། ཁ་ཅིག་མཚན་མཚོན་རྫས་གཅིག་ཟེར། །ཐ་སྙད་མཚོན་བྱ་མཚན་གཞིར་འདོད། །ཐ་སྙད་བསྒྲུབ་པ་རང་བཞིན་གྱི་རྟགས་ཡིན་པའི་ཕྱིར་མཚན་མཚོན་དོན་ཉིད་ལ་རྫས་གཅིག་གོ་ཞེས་གསུང་ངོ༌། །འདི་མི་འཐད་དེ། མཚོན་བྱ་མིང་གིས་ཁྱད་པར་དུ། །བྱས་ཕྱིར་མཚན་ཉིད་མཐོང་བ་ཡི། །དབང་ཤེས་རྟོགས་བཅས་ཉིད་འགྱུར་ཞིང༌། །དོན་བསྒྲུབ་རྫས་ཡོད་དག་ཏུའང་འགྱུར། །མཚོན་བྱ་བ་ལང་གི་ཐ་སྙད་མིང་གིས་ཁྱད་པར་དུ་མ་བྱས་ན་མཚོན་བྱར་མི་རུང་ལ། བྱས་ན་མཚོན་བྱ་དང་རྫས་གཅིག་པས་མིང་དང་ཡང་རྫས་གཅིག་པར་འགྱུར་ཞིང༌། འདོད་ན་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པས་མཚན་ཉིད་སྣང་བ་ན་མི་སྣང་བའི་ཕྱིར་དབང་ཤེས་རྟོག་བཅས་སུ་འགྱུར་རོ། །རྟོག་བྲལ་ཡིན་པས་མིང་མི་འཛིན་ན་མཚན་ཉིད་བཟུང་མཚོན་བྱ་མ་བཟུང་བས་དེ་གཉིས་རྫས་གཅིག་པ་ཉམས། རྫས་གཅིག་ན་དོན་བསྒྲུབ་ཏུ་འགྱུར་གྱི་ཐ་སྙད་བསྒྲུབ་ཏུའང་མི་འཐད་དེ། བྱས་པས་མི་རྟག་པ་བསྒྲུབ་པ་བཞིན་ནོ། །ཡང་བཏགས་ཡོད་དུ་མི་འགྱུར་ཏེ་རྫས་ཡོད་དང་རྫས་གཅིག་པའི་ཕྱིར་རོ། །བརྡ་ལས་འཇུག་པ་ཐ་སྙད་དུ། །གསུངས་ཕྱིར་མཚོན་བྱའི་མཚན་གཞི་མིན། །ཡང་འགའ་ཞིག་ཐ་སྙད་ཀྱི་མཚན་ཉིད་དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་ཡིན་ལ། དེ་མཚོན་བྱའི་མཚན་གཞིའི་ཡིན་ནོ་ཞེས་གསུང་བ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། བརྡའི་དུས་སུ་མཚན་ཉིད་རྒྱུ་མཚན་དུ་བྱས་ནས་བཏགས་པ་དེ་ཕྱིས་ཐ་སྙད་ཀྱིས་དུས་སུ་མཚན་ཉིད་མཐོང་བས་དྲན་པའམ་དྲན་པར་བྱས་ནས་གཟོད་ཐ་སྙད་ལ་འཇུག་པར་གསུངས་པའི་ཕྱིར་རོ། །རྣམ་འགྲེལ་ལས། གྲགས་པ་བརྡ་ཡི་རྗེས་འགྲོ་བ། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་སྟེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན། །ཞེས་གསུངས་པས་སོ། །གཉིས་པ་རང་གི་ལུགས་ནི། རྒྱུ་མཚན་ཅན་གྱི་སྒྲ་ཤེས་ནི། །མཚོན་བྱ་ཉིད་ཡིན་དེ་ཡི་གཞི། །རྒྱུ་མཚན་ཉིད་ལས་བརྡ་སྦྱོར་བའོ། །མཚོན་བྱའི་མཚན་ཉིད་ནི་སློབ་དཔོན་གྱིས། །རྒྱུ་མཚན་ཅན་གྱི་སྒྲ་ཤིས་སྒྲུབ། །ཅེས་གསུངས་པས། །རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་ཞེས་བྱ་བ་ཉིད་དོ། །དེའི་མཚན་གཞི་ནི་དོན་ལྡོག་ལ་བརྡ་སྦྱོར་བའོ། །དེ་ལྟར་རྟོགས་ནས་སྒོ་གསུམ་ནི། །འཇུག་པ་དེ་ཡི་ཐ་སྙད་ཡིན། །ཐ་སྙད་རྣམ་པ་གསུམ་སྟེ། ལུས་ཀྱི་ཐ་སྙད་བ་ལང་བླང་དོར་ལ་འཇུག་པ། ངག་གི་ཐ་སྙད་ཡིན་པ་དང་མ་ཡིན་པ་བརྗོད་པ། ཡིད་ཀྱི་ཐ་སྙད་ཡོད་མེད་དཔྱོད་པ་ལ་སོགས་པའོ། །དེ་ལྟ་བུའི་འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་ནི། ཐ་སྙད་བསྒྲུབ་ཡིན་ནོ། །དོན་ལ་ལྟོས་པའི་མིང་ཡིན་པས། །བཏགས་ཡོད་ཉིད་ཡིན་དངོས་པོ་ལ། །མ་གྲུབ་ཕྱིར་ན་སྒྲོ་བཏགས་ཡིན། །དེས་ན་སྒྲ་རང་གི་མཚན་ཉིད་དང༌། སྒྲ་སྤྱི་ཙམ་དང༌། མིང་དངོས་སུ་བཏགས་པ་ཙམ་མཚོན་བྱ་མ་ཡིན་ཏེ། ལྷས་བྱིན་ལ་སོགས་པ་མིང་གི་སྒྲ་ཐམས་ཅད་ཀྱང་མཚོན་བྱར་ཐལ་བའི་ཕྱིར་དང༌། གདགས་སུ་རུང་བ་ཙམ་ཡང་མ་ཡིན་ཏེ་དེ་ཤེས་བྱ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །དེས་ན་རིགས་ཀྱི་སྒྲ་མཚན་ཉིད་ལ་ལྟོས་པ་རྒྱུ་མཚན་ཅན་གྱི་མིང་གི་སྤྱི་དེ་མཚོན་བྱ་ཡིན་ནོ། །བློས་ཞེན་རུང་གི་ཆོས་དེ་བློ་ཡུལ་དུ་འགྲོ་བ་མཚན་ཉིད་ལ་ལྟོས་པས་བཏགས་ཡོད་ཡིན་ལ། དོན་ལ་མ་གྲུབ་པས་བློའི་ཆོས་སྒྲོ་བཏགས་པ་ཡིན་ཏེ། རྣམ་ངེས་ལས། ཡུལ་གྲུབ་པས་ཡུལ་ཅན་ཤེས་པ་དང་སྒྲ་དང༌། ཐ་སྙད་དག་རྟོགས་པའམ། སྒྲུབ་པར་བྱེད་པ་ཡིན་ཏེ། ཡུལ་རབ་ཏུ་བསྟན་པས་བརྡ་ལ་འཇུག་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །གསུམ་པ་རྩོད་པ་སྤང་བ་ནི། མཚན་མཚོན་རྫས་གཅིག་མ་ཡིན་ན། །རང་བཞིན་རྟགས་སུ་མི་འཐད་ལོ། །མཚན་ཉིད་དངོས་པོ་དང་མཚོན་བྱ་སྒྲོ་བཏགས་ཕན་ཚུན་སྤངས་པ་གཉིས་རྫས་མི་གཅིག་པས་རང་བཞིན་གྱི་རྟགས་སུ་འགལ་ལོ་ཞེ་ན། སྒྲ་ཡི་དོན་ལ་གཅིག་ཉིད་དུ། །འཁྲུལ་པས་ཐ་སྙད་སྦྱོར་བ་ནི། །འཇིག་རྟེན་དོན་ལ་མི་བསླུའི་ཕྱིར། །གྲགས་པའི་རྗེས་དཔག་ག་ལ་འགལ། །མཚན་ཉིད་ནོག་ལྐོག་ཤལ་གྱི་རྣམ་པ་དང་བ་ལང་གི་མཚོན་བྱ་གཉིས་རྟོག་པ་འཁྲུལ་པས་གཅིག་ཏུ་བཟུང་བ་དེ་དང༌། གཞན་སེལ་ཕྱིན་ཅི་མ་ལོག་པའི་སྒོ་ནས་ལྡོག་པ་སོ་སོར་ཕྱེ་སྟེ་ངོ་བོ་གཅིག་ཏུ་སྒྲུབ་པ་ལ་ཐ་སྙད་བསྒྲུབ་ཀྱི་རང་བཞིན་གྱི་རྟགས་སྦྱར་བས་ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་མི་བསླུ་བ་འགྲུབ་བོ། །གསུམ་པ་མཚན་གཞིའང༌། མཚན་ཉིད་རྟེན་པ་མཚན་གཞི་ཡིན། །མཚན་ཉིད་པ་དང་བཏགས་པ་གཉིས། །མཚན་གཞིའི་མཚན་ཉིད་ནི། །མཚན་ཉིད་ཀྱི་རྟེན་བྱེད་པའོ། །མཚན་ཉིད་བརྟེན་པར་གྲུབ་པ་ཉིད་ཀྱིས་མཚོན་བྱ་དེས་འཇོག་པ་ཡིན་ནོ། །དབྱེ་ན་གཉིས་ཏེ། མཚན་གཞི་མཚན་ཉིད་པ་བ་ལང་གི་མཚན་གཞི་དཀར་ཟལ་ལྟ་བུ་དང༌། བཏགས་པ་སྐྱོན་ཡོན་བརྩི་བའི་གཞིར་གྱུར་བ་ལང་གི་མཚན་གཞི་རྟ་ལྟ་བུའོ། །གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ་གསུམ་སྟེ། རང་ལྡོག་ངོས་བཟུང་བ། ཇི་ལྟར་འབྲེལ་པའི་ཚུལ། མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་གོ །དང་པོ་ལ་གཉིས་ལས། གཞན་ལུགས་དགག་ན། འགའ་ཞིག་ཆོས་གསུམ་རང་ལྡོག་ནི། །རང་གི་རྣམ་པ་འཆར་རུང་ཟེར། །སྣང་བའི་བསྒྲུབ་པ་དང་སེལ་བའི་བསྒྲུབ་པ་མི་ཕྱེད་པའི་བོད་ཁ་ཅིག་ཆོས་གསུམ་གྱི་རང་ལྡོག་བསྒྲུབ་པ་ཁོ་ན་ཡིན་ཏེ། རང་གི་རྣམ་པ་རང་དབང་དུ་འཆར་བས་ངེས་སུ་རུང་བའི་ཕྱིར་ཞེས་ཟེར་རོ། །དེ་ལྟ་ཡིན་ན་ཆོས་གསུམ་པོ། །རྟོག་མེད་ཡུལ་དུ་ཐལ་བར་འགྱུར། །མཚན་མཚོན་གཞི་གསུམ་པོ་རང་གི་རྣམ་པ་རང་དབང་དུ་འཆར་བའི་ཕྱིར། གཞན་སེལ་ལ་མི་ལྟོས་པར་འགྱུར་ལ། འདོད་ན་སྒྲ་དང་རྣམ་པར་རྟོག་པ་ཐམས་ཅད་གཞན་སེལ་དུ་གསུངས་པ་དང་འགལ་ལོ། །གཉིས་པ་རང་གི་འདོད་པ་ནི། དེས་ན་སྣང་བའི་ལྡོག་པ་ནི། །ཆོས་གསུམ་ཉིད་མིན་སེལ་བ་ཡི། །ཆོས་གསུམ་གྱི་ནི་རང་ལྡོག་ལ། །བསྒྲུབ་དང་དགག་པ་གཉི་ག་ཡོད། །བ་ལང་གི་རང་མཚན་སྣང་བ་རྟོག་མེད་ཀྱི་ཡུལ་ཡིན་པས། མཚན་མཚོན་གྱི་ཐ་སྙད་མི་འཐད་དོ། །ཆོས་གསུམ་ཀའང་གཞན་སེལ་གྱི་ཆ་ནས་དངོས་པོའི་ཆ་བསྒྲུབ་ན་མ་ཡིན་དགག་དང༌། དངོས་མེད་ཀྱི་ཆ་བསྒྲུབ་ན་མེད་དགག་ཡིན་ནོ། །གཉིས་པ་ཇི་ལྟར་འབྲེལ་པའི་ཚུལ་ལ་གཉིས་ལས་འབྲེལ་ཚུལ་དངོས་ནི། མཚན་མཚོན་རང་བཞིན་འབྲེལ་པ་ཡིན། །མཚན་གཞི་ཕལ་ཆེར་གནས་སྐབས་འབྲེལ། །མཚན་ཉིད་དང་མཚོན་བྱ་རང་བཞིན་འབྲེལ་ཞིང་དེ་གཉིས་དང་མཚན་གཞི་གནས་སྐབས་འབྲེལ་ལ། རང་བཞིན་འབྲེལ་པའང་ཡོད་དེ་དངོས་པོ་མི་རྟག་པར་མཚོན་པ་ལ་དུས་གཉིས་པར་མི་སྡོད་པར་བཀོད་པ་ལྟ་བུའོ། །གཉིས་པ་འབྲེལ་པ་ངེས་པར་བྱེད་པའི་ཚད་མ་ནི། འཁྲུལ་པས་གཅིག་ཏུ་འཛིན་པ་ཉིད། །མྱོང་བས་མཚན་མཚོན་འབྲེལ་པ་འགྲུབ། །མཚན་ཉིད་ཀྱི་དོན་སྤྱི་དང་མཚོན་བྱའི་སྒྲ་སྤྱི་གཉིས་གཅིག་ཏུ་བརྡ་ཆད་བྱས་པའི་སྟོབས་ཀྱིས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་ཏེ་གཅིག་ཏུ་བཟུང་བ་ཉིད་མྱོང་བའི་རང་རིག་གིས་འགྲུབ་བོ། །མཚན་གཞི་དང་ནི་མཚོན་བྱ་ཡི། །འབྲེལ་པ་མཁས་པས་མཐོང་བས་དྲན། །རྨོངས་པ་ལ་ནི་བརྡ་དྲན་པའི། །ཐ་སྙད་བསྒྲུབ་ཀྱི་རྗེས་དཔག་དགོས། །མཚན་གཞི་དང་མཚོན་བྱའི་འབྲེལ་པ་ནི་མཁས་པ་ལ་མཚན་ཉིད་དམ་མངོན་སུམ་གྱིས་གྲུབ་པ་ན་བརྡ་དྲན་པས་འགྲུབ་སྟེ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པས་སོ། །རྨོངས་པ་ལ་སྔོན་དཔེ་ལ་འབྲེལ་པ་དྲན་པའི་རྟགས་ཀྱིས་ངེས་ཏེ། ཕྱོགས་གླང་གིས། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་གསུངས་པ་ལྟར་རོ། །གསུམ་པ་མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་ལ་གཉིས་ཏེ། ཇི་ལྟར་མཚོན་པའི་ཚུལ་དང༌། ཕན་ཚུན་ངེས་པའི་རྣམ་གཞག་གོ །དང་པོ་ལའང་གཉིས་ལས་ཐོག་མར་སྦྱོར་བའི་དབྱེ་བ་ནི། གསུམ་པ་དེ་ལ་སྤྱི་དང་ནི། སྦྱོར་བ་འདིར་རྟོགས་གཉིས་གཉིས་དྲུག །སྤྱིའི་མཚན་ཉིད་དང་སྦྱོར་བ་འདིར་རྟོགས་ཀྱི་མཚན་ཉིད་གཉིས་དང༌། བ་ལང་གི་ཐ་སྙད་དང་དཀར་ཟལ་གཉིས་ལའང་དེ་བཞིན་དུ་གཉིས་གཉིས་ཏེ་དྲུག་པོ་དེ་ཡང་དག་གོ །བཟློག་ལའང་དྲུག་ལས་མཚན་ཉིད་དང༌། མཚན་གཞིའི་ཆ་གཉིས་སྐྱོན་མེད་སྲིད། བ་ལང་གི་མཚོན་བྱ་དང་དཀར་ཟལ་གཉིས་མཚན་གཞིར་བཞག་ནས་སྤྱིའི་མཚན་ཉིད་མ་ཡིན་པར་མཚོན་པ་དང༌། བྱེ་བྲག་སྦྱོར་བ་འདིར་རྟོགས་ཀྱི་མཚན་ཉིད་མ་ཡིན་པར་མཚོན་པ་གཉིས་དང༌། དེ་བཞིན་དུ་གཞན་གཉིས་པོ་ལའང་གཉིས་གཉིས་ཏེ་དྲུག་ལ་བཞི་ཡང་དག་ཡིན་ཅིང་གཉིས་པོ་དེ་མ་ཡིན་ཏེ། དཀར་ཟལ་མཚན་ཉིད་ཙམ་མ་ཡིན་པར་མཚོན་པ་འཁྲུལ་པའི་སྐབས་སྲིད་ལ། གོང་བུ་འདིའི་ཁ་དོག་ཆོས་ཅན་ཁྲ་བོའི་ཐ་སྙད་དུ་བྱར་རུང་སྟེ་དཀར་ཟལ་དུ་སྣང་བའི་ཕྱིར་ཞེས་བཀོད་ན་ཡང་དག་སྲིད་ཅིང་ཡང་ལྐོག་ཤལ་དང་བ་ལང་གི་ཐ་སྙད་གཉིས་མཚན་གཞི་མ་ཡིན་པར་མཚོན་མི་ནུས་ཏེ་སྐབས་ཀྱིས་མཚན་གཞིར་མི་རུང་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གསུམ་ལས། དང་པོ་རང་ལྡོག་ཡིན་པར་མཚོན་ཚུལ་ལ་རྩོད་པ་སྤང་བ་ནི། སྦྱོར་བ་འདིར་རྟོགས་མཚན་ཉིད་དེ། །གཞི་མཚོན་གཉིས་ལ་ཁེགས་ན་ནི། །མཚན་གཞི་ལྐོག་ཤལ་ཁེགས་པར་འགྱུར། །མ་ཁེགས་ན་ནི་ཁྱབ་ཆེས་ཟེར། །ནོག་ལྐོག་ཤལ་མཚན་གཞིར་བཞག་ནས་སྦྱོར་བ་འདིར་རྟོགས་ཀྱི་མཚན་ཉིད་དུ་མཚོན་པ་ལ་སྦྱོར་བ་འདིར་རྟོགས་ཀྱི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་བཀོད་པའི་ཚེ། མཚན་ཉིད་དེ་དཀར་ཟལ་དང་བ་ལང་གི་ཐ་སྙད་གཉིས་ལ་མ་ཁེགས་ན་ཁྱབ་ཆེས་པར་འགྱུར་ལ་ཁེགས་ན་དེའི་མཚན་གཞི་ལྐོག་ཤལ་ཡང་ཁེགས་པར་ཐལ་ལོ། །གལ་ཏེ་མཚན་ཉིད་ཁེགས་ཀྱང་མཚན་གཞི་མ་ཁེགས་ན་མཚན་གཞི་ལ་མཚན་ཉིད་ཀྱིས་མ་ཁྱབ་པར་ཐལ་ལོ་ཞེ་ན། དོན་ལྡོག་ལ་ཁྱབ་རང་ལྡོག་ལ། །མ་ཁྱབ་པས་ན་ཉེས་པ་མེད། །དོན་ལྡོག་ལ་ཁྱབ་སྟེ་དོན་ལྡོག་གཅིག་ཡིན་པའི་ཕྱིར་རོ། །དེས་ན་མཚན་གཞི་ལ་མ་ཁྱབ་པའི་སྐྱོན་ལས་གྲོལ་ལོ། །རང་ལྡོག་ལ་མ་ཁྱབ་སྟེ་རང་ལྡོག་ཐ་དད་པའི་ཕྱིར་རོ། །དེས་ན་ཁྱབ་ཆེས་པའི་ཉེས་པ་ལས་གྲོལ་ལོ། །གཉིས་པ་གཞན་ལྡོག་མིན་པར་མཚོན་ཚུལ་ལ་རྩོད་པ་སྤང་བ་ལ་གསུམ་སྟེ། མཚོན་བྱ་འགལ་དང་ཐ་སྙད་ཁེགས། །དངོས་འགལ་གཞི་མཚོན་རྩོད་པ་མེད། །དང་པོ་མཚོན་བྱ་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། མཚོན་བྱ་མ་ཡིན་པའི་ཐ་སྙད་མཚོན་བྱ་ཡིན་ན་མཚོན་བྱའི་མཚན་ཉིད་བཀག་པས་མཚོན་པ་འགལ་ཏེ། ནོག་ལྐོག་ཤལ་བཀག་པས་བ་ལང་དུ་མཚོན་པ་བཞིན་ནོ། །མ་ཡིན་ན་རྣམ་འཇོག་གི་རྒྱུ་ལ་མི་ལྟོས་པར་འགྱུར་རོ། །འདོད་ན་མཚོན་བྱའི་མཚན་ཉིད་བཀག་པ་ལའང་མི་ལྟོས་པར་འགྱུར་ལ། དེ་ལྟ་ན་རྒྱུ་མཚན་མེད་པར་ཐ་སྙད་ངེས་པ་མི་རུང་བས་ཤེས་བྱ་ཐམས་ཅད་ཡོད་མེད་མི་ངེས་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། མཚོན་བྱ་མ་ཡིན་པའི་ཐ་སྙད་མཚོན་བྱའི་མཚན་གཞི་ཡིན་ལ། རང་ལྡོག་མ་ཡིན་ཏེ། དཔེར་ན་ཡོད་ལྡོག་ཆོས་ཅན་བསྒྲུབ་བྱ་མ་ཡིན་ཏེ་གྲུབ་བསལ་མེད་ལ་དཔག་འདོད་དང་མི་ལྡན་པའི་ཕྱིར་རོ་ཞེས་བཀོད་པ་ན་བསྒྲུབ་བྱ་མ་ཡིན་པའི་ཐ་སྙད་བསྒྲུབ་བྱའི་མཚན་གཞི་ཡིན་པས་རྟགས་ལ་ལྟོས་ལ། བསྒྲུབ་བྱའི་རང་ལྡོག་མ་ཡིན་པས་མཚན་ཉིད་བཀག་པས་བསྒྲུབ་པ་མི་འགལ་བ་བཞིན་ནོ། །དེ་བཞིན་དུ་མཚོན་བྱ་མ་ཡིན་པའི་ཐ་སྙད་ལ་མཚོན་བྱའི་མཚན་ཉིད་ཁེགས་མ་ཁེགས་བརྟགས་པའི་རྩོད་སྤང་ཡང་དེ་དང་འདྲ་སྟེ། མཚོན་བྱ་མ་ཡིན་པའི་ཐ་སྙད་ཀྱི་རང་ལྡོག་ལ་མཚོན་བྱའི་མཚན་ཉིད་མ་ཁེགས་པས་མཚན་གཞིར་ཡང་འཐད་ལ་དེ་རྟེན་པའི་གཞི་ལྡོག་དཀར་ཟལ་དང་ནོག་ལྐོག་ཤལ་ཁེགས་པས་དེ་དག་མཚོན་བྱ་མ་ཡིན་པའི་ཐ་སྙད་དུ་མཚོན་པ་མི་འགལ་ལོ། །གཉིས་པ་ཐ་སྙད་ཐམས་ཅད་ཁེགས་པར་ཐལ་བ་སྤང་བ་ནི། ནོག་ལྐོག་ཤལ་ལ་སྤྱིར་རྒྱུ་མཚན་ཅན་གྱི་སྒྲ་བློས་གྲུབ་པ་ཁེགས་ན་མཚན་ཉིད་ཀྱི་རང་ལྡོག་ལ་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་དང༌། མཚོན་བྱའི་མཚན་ཉིད་བཀག་པའི་རང་ལྡོག་ལ་མཚོན་བྱའི་སྒྲ་བློའང་ཁེགས་པས་མཚན་ཉིད་ཀྱི་ཐ་སྙད་དང་མཚོན་བྱ་མ་ཡིན་པའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ལ། མ་ཁེགས་ན་མཚོན་བྱའི་མཚན་ཉིད་ཁྱབ་ཆེས་པར་ཐལ་ཏེ་དེ་ཉིད་མཚོན་བྱའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ནོག་ལྐོག་ཤལ་གྱི་དོན་ལྡོག་ལ་མཚོན་བྱའི་མཚན་ཉིད་མ་ཁེགས་པས་ཐ་སྙད་རྒྱུན་ཆད་པ་མེད་ལ། རང་ལྡོག་ལ་ཁེགས་པས་ཁྱབ་ཆེས་པ་མེད་དོ། །འདི་ལྟ་བུའི་བརྒལ་བརྟག་གི་ལན་ཐམས་ཅད་འདི་ཉིད་ཡིན་ནོ། །གསུམ་པ་དངོས་འགལ་གཞི་མཚོན་དུ་ཐལ་བ་སྤང་བ་ནི། མཚོན་བྱ་མ་ཡིན་པའི་ཐ་སྙད་མཚོན་བྱའི་མཚན་གཞི་ཡིན་ན་དངོས་མེད་ཀྱི་ཐ་སྙད་ཀྱང་དངོས་པོའི་མཚན་གཞིར་རུང་ངོ་ཞེ་ན། འདིའི་ལན་ལ་ཁ་ཅིག་དེ་ལྟར་ན་དངོས་མེད་ཀྱི་ཐ་སྙད་ལ་དོན་བྱེད་ནུས་པ་རྟེན་པར་ཐལ་ལོ། །མཚོན་བྱ་མ་ཡིན་པའི་ཐ་སྙད་ལ་མཚོན་བྱའི་མཚན་ཉིད་རྟེན་པར་ཐལ་ལོ་ཞེ་ན། འདོད་པ་ཡིན་ནོ། །སྔ་མ་ཡང་འདོད་ན་དོན་བྱེད་ནུས་མི་ནུས་རྫས་འགལ་བ་མ་ཡིན་པར་ཐལ་ཏེ་གཉིས་ཀ་དངོས་མེད་ཀྱི་ཐ་སྙད་ལ་འདུ་བའི་ཕྱིར་རོ། །འདིར་རྫས་འགལ་བ་མ་ཡིན་པ་འདོད་ལ་ལྡོག་པ་འགལ་པ་མ་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་གསུང་ངོ༌། །འདི་མི་འཐད་དེ། དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་པས་ཞེན་རུང་དེ་ཐ་སྙད་དུ་མི་འཐད་པར་སྔར་བཤད་ཟིན་པའི་ཕྱིར་རོ། །དེས་ན་མཚོན་བྱ་རྒྱུ་མཚན་ཅན་གྱི་སྒྲ་བློ་ཡིན་པས་བློ་ཆོས་དངོས་པོ་ཉིད་ཡིན་ལ། འོན་ཀྱང་དོན་ལ་དེ་ལྟར་བཏགས་པའི་ཆ་ནས་གྲོ་བཏགས་པ་ཡིན་ནོ། །འོ་ན་དངོས་པོ་དངོས་མེད་གཉིས་རྫས་འགལ་བ་མ་ཡིན་པར་ཐལ་ཏེ། གཉིས་ཀ་དངོས་མེད་ཀྱི་ཐ་སྙད་དུ་འདུས་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་མ་གྲུབ་སྟེ་དངོས་པོ་མ་འདུས་པའི་ཕྱིར་རོ། །འོ་ན་དོན་དང་ཐ་སྙད་རྫས་མི་གཅིག་པར་ཐལ་ལོ་ཞེ་ན། འདོད་པ་ཡིན་ཏེ་དོན་ལྡོག་དང་སྒྲ་བློ་གཉིས་རྟོག་པ་འཁྲུལ་པས་གཅིག་ཏུ་བཟུང་བ་མ་གཏོགས་པ་རྫས་གཅིག་པ་མེད་དོ་ཞེས་བཤད་ཟིན་ཏོ། །གསུམ་པ་འགལ་མཚུངས་ཀྱི་སྦྱོར་བ་དཔེར་བརྗོད་པ་ནི། དེས་ན་ལ་ལར་འགལ་བ་དང༌། །མཚུངས་པར་མངོན་པའི་སྦྱོར་བ་སྲིད། །གཞི་ཐ་དད་ལ་ལྟོས་ནས་འགལ་བ་དང་མཚུངས་པ་མེད་ཀྱང་ལྡོག་པའི་སྒོ་ནས་མཚུངས་པར་མངོན་པ་དང་འགལ་བར་མངོན་པ་གཉིས་སོ། །དང་པོ་ཤེས་བྱའི་ལྡོག་པ་ཤེས་བྱར་མཚོན་པ་ལ་བློའི་ཡུལ་རུང་བཀོད་པའམ། འགལ་བར་མངོན་པ་ཚུལ་གསུམ་མ་ཚང་བ་མཚན་གཞི་གཏན་ཚིགས་ཀྱི་ཐ་སྙད་དུ་བྱང་རུང་སྟེ། ཚུལ་གསུམ་ཚང་བ་བཀོད་པ་ལྟ་བུ་སྟེ། དཔེར་ན་སྒྲ་རྟག་པར་བསྒྲུབ་པ་ལ་བྱས་པ་བཀོད་པ་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པ་ལ་ལྟོས་ནས་གཏན་ཚིགས་ལྟར་སྣང་ཡིན་ཏེ་རྟགས་སུ་བཀོད་པ་ལ་ཚུལ་གསུམ་མ་ཚང་བའི་ཕྱིར་ཞེས་བཀོད་ན། ཚུལ་གསུམ་མ་ཚང་བ་འདི་ཡང་དག་གི་རྟགས་ཡིན་པས་དེས་མཚན་གཞིར་བཞག་སྟེ་རྟགས་སུ་མཚོན་པ་ལ་ཚུལ་གསུམ་ཚང་བ་བཀོད་པ་ཡིན་ནོ། །ཁ་ཅིག་གཞི་མཚན་མཚུངས་པར་མངོན་པར་དཔེར་ན་ཚུལ་གསུམ། མཚན་གཞིར་བཞག་ནས་གཏན་ཚིགས་སུ་མཚོན་པ་ལ་ཚུལ་གསུམ་ཉིད་བཀོད་པ་ལྟ་བུ་ཡིན་ནོ་ཞེས་གསུང་བ་མི་འཐད་པར་བཤད་ཟིན་ཏོ། །གཞི་མཚོན་མཚུངས་པ་ནི་མ་ཡིན་དགག་གི་ཐ་སྙད་མ་ཡིན་དགག་ཏུ་མཚོན་པ་ལ་དགག་བྱ་བཀག་ནས་ཆོས་གཞན་འཕེན་པ་བཀོད་པ་ལྟ་བུའོ། །གཉིས་པ་ཕན་ཚུན་ཇི་ལྟར་ངེས་པའི་རྣམ་གཞག་ལ་གསུམ་ལས། དང་པོ་རྣམ་གཞག་སྤྱིར་བརྗོད་པ་ནི། མཚོན་མཚོན་གྲངས་མཉམ་ངོ་བོ་གཅིག །རྫས་ཡོད་བཏགས་ཡོད་ཉིད་དུ་ངེས། །མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་དང་མཚོན་བྱ་གཅིག་པ་མཚན་ཉིད་དུ་མ་མི་སྲིད་པས་གྲངས་མཉམ་པ་དང༌། རྟོག་པས་ངོ་བོ་གཅིག་ཏུ་འཛིན་པ་དང༌། མཚན་ཉིད་རྫས་ཡོད་དང་མཚོན་བྱ་བཏགས་ཡོད་དུ་ངེས་པ་ཡིན་ནོ། །གཉིས་པ་དེ་ལས་གཞན་དུ་རྟོག་པ་དགག་པ་ནི། མཚན་མཚོན་དོན་ལ་གཅིག་པ་དང༌། །ཐ་དད་གྲངས་མི་མཉམ་པ་འཁྲུལ། །བོད་ཕལ་ཆེར་རྫས་གཅིག་ཏུ་འདོད་པ་ནི་བཀག་ཟིན་ལ། རྫས་ཐ་དད་དུ་འདོད་པ་ཉན་ཐོས་སྡེ་པ་ཁ་ཅིག་བུམ་པ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་བུམ་པ་ལས་རྫས་གཞན་ཡིན་ནོ་ཞེས་གསུང་བ་མི་འཐད་དེ། མཚན་ཉིད་དེས་མཚོན་བྱ་ངོ་བོ་དབྱེར་མེད་དུ་མཚོན་ནམ་ཐ་དད་ལྡན་པར་མཚོན། དང་པོ་ལྟར་ན་མི་ནུས་ཏེ་ངོ་བོ་ཐ་དད་པའི་ཕྱིར་རོ། །གཉིས་པ་ནུས་ཀྱང་བྱས་པ་མི་རྟག་པ་དང་ལྡན་པར་འགྱུར་གྱི་མི་རྟག་པ་ཡིན་པར་མི་འགྱུར་རོ། །ཁ་ཅིག་དོན་ལ་གནས་པའི་ལྡོག་པ་གཅིག་ཡིན་ནོ་ཞེས་ཟེར་བ་ཤང་ཀར་ནན་ཏའི་དགོངས་པ་མ་ལོངས་པ་ཡིན་ནོ། །ཁ་ཅིག་ས་བོན་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་དང༌། བསྒྲུབ་བྱ་གཅིག་ལ་རྟགས་དུ་མ་རུང་བ་ལྟར་མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་མཚོན་པ་དང༌། མཚན་ཉིད་དུ་མས་མཚོན་བྱ་གཅིག་མཚོན་པས་གྲངས་མི་མཉམ་ཞེས་གསུང་བ་གཉིས་ཀ་མི་འཐད་དེ། འདི་ལྟར་མཚན་ཉིད་དེས་མཚོན་བྱ་དེ་མ་ཡིན་ལས་ཐ་དད་དུ་མ་ཕྱེ་བར་དེའི་ཐ་སྙད་དུ་མཚོན་མི་ནུས་ལ། འབྱེད་ན་ཡང་དེ་མིན་དེ་མཚོན་མི་ནུས་ཏེ་འགལ་བའི་ཕྱིར་རོ། །དོན་མི་འགལ་བ་སྒྲ་བློ་ཐ་དད་ཀྱི་མཚན་ཉིད་ཡིན་ན་ཟླ་བ་དང་རི་བོང་ཅན་ལྟར་རྣམ་གྲངས་པར་འགྱུར་བས་དོན་མི་མཚུངས་པ་དང༌། དཔེ་མི་མཚུངས་ཏེ་རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་ཡིན་པས་རྐྱེན་སྟོབས་ཀྱིས་འབྲས་བུ་དུ་མ་སྲིད་ལ། མཚན་ཉིད་དང་མཚོན་བྱ་རྣམ་པར་གཞག་འཇོག་ཡིན་པས་གཅིག་གིས་གཉིས་འཇོག་མི་ནུས་སོ། །མཚན་ཉིད་དུ་མས་མཚོན་བྱ་གཅིག་མཚོན་པའང་མི་རུང་སྟེ། མཚོན་བྱ་ཞེས་བྱ་བ་དོན་ལྡོག་དེ་རྒྱུ་མཚན་དུ་བྱས་པའི་སྒྲ་ཡིན་གྱི་དོན་ལྡོག་རྒྱུ་མཚན་དུ་མ་བྱས་ན་མི་མཐུན་པ་ཙམ་གྱིས་མཚོན་བྱར་མི་འགྱུར་རོ། །བསྒྲུབ་བྱ་ནི་གང་ལ་འབྲེལ་པ་ཡོད་པས་སྒྲུབ་ཀྱི་རྟགས་ཀྱི་དགག་བྱ་མ་ཡིན་པས་ག་ལ་མཚུངས། གསུམ་པ་མིང་དོན་བཟློག་པའི་རྩོད་པ་སྤང་བ་ནི། དེ་དག་ཕན་ཚུན་བཟློག་པ་ཡི། །རྣམ་པར་གཞག་པས་འདིར་མི་གནོད། །མིང་དེའི་དོན་གཞན་དུ་བཏགས་ནས་འདོད་པའི་མཚོན་བྱ་འགོག་པ་ཡོད་དེ། དཔེར་ན་རྒོལ་བས་རྗེས་དཔག་མཚན་གཞིར་བཞག་སྟེ་མི་བསླུ་བས་ཚད་མའི་ཐ་སྙད་དུ་བསྒྲུབ་པ་ལ་ཕྱིར་རྒོལ་གྱིས་དངོས་པོར་འཛིན་པ་ལ་བཏགས་ཏེ་རྗེས་དཔག་ཚད་མར་འགོག་པའི་གནོད་པ་མེད་དེ། དངོས་པོར་འཛིན་པ་ལ་ཚད་མར་བརྡ་བྱེད་ན་དེ་རྗེས་དཔག་ལ་ངེད་ཀྱང་མི་འདོད་ལ། མི་བསླུ་བ་ལ་ཚད་མའི་བརྡ་བྱེད་ན་ཁྱེད་ཀྱིས་ཀྱང་དགག་མི་ནུས་སོ། །འགའ་ཞིག་དོན་དེ་ལ་མིང་གཞན་དུ་བྱས་ནས་མི་འདོད་པའི་མཚོན་བྱ་བསྒྲུབ་པའི་གནོད་པ་སྤང་བ་ནི། རྒོལ་བས་བུམ་པ་དཔྱད་མི་བཟོད་པས་ཀུན་རྫོབ་པར་མཚོན་པ་ལ་ཕྱིར་རྒོལ་གྱིས་བུམ་པ་དོན་བྱེད་ནུས་པས་དོན་དམ་ཡིན་ནོ་ཞེས་དོན་དེའི་མིང་གཞན་དུ་བཏགས་ནས་རྩོད་ན། དབུ་མ་པས་སྤྲོས་བྲལ་ལ་དོན་དམ་གྱི་བརྡ་བྱས་པ་དེ་བུམ་པ་ལ་མི་སྲིད་ལ། རྟོག་གེ་བས་དོན་བྱེད་ནུས་པ་ལ་དོན་དམ་གྱི་བརྡ་བྱས་པ་དེ་ཁོ་བོ་ཡང་འདོད་དོ། །ཁ་ཅིག་འདུས་བྱས་ཀྱི་མཚན་ཉིད་རྒྱུས་བསྐྱེད་པར་བཞག་པ་ལ་རྒྱུས་བསྐྱེད་ཀྱི་མཚན་ཉིད་འདུས་བྱས་ཡིན་ནོ་ཞེས་དོན་དང་ཐ་སྙད་གོ་བཟློག་ནས་རྩོད་ན་ཁོ་བོ་ཅག་འདུས་བྱས་ཀྱི་ཐ་སྙད་ཀྱི་མཚན་ཉིད་རྒྱུ་རྐྱེན་གྱིས་བསྐྱེད་པའི་དོན་ཡིན་པར་འདོད་ལ། ཁྱེད་དེ་ལས་བཟློག་ནས་འདུས་བྱས་ཀྱི་ཐ་སྙད་རྒྱུས་བསྐྱེད་ཀྱི་དོན་གྱི་མཚན་ཉིད་དུ་འདོད་ན། ཐ་སྙད་མཚན་ཉིད་དང་དོན་ལྡོག་མཚོན་བྱར་འགལ་ལོ། །འོན་ཏེ་མིང་བཟློག་ནས་འདུས་བྱས་ཀྱི་དོན་རྒྱུས་བསྐྱེད་ཀྱི་ཐ་སྙད་ཀྱི་མཚན་ཉིད་དུ་འདོད་ན། དོན་ལྡོག་མཚན་ཉིད་དང་ཐ་སྙད་མཚོན་བྱར་ཁས་བླངས་པས་མིང་ལ་མི་བརྩད་དོ། །གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ངོས་གཟུང་བ་དང༌། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། གཞན་གྱིས་བརྟགས་པ་དགག་ན། །མི་བསླུ་མི་ཤེས་དོན་གསལ་གཉིས། །རྣམ་གྲངས་པའམ་ཕྱེ་སྟེ་སྨྲ། །སློབ་དཔོན་ལྷ་དབང་བློ་གང་ཡང་རུང་བས་མཚོན་ནུས་ཞེས་གསུང་བ་དང༌། རྒྱན་མཛད་པས་དོན་དམ་པའི་ཚད་མ་དང་ཐ་སྙད་པའི་ཚད་མ་གཉིས་ལས། དང་པོ་ནི་མྱོང་བ་གཉིས་མེད་ཀྱི་ཤེས་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པས་གསལ་བར་མྱོང་བ་དེ་ཡིན་ཏེ། དོན་དམ་པ་ཡང་ཡིན་ལ་ཚད་མ་ཡང་ཡིན་པས་དོན་དམ་གྱི་ཚད་མའོ། །དེའི་མཚན་ཉིད་མ་ཤེས་དོན་གསལ་ཡིན་གྱི་མི་བསླུ་བ་མ་ཡིན་ཏེ་བཅད་པའི་དོན་ཐོབ་པ་མེད་པའི་ཕྱིར་རོ། །ཐ་སྙད་པའི་ཚད་མ་ནི་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་གཟུང་འཛིན་གཉིས་སུ་སྣང་བའི་བར་ལ་ཐ་སྙད་དུ་རུང་བ་ཡིན་པས་དེའི་མཚན་ཉིད་མི་བསླུ་བ་དང་མ་ཤེས་དོན་གྱི་གསལ་བྱེད་ཚོགས་པ་ཡིན་ཏེ་བཅད་པའི་དོན་ཐོབ་པ་ཡོད་པའི་ཕྱིར་རོ་ཞེས་གསུངས་པ་དང༌། ཡང་སློབ་དཔོན་ཆོས་མཆོག་ན་རེ། རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ། བསླུ་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཚིག་གསུམ་གྱིས་མཚོན་པའི་ཁྱད་པར་གསུམ་ལྡན་ནི། རང་གི་ངོ་བོ་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ་སྟེ། མཚན་གཞི་མངོན་སུམ་རྗེས་དཔག་ལ་ཡོད་པའི་གཞལ་བྱ་བུམ་པ་དང༌། མེ་ལ་སོགས་པ་ཐོབ་པའི་ནུས་པའོ། །ཡུལ་གྱི་ཁྱད་པར་བཟུང་བའམ་མ་བཟུང་བའི་དོན་ཅི་རུང་རུང་ཐོབ་པ་མ་ཡིན་གྱི་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པའོ། །བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་བྱེད་ལ་གནས་པའི་ནུས་པ་སྟེ། ཤེས་པས་དོན་མེ་དང་ཆུ་ལ་སོགས་པ་ཡོངས་སུ་བཅད་ནས་ཞུགས་པས་ཐོབ་པའི་ནུས་པ་ཡིན་གྱི། རྐང་ལག་ལ་སོགས་པས་ཐོབ་པའི་ནུས་པ་མ་ཡིན་ནོ། །དེ་ལ་རང་གི་ངོ་བོའི་ཁྱད་པར་གྱིས་དངོས་པོར་འཛིན་པ་ཚད་མའི་མཚན་ཉིད་ཡིན་པར་གཅོད་ལ། ཡུལ་གྱི་ཁྱད་པར་གྱིས་མི་སྲིད་པ་གཅོད་ཅིང་བྱེད་པའི་ཁྱད་པར་གྱིས་ཁྱབ་ཆེས་གཅོད་ལ་མ་ཁྱབ་པ་གཅོད་པ་ཞིག་ཁ་བསྐང་ངོ༌། །བདེན་པའི་དོན་རྟོགས་ནི་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་མ་ཡིན་ནོ་ཞེས་གསུང་ངོ༌། །བྲམ་ཟེའི་རྗེས་སུ་འབྲང་བ་རྣམས་ནི་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཏེ། སྔར་མ་རྟོགས་པའི་དོན་ལ་འཛིན་སྟངས་མི་འཁྲུལ་པས་སྒྲོ་འདོགས་སེལ་བ་ཞེས་བྱ་བའོ། །དེའང་ཁྱད་པར་གསུམ་ལྡན་ཏེ། །རང་གི་ངོ་བོའི་ཁྱད་པར་བཟློག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ་ཙམ་ཡིན་གྱི་ཚད་མས་དགག་སྒྲུབ་བྱེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དོན་ལ་ཤེས་པའི་བྱེད་ཡོད་པས། །དེ་ལ་ཅུང་ཟད་བྱས་པ་མེད། །ཅེས་གསུངས་པ་ལྟར་རོ། །ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་དོན་ཡིན་ལ། དེའང་ཡུལ་གྱི་རྫས་མ་རྟོགས་པ་ལ་བྱས་ན་བཅད་ཤེས་ལ་ཁྱབ་ཆེས་ཤིང་རིགས་སྔར་མ་རྟོགས་པ་ལ་བྱས་ན་ཚད་མ་མི་སྲིད་པས། ཡུལ་དུས་རྣམ་པ་སོ་སོར་ངེས་པའི་རིགས་སྔར་མ་རྟོགས་པ་རྟོགས་པའོ། །འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བའོ། །དེའང་བློ་དོན་དང་མཐུན་པར་འཛིན་པ་ཙམ་མ་ཡིན་ཏེ་ཡིད་དཔྱོད་ལའང་ཡོད་པས་སོ། །འོན་ཀྱང་དེ་འཛིན་གྱི་སྤྱི་རིགས་དེ་དོན་མེད་པར་འབྱུང་མི་སྲིད་པ་དུ་བ་མེ་ལ་མི་འཁྲུལ་པ་ལྟ་བུའོ། །དེའང་དོན་གྱི་རྣམ་པ་ཙམ་ལ་མི་འཁྲུལ་བ་ལོག་ཤེས་ལའང་ཡོད་ལ། རང་མཚན་ལ་མི་འཁྲུལ་པ་ལ་བྱེད་ན་སྒྲོ་བཏགས་མཇལ་བའི་ཚད་མ་ལ་མ་ཁྱབ་པས་རང་གི་སྒྲོ་མ་བཏགས་ཀྱི་དོན་ལ་མི་འཁྲུལ་པའོ། །དེ་ལ་བྱེད་པའང་གསུམ་སྟེ། ངོ་བོའི་ཁྱད་པར་སྒྲོ་འདོགས་སེལ་བས་གཅིག་གིས་གྲུབ་པ་གཅིག་གིས་མི་འགོག ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་བྱེད་པས་གཅིག་གིས་གྲུབ་པ་ཅིག་གིས་མི་སྒྲུབ། འཛིན་སྟངས་དོན་ལ་མི་འཁྲུལ་པའི་བྱེད་པས་གཅིག་གིས་གྲུབ་པ་དང་གཅིག་གིས་གྲུབ་པ་མི་འགལ་བ་ཡིན་ནོ། །ཞེས་སྤྲོས་པ་དང་བཅས་པ་གསུང་ངོ༌། །དེ་དག་ལ་མི་འཐད་པའི་ཆ་བཀག་ན། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །གཉིས་ཀ་ཚད་མའི་མཚན་ཉིད་ཡིན་པ་མི་འཐད་དེ། མཚོན་བྱའང་གཉིས་སུ་འགྲོ་བས་སོ། །དེས་ན་འདམ་ཀ་ཅན་མི་སྲིད་པར་བཤད་ཟིན་ཏོ། །མཚན་མཚོན་གཉིས་སུ་འདོད་ན་ཡང༌། །སྤྱི་མཚན་གཅིག་པ་མི་སྲིད་འགྱུར། །དོན་དམ་པའི་ཚད་མ་དང་ཐ་སྙད་པའི་ཚད་མ་གཉིས་སུ་བྱེད་པའང་ཚད་མ་སྤྱིའི་མཚན་ཉིད་ཅི་ཡིན་ཞེས་དྲིས་ན་སོ་སོའི་མཚན་ཉིད་འདི་ཡིན་ཞེས་བརྗོད་པ་མ་འབྲེལ་བ་དང༌། སྤྱིའི་མཚན་ཉིད་གཅིག་མེད་ན་ཚད་མ་ཞེས་མཚོན་བྱ་གཅིག་མི་འཐད་པའི་ཕྱིར་རོ། །མ་ཁྱབ་གཅོད་ཚུལ་འདིར་མི་འཐད། །གཉིས་སུ་འབྱེད་པ་དགོངས་པ་མིན། །མ་ཁྱབ་པ་གཅོད་པ་གཞན་ནས་ཁ་བསྐང་ངོ་ཞེས་གསུང་ན་མི་འཐད་དེ། མཚན་ཉིད་དུ་བཞག་པའི་ཚིག་ལ་ནུས་པ་མེད་ན་གཞན་ནས་ཁ་བསྐངས་པས་ཚིགས་སྔ་མ་སྐྱོན་ཅན་དུ་འགྱུར་བ་བཟློག་མི་ནུས་ལ་བདེན་པའི་དོན་རྟོགས་བྱེད་པ་ཡིན་གྱི་མཚན་ཉིད་མ་ཡིན་ཞེས་གསུང་ན་གཞུང་གི་དགོངས་པ་མ་ཡིན་ནོ། །མི་དགོས་མ་ཁྱབ་མི་སྲིད་གསུམ། །བདེན་པའི་དོན་རྟོགས་འདོད་ན་ཡོད། །བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་གྱི་ཡང༌། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་རྣམ་གཅད་མེད་པས་མི་དགོས་པས། འཛིན་སྟངས་དོན་ལ་མི་འཁྲུལ་ན་རྟོགས་ཟིན་ལ་འཇུག་པ་མི་སྲིད་ལ། ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པས་མ་ཁྱབ་སྟེ། མངོན་སུམ་རྟོག་བྲལ་ཡིན་པས་སྒྲོ་འདོགས་གཅོད་པ་མེད་པའི་ཕྱིར་རོ། །ཡང་དོན་བདེན་པའི་གོ་བ་དོན་ཇི་ལྟར་ཡིན་པ་ལྟར་འཛིན་པ་ལ་འདོད་ན་མི་འཐད་དེ། མངོན་སུམ་གྱིས་ཀྱང་དོན་དང་འདྲ་བ་མཐོང་བ་ལ་དོན་མཐོང་བར་བྱེད་པ་དང༌། འབྲས་རྟགས་ཀྱིས་ཀྱང་རང་གི་རྒྱུ་བསྒྲུབ་མི་ནུས་པས་མེ་ཙམ་ལ་ཚད་མར་འགྱུར་བ་མི་འཐད་པ་དང༌། དོན་དམ་པའི་ཚད་མ་གཟུང་འཛིན་ལས་གྲོལ་བས་དོན་བདེན་པ་འགའ་ཞིག་མི་སྲིད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་གཞག་ན། མི་སླུ་མི་ཤེས་དོན་གསལ་གཉིས། །རང་མཚན་རྟོགས་པར་དོན་ལ་མཐུན། །ཐ་སྙད་པ་དང་དོན་དམ་པ། །གཉིས་ཀ་ལ་ཡང་གཉིས་པོ་འཇུག །སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞུང་གི་ཆ་འགའ་ཞིག་ཏུ་མི་བསླུ་བ་དང་འགའ་ཞིག་ཏུ་མ་ཤེས་དོན་གསལ་དུ་གསུངས་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་བློ་དེ་དོན་དེ་ལ་མི་བསླུ་བའི་ནུས་པ་ཉིད་ལ་བཞེད་པ་ཡིན་ནོ། །དེའང༌། མི་བསླུ་ལས་དང་བྱེད་པོ་དང༌། །བྱ་བ་གསུམ་གྱི་བདག་ཉིད་ཅན། །གང་མི་བསླུ། གང་ལ་མི་བསླུ། ཇི་ལྟར་མི་བསླུ་བའོ། །དང་པོ་ནི་ཤེས་པ་མ་འཁྲུལ་པ་དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་ཤེས། མེད་པ་ལ་མེད་པར་ཤེས་པ་དེ་མི་བསླུ་བའོ། །གཉིས་པ་ནི། ཤེས་བྱ་ལ་དོན་རང་མཚན་ཡོད་ན་དོན་བྱེད་ནུས་པར་མི་བསླུ། མེད་ན་དོན་བྱེད་མི་ནུས་པ་ཉིད་མི་བསླུ་བའོ། །གསུམ་པ་ནི་དོན་རང་མཚན་ལ་ཞུགས་ན་རང་མཚན་ཐོབ་པ་ལ་མི་བསླུ་རང་མཚན་མེད་པས་དེ་ལ་མི་འཇུག་ན་ལྡོག་པ་པོ་མེད་པ་ཉིད་ལ་མི་བསླུ་བའོ། །དེའང་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་གསུངས་པས་སོ། །མ་ཤེས་དོན་གསལ་ཡང་དོན་གྱི་སྒྲ་དོན་བྱེད་ནུས་པའི་དངོས་པོ་ཡིན་ལ། གསལ་བའི་སྒྲ་བློས་དོན་རང་གི་མཚན་ཉིད་རྟོགས་པ་ཡིན་པས་དོན་ལ་མི་མཐུན་པ་མེད་དོ། །རྣམ་འགྲེལ་ལས། མི་ཤེས་དོན་གྱིས་གསལ་བྱེད་ཀྱང༌། །རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་པས་སོ། །དེས་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཀ་ཡང་དོན་དངོས་པོ་ཡོད་མེད་རྟོགས་པ་དང༌། དེ་དག་ལ་མི་བསླུ་བར་དོན་མཐུན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། དངོས་མེད་འཇལ་ལ་མ་ཁྱབ་ཅིང༌། །ཉེ་བར་བསླད་ལ་ཁྱབ་ཆེས་ལོ། །རང་མཚན་ཡོད་མེད་དཔྱོད་ཕྱིར་འཐད། །ཉེ་བར་བསླད་པ་བསླུ་བར་བཤད། །དང་པོ་ནི་དོན་རང་གི་མཚན་ཉིད་ལ་མི་བསླུ་ན་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་བོ་ཞེ་ན། དོན་བྱེད་ནུས་པར་ཡོད་མེད་དཔྱོད་པའི་ཕྱིར་སྐྱོན་མེད་དོ། །ཞེས་ཡུལ་བརྟག་པར་བཤད་ཟིན་ཏོ། །ཡང་ཉེ་བར་བསླད་པ་ལ་ཁྱབ་ཆེས་ཏེ། །དུང་སེར་འཛིན་ནམ་ལྗོན་ཤིང་འགྲོར་སྣང་ལ་སོགས་པའང་དཀར་པོ་དང་སྡོད་པ་ལ་མི་བསླུ་བས་ཚད་མར་འགྱུར་རོ་ཞེ་ན། ཉེ་བར་བསླད་པ་ལ་མི་བསླུ་བའི་ནུས་པ་མེད་དེ་དེ་མ་ཡིན་ལ་དེར་སྣང་བའི་ཕྱིར་རོ། །དེའང་རྣམ་ངེས་ལས། ཉེ་བར་བསླད་པ་བསླུ་བའི་ཕྱིར། །མངོན་གསུམ་ལྟར་སྣང་ཞེས་གསུངས་སོ། །ཕྱིས་ཀྱི་དཀར་པོ་དང་སྡོད་པ་ལ་མི་བསླུའོ་སྙམ་ན། དེ་ནི་སེར་འཛིན་ལ་སོགས་པས་མ་བསླུས་པ་མ་ཡིན་གྱི་ཤེས་པ་གཞན་གྱིས་མ་བསླུས་པ་ཡིན་ནོ། །བོད་རྣམས་སློབ་དཔོན་ཆོས་མཆོག་གི་དོན་ཐོབ་པའི་ནུས་པས། དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་སྟེ། དངོས་མེད་ལ་དོན་ཐོབ་པ་མེད་པའི་ཕྱིར་རོ། །ཞེས་ཟེར་བ་ནི། བདེན་པའི་དོན་རྟོགས་ལའང་མཚུངས་ཏེ། དངོས་མེད་ལ་དོན་བདེན་པ་མེད་པའི་ཕྱིར་དང༌། སློབ་དཔོན་གྱིས་དོན་གྱི་སྒྲ་དངོས་མེད་གཅོད་པ་ལ་གསུངས་ཏེ། རྣམ་ངེས་ལས། མངོན་སུམ་ལ་དོན་སྨོས་པ་ནི། །དབང་པོའི་ཤེས་པ་ཁ་ཅིག་དོན་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དེ་སྤང་བས་ཚད་མའི་ཡུལ་ཡོངས་སུ་དག་པ་གཟུང་བའི་ཕྱིར་རོ་ཞེས་གསུངས་པས་སོ། །དེས་ན་དེ་ནི་སློབ་དཔོན་སྔ་མ་རྣམས་ཀྱི་དགོངས་པ་མ་ལོངས་པར་བཀག་པར་བཟད་དོ། །གཉིས་པ་དེས་སྒྲོ་འདོགས་གཅོད་པའི་ཚུལ་ལ་གཉིས་ལས། དང་པོ་ཇི་ལྟར་ངེས་པ་ནི། ཚད་མའི་སྟོབས་ཀྱིས་ངེས་པ་འདྲེན། །ངེས་པའི་འགལ་ཟླ་སྒྲོ་འདོགས་ཡིན། །ཀུན་ཏུ་ཐ་སྙད་པའི་ཚད་མའི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ན་ངེས་ཤེས་འདྲེན་དགོས་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ནའང་ཚད་མ་ཉིད་མ་ཡིན། །ཞེས་བཤད་པས་སོ། །ངེས་པའི་མཚན་ཉིད་ཐེ་ཚོམ་ཆོད་པ་ཡིན་ལ། དེ་ལ་དབྱེ་ན་མི་བསླུ་བའི་དོན་ལ་ཐེ་ཚོམ་ཆོད་པ་ཡང་དག་པའི་ངེས་པ་དང༌། བསླུ་བའི་དོན་ལ་ཐེ་ཚོམ་ཆོད་པ་ལོག་ཤེས་ཀྱི་ངེས་པའོ། །དེ་ཚད་མ་སྐྱེས་པ་ན་འཇིག་པས་ངེས་པ་བཏགས་པ་ཡིན་པའི་ཕྱིར། བཤད་པར་བྱ་བ་མ་ཡིན་ནོ། །ཡང་དག་པའི་ངེས་པའི་འགལ་ཟླ་སྒྲོ་འདོགས་ལའང་དེ་ཡི་མཚན་ཉིད་གནས་ལུགས་ལས། །མཐའ་གཞན་དུ་རྟོགས་དབྱེ་ན་གཉིས། །རྟོག་པ་ལོག་ཤེས་ཐེ་ཚོམ་མོ། །གཟུང་ཡུལ་ལ་འཁྲུལ་པའི་རྟོག་མེད་ལོག་ཤེས་ནི། ངེས་པས་བསལ་བྱའི་སྒྲོ་འདོགས་མ་ཡིན་ཏེ་བདེན་ཞེན་མེད་པས་བསལ་མི་དགོས་པའི་ཕྱིར་དང༌། ངེས་པ་རྟོགས་པ་ཡིན་པས་རབ་རིབ་ལ་སོགས་པའི་རྒྱུ་མ་བསལ་ན་བསལ་མི་ནུས་པའི་ཕྱིར་རོ། །མ་རྟོགས་པ་ལས་གློ་བུར་དུ། །རྟོགས་པས་སྒྲོ་འདོགས་མ་བཅད་ལོ། །གློ་བུར་པའི་རྗེས་དཔག་ལས་མི་མཐོང་བའི་ཚེ། མ་རྟོགས་པ་རྟོགས་པ་ཡིན་གྱི་སྒྲོ་འདོགས་གཉིས་པོ་བཅད་པ་མེད་དོ་ཞེ་ན། རྗེས་དཔག་སྣང་བས་མི་འཇུག་པས། །སེལ་བ་ཉིད་ཡིན་དེ་ཡི་ཡུལ། །མེ་མེད་གཞན་དང་མཚུངས་པ་རུ། །འཛིན་ཕྱིར་ལོག་ཤེས་ཡིན་པར་བཞེད། །ས་ཕྱོགས་རྐྱང་པ་མེ་མེད་གཞན་དང་འདྲ་བར་འཛིན་པའི་ཕྱིར། དེ་མ་ཡིན་ལ་དེར་འཛིན་པས་ལོག་ཤེས་ཡིན་ནོ་ཞེས་ཕྱེད་དང་བཞི་པ་ལས་གསུངས་སོ། །ངེས་པས་སྒྲོ་འདོགས་སེལ་བ་དེ་ཡང་སྒྲོ་འདོགས་ཀྱི་ས་བོན་མེད་པར་བྱེད་པའི་ནུས་པ་བྱིས་པའི་ཚད་མ་ལ་མེད་ལ། མངོན་དུ་རྒྱུ་གཞན་ལ་ཡིད་གཏད་པས་ཀྱང་ལྡོག་པས་ངེས་པ་མི་དགོས་སོ། །འོན་ཀྱང་ཚད་མ་དེའི་བྱེད་པ་མ་ཉམས་པ་དེ་སྲིད་དུ་དེ་མིན་དུ་འཛིན་པའི་སྒྲོ་འདོགས་མི་སྐྱེ་བ་ཙམ་ཡིན་ནོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། ངེས་པ་དང་ནི་སྒྲོ་འདོགས་གཉིས། །ཡུལ་དང་ངོ་བོ་དུས་གསུམ་ལས། །གཅིག་དང་ཐ་དད་བརྟག་པ་ཡི། །རྩོད་པ་གསུམ་གྱིས་འདིར་མི་གནོད། །དང་པོ་ཡུལ་ལ་བརྟག་ན་མི་འཐད་པ་སྤང་བ་ལ་གཉིས་ལས་རྩོད་པ་དགོད་པ་ནི། ངེས་པ་དང་སྒྲོ་འདོགས་ཡུལ་གཅིག་གམ་མི་གཅིག མི་གཅིག་ན་བསལ་བྱ་སེལ་བྱེད་མ་ཡིན་པར་འགྱུར་ཏེ་ཕྱི་ནང་གི་སྣང་མུན་བཞིན་ནོ། །གཅིག་ནའང་ཡུལ་དེ་གྲུབ་ན་བསལ་བྱ་མ་འཁྲུལ་པར་འགྱུར་ཏེ། ཡུལ་བདེན་པར་གྲུབ་པའི་ཕྱིར་ཚད་མ་བཞིན་ནོ། །མ་གྲུབ་ན་སེལ་བྱེད་ཚད་མར་མི་འགྱུར་ཏེ་གཞལ་བྱ་མ་གྲུབ་པའི་ཕྱིར་སྒྲོ་འདོགས་བཞིན་ནོ། །ཞེས་བརྩད་དོ། །གཉིས་པ་ལན་ལ་གསུམ་ལས་དང་པོ་གཞན་གྱི་ལན་དགག་ན། ཁ་ཅིག་སྒྲ་རྟག་པར་འཛིན་པའི་སྒྲོ་འདོགས་དང་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་ཡུལ་སྒྲའི་རྫས་སུ་གཅིག་པས་བསལ་བྱ་སེལ་བྱེད་དུ་འཐད་ལ། ལྡོག་པ་ཐ་དད་དེ་ཚད་མའི་ཡུལ་སྒྲ་མི་རྟག་པ་ཡིན་ཞིང༌། སྒྲོ་འདོགས་ཀྱི་ཡུལ་སྒྲ་རྟག་པ་ཡིན་པས་སོ། །དེས་ན་མི་རྟག་པར་གྲུབ་པས་སེལ་བྱེད་ཚད་མ་ཡིན་ལ། རྟག་པར་མ་གྲུབ་པས་བསལ་བྱ་འཁྲུལ་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། རྟག་མི་རྟག་དངོས་འགལ་རྫས་གཅིག་པར་འགལ་བའི་ཕྱིར་དང༌། སྒྲོ་འདོགས་ཀྱི་ཡུལ་སྒྲ་རྟག་པ་ཡིན་ན་ཡུལ་ཤེས་བྱ་ལ་མི་སྲིད་པས་སྒྲོ་འདོགས་ཤེས་བྱ་ལ་མི་སྲིད་པར་འགྱུར་རོ། །གཉིས་པ་རང་གི་ལན་ནི། ངེས་དང་སྒྲོ་འདོགས་ཞེན་ཡུལ་གཅིག །ཞེན་སྟངས་ཐ་དད་ཕྱིར་ན་སེལ། །མངོན་སུམ་དངོས་སྒྲོ་འདོགས་མི་གཅོད་ཀྱང་དེས་དྲངས་པའི་ངེས་ཤེས་དང་རྗེས་དཔག་གི་ངེས་པ་གཉིས་པོ་དང༌། སྒྲོ་འདོགས་གཉིས་དམིགས་པར་བྱ་བའི་ཡུལ་གཅིག་པས་བསལ་བྱ་སེལ་བྱེད་དུའང་འཐད་ལ། འཛིན་སྟངས་ཐ་དད་ལས་སྒྲོ་འདོགས་འཁྲུལ་པ་དང༌། ཚད་མ་མ་འཁྲུལ་བ་འཐད་དེ། ཚད་མའི་ཡུལ་ཡོད་ཅིང་སྒྲོ་འདོགས་ཀྱི་ཡུལ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ན་ཚད་མའི་ཡུལ་ཁྲ་བོ་ཉིད་ཡིན་ནོ། །ཐག་པར་མི་བརྗོད་དེ་དེའི་ལྡོག་པ་མ་ངེས་པའི་ཕྱིར་དང༌། སྦྲུལ་དུ་མི་བརྗོད་དེ་དེ་ན་མི་གནས་པའི་ཕྱིར་རོ། །དེས་ན་མངོན་སུམ་གྱིས་སྒྲོ་འདོགས་བཅད་ཅེས་བརྗོད་ཀྱང་མངོན་སུམ་མ་ཡིན་གྱི་དེའི་རྗེས་སུ་སྐྱེས་པའི་རྟོག་པས་བཅད་པ་ཡིན་ཏེ། ཀུ་ཤ་ལག་པས་བཟུང་ནས་ཟོར་བས་གཅོད་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག་ངེས་པ་དང་སྒྲོ་འདོགས་ཡུལ་གཅིག་ན་དེ་བདེན་ནམ་བརྫུན། བདེན་ན་སྒྲོ་འདོགས་མ་འཁྲུལ་བར་འགྱུར་ཏེ་ཡུལ་བདེན་པས་སོ། །བརྫུན་ན་ངེས་པ་འཁྲུལ་བར་འགྱུར་ཏེ། ཡུལ་བརྫུན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཞེན་ཡུལ་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ཞེན་ཡུལ་བདེན་བརྫུན་གྱིས་མི་འཇོག་གི་ཞེན་སྟངས་དོན་དང་མཐུན་མི་མཐུན་གྱིས་འཇོག་པས་ཞེན་ཡུལ་བདེན་པར་མཚུངས་ཀྱང་ཞེན་སྟངས་དོན་དང་མི་མཐུན་པས་སྒྲོ་འདོགས་འཁྲུལ་པ་དང་མཐུན་པས་ངེས་པ་མ་འཁྲུལ་པར་འཇོག་སྟེ། དཔེར་ན་ཞེན་ཡུལ་བདེན་པ་དང་ལྡན་ཡང་ཕུང་པོ་ལ་བདག་འཛིན་ཞེན་ཡུལ་ལ་འཁྲུལ་པ་དང༌། ཞེན་ཡུལ་དངོས་པོར་མེད་ཀྱང་རི་བོང་གི་རྭ་དངོས་མེད་དུ་དཔོགས་པའི་རྗེས་དཔག་ལ་སོགས་པ་ཞེན་ཡུལ་ལ་མ་འཁྲུལ་བར་འགྱུར་བའི་ཕྱིར་རོ། །གཟུང་ཡུལ་ལ་འཁྲུལ་མ་འཁྲུལ་ནི་གཟུང་ཡུལ་དངོས་པོར་ཡོད་མེད་ཀྱིས་འཇོག་པ་ཡིན་ནོ། །འོ་ན་རྟོག་པ་ཞེན་ཡུལ་ལ་འཁྲུལ་མ་འཁྲུལ་གཉིས་ཞེན་ཡུལ་གཅིག་ན་དུང་དཀར་པོ་དང་སེར་པོར་སྣང་བའི་རྟོག་མེད་འཁྲུལ་མ་འཁྲུལ་གཉིས་ཀྱང་གཟུང་ཡུལ་དུང་གི་རྫས་སུ་གཅིག་གོ་ཞེ་ན། དེ་ལྟ་ན་དུང་དེ་སེར་འཛིན་གྱི་མིག་ཤེས་ལ་སྣང་བར་འགྱུར་ཏེ། གཟུང་ཡུལ་ཡིན་པའི་ཕྱིར་རོ། །འོ་ན་ཆོས་ཅན་སྒྲ་ཡང་རྟག་འཛིན་གྱི་སྒྲོ་འདོགས་ཀྱིས་ཞེན་པར་བྱས་པར་འགྱུར་ཏེ། དེའི་ཞེན་ཡུལ་ཡིན་པའི་ཕྱིར་རོ། །ཞེ་ན་འདོད་པ་ཡིན་ནོ། །སྔ་མ་ཡང་འདོད་ན། སེར་འཛིན་གྱི་ཤེས་པ་ལ་དུང་སྣང་བའི་ཕྱིར་དེ་དང་དབྱེར་མེད་ཀྱི་དཀར་པོ་ཡང་སྣང་བར་འགྱུར་རོ། །འོ་ན་རྟག་འཛིན་གྱི་སྒྲོ་འདོགས་ཀྱིས་ཀྱང་སྒྲར་ཞེན་པའི་ཕྱིར་དེ་དང་དབྱེར་མེད་ཀྱི་མི་རྟག་པའང་ཞེན་པར་བྱས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། རྟོག་མེད་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་འགལ་ལ་རྟོག་པ་རྫས་གཅིག་ལ་ངེས་མ་ངེས་ཆ་གཉིས་མི་འགལ་བར་བཤད་ཟིན་ཏོ། །གཉིས་པ་ངོ་བོ་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། སྒྲོ་འདོགས་དང་ངེས་པ་གཉིས་བློའི་དངོས་པོ་གཅིག་ན་བསལ་བྱ་སེལ་བྱེད་དུ་མི་འཐད་དེ། རལ་གྲིའི་སོ་རང་གིས་རང་མི་གཅོད་པ་བཞིན་ནོ། །ཐ་དད་ནའང་བསལ་བྱ་སེལ་བྱེད་དུ་མི་འཐད་དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་མི་ཤེས་པ་མི་སེལ་བ་བཞིན་ནོ་ཞེ་ན། བློའི་རྒྱུན་གཅིག་ལ་ལྡོག་པ་ཐ་དད་ཡིན་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །གསུམ་པ་དུས་ལ་བརྟགས་ན་མི་འཐད་པ་སྤང་བ་ནི། ངེས་པ་དང་སྒྲོ་འདོགས་གཉིས་དུས་གཅིག་ན་རྟོག་གཉིས་ཅིག་ཅར་འཇུག་པར་འགྱུར་ལ། དུས་མི་གཅིག་ན་གནོད་བྱ་གནོད་བྱེད་དུ་མི་འཐད་དེ། མ་ཚོགས་པའི་ཕྱིར་ཉི་མའི་འོད་ཟེར་དང་མཚན་མོའི་མུན་པ་བཞིན་ནོ་ཞེ་ན། དེ་གཉིས་དུས་མི་གཅིག་གོ །འོ་ན་ངེས་པས་སྒྲོ་འདོགས་མི་སེལ་བར་འགྱུར་རོ་ཞེ་ན། ཕྲད་ནས་སེལ་བ་མེད་ཀྱང་བློའི་རྒྱུན་གཅིག་ལ་དང་པོ་སྒྲོ་འདོགས་སྐྱེས་ནས་ཕྱིས་ཚད་མ་ལས་བྱུང་བའི་ངེས་པ་སྐྱེས་པས་སྒྲོ་འདོགས་ཀྱི་རྒྱུན་སྐྱེ་མ་ནུས་པ་ཉིད་ལ་སྒྲོ་འདོགས་བསལ་ཞེས་ཐ་སྙད་འཇོག་པ་ཡིན་ནོ། །དེ་བཞིན་དུ་སྤང་བྱ་དང་གཉེན་པོ་ལ་སོགས་པ་རྒྱུན་གཅིག་ལ་གནོད་བྱ་གནོད་བྱེད་ཐ་དད་སྔ་ཕྱི་བའི་རྣམ་པར་གཞག་པ་ཐམས་ཅད་འདི་ཡིན་ནོ། །ཚ་རེག་གྲང་རེག་ལ་སོགས་པ་རྫས་ཐ་དད་དུས་མཉམ་པ་ལ་ནི་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་ནུས་མེད་དུ་བྱས། གསུམ་པ་ལ་སྤང་བྱ་ལྡོག་གོ །འདི་ལ་ཁ་ཅིག་ཚད་མའི་སུམ་རྒྱུད་དང་སྒྲོ་འདོགས་གཉིས་དུས་དང་པོར་ཚོགས་པ་གཉིས་པར་ནུས་མེད་དུ་བསྐྱེད། གསུམ་པ་ལ་སྒྲོ་འདོགས་འགགས་པའི་རྗེས་སུ་ཚད་མའི་ངོ་བོ་སྐྱེ་བས་ཚད་མས་སྒྲོ་འདོགས་བསལ་བའི་རྒྱལ་ཁ་ཐོབ་སྟེ། རྒྱལ་པོའི་འཁོར་གྱིས་གྲོང་ཁྱེར་བཅོམ་པ་ལ་རྒྱལ་པོས་བཅོམ་པར་སྒྲོས་པ་བཞིན་ནོ་ཞེས་ཟེར་བ་ནི། རྫས་ཐ་དད་དུས་མཉམ་པ་ལ་ད་ལྟ་ཡིན་ཡང༌། ཐ་དད་སྔ་ཕྱི་བ་ལ་དེ་མི་འཐད་དེ། སྐད་ཅིག་དང་པོ་ལ་ཚོགས་པ་མེད་པའི་ཕྱིར་རོ། །ཚོགས་ན་རྟགས་དངོས་སུ་འགྱུར་བ་གང་གིས་བཟློག གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་རབ་ཏུ་དབྱེ་བ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། དབྱེ་བའི་གཞི། དབྱེ་བའི་དོན། གྲངས་ངེས་པ་སྒྲའི་དོན་ཏོ། །དང་པོ་ལ་གཉིས་ལས་གཞན་གྱི་ལུགས་དགག་ན། ཚད་མ་མིན་ལ་ཡང་དག་བཀག །བོད་རྣམས་ཡང་དག་པའི་ཤེས་པ་ཙམ་དབྱེ་གཞི་མ་ཡིན་ཏེ་བཅད་ཤེས་དང་ཡིད་དཔྱོད་ཚད་མ་མ་ཡིན་ལ་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་ཟེར་བ་ནི། དངོས་པོ་སྟོབས་ཞུགས་དང་གཞུང་གི་དགོངས་པ་མ་ཤེས་པར་ཟད་པས་བཀག་ཟིན་ཏོ། །ཡང་དག་ཕྱེ་ནས་འཆད་པ་འཁྲུལ། །སློབ་དཔོན་ཆོས་མཆོག་ནི་ཡང་དག་པའི་ཤེས་པ་ལ་དོན་བྱེད་པར་སྣང་བ་དང༌། དོན་བྱེད་པ་ལ་རབ་ཏུ་འཇུག་པ་གཉིས་ལས། དང་པོ་ནི་མེས་བཙོ་སྲེག་བྱེད་བཞིན་པར་སྣང་བ་སྐྱེས་བུ་དོན་གྲུབ་ཀྱི་དངོས་ཀྱི་རྒྱུར་གྱུར་པ་ཡིན་ལ། གཉིས་པ་ནི་མེ་དང་ཆུ་ལ་སོགས་པ་རྒྱུ་རྐྱང་པ་སྣང་བ་སྐྱེས་བུ་དོན་གྲུབ་ཀྱི་བརྒྱུད་པའི་རྒྱུར་གྱུར་པའོ། །དེ་ལ་དང་པོ་ནི། མི་བསླུ་བར་རང་ཉིད་ཀྱིས་ངེས་ཟིན་པས་བསྟན་བཅོས་སུ་དཔྱད་བྱ་མ་ཡིན་ལ། ཡང་མངོན་སུམ་ཁོ་ནར་ངེས་པ་གཉིས་མེད་པའི་ཕྱིར་རོ། །དེས་ན་དོན་བྱེད་ནུས་པ་ལ་འཇུག་པའི་ཡང་དག་པའི་ཤེས་པས་དབྱེ་གཞི་ཡིན་པར་གྲུབ་བོ་ཞེས་གསུང་བ་མི་འཐད་དེ། སྤྱི་དབྱེ་གཞིར་མི་རུང་བར་བྱེ་བྲག་ཕྱེ་ནས་དབྱེ་གཞིར་དགོས་ན་མངོན་སུམ་ལ་སོགས་པ་དབྱེ་བ་ཐམས་ཅད་ལའང་དེ་ལྟར་དགོས་པས་ཧ་ཅང་ཐལ་ལོ། །གཉིས་པ་རང་འདོད་པ་ནི། དེས་ན་ཡང་དག་ཤེས་པ་ཉིད། །ཚད་མ་ཡིན་ཕྱིར་དབྱེ་གཞིར་འཐད། །ཚད་མ་དང་ཡང་དག་པའི་ཤེས་པ་གཉིས་རྣམ་གྲངས་ཡིན་པས་ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། ཞེས་གསུངས་པ་ཡིན་ནོ། །དེས་ན་མངོན་སུམ་དང་རྗེས་དཔག་ལ་ཚད་མ་མ་ཡིན་པ་མི་སྲིད་པས་དབྱེ་གཞི་ལོགས་པ་མི་དགོས་སོ། །གཉིས་པ་ནི། དབྱེ་ན་མངོན་སུམ་རྗེས་དཔག་གཉིས། །དེ་དག་གཅིག་དང་ཐ་དད་བརྟག །མངོན་སུམ་དང་རྗེས་དཔག་གཉིས་བུམ་པ་སྣམ་བུ་ལྟར་དངོས་པོ་ཐ་དད་དམ། དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའམ། བྱས་པ་དང་མི་རྟག་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དམ། ཟླ་བ་དང་བསིལ་ཟེར་བྱེད་ལྟར་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་ཞེ་ན། འདི་ལ་གསུམ་ལས། གཞན་གྱི་ལུགས་དགག་ན། ཁ་ཅིག་མངོན་སུམ་ཉམས་སུ་མྱོང་བ་བློའི་ཆ། རྗེས་དཔག་རྣམ་པར་རྟོག་པ་དྲི་མའི་ཆ་ཡིན་པས་གཟུང་ཡུལ་དངོས་པོར་མེད་པའི་ཕྱིར་དེ་འཛིན་རྗེས་དཔག་ཀྱང་དངོས་པོ་མེད་པས་གཅིག་པ་བཀག་པའོ་ཞེས་ཟེར་བ་སྲིད་ནའང་མི་འཐད་དེ། ཚད་མ་གཉིས་ཀ་དངོས་པོ་ཉིད། །ཡིད་ཕྱིར་གཅིག་པ་བཀག་པ་མིན། །རྗེས་དཔག་གཟུང་ཡུལ་མེད་པ་བཟུང་བས་འཁྲུལ་པ་ཡིན་ཡང༌། འཁྲུལ་པའི་ཤེས་པ་ཉིད་ཡིན་པས་དངོས་པོ་ཉིད་ཡིན་ནོ། །དེས་ན་གཅིག་པ་བཀག་པ་མི་སྲིད་དོ། །ཡུལ་གཅིག་པ་དང་ཐ་དད་ལ། །ལྟོས་ནས་གཅིག་དང་ཐ་དད་མིན། །ཡུལ་གཅིག་ལ་ལྟོས་ནས་གཅིག་མ་ཡིན་ཏེ། རྟོག་པ་རྟོག་བྲལ་གཉིས་ཡུལ་ཐ་དད་པའི་ཕྱིར་རོ། །ཐ་དད་ལ་ལྟོས་ནས་ཐ་དད་ཀྱང་མ་ཡིན་ཏེ། རྗེས་དཔག་མངོན་སུམ་ཙམ་དང་ཐ་དད་ན་རང་རིག་དང་ཡང་ཐ་དད་པས་ཤེས་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་རང་འདོད་པ་ནི། དེས་ན་བློ་ཡི་ངོ་བོར་གཅིག །ཡུལ་ལ་ལྟོས་ནས་ཐ་དད་ཡིན། །ཤེས་པ་གཅིག་ཉིད་ཡུལ་ལ་རྒྱབ་ཀྱི་མེ་ལ་ལྟོས་ནས་རྗེས་དཔག་ཡིན་ཞིང་ཤེས་པའི་ངོ་བོ་ལ་ལྟོས་ནས། མངོན་སུམ་ཡིན་པས་ཡུལ་ལ་ལྟོས་ནས་ཐ་དད་ཡུལ་ཅན་ལ་ལྟོས་ནས་གཅིག་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་ཡུལ་ལ་ལྟོས་ནས་ཐ་དད་ན་རྗེས་དཔག་ཤེས་པ་མ་ཡིན་པར་འགྱུར་ཏེ་རང་རིག་མ་ཡིན་པའི་ཕྱིར་རོ། །ཡང་ཡུལ་ཅན་ལ་ལྟོས་ནས་རང་རིག་དང་གཅིག་པས་སྤྱི་མངོན་སུམ་ཙམ་དང་གཅིག་ན། དང་པོའི་མངོན་སུམ་དང་ཐ་དད་པས་སྤྱི་མངོན་སུམ་ཙམ་དང་ཡང་ཐ་དད་པར་འགྱུར་རོ་ཞེ་ན། རྗེས་དཔག་ཡུལ་མིན་རང་རིག་དང༌། །གཅིག་ཕྱིར་བརྩད་པའི་སྐྱོན་ལས་གྲོལ། །རྗེས་དཔག་ཡུལ་གྱི་ལྡོག་པ་མ་ཡིན་གྱི་ཡུལ་ལ་རྟོག་པའི་བློ་ཡིན་པས་སྐྱོན་དང་པོ་ལས་གྲོལ་ལ། མངོན་སུམ་གྱི་བྱེ་བྲག་དབང་པོ་དང་ཐ་དད་ཀྱང་བྱེ་བྲག་རང་རིག་དང་གཅིག་པས་སྐྱོན་གཉིས་པ་ལས་གྲོལ་ལོ། །བྱེ་བྲག་དང་གཅིག་པས་གཅིག་ཏུ་འགྱུར་ན་བྱེ་བྲག་དང་ཐ་དད་པས་ཀྱང་ཐ་དད་དུ་འགྱུར་བ་མཚུངས་སོ་སྙམ་ན། འོ་ན་ཤ་པ་ཙནྡན་དང་ཐ་དད་པས་ཤིང་ཙམ་དང་ཐ་དད་པར་འགྱུར་ལ། སྡོང་དུམ་ཤ་པ་དང་གཅིག་པས་ཤིང་ཙམ་དང་གཅིག་པ་ནི། འདོད་པས་ག་ལ་མཚུངས། གསུམ་པ་གྲངས་ངེས་པ་ནི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། དེ་ལས་གྲངས་གཞན་བཀག་ཕྱིར་རོ། །གཞལ་བྱ་གཉིས་ཡིན་པས་དེ་འཇལ་གྱི་ཚད་མའང་གཉིས་ཁོ་ནར་ངེས་ཏེ། རྗེས་དཔག་ཀྱང་ཚད་མའི་མཚན་ཉིད་དང་ལྡན་པར་གྲུབ་པས་ཉུང་བ་ཁེགས་ལ་ཚད་མ་གསུམ་དང་བཞི་དང་ལྔ་དང་དྲུག་ལ་སོགས་པར་འདོད་པ་དེ་དག་ཀྱང་མངོན་སུམ་དང་རྗེས་དཔག་ལས་གཞན་མེད་དེ་མྱོང་བ་དང་རྟགས་ལས་མ་གཏོགས་པའི་རྟོགས་ཚུལ་གསུམ་པ་མེད་པའི་ཕྱིར་ཐེ་ཚོམ་བཞིན་ཅེས་བྱ་བ་དང༌། སྒྲ་ལས་བྱུང་བ་དང༌། ཉེ་བར་འཇལ་བ་ལ་སོགས་པ་གཞན་ཚད་མ་མ་ཡིན་ཏེ་མངོན་སུམ་རྗེས་དཔག་མ་ཡིན་པའི་ཕྱིར་ལོག་ཤེས་བཞིན་ཞེས་པས། ཚད་མ་ལ་གྲངས་གཞན་འགོག་པ་དང༌། གྲངས་གཞན་ལ་ཚད་མ་འགོག་པའི་རིགས་པས་ཁེགས་སོ། །བཞི་མ་མིང་དོན་ནི། མིང་ལ་བཤད་འཇུག་རྣམ་པ་གཉིས། །བཤད་པའི་རྒྱུ་མཚན་ཅན་གྱི་སྒྲ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡི་གེ་སོ་སོར་བཤད་པ་ལས་ཐོབ་པ་དང་འཇུག་པའི་རྒྱུ་མཚན་ཅན་ཤིང་ལ་སོགས་པའི་མིང་ངོ༌། །དེ་ལ་བཤད་འཇུག་འགལ་བ་དང༌། །མི་འགལ་འགལ་ཞིང་མི་འགལ་བའི། །རྣམ་པར་དབྱེ་བ་རྣམ་པ་བཞི། །བཤད་འཇུག་འགལ་བའི་སྒྲ་བྱེའུ་ཏིལ་འཐུང་ངམ། བྱ་ལུག་རྫི་མོ་ལ་སོགས་པའོ། །མི་འགལ་བའི་སྒྲ་ཐམས་ཅད་མཁྱེན་པའམ་རྣམ་པར་ཤེས་པ་ལ་སོགས་པའོ། །འགལ་ཞིང་མི་འགལ་བ་ནི་འགལ་འདུ་མུ་གསུམ་པ་སྟེ། དཔེར་ན་མཚོ་སྐྱེས་ལྟ་བུ་སྟེ། འཇུག་པ་ནི་པདྨོ་ལ་འཇུག་ལ་བཤད་ན་མཚོ་ལས་སྐྱེས་པའི་ཕྱིར་མཚོ་སྐྱེས་སོ། །དེ་ལ་མུ་གསུམ་སྟེ། མཚོ་ལས་སྐྱེས་པའི་པདྨོ་ལ་བཤད་འཇུག་གཉིས་ཀ་ཡོད་ལ། སྐམ་ལས་སྐྱེས་པའི་པདྨོ་ལ་འཇུག་པ་འབའ་ཞིག་ཡོད་ཅིང༌། མཚོ་ལས་སྐྱེས་པའི་སྲོག་ཆགས་ལ་བཤད་པ་འབའ་ཞིག་ཡོད་པས་སོ། །འོ་ན་སྐམ་སའི་སྡོང་དུམ་ལ་བཤད་འཇུག་གཉིས་ཀ་མེད་པས་མུ་བཞི་པ་མ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི་མཚོ་སྐྱེས་ཞེས་པའི་མིང་ལ་མི་འཇུག་པས་མུ་བཞི་པར་མི་བགྲང་ངོ༌། །དེ་དག་མིང་དང་རིགས་ཀྱི་སྒྲ། །མཁས་པ་རྣམས་ཀྱིས་གཉིས་སུ་ཕྱེ། །མིང་གི་སྒྲ་ལྷས་བྱིན་དང་མཆོད་སྦྱིན་ལ་སོགས་པ་དང༌། རིགས་ཀྱི་སྒྲ་ཤིང་དང་བ་ལང་ལ་སོགས་པའོ། །སྔ་མ་རིགས་ལ་མི་ལྟོས་ལ་ཕྱི་མ་ནི་སྤྱི་རིགས་ལ་ལྟོས་པ་ཡིན་ནོ། །འདིར་མངོན་སུམ་གྱི་སྒྲ་པྲ་ཏི་ནི་སོ་སོ། ཨ་ཀྵ་ནི་དབང་པོ་ཡིན་པས་དེའང་སྒྲའི་མདོ་ལས། ཨི་ནི་ཨ་དང་ཡའོ། །ཞེས་ཟེར་བས་པྲ་ཏིའི་ཨི་ཨ་དང་ཡ་གཉིས་སུ་བསྒྱུར་ལ་ཨ་བརྗོད་པའི་དོན་ཏོ། །ཞེས་པའི་ཚུལ་གྱིས་མི་མངོན་པར་བྱས་ལ། ཡ་ཏ་ལ་སྦྱར་བས་ཨ་ཀྵའི་ཨ་ཏའི་སྲོག་ཏུ་བྱིན་པས་པྲ་ཏྱ་ཀྵ་ཞེས་བྱ་བ་ཡིན་ལ་དེ་ནི་དབང་རྟེན་ཅེས་བྱ་བར་འགྱུར་བས་བཤད་ན་དབང་པོ་ལ་བརྟེན་པ་ཞེས་བྱ་ལ་འཇུག་པ་ནི་དོན་རང་གི་མཚན་ཉིད་འཛིན་པའི་ཤེས་པ་ཐམས་ཅད་ལ་འཇུག་གོ །དེ་ནི་མཚོ་སྐྱེས་ཀྱི་སྒྲ་ལྟར་མུ་གསུམ་པ་ཡིན་ཏེ། དང་པོ་གཉིས་ལ་གཉིས་ཀ་ཡོད་ཅིང་གཞན་གཉིས་ལ་འཇུག་པ་འབའ་ཞག་ཡོད་ལ། ཟླ་བ་གཉིས་འཛིན་ལ་སོགས་པ་ལ་བཤད་པ་འབའ་ཞིག་ཡོད་པའི་ཕྱིར་རོ། །རྗེས་སུ་དཔག་པའི་ཨ་ནུ་ནི་ཕྱི་ནས་སམ་རྗེས་སུ། མ་ཎ་ནི་འཇལ་བའམ་དཔག་པ་སྟེ་རྟགས་མཐོང་འབྲེལ་པ་དྲན་པའི་རྗེས་སུ་སྤྱིའི་ཚུལ་གྱིས་དཔོགས་པས་ན་རྗེས་དཔག་གོ །གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་དང་རྗེས་དཔག་ལ་དགག་པའོ། །དང་པོ་ལ་གསུམ་ལས་མངོན་སུམ་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་ན། ཡུལ་དུས་རྣམ་པར་འཕྲུལ་པའི་ཆ། །མངོན་སུམ་ཚད་མར་འདོད་པ་ཡོད། །ཡུལ་ལ་འཁྲུལ་པ་ནོར་བུའི་འོད་ལ་ནོར་བུར་འཛིན་པ་ཡུལ་གྱི་ཁྱད་པར་སྒོ་ཕུགས་ལ་འཁྲུལ་ཡང་ནོར་བུ་ཙམ་ལ་མངོན་སུམ་ཚད་མ་ཡིན་ཏེ། བཅད་པའི་དོན་ཐོབ་པའི་ཕྱིར་རོ། །གལ་ཏེ་སྒོ་གསེང་དང་འབྲེལ་པར་བཅད་དེ་མ་ཐོབ། ཁང་ཕུག་དང་འབྲེལ་པར་ཐོབ་སྟེ་མ་བཅད་དོ་ཞེ་ན། འོ་ན་སྔོན་པོ་འཇལ་བའི་མངོན་སུམ་ལ་ཡང་སྐད་ཅིག་སྔ་མ་དང་འབྲེལ་པར་བཅད་དེ་མ་ཐོབ་ཕྱི་མ་དང་འབྲེལ་པར་ཐོབ་སྟེ། མ་བཅད་པའི་ཕྱིར་རོ། །གལ་ཏེ་སྔ་ཕྱི་མ་ཕྱེ་བའི་སྔོ་ཙམ་ལ་བཅད་པའི་དོན་ཐོབ་པ་ཡོད་པས་ཚད་མ་ཡིན་ན། འདིར་ཡང་སྒོ་ཕུགས་མ་ཕྱེ་བར་ནོར་བུའི་འོད་ཙམ་ལ་ཚད་མ་ཡིན་ནོ་ཞེས་གསུངས་པ་དང༌། དུས་ལ་འཁྲུལ་པའང་ནམ་གུང་ལ་ཉིན་ཕྱེད་དུ་འཁྲུལ་པའི་རྨི་ལམ་གྱི་ཤེས་པའང་ཉིན་ཕྱེད་ཀྱི་བུ་ལ་མངོན་སུམ་ཚད་མ་དང༌། རྣམ་པ་ལ་འཁྲུལ་པའང་དུང་སེར་པོར་སྣང་བ་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་ཚད་མ་དང༌། ལྗོན་ཤིང་འགྲོར་སྣང་ཡང་བརྟེན་པ་སྡོད་པའི་ཆ་ལ་འཁྲུལ་ཡང་རྟེན་ཁ་དོག་ལ་མངོན་སུམ་ཚད་མ་ཡིན་ཞེས་ཟེར་བ་མི་འཐད་དེ། རང་མཚན་མེད་ཕྱིར་མངོན་སུམ་མིན། །རྟགས་ལས་ངེས་ན་རྗེས་དཔག་སྲིད། །ནོར་བུའི་རང་མཚན་གྱིས་རྣམ་པར་མ་གཏད་པའི་ཕྱིར་དང༌། དུང་གི་དབྱིབས་དང་ལྗོན་པའི་ཁ་དོག་གི་རང་མཚན་སྣང་ན་དེ་དང་དབྱེར་མེད་ཀྱི་ཁ་དོག་དང་སྡོད་པའང་སྣང་བར་ཐལ་ཏེ་རྫས་གཅིག་པའི་ཕྱིར་རོ། །དེས་ན་རྟོག་མེད་ཀྱི་ཤེས་པ་འཁྲུལ་ན་ཀུན་འཁྲུལ་ལ། མ་འཁྲུལ་ན་ཀུན་མ་འཁྲུལ་པ་ཡིན་ཏེ། དེ་རིལ་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རྣམ་འགྲེལ་ལས། མངོན་སུམ་གྱིས་ནི་བཟུང་བ་ལ། །ཁྱད་པར་ཆ་ཤས་རྣམ་སྤངས་པ། །ཞེས་བྱ་བ་དང༌། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་བཞིན་ཡོད། །ཅེས་གསུངས་པས་སོ། །ཡང་འོད་དང་ནོར་བུ་གང་ཡང་རུང་བའི་སྤྱིའམ། ནོར་བུའི་འོད་རྟགས་སུ་བཀོད་ན་འབྲས་རྟགས་ཉིད་ཡིན་ནོ། །འོད་ཙམ་འཁྲུལ་ལ་ནོར་བུའི་འོད་མ་གྲུབ་བོ་ཞེ་ན། དུ་བ་ལའང་མཚུངས་སོ། །རྨི་ལམ་བདེན་པའང་སད་པའི་ཚེ་རང་མཚན་སྣང་བའི་བག་ཆགས་ཀྱི་རྒྱུ་ལས་རྨི་ལམ་གྱི་བག་ཆགས་སྣང་བས་རྒྱུའི་ཆོས་རྗེས་སུ་དཔོགས་པ་ཉིད་དེ། རྒྱུད་གཞན་གྲུབ་པ་ལས་ལས་དང་ལྷ་ལ་སོགས་པས་བསྐྱེད་པའི་རྨི་ལམ་བདེན་པ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དུང་དང་ལྗོན་པ་དང་ཟླ་བ་གཉིས་ལ་སོགས་པའང་ཡུལ་རང་མཚན་དང་དབང་པོ་སྐྱོན་ཅན་ལས་ཤེས་པ་འཁྲུལ་པ་སྐྱེ་བས། ནམ་ཤེས་པ་འཁྲུལ་པར་གོ་བ་ན་འཁྲུལ་པ་ལ་དངོས་ཡུལ་མེད་ཀྱང་འཇུག་ཡུལ་དབྱིབས་དང་སྡོད་པ་དང་ཟླ་བ་གཅིག་ལ་འབྲས་རྟགས་ཀྱི་སྐབས་སྲིད་དེ། འཁྲུལ་ཡང་འབྲེལ་ཕྱིར་ཚད་མ་ཉིད་ཅེས་གསུངས་པ་ལྟར་རོ། །དེའང་འཁྲུལ་པ་ཡུལ་ལ་ལྟོས་པ་ལ་འཇུག་གི ནང་གི་བསླད་པ་རབ་རིབ་ལ་སོགས་པ་ལ་མ་ཡིན་ནོ། །ཡང་ཁ་ཅིག་རྟོག་མེད་དོན་གཞན་ལ་ཚད་མར་འདོད་དེ། ཁ་དོག་འཛིན་པ་རེག་བྱ་ལ། །མངོན་སུམ་ཡིན་ཞེས་ལ་ལ་སྨྲ། །དུང་གི་ཁ་དོག་འཛིན་པའི་མིག་ཤེས་རེག་བྱ་འཇམ་པ་དང་ལྗིད་པ་ལ་མངོན་སུམ་ཚད་མ་ཡིན་ལ། དེ་བཞིན་དུ་མེ་དང་ཆུ་ལ་སོགས་པའི་ཁ་དོག་འཛིན་པའང་ཚ་བ་དང་གཤེར་བ་ལ་མངོན་སུམ་ཚད་མའོ་ཞེས་ཟེར་རོ། །འདི་མི་འཐད་དེ། སྐྱེ་མཆེད་རྣམ་དབྱེ་མ་ཤེས་པས། །རྒྱུ་ཆོས་མངོན་སུམ་ཡིན་པར་འཁྲུལ། །སྐྱེ་མཆེད་ཀྱི་རྫས་གཞན་ལ་སྐྱེ་མཆེད་གཞན་ཚད་མར་འགྲོ་ན་དབང་པོ་དུ་མ་དོན་མེད་པར་འགྱུར་བ་དང༌། སློབ་དཔོན་གྱིས་ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པས། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་རྗེས་དཔག་ཏུ་གསུངས་པ་དང་འགལ་ལོ། །གཉིས་པ་མངོན་སུམ་ཚད་མ་ཡིན་པ་ལ་མ་ཡིན་པར་རྟོག་པ་དགག་ན། རྟོག་པ་ཡུལ་དུས་རྣམ་པ་ལ། །འཁྲུལ་པས་མངོན་སུམ་འགོག་ཅེས་ཟེར། །རྟོག་པ་སྣམ་བུའི་དམར་པོ་ལ་བུམ་པའི་དམར་པོར་འཁྲུལ་པའི་ཚེ། མིག་ཤེས་ཀྱང་དམར་པོ་ལ་ཚད་མ་མ་ཡིན་ཏེ། དུང་སེར་པོར་སྣང་བ་དབྱིབས་ལ་ཚད་མ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་སྒོ་རྒྱབ་ཀྱི་བུམ་པ་ལ་ཁང་ཕུགས་ཀྱི་བུམ་པར་རྟོག་པ་འཁྲུལ་པ་དང༌། ཕྱི་དྲོའི་སྲོག་ཆགས་ལ་སྔ་དྲོའི་སྲོག་ཆགས་སུ་རྟོག་པ་འཁྲུལ་པའི་ཚེ་དབང་ཤེས་ཚད་མ་མ་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་དེ། རྟོག་པ་འཁྲུལ་ཡང་དབང་ཤེས་ལ། །མི་སྒྲིབ་སྔོ་འཛིན་ཚད་མ་བཞིན། །དེའི་ཚེ་རྟོག་པ་ཡུལ་དུས་རྣམ་པ་ལ་འཁྲུལ་པས་ལོག་ཤེས་ཡིན་ཡང༌། མངོན་སུམ་དོན་རང་གི་མཚན་ཉིད་ལ་མ་འཁྲུལ་པས་ཚད་མ་ཡིན་ཏེ། བུམ་པ་ལ་རྟག་པར་འཛིན་པའི་སྒྲོ་འདོགས་ཡོད་ཀྱང་སྔོན་པོ་ལ་མངོན་སུམ་ཚད་མར་འགྱུར་བ་བཞིན་ནོ། །གསུམ་པ་ཡིན་མིན་མཚུངས་པར་རྟོག་པ་དགག་པ་ནི། འགའ་ཞིག་ཡིན་མིན་མཚུངས་ཞེས་ཟེར། །མཚུངས་མིན་ཡུལ་ཐ་དད་ཕྱིར་རོ། །རྟོག་པ་སྣམ་བུའི་དམར་པོ་ལ་བུམ་པའི་དམར་པོར་འཁྲུལ་པ་དམར་པོ་ལ་ཚད་མ་ཡིན་ན། དུང་སེར་པོར་འཁྲུལ་པའང་དབྱིབས་ལ་ཚད་མར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་ཡེ་ཤེས་དང་དབང་ཤེས་ཡུལ་ཐ་དད་པས་མི་མཚུངས་སོ། །གཉིས་པ་རྗེས་དཔག་ལ་ལོག་རྟོག་དགག་པ་ལ་གཉིས་ལས། དང་པོ་ཡིན་པ་ལ་མ་ཡིན་པར་རྟོག་པ་དགག་ན། ནོར་བུའི་འོད་ལས་ནོར་བུ་ཉིད། །རྟོག་པ་རྗེས་དཔག་མིན་ཞེ་ན། །ཁ་ཅིག་ནོར་བུའི་འོད་ལས་ནོར་བུ་རྟོགས་པ་རྗེས་དཔག་མ་ཡིན་ཏེ། ནོར་བུ་རྟགས་སུ་བཀོད་ན་རྟགས་དང་རྟགས་ཅན་མེད། །ནོར་བུའི་འོད་མི་འགྲུབ། འོད་ཙམ་མ་ངེས་སོ་ཞེ་ན། སཱ་ལུའི་མྱུ་གུས་སཱ་ལུ་སོགས། །འབྲས་རྟགས་ཕལ་ཆེར་འཁྲུལ་པར་འགྱུར། །དེ་ལྟ་ན་སཱ་ལུའི་མྱུ་གུ་ལས་དེའི་ས་བོན་དཔོགས་པའི་ཚེ། སཱ་ལུ་བཀོད་ན་རྟགས་དང་རྟགས་ཅན་མེད། སཱ་ལུའི་མྱུ་གུ་མ་གྲུབ། མྱུ་གུ་ཙམ་མ་ངེས་སོ། །གལ་ཏེ་སཱ་ལུའི་མྱུ་གུ་འགོད་ལ་དེའི་ཚེ་སཱ་ལུས་ཁྱད་པར་དུ་བྱས་པ་མ་གྲུབ་ཀྱང་གཞན་དུ་མཐོང་བའི་སྟོབས་ཀྱིས་དེར་སྤུ་རིས་ཟིན་པས་མི་འགལ་ལོ་ཞེ་ན། ནོར་བུའི་འོད་ཀྱང་གཞན་དུ་མཐོང་བའི་སྟོབས་ཀྱིས་དེར་སྤུ་རིས་ཟིན་པས་ག་ལ་འགལ། དེ་ལྟ་མ་ཡིན་ན་འབྲས་བུའི་རྟགས་ཐམས་ཅད་འཁྲུལ་པར་འགྱུར་རོ། །གཉིས་པ་རྗེས་དཔག་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་ན། རྟགས་དང་བསྒྲུབ་བྱ་འཁྲུལ་ན་ཡང༌། །དོན་དང་ཆ་ལ་ཚད་མ་ཟེར། །དུ་བས་ལ་ལ་རྟག་པའི་མེ་དཔག་པ་ན་མེ་ཙམ་ལ་ཚད་མར་འདོད་པ་དང༌། ཡན་ལག་ཅན་གྱི་ལ་ཆོས་ཅན་རྟག་པའི་མེ་ཡོད་དེ་དོན་དམ་པའི་དུ་བ་ཡོད་པའི་ཕྱིར། དབང་ཕྱུག་གིས་བྱས་པའི་ཚང་མང་བཞིན་ནོ། །ཞེས་བཀོད་པ་ན། རློམ་ཚོད་ཀྱིས་རྟགས་ཚད་མ་ཡིན་ཡང་གྲུབ་ཚོད་ཀྱི་སྒོ་ནས་རྗེས་དཔག་ཡིན་ནོ་ཞེས་ཟེར་བའང་མི་འཐད་དེ། དེ་ལྟའི་རྟགས་ལ་ཚུལ་གསུམ་མེད། །གྲུབ་ལ་རྟགས་ཀྱི་ཁྱད་པར་མེད། །དུ་བས་ལ་ལ་རྟག་པའི་མེ་བསྒྲུབ་པའམ། དོན་དམ་པའི་དུ་བ་རྟགས་སུ་བཀོད་ན་རྟགས་དེ་དག་ལ་ཚུལ་གསུམ་མི་འགྲུབ་སྟེ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །བཀོད་པ་དེ་ལྟར་བཀོད་ཀྱང་སོང་ཚོད་ལ་མི་རྟག་པའི་མེ་ཙམ་གྲུབ་པ་དང༌། དུ་བ་ཙམ་རྟགས་སུ་སོང་ངོ་ཞེ་ན། མ་ཡིན་ཏེ་ཁྱད་པར་དུ་བྱེད་ཆོས་རྟག་པ་དང༌། དོན་དམ་པ་མ་གྲུབ་པར་དེས་ཁྱད་པར་དུ་བྱས་པའི་རྟག་པའི་མེ་དང་དོན་དམ་པའི་དུ་བ་ག་ལ་འགྲུབ། མེ་ཙམ་དང་དུ་ཙམ་གྲུབ་བོ་ཞེ་ན། མ་ཡིན་ཏེ་དབྱུག་པ་ཅན་འདོད་པ་ལ་མི་རྐྱང་གྲུབ་པས་ཅི་ཞིག་བྱ། གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པའི་ཚད་མ་ལ་གཉིས་ལས། དང་པོ་དྲི་བ་དགོད་པ་ནི། །ཚད་མ་དེ་དག་ངེས་པ་ནི། །རང་གཞན་གང་ལས་རྟོགས་ཤེ་ན། །ཚད་མས་དོན་རྟོགས་པ་ཡི་ཚེ། །ངེས་ཤེས་ཚད་མ་དེ་ཉིད་ཀྱི་སྟོབས་ཀྱིས་འདྲེན་ནམ་གཞན་གྱི་སྟོབས་ཀྱིས་འདྲེན། དེ་ཉིད་ཀྱིས་འདྲེན་ན་ཚད་མའི་མཚན་ཉིད་ལ་མི་མཐུན་པ་མེད་པར་འགྱུར་ལ་གཞན་ལས་ངེས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར་རོ། །གཉིས་པ་ལན་ལ་གསུམ་ལས། གཞན་གྱི་ལན་དགག་ན། ལ་ལ་རང་ལས་ངེས་པར་འདོད། །འགའ་ཞིག་གཞན་ལས་ངེས་ཞེས་ཟེར། །དེ་དག་གཉིས་གས་རིགས་པ་དང༌། །རིགས་པ་སྨྲ་བའི་བཞེད་པ་དོར། །ཁ་ཅིག་རང་ཁོ་ན་ལས་ངེས་སོ་ཞེས་ཟེར་བ་དང༌། འགའ་ཞིག་གཞན་ཁོ་ནས་ངེས་པར་བྱེད་དོ་ཞེས་ཟེར་བ་ནི། དངོས་པོ་སྟོབས་ཀྱིས་ཞུགས་པ་དང༌། སློབ་དཔོན་གྱི་དགོངས་པ་མ་ཤེས་པར་ཟད་དེ། རྣམ་འགྲེལ་ལས། རང་ལ་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བྱ་བ་དང༌། མངོན་སུམ་གྱིས་ནི་བཟུང་བ་དང༌། །ཁྱད་པར་ཆ་ཤས་རྣམས་སྤངས་བ། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་རང་གི་ལན་ནི། དོན་རིག་གཉིས་དང་རང་རིག་དང༌། །རྗེས་སུ་དཔག་པ་རང་ལ་ངེས། །དོན་བྱེད་པར་སྣང་བའི་མངོན་སུམ་དང༌། མངོན་སུམ་གོམས་པ་ཅན་དེ་དོན་རིག་གཉིས་དང༌། རང་རིག་དང་རྗེས་དཔག་བཞི་རང་ལས་ངེས་ལ། དང་པོ་བ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །མངོན་སུམ་དང་པོ་བ་དང་ཡིད་མ་གཏད་པ་དང༌། འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པ་གསུམ་པོ་གཞན་ལས་ངེས་པར་བྱེད་དོ། །དཔེར་བརྗོད་ན་སྣང་བ་རང་ལས་ངེས་བདེན་པའི་ཆ་གཞན་ལས་ངེས་པ་རྒྱང་རིང་པོ་ནས་དམར་འབར་བའི་རྣམ་པ་རང་ལས་ངེས་ཀྱང་མེར་བདེན་ནམ་འོན་ཏེ་སྒྱུ་མའམ་སྤྲུལ་པ་ལ་སོགས་པ་སྒྲོ་བཏགས་ཡིན་ཞེས་ཐེ་ཚོམ་ཟ་བར་གཞན་ལས་ངེས་པར་བྱེད་པའམ། རྒྱང་རིང་པོ་ན་ཡལ་འདབ་དང་ལྡན་པ་སྣང་བ་ན། སྤྱི་ཤིང་ཙམ་ལ་ལྟོས་ནས་སྒྲོ་འདོགས་ཆོད་ནས་རང་ལས་ངེས་ཤིང་བྱེ་བྲག་ཤ་པ་ལ་རྟོག་བྲལ་མ་འཁྲུལ་པ་ཡིན་པས་མངོན་སུམ་ཚད་མ་ཡིན་ཡང་ཤ་པའི་ལྡོག་པ་ལ་སྒྲོ་འདོགས་མ་ཆོད་པས་གཞན་ལས་ངེས་སོ། །བྱེ་བྲག་མ་ངེས་བཞིན་དུ་དེ་ལ་ཚད་མར་འགྲོ་བ་འགལ་ལོ་ཞེ་ན། གཞན་སེལ་གྱི་སྤྱི་མ་གཏོགས་པ་དོན་ལ་སྤྱི་མ་གྲུབ་པས་དོན་བྱེད་པ་ན་བྱེ་བྲག་ཉིད་ཀྱིས་དོན་བྱེད་པའི་ཕྱིར་དང་རྟོག་བྲལ་མ་འཁྲུལ་པའི་ཡུལ་ཡང་ཤ་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་སྣང་བ་རང་ཉིད་ཀྱང་གཞན་ལས་ངེས་པ་དཔེར་ན་འགའ་ཞིག་ཏུ་མེ་སྣང་བ་ན། ཁོ་བོ་ལ་མེ་སྣང་བའི་བློ་གཅིག་བྱུང་ངམ་མ་བྱུང་ཞེས་ཐེ་ཚོམ་ཟ་བ་ན་དབང་ཤེས་རྟོག་བྲལ་མ་འཁྲུལ་པས་ཚད་མ་ཡིན་ཡང་ཡིད་ཤེས་ཀྱིས་ངེས་མ་ནུས་པ་གཞན་ལས་ངེས་པར་བྱེད་པའོ། །དེ་ངེས་པར་བྱེད་པའི་ཚད་མ་ཡང༌། །དོན་བྱེད་པ་དང་གོམས་པ་ཅན། །རྗེས་སུ་དཔག་པས་ངེས་པར་བྱེད། །མེའི་རྣམ་པ་སྣང་ནས་བདེན་བརྫུན་ལ་ཐེ་ཚོམ་ཟ་བ་ན། བཙོ་སྲེག་ལ་སོགས་པའི་དོན་བྱེད་པར་མཐོང་ནས་མེར་ངེས་པའམ། ཡང་ན་དོན་བྱེད་པར་མ་མཐོང་ཡང་བར་དུ་སྐྱེས་པ་དོན་གྱི་རྣམ་པ་གསལ་བར་འཛིན་པའི་མངོན་སུམ་གོམས་པའི་སྟོབས་ཀྱིས་སྤུ་རིས་ཟིན་ནས་དོན་དེར་ངེས་པའམ། རྗེས་དཔག་གི་ངེས་པ་ལ་ཡང་གཉིས་ལས། དམར་འབར་བ་སྣང་ཡང་བརྫུན་པར་དོགས་པ་ལ་དུ་བ་སྐྱེ་བའི་རྟགས་ལས་མེར་ངེས་པའམ། ལྷན་ཅིག་རྒྱུ་བའི་དོན་གཞན་འཛིན་པ་ཞེས་བྱ་བའི་རྗེས་དཔག་དམར་འབར་བ་ལ་ཐེ་ཚོམ་ཟ་བ་ན། མེའི་དྲི་ལ་སོགས་པ་སྐྱེ་མཆེད་ཀྱི་རྫས་གཞན་ལས་མེར་ངེས་པ་ལྟ་བུའོ། །ཁ་ཅིག་འདི་མངོན་སུམ་ཡིན་ཞེས་ཟེར་བ་ནི་སྐྱེ་མཆེད་ཀྱི་རྣམ་དབྱེ་ལ་མི་མཁས་པར་ཟད་དོ། །ཆོས་ཀྱི་གྲགས་པས་ཀྱང་རྒྱུའི་ཆོས་རྗེས་སུ་དཔག་པར་གསུངས་པ་ཡིན་ནོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། ཁ་ཅིག་ཡུལ་དང་ངོ་བོ་ལ། །བརྟགས་ནས་གཞན་སེལ་མི་སྲིད་ཟེར། །ངེས་བྱའི་ཚད་མ་ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ན་ངེས་བྱེད་ཀྱི་ཚད་མ་གཉིས་པ་བཅད་པའི་ཡུལ་ཅན་དུ་འགྱུར་ལ་ཡུལ་མི་གཅིག་ན་ཡུལ་གཞན་དངོས་པོར་གྲུབ་པས། གཞན་ཇི་ལྟར་དངོས་པོར་གྲུབ་ཅེས་ཟེར་བ་དང༌། ཡང་ཁ་ཅིག་གཞན་ལས་ངེས་པ་ཐམས་ཅད་ཀྱིས་ཀྱང་དེའི་ཚེ་སྒྲོ་འདོགས་མ་ཆོད་ན་ཚད་མ་ཉིད་མ་ཡིན་པས་གཞན་ངེས་སུའང་མི་འཐད་ལ། སྒྲོ་འདོགས་ཆོད་ན་རང་ལས་ངེས་སུ་འགྱུར་རོ། །དེས་ན་གཞན་ལས་ངེས་ཀྱི་ཚད་མ་གཏན་མི་སྲིད་དོ་ཞེས་ཟེར་རོ། །དེ་དག་གི་ནི་མངོན་སུམ་དང༌། །རྟོག་པའི་བྱེད་པ་འདྲེས་པར་ཟད། །མངོན་སུམ་རྟོག་བྲལ་མ་འཁྲུལ་པ་ཙམ་གྱིས་ཚད་མར་འགྲོ་ལ། མངོན་སུམ་ཉིད་ཀྱི་རང་སྟོབས་ཀྱིས་དེ་མ་ཐག་ཏུ་ངེས་ཤེས་འདྲེན་ནུས་ན་རང་ལས་ངེས་ཡིན་ཅིང༌། མངོན་སུམ་གྱི་རང་སྟོབས་ཀྱིས་དེ་མ་ཐག་ཏུ་ངེས་ཤེས་འདྲེན་མ་ནུས་པ། ཕྱིས་ཚད་མ་གཞན་གྱིས་ངེས་དགོས་ལ། གཞན་ལས་ངེས་ཡིན་པའི་རྣམ་གཞག་མ་ཤེས་པར་མུ་སྟེགས་བྱེད་ལྟར་རྟོག་པ་དང༌། རྟོག་མེད་ཀྱི་བྱེད་པ་འདྲེས་ཏེ། མངོན་སུམ་ཉིད་ངེས་པའི་བདག་ཉིད་དུ་བསམས་ནས་རྩོད་པར་ཟད་དོ། །འོ་ན་མངོན་སུམ་ཐམས་ཅད་སྣང་ལ་མ་ངེས་པར་འགྱུར་རོ་ཞེ་ན། འདོད་པ་ཡིན་ནོ་ཞེས་བཤད་ཟིན་ནོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས་ལས་དང་པོ་དགག་སྒྲུབ་སྤྱིའི་རྣམ་གཞག་ནི། སྣང་བ་དངོས་པོའི་ཡུལ་ཅན་ཡིན། །སེལ་བ་ལ་ནི་དགག་སྒྲུབ་གཉིས། །སྣང་བ་རྫས་ཀྱི་ཡུལ་ཅན་ཡིན་པས། མངོན་སུམ་དོན་ལ་ལྟ་བ་ཙམ་མ་གཏོགས་པ་དགག་སྒྲུབ་ཀྱི་ཐ་སྙད་མེད་དོ། །འོན་ཀྱང་དེས་དྲངས་པའི་ངེས་པ་དང༌། རྗེས་དཔག་སྟེ་མདོར་ན་སེལ་བས་དགག་སྒྲུབ་བྱེད་དོ། །སྐབས་འགར་སྣང་བ་ལ་སྒྲུབ་པར་གྲགས་པ་ནི་བཏགས་པ་བ་ཡིན་ལ། དེ་ལྟ་ན་སྣང་བའི་བསྒྲུབ་པ་དང་སེལ་བའི་བསྒྲུབ་པ་གཉིས་སུ་དབྱེའོ། །དེ་ལ་སྣང་བའི་བསྒྲུབ་པས་དངོས་སུ་དགག་སྒྲུབ་མི་བྱེད་ལ་ངེས་ནས་བྱེད་ན་སེལ་བར་འགྱུར་བས་སྐབས་འདིར་སེལ་བའི་བསྒྲུབ་པ་བཤད་དོ། །ཆོས་ཀྱི་གྲགས་པས་ཀྱང༌། དགག་དང་སྒྲུབ་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་ཞེས་གསུངས་པའང་སེལ་བའི་བསྒྲུབ་པ་ལ་དགོངས་ལ་དེས་ན་སེལ་བའི་དགག་སྒྲུབ་གཉིས་དང༌། མེད་དགག་མ་ཡིན་དགག་དོན་གཅིག་གོ །གཉིས་པ་དེའི་རང་བཞིན་གཏན་ལ་དབབ་པ་ལ་གཉིས་ཏེ། མཚན་ཉིད་དང༌། དེས་དོན་རྟོགས་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། གཞན་གྱི་ལུགས་དགག་ན། ཁ་ཅིག་མེད་དགག་མ་ཡིན་དགག་གི་མཚན་ཉིད། བསྒྲུབ་ཆོས་དོར་མ་དོར་ལ་བྱས་ནས་མ་ཡིན་དགག་དང་མངོན་སུམ་གཉིས་གཅིག་ཏུ་བྱེད་པ་ནི། སྒྲ་དང་ཚད་མའི་གཞུང་ལུགས་རྒྱ་ཆེན་པོ་མ་མཐོང་བས་སྣང་བའི་བསྒྲུབ་པ་དང་སེལ་བའི་བསྒྲུབ་པ་མ་ཕྱེད་ཅིང༌། མ་ཡིན་དགག་གི་བསྒྲུབ་པ་དང༌། དགག་པའི་ཆ་མ་ཕྱེད་པར་ཟད་དེ། རྣམ་ངེས་ལས། མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མེད་པར་དགག་པ་ཡང་ཡིན་ལ། །ཞེས་གསུངས་པ་མ་དྲན་པ་ཡིན་ནོ། །ཡང་བསྒྲུབ་ཆོས་མ་དོར་བ་མ་ཡིན་དགག་ཡིན་ན་མངོན་སུམ་ཡང་མ་ཡིན་དགག་ཏུ་ཐལ་ཏེ། བསྒྲུབ་ཆོས་མ་དོར་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། དགག་པ་བསྒྲུབ་པ་སྤོང་བ་དང༌། །མི་སྤོང་བ་ཡི་སྒོ་ནས་གཉིས། །མེད་དགག་དང་མ་ཡིན་དགག་གི་མཚན་ཉིད་རིམ་པ་བཞིན་དགག་བྱ་བཅད་ནས་ཆོས་གཞན་མི་འཕེན་པ་དང་འཕེན་པ་ཡིན་ཏེ། དཔེར་ན་བུམ་པ་མེད་པ་དང༌། བུམ་པ་མེད་པའི་ས་ཕྱོགས་ལྟ་བུ་དགག་པ་རྐྱང་པ་དང་དགག་གྲུབ་ཚོགས་པའོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག་དགག་བྱ་དེ་ཡོངས་ཆོད་དང༌། དངོས་འགལ་གཅོད་ན་མ་ཡིན་དགག་མི་སྲིད་དེ། ཤེས་བྱ་ཐམས་ཅད་དངོས་འགལ་བཅད་ལྡོག་ཙམ་ཁོ་ནར་གནས་པའི་ཕྱིར་རོ། །བརྒྱུད་འགལ་གཅོད་ན་མེད་དགག་མི་སྲིད་དེ་བརྒྱུད་འགལ་བཅད་ནས་ཆོས་གཞན་མི་འཕེན་པ་མེད་པའི་ཕྱིར་རོ་ཞེ་ན། དངོས་འགལ་བརྒྱུད་འགལ་གང་ཡིན་ཡང་བླ་སྐབས་དེར་མི་འདོད་པའི་ཆོས་གཅིག་ཡིན་ལ། ཤུལ་དུ་འཕང་བའི་ཆོས་ཀྱང་སྐབས་དེར་འདོད་པའི་ཆོས་ཡིན་པས་མི་འདོད་པའི་ཆོས་གཅིག་བཅད་ནས་འདོད་པའི་ཆོས་གཞན་འཕེན་པ་དང་མི་འཕེན་པ་ཡིན་ནོ། །དེས་ན་མ་ཡིན་དགག དགག་སྒྲུབ་ཚོགས་པ་ཡིན་པས་དངོས་པོའི་ཆ་གཙོ་ཆེ་ན་བསྒྲུབ་པར་ཡང་མིང་འདོགས་ཏེ། དགག་དང་བསྒྲུབ་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་ཞེས་གསུངས་པ་ལྟར་རོ། །སེལ་བའི་ཆ་གཙོ་ཆེ་ན་དགག་པར་ཡང་འདོགས་ཏེ། རྣམ་འགྲེལ་ལས། འདིས་ནི་དངོས་ལ་དངོས་པོའི་ཆ། །ཁས་བླངས་མེད་ཅན་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་དགག་པ་བསྒྲུབ་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དོན་ཇི་ལྟར་རྟོགས་པའི་ཚུལ་ལ་གསུམ་ལས་དང་པོ་གཞན་གྱི་ལུགས་དགག་ན། ཁ་ཅིག་དངོས་ཤུག་སྒོ་ནས་ཀྱང༌། །བསྒྲུབ་པ་དང་ནི་འགོག་ཅེས་ཟེར། །བོད་རྣམས་འདོད་པའི་དངོས་ཤུགས་ལ་གསུམ་ལས་དང་པོ་མཚན་ཉིད་ནི། རིམ་པ་ལྟར་དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་དང༌། གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པའོ། །དེ་ཡང་དངོས་ཡུལ་དེ་རྟོགས་པ་ཉིད་ན་ཤུགས་ཀྱིས་སྒྲོ་འདོགས་གཅོད་པས་བློ་སྔ་ཕྱི་རིམ་པ་མེད་དོ། །གཉིས་པ་དེས་དགག་སྒྲུབ་བྱེད་པའི་ཚུལ་བསྒྲུབ་པ་ལ་དཔེར་བརྗོད་ན། རྗེས་དཔག་གིས་ལ་མེ་ལྡན་དུ་གཞལ་བ་ན་བདག་ཉིད་མེ་འཇལ་དུ་ཤུགས་ལས་རྟོགས་པ་དང༌། རྟག་པ་ལ་བྱས་པ་དགག་པ་དངོས་སུ་རྟོགས་པ་ན་དྲན་བཞིན་པའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ཤུགས་ལ་རྟོགས་པ་ལྟ་བུའམ། མངོན་སུམ་ལའང༌། རང་རིག་གིས་བློ་དེ་འཛིན་དུ་གྲུབ་པས་ཡུལ་དེར་སྣང་དུ་ཤུགས་ལ་འགྲུབ་སྟེ། བློ་ཟླ་བ་གཉིས་དང་སྔོན་པོ་འཛིན་བྱེད་དུ་དངོས་སུ་གྲུབ་པས་ཡུལ་ཟླ་བ་གཉིས་དང་སྔོན་པོའི་རྣམ་པ་ཤུགས་ལ་འགྲུབ་པ་དང༌། གཞན་རིག་གིས་ཡུལ་དེར་སྣང་དུ་དངོས་སུ་གྲུབ་པས་བློ་དེ་འཛིན་ཤུགས་ལ་གྲུབ་སྟེ། གཟུང་ཡུལ་སྔོན་པོར་དངོས་སུ་གྲུབ་པས་བློ་རང་ཉིད་སྔོ་འཛིན་དུ་ཤུགས་ལ་གྲུབ་པ་ལྟ་བུའམ། དོན་རིག་གིས་དུ་བ་ལ་མེ་ཡོད་དང་ཤ་པ་ལ་ཤིང་ཡིན་པ་ཁྱབ་པ་གྲུབ་པས་མེ་མེད་ལ་དུ་བ་མེད་དང༌། ཤིང་མེད་ལ་ཤ་པ་མེད་པས་ཁྱབ་པ་ཤུགས་ལ་འགྲུབ་བོ། །དགག་པ་ལ་དཔེར་བརྗོད་ན་ལྡོག་པ་གཉིས་ཚོགས་འཛིན་པ་ལ་ཆིག་རྐྱང་འཛིན་པས་ཁྱབ་པས་རིགས་ཀྱི་སྤྱི་ཆིག་རྐྱང་འཛིན་པ་ཁེགས་ནས་བྱེ་བྲག་གཉིས་ཚོགས་འཛིན་པ་ཤུགས་ལ་ཁེགས་སོ། །གསུམ་པ་ཇི་ལྟར་ཁེགས་པའི་ཚུལ་ཡང་གསུམ་ལས་དགག་གཞིའི་སྤྱི་ལ་དངོས་སུ་ཁེགས་པས་དགག་གཞིའི་བྱེ་བྲག་ལ་ཤུགས་ལ་ཁེགས་པ་དཔེར་ན་མེ་ཙམ་གྱི་སྤྱི་ལ་བསིལ་བ་དངོས་སུ་ཁེགས་པས་ཙནྡན་གྱི་མེ་ལ་བསིལ་བ་ཤུགས་ལ་ཁེགས་པའམ། དངོས་པོའི་སྤྱི་ལྡོག་ལ་བདེན་དངོས་ཁེགས་པས་ཡུལ་དུས་རྣམ་པ་ཐ་དད་ཀྱི་དངོས་པོ་ལའང་བདེན་དངོས་ཁེགས་པ་ལྟ་བུའོ། །སྤྱི་དངོས་སུ་ཁེགས་པས་བྱེ་བྲག་ཤུགས་ལ་ཁེགས་པ་ནི། དངོས་པོ་ལ་དགག་བྱ་བདེན་དངོས་ཙམ་གྱི་སྤྱི་དངོས་སུ་ཁེགས་པས་བྱེ་བྲག་གང་ཟག་གི་བདག་དང་རྡུལ་དང་སྐད་ཅིག་ལ་བདེན་དངོས་ཤུགས་ལ་ཁེགས་པའམ། ས་ཕྱོགས་སུ་སྔོ་ཙམ་ཁེགས་པས་ཨུཏྤ་ལའི་སྔོན་པོ་ཤུགས་ལ་ཁེགས་པ་ལྟ་བུའོ། །དགག་གཞིའི་སྤྱི་ལ་དགག་བྱའི་སྤྱི་དངོས་སུ་ཁེགས་པས་དགག་གཞི་བྱེ་བྲག་ལ་དགག་བྱའི་བྱེ་བྲག་ཤུགས་ལ་ཁེགས་པ་ནི། དངོས་པོ་ཙམ་གྱི་སྤྱི་ལ་བདེན་དངོས་ཙམ་དངོས་སུ་ཁེགས་པས་དངོས་པོའི་བྱེ་བྲག་དོན་དང་ཤེས་པ་ལ་རྡུལ་དང་སྐད་ཅིག་ཏུ་བདེན་པ་ཁེགས་པ་ལྟ་བུའོ། །དེ་བཞིན་དུ་ཁྱད་པར་བྱས་ཆོས་བྱེད་ཆོས་ཀྱང་ལྡོག་པ་ཚིག་རྐྱང་དང་གཉིས་ཚོགས་ཡིན་པས་ཁྱད་པར་བྱེད་ཆོས་དབྱུག་པ་ཁེགས་པས་བྱས་ཆོས་དབྱུག་པ་ཅན་ཁེགས་པ་བཞིན་ནོ། །བྱེད་ཆོས་ལ་ཁེགས་པས་བྱས་ཆོས་ལ་མི་ཁེགས་ཏེ། དབྱུག་པ་ལ་སྲོག་ཁེགས་པས་དབྱུག་པ་ཅན་ལ་མི་ཁེགས་པ་བཞིན་ནོ། །དེ་བཞིན་དུ་བྱེད་ཆོས་དངོས་སུ་བཀག་པས་བྱས་ཆོས་ཤུགས་ལ་ཁེགས་པའི་ཚུལ་ཡང་བྱེད་ཆོས་ཡིན་པ་བཀག་པས་བྱས་ཆོས་ཡིན་པ་དང༌། བྱེད་ཆོས་ཡོད་པ་བཀག་པས་བྱས་ཆོས་ཡོད་པ་ལ་སོགས་པ་ཁེགས་པའི་ངེས་པ་མེད་དེ། དབྱུག་པ་ཡིན་པ་བཀག་པས། དབྱུག་པ་ཅན་ཡིན་པ་དང༌། ཕ་ཡོད་པ་བཀག་པས་བུ་ཡོད་པ་མི་ཁེགས་པ་བཞིན་ནོ། །འོན་ཀྱང་དབྱུག་པ་ཅན་ལག་ན་དབྱུག་པ་ཡོད་པའམ་བུ་ཕ་སྔོན་དུ་སོང་བས་ཁྱད་པར་དུ་བྱས་པ་ལྟ་བུ། ཇི་ལྟར་ཁྱད་པར་དུ་བྱས་པ་ལྟར་གྱིས་བྱེད་ཆོས་ཁེགས་ན་བྱས་ཆོས་ཁེགས་ཏེ། ཆིག་རྐྱང་མ་བཟུང་ན་གཉིས་ཚོགས་མི་འཛིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདིའང་དཔྱད་དེ། རྗེས་དཔག་ཤུགས་རྟོགས་ཉིད་དུ་འགྱུར། །མིན་ན་ཚད་མ་གསུམ་པར་འགྱུར། །ཤུགས་རྟོགས་ཀྱི་མཚན་ཉིད་དོན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་དེ་རྗེས་དཔག་ལ་ཁྱབ་ཆེས་སོ། །གལ་ཏེ་རྗེས་དཔག་རྟགས་ལ་ལྟོས་ལ་འདི་རྟགས་ལ་མི་ལྟོས་པར་དོན་གཞན་ལ་སྒྲོ་འདོགས་གཅོད་དོ་ཞེ་ན། རྟག་ལ་མི་ལྟོས་པ་དེ་ཅི། འབྲེལ་པ་ལ་མི་ལྟོས་པར་སྒྲོ་འདོགས་གཅོད་ན་ཚད་མ་གསུམ་པར་འགྱུར་རོ། །ལྟོས་ན་རྗེས་དཔག་ལས་མི་འདའ་སྟེ། འབྲས་བུ་དང་བྱེ་བྲག་གྲུབ་པའི་ཤུགས་ཀྱིས་རྒྱུ་དང་སྤྱི་གྲུབ་པ་ནི་འབྲས་བུ་དང་རང་བཞིན་གྱི་རྟགས་ཡིན་ལ། རྒྱུ་དང་ཁྱབ་བྱེད་བཀག་པའི་སྟོབས་ཀྱིས་འབྲས་བུ་དང་ཁྱབ་བྱ་ཤུགས་ལ་འགོག་ན་རྒྱུ་མི་དམིགས་པ་དང་ཁྱབ་བྱེད་མི་དམིགས་པར་འདུ་ཞིང༌། ཁྱད་པར་བྱེད་ཆོས་ཁེགས་པས་བྱས་ཆོས་ཁེགས་པའང་དབྱུག་པ་དང་སྐྱེས་བུ་གཉིས་འདུས་པའི་རྒྱུ་ལས་དབྱུག་པ་ཅན་གྱི་འབྲས་བུ་སྐྱེ་བས་རྒྱུའམ་ཁྱབ་བྱེད་མི་དམིགས་པ་ཡིན་ལ། ཡང་རྗེས་དཔག་གིས་ལ་མེ་ལྡན་དུ་རྟོགས་པ་ན་བློ་མེ་འཇལ་དུ་ཤུགས་ལ་རྟོགས་པ་ལ་སོགས་པ་ནི་ལ་མེ་ལྡན་དུ་རྟོགས་པ་ཉིད་བློ་ཡིན་པས་དེ་ལ་ཤུགས་ལ་རྟོགས་རྒྱུའི་བློ་གཞན་མེད་དོ། །རང་རིག་གིས་བློ་ཟླ་བ་གཉིས་འཛིན་དུ་དངོས་སུ་གྲུབ་པས་ཡུལ་ཟླ་བ་གཉིས་སུ་ཤུགས་ལ་གྲུབ་བོ་ཞེས་ཟེར་བ་མི་འཐད་དེ། བློ་འཁྲུལ་པ་ལ་ཡུལ་མེད་པའི་ཕྱིར་རོ། །རྣམ་པ་ཙམ་ལ་མི་འཁྲུལ་ལོ་ཞེ་ན། རྣམ་པ་དེ་ཅི་དོན་རང་མཚན་ཡིན་ན་བློ་མ་འཁྲུལ་པར་འགྱུར་ལ། དོན་སྤྱིའམ་མེད་པ་གསལ་བའི་རྣམ་པ་ནི་བློ་འཁྲུལ་པ་ཉིད་ཡིན་གྱི་ཡུལ་མེད་པར་བཤད་ཟིན་ཏོ། །གཞན་རིག་གི་ཡུལ་སྔོན་པོར་དངོས་སུ་གྲུབ་པས་བློ་སྔོ་འཛིན་ཤུགས་ལ་གྲུབ་པའང་མི་འཐད་དེ། ཡུལ་སྔོན་པོར་གྲུབ་པ་ཉིད་ཡུལ་གྱི་རྣམ་པས་གཞག་པའི་བློ་ཡིན་པས་དེས་ཤུགས་ལ་བློ་གཞན་བསྒྲུབ་རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་དང་ཁྱབ་བྱེད་བཀག་པའི་ཤུགས་ལ་འབྲས་བུ་དང་ཁྱབ་བྱ་འགོག་པ་རྗེས་དཔག་ཏུ་འདུ་བ་ལ་སོགས་པ་རང་གིས་བརྟགས་ལ་ཤེས་པར་བྱའོ། །གཉིས་པ་རང་གི་ལུགས་ལ་གཉིས་ཏེ། བསྒྲུབ་པ་རྟོགས་པའི་ཚུལ་དང་དགག་པ་རྟོགས་པའི་ཚུལ་ལོ། །དང་པོ་ལ་རྟོགས་བྱ་བསྒྲུབ་པའི་དབྱེ་བ་ནི། དོན་དང་ཤེས་པ་ཡིན་པ་དང༌། །ཡོད་པའི་དབྱེ་བས་གཉིས་གཉིས་བཞི། །དོན་དང་ཤེས་པ་གཉིས་ལ་ངོ་བོ་ཡིན་པ་དང༌། ཐ་དད་ལྡན་པས་ཕྱེ་བས་གཉིས་གཉིས་བཞི་ཡིན་ནོ། །དགག་པ་དེ་ཉིད་བཟློག་པ་བཞི། །དགག་པའི་དབྱེ་བ་ནི། དོན་དང་ཤེས་པ་གཉིས་ལ་ངོ་བོ་མ་ཡིན་པ་དང་ཐ་དད་མི་ལྡན་པ་གཉིས་གཉིས་བཞི་ཡིན་ནོ། །དགག་སྒྲུབ་དེའང་ཚད་མས་འགྲུབ། །བསྒྲུབ་པ་རྟོགས་པ་ནི་མངོན་སུམ་གྱིས་དྲངས་པའི་ངེས་པ་དང་མ་ཡིན་དགག་སྒྲུབ་པའི་རྗེས་དཔག་ཡིན་ལ། དགག་པ་རྟོགས་པ་ནི་མངོན་སུམ་དང་མེད་དགག་བསྒྲུབ་པའི་རྗེས་དཔག་ཡིན་ནོ། །རྗེས་དཔག་ཀྱང་མེད་དགག་བསྒྲུབ་པའི་མི་དམིགས་པའི་རྟགས་ཀྱིས་མེད་དགག་རྟོགས་ལ་མ་ཡིན་དགག་སྒྲུབ་པའི་བསྒྲུབ་རྟགས་ཀྱིས་མ་ཡིན་དགག་རྟོགས་སོ། །དེ་ལྟར་རྟོགས་ནས་འགོག་པའི་ཚུལ་ཡང་ངོ་བོ་ཡིན་པ་དང༌། ཐ་དད་ལྡན་པ་གཉིས་ལས། དང་པོ་བདེ་བ་སྡུག་བསྔལ་ཡིན་པ་དང༌། གཟུགས་འཛིན་སྒྲ་འཛིན་གྱི་ངོ་བོ་ཡིན་པ་ནི། རང་གི་བྱེད་པས་ཁེགས་ཏེ་དེར་བསྒྲུབ་པས་དེ་མིན་ཁེགས་པས་སོ། །ཡང་རང་རྒྱུད་ལ་གཟུགས་འཛིན་སྐྱེས་ལ་སྒྲ་འཛིན་མ་སྐྱེས་པ་ན་སྒྲ་འཛིན་མེད་པར་གང་གིས་རྟོགས་ཤེ་ན། སྒྲ་འཛིན་མྱོང་ན་འཁྲུལ་པའི་རྒྱུ་མཚན་མེད་པ་ལ་ཡིད་གཏད་ན་ངེས་པས་ཁྱབ་པ་ལ་འབྲས་བུ་ངེས་ཤེས་མ་དམིགས་པའོ། །ངེས་ཤེས་མ་དམིགས་པ་ཉིད་གང་ལས་ཤེ་ན། ངེས་ཤེས་ཡོད་ན་བློ་གཞན་ངེས་པ་དེའི་ངོ་བོར་འགྱུར་དགོས་ཏེ། དེ་ལྟ་མ་ཡིན་ན་རྟོག་གཉིས་ཅིག་ཅར་འཇུག་པར་འགྱུར་བས་སོ། །ངེས་ཤེས་བཀག་པ་དེའང་འབྲས་བུའམ་ཁྱབ་བྱེད་མི་དམིགས་པ་ཡིན་ཡང༌། མྱོང་བྱ་མྱོང་བྱེད་དག་གྲུབ་སྡེ་གཅིག་པས་མངོན་སུམ་དུ་བརྗོད་དོ། །ཡང་ས་ཕྱོགས་ཉིད་བུམ་པ་ཉིད་ཡིན་པ་དང༌། བུམ་པ་ཀ་བ་ཡིན་པ་དང༌། སྔོན་པོ་སེར་པོ་ཡིན་པ་ལ་སོགས་པ་དེ་ཡིན་པ་འགོག་པ་ནི། དེ་འབའ་ཞིག་པར་འཛིན་པའི་གཞན་རིག་གིས་བྱེད་པས་ཁེགས་ལ། ཐ་དད་ཡོད་པ་འགོག་པ་ཡང་ས་ཕྱོགས་ན་བུམ་པའམ། མགོ་ལ་རྭ་ལྟར་གཞི་འཛིན་ལ་བལྟར་རུང་རྣམས་ནི་གཞི་དག་པར་མྱོང་བ་ཉིད་ཀྱིས་ཁེགས་ཏེ། རང་བཞིན་ཁྱད་པར་ཅན་མྱོང་ལས། །གཞན་བསལ་བ་ནི་གཞན་མ་ཡིན། །ཞེས་གསུངས་པ་ལྟར་རོ། །རྔ་ལ་སྒྲ་མེད་པ་དང་མར་མེའི་རྒྱུན་ཆད་པ་ལ་སོགས་པ་དགག་གཞི་འཛིན་པ་ལ་བལྟར་མི་རུང་བ་རྣམས་འབྲས་བུའི་ངེས་ཤེས་མ་དམིགས་པས་ཁེགས་སོ། །ས་ཕྱོགས་ན་སྲོག་ཆགས་ཕྲ་མོའམ། གཙུག་ལག་ཁང་ན་རྔའི་སྒྲ་མེད་པ་ལ་སོགས་པ་ནི་དེ་ཙམ་མི་སྣང་ཞིང་མ་མཐོང་བས་མེད་པར་མི་འགྲུབ་སྟེ། གློ་བུར་དུ་མིག་དང་རྣ་བའི་དབང་པོ་ཉམས་པ་སྲིད་པའི་ཕྱིར་རོ། །འོན་ཀྱང་དེ་དག་དང་མཉམ་པའམ། ཕྲ་བའི་གཟུགས་སམ། སྒྲ་གཞན་མཐོང་ཞིང་ཐོས་ན་དེ་དག་མེད་པར་འགྲུབ་བོ། །དེས་ན་དགག་གཞི་འཛིན་པ་ལ་སྣང་རུང་གཞི་དེ་དག་དེའི་ཁྱད་པར་ཅན་མ་ཡིན་པའི་དོན་དང་ཤེས་པ་ཐམས་ཅད་རྗེས་དཔག་གིས་བྱེད་དོ། །དེ་ལྟར་ཚད་མས་བཀག་པའི་དོན་ཡང་ཡོད་པ་བསལ་བ་མ་ཡིན་གྱི་མེད་པ་ལ་མེད་པར་ཤེས་པར་བྱེད་པ་ཡིན་ལ། དེའང་དགག་བྱའི་དམིགས་པ་བཀག་པ་ཉིད་ཡིན་ཏེ། ཐམས་ཅད་དུ་དགག་བྱ་ཁེགས་པའི་དོན་དེ་ཙམ་ལས་གཞན་མེད་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་པ་ནི། ཤུགས་ལ་རྟོགས་ཞེས་གསུངས་པ་ཡང༌། །བྱེད་པའམ་རྗེས་དཔག་ཉིད་ལ་དགོངས། །སློབ་དཔོན་གྱིས་གཞུང་གི་ཆ་འགར་ཤུགས་ལ་རྟོགས་པའམ་དོན་གྱིས་གོ་བ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མངོན་སུམ་གྱི་བྱེད་པའམ། ཚུལ་གསུམ་གོམས་པ་ལས་གློ་བུར་བའི་རྗེས་དཔག་སྐྱེས་པ་ལ་དགོངས་ཏེ། རྣམ་ངེས་ལས། རང་གིས་གྲུབ་པ་མ་ཡིན་པ་ཐམས་ཅད་ནི་བདག་ཉིད་དང་འབྲེལ་པའི་སྒྲུབ་པར་བྱེད་པ་མི་འཁྲུལ་བ་གཞན་ལ་ལྟོས་པའི་ཕྱིར་མངོན་སུམ་མ་ཡིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཚད་མ་རིགས་པའི་གཏེར་ལས་མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་བརྒྱད་པའོ།། །།གཉིས་པ་མཚན་གཞི་སོ་སོའི་དོན་ལ་གཉིས་ལས། མངོན་སུམ་ལ་གསུམ་སྟེ། མངོན་སུམ་ཡང་དག་པ། བཟློག་ཕྱོགས་མངོན་སུམ་ལྟར་སྣང༌། ཚད་མ་དང་འབྲས་བུའོ། །དང་པོ་མངོན་སུམ་ཡང་དག་པ་ལ་གསུམ་སྟེ། མཚན་ཉིད་དང༌། མཚོན་བྱའི་དབྱེ་བ་དང༌། མཚོན་གཞི་སོ་སོའི་དོན་ཏོ། །དང་པོ་ལ་གཉིས་ལས་གཞན་ལུགས་དགག་ན། མྱོང་བས་སྤྲོ་འདོགས་གཅོད་པ་འཁྲུལ། །བོད་རྣམས་མངོན་སུམ་དང་མངོན་སུམ་ཚད་མ་ཐ་དད་དུ་ཕྱེ་ནས། མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་མ་འཁྲུལ་པ་དང༌། དེའི་ཚད་མའི་མཚན་ཉིད་སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་ཟེར་བ་མི་འཐད་དེ། གཉིས་སུ་དབྱེ་བ་གཞུང་ལས་མ་བཤད་ཅིང་སྔར་མ་རྟོགས་པ་ལ་རྣམ་གཅད་མེད་ལ་སྒྲོ་འདོགས་གཅོད་པ་མངོན་སུམ་གྱི་རང་ལྡོག་པ་མི་སྲིད་པར་བཤད་ཟིན་ཏོ། །གཉིས་པ་རང་འདོད་པ་ནི། མངོན་སུམ་རྟོག་བྲལ་མ་འཁྲུལ། །ཞེས་བྱ་བ་ཡིན་ནོ། །དེ་ནི་མིང་ལ་བརྟེན་ནས་དོན་ཚོལ་བ་ཡིན་པས་རྟོག་པ་དང་བྲལ་བ་དང༌། མ་འཁྲུལ་པ་གཉིས་དཔྱད་དོ། །དེའང་རྟོག་པའི་མཚན་ཉིད་ལུང་ལས་གྲགས་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་སེམས་རྩིང་པར་འཇུག་པ་ཙམ་མ་ཡིན་གྱི་རྟོག་པ་སྒྲ་དོན་འཛིན་པ་ཡིན། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པར་བརྗོད། །ཅེས་གསུངས་པས་སོ། །རྣམ་ངེས་ལས་ཀྱང༌། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བའི་ཤེས་པ་ཞེས་གསུངས་པའང་དེ་ཡིན་ནོ། །དོན་སྤྱི་འཛིན་པ་ཞེས་བརྗོད་ཀྱང་དེ་ཉིད་ལས་མ་འདས་སོ། །ཁ་ཅིག་དོན་སྤྱི་འཛིན་པ་ཞེས་བརྗོད་ན་མུ་སྟེགས་དབང་ཤེས་རྟོག་བཅས་སུ་འདོད་པ་ལ་མ་ཁྱབ་བོ་ཞེས་ཟེར་མོད་ཀྱི་དེ་ལྟ་ན་སྒྲ་དོན་འཛིན་པས་ཀྱང་བརྡ་ལ་མ་བྱང་བའི་རྟོག་པ་ལ་མ་ཁྱབ་པར་མཚུངས་སོ། །ཁ་ཅིག་བརྡ་ལ་མ་བྱང་བའི་རྟོག་པ་བསྡུ་བའི་ཕྱིར་བརྗོད་པ་སྒྲ་དང་འདྲེར་རུང་འཛིན་པ་ཞེས་ཟེར་ནའང་འདྲེས་པ་འཛིན་པ་ལ་མ་ཁྱབ་བོ། །མཚན་ཉིད་རིགས་ལ་འཇོག་པས་མི་འགལ་ལོ་ཞེ་ན། དེ་ལྟ་ན་དེ་དག་གང་ལྟར་བརྗོད་ཀྱང་རིགས་གཅིག་པས་འགལ་བ་མེད་དོ། །བྲལ་བའི་དོན་རྟོགས་པའི་རྫས་ལ་བྱས་ནས་རྟོག་པ་མྱོང་བའི་རང་རིག་རྟོག་བྲལ་མ་ཡིན་པར་འགྱུར་ལ། རྟོག་པའི་ལྡོག་པ་ལ་བྱས་ན་རྗེས་དཔག་ཀྱང་རྟོག་བྲལ་དུ་འགྱུར་བས་འདིར་རྟོག་བྲལ་གྱི་དོན་རང་ལྡོག་ལ་རྟོག་པའི་མཚན་ཉིད་མི་བརྟེན་པ་ཡིན་ནོ། །མ་འཁྲུལ་བའི་དོན་ཁ་ཅིག་རྣམ་རིག་པའི་གྲུབ་མཐའ་ལྟར་མི་བསླུ་བ་ལ་འདོད་པ་དང༌། ཁ་ཅིག་ཡུལ་བདེན་པ་དང་ལྡན་པ་ལ་འདོད་པ་དང༌། ཁ་ཅིག་གཟུང་ཡུལ་ལ་མ་འཁྲུལ་པ་ལ་འདོད་པ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ་མི་བསླུ་བ་ཙམ་རྗེས་དཔག་གི་འཇུག་ཡུལ་ལའང་ཡོད་ཅིང༌། དོན་བདེན་པ་བརྟགས་ན་སྙིང་པོ་མེད་ཅིང༌། གཟུང་ཡུལ་དོན་བྱེད་ནུས་པ་ལ་བྱེད་ན་རང་རིག་དང་རྣལ་འབྱོར་མངོན་སུམ་ལ་མ་ཁྱབ་སྟེ། རྣམ་འགྲེལ་ལས། རྒྱུ་ཡི་དངོས་པོ་མ་གཏོགས་པའི། །གཟུང་བ་ཞེས་བྱ་ཅི་ཡང་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་མ་འཁྲུལ་པའི་དོན་རྣམ་ངེས་ལས། རབ་རིབ་དང་མྱུར་དུ་བསྐོར་པ་དང་གྲུར་ཞུགས་པ་དང་འཁྲུལ་པ་ལ་སོགས་པས་འཁྲུལ་པ་མ་བསྐྱེད་པ་ཞེས་གསུངས་པས་དབང་པོ་དང་ཡུལ་དང་བྱ་བ་ལ་སོགས་པའི་འཁྲུལ་པའི་རྒྱུད་དེ་དག་དང་བྲལ་བ་ཉིད་ཡིན་ནོ། །འདི་ལ་གཉིས་ཀ་རིགས་མི་མཐུན་སེལ་བའི་མཚན་ཉིད་དུ་དགོས་སམ་ཞེ་ན། ཁ་ཅིག་གཉིས་ཀ་ཡིན་ནོ་ཞེས་ཟེར་བ་ནི་མ་འཁྲུལ་བའི་དོན་མ་ཤེས་པ་ཡིན་ནོ། །དེས་ན་ཡང་དག་པར་ན་རྟོག་པ་ཐམས་ཅད་འཁྲུལ་པ་ཡིན་པས་མ་འཁྲུལ་པ་ཞེས་བརྗོད་པ་ཉིད་ཀྱིས་རྟོག་བྲལ་དུའང་འགྲུབ་མོད་ཀྱི། ཁ་ཅིག་རྟོག་པ་དང་བཅས་བཞིན་དུ་གཟུང་དོན་ལ་མ་འཁྲུལ་པར་འདོད་པ་དང༌། ཁ་ཅིག་འཇུག་ཡུལ་ལ་མ་འཁྲུལ་པས་ཀྱང་མ་འཁྲུལ་པའི་གོ་ཆོད་པས་རྗེས་དཔག་ཀྱང་མ་འཁྲུལ་བ་ཡིན་ནམ་སྙམ་པའི་ལོག་རྟོག་བཟློག་པའི་ཕྱིར་རྟོག་བྲལ་སྨོས་པ་ཡིན་ནོ། །གཉིས་པ་མཚོན་བྱའི་དབྱེ་བ་ནི། །མ་འཁྲུལ་པ་དེ་རྣམ་པ་བཞི། །མངོན་སུམ་བཞིར་འབྱེད་པའི་དབྱེ་གཞི་ནི་མ་འཁྲུལ་པ་ཙམ་མམ། ལོག་རྟོག་ལ་ལྟོས་དེ་རྟོག་བྲལ་མ་འཁྲུལ་བ་ཉིད་ཡིན་ནོ། །དབྱེ་ན་དབང་པོ་དང་ཡིད་དང་རང་རིག་པ་དང༌། རྣམ་འབྱོར་གྱི་མངོན་སུམ་སྟེ་བཞིའོ། དེ་དག་ཡུལ་ལ་ལྟོས་ནས་ཐ་དད། །ཡུལ་ཅན་ལ་ལྟོས་ནས་གཅིག་ཡིན་ནོ། །ཡུལ་དང་རྟེན་དང་གང་ཟག་གི །སྒོ་ནས་མངོན་སུམ་རྣམ་པར་དབྱེ། །མངོན་སུམ་དེའང་ཡུལ་གྱིས་དབྱེ་ན་ཡུལ་གཞན་མཐོང་བ་དོན་རིག་གཉིས་དང༌། རང་མཐོང་བ་རང་རིག་དང༌། རང་གཞན་མེད་པར་མཐོང་བ་རྣལ་འབྱོར་གྱི་མངོན་སུམ་མོ། །རྟེན་གྱིས་དབྱེ་ན། དབང་པོ་ལ་བརྟེན་པ་དོན་རིག་གཉིས་དང༌། གཞན་དབང་ལ་བརྟེན་པ་རང་རིག་དང༌། ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་རོ། །གང་ཟག་གིས་དབྱེ་ན། སོ་སོ་སྐྱེ་བོའི་མངོན་སུམ་དང༌། འཕགས་པའི་མངོན་སུམ་གཉིས་སོ། །མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །མངོན་སུམ་གྱིས་གྲངས་ངེས་པ་ནི། །མདོ་སྡེ་པའི་ལུགས་ལ་བརྟེན་ནས་ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པའི་ཚེ་ཡུལ་གྱི་སྒོ་ནས་བཞིར་ཕྱེ་སྟེ། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་དོ། །ཞེས་གསུངས་པའི་དགོངས་པ་ཡིན་ནོ། །འོ་ན་ཡིད་ཀྱི་མངོན་སུམ་ཚད་མས་མི་འགྲུབ་བོ་ཞེ་ན། དབང་པོའི་མངོན་སུམ་ཡང་ཚད་མས་མི་འགྲུབ་སྟེ། རྡུལ་ཕྲན་འགོག་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་ཁས་བླངས་ནས་འགྲུབ་བོ་ཞེ་ན། དེ་ལྟར་ན་ཡིད་ཀྱི་མངོན་སུམ་ཡང་དེའི་དེ་མ་ཐག་པ་འཛིན་པས་ག་ལ་འགལ། འོ་ན་སོ་སོ་སྐྱེ་བོའི་གཞན་གྱི་སེམས་ཤེས་པ་མངོན་སུམ་གཞན་ཡིན་ནོ་ཞེ་ན། གཟུང་འཛིན་ལས་གྲོལ་བའི་ཕྱིར་རང་གི་སེམས་ཀྱི་སྣང་བ་ཉིད་དེ་ལྟར་གསལ་བས་རང་རིག་པ་ལས་མ་འདས་སོ་ཞེས་གསུངས་སོ། །བྱེ་བྲག་ཏུ་སྨྲ་བ་རང་རིག་མི་འདོད་པས་མངོན་སུམ་ཡིན་ནོ། །རྣམ་རིག་པའི་ལུགས་ལྟར་ན་རང་རིག་པ་དང༌། རྣལ་འབྱོར་གྱི་མངོན་སུམ་གཉིས་ལས། གཞན་མི་སྲིད་པ་དཔལ་ལྡན་གྲགས་པའི་དགོངས་པ་ཡིན་ནོ། །གསུམ་པ་མཚན་གཞི་སོ་སོའི་དོན་ལ་བཞི་ལས། ཐོག་མར་དབང་པོའི་མངོན་སུམ་ལ་གསུམ་སྟེ། མཚན་ཉིད་དང༌། དེ་བསྒྲུབ་པ་དང༌། སྒྲ་དོན་ངེས་པར་བྱ་བའོ། །དང་པོ་ལ་གཉིས་ལས་གཞན་ལུགས་དགག་ན། ཕྱི་ནས་མཚན་ཉིད་འཇོག་པ་འཁྲུལ། །བོད་ཕལ་ཆེར་དབང་པོའི་མངོན་སུམ་དང༌། །དེའི་ཚད་མའི་མཚན་ཉིད་ཐ་དད་དུ་བྱེད་དེ། རིམ་པ་ལྟར་བདག་རྐྱེན་དབང་པོ་གཟུགས་ཅན་ལ་བརྟེན་ནས་སྐྱེས་ཤིང་གཟུང་དོན་ལ་མ་འཁྲུལ་བ་ཞེས་བྱ་བ་དང༌། བདག་རྐྱེན་དབང་པོ་གཟུགས་ཅན་ལ་བརྟེན་ནས་སྔར་མ་རྟོགས་པ་དོན་ལ་མྱོང་སྟོབས་ཀྱི་སྒྲོ་འདོགས་གཅོད་བྱེད་ཅེས་ཟེར་བ་ནི་མི་རིགས་ཏེ། གཉིས་སུ་དབྱེ་བ་དོན་མེད་ཅིང་སྔར་མ་རྟོགས་པའི་དོན་ལ་རྣམ་གཅད་མེད་ལ་སྒྲོ་འདོགས་གཅོད་པ་མི་སྲིད་དོ། །ཞེས་བཤད་ཟིན་ཏོ། །གཉིས་པ་རང་གི་ལུགས་ནི། དེས་ན་དབང་ཤེས་མི་འཁྲུལ་པའོ། །དེ་ལ་དབང་ཤེས་ཙམ་གྱི་མཚན་ཉིད་ནི། །དབང་པོ་ལ་བརྟེན་ནས་རེག་པ་ཞེས་བྱ་བ་ཡིན་ལ། དབང་པོའི་མངོན་སུམ་གྱི་མཚན་ཉིད་དབང་པོ་ལ་བརྟེན་པའི་ཤེས་པ་མ་འཁྲུལ་པའོ། །དེ་ཉིད་ཚད་མའང་ཡིན་ནོ། །གཉིས་པ་མཚན་ཉིད་དེ་བསྒྲུབ་པ་ལའང་གཉིས་ལས། དང་པོ་དབང་པོ་ལས་སྐྱེས་པར་བསྒྲུབ་པ་ནི། དབང་པོ་ཡུལ་ལ་འཛིན་ནུས་ཏེ། །རྗེས་སུ་འགྲོ་ལྡོག་ངེས་པས་འགྲུབ། །གྲུབ་མཐའ་འགའ་ཞིག་ལ་གྲགས་པའི་དབང་པོ་མི་འགྲུབ་ཀྱང་རྟེན་གཟུགས་ཅན་དེ་དག་ལ་ཡོད་པའི་ཡུལ་ལྔ་ལ་འཛིན་ནུས་ཤིག་ཡིན་ཏེ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་གསུངས་པས་སོ། །དེ་ལས་སྐྱེས་པར་རྗེས་འགྲོའི་སྒོ་ནས་འགྲུབ་སྟེ། འདི་ལྟར་དབང་དོན་བར་མ་ཆོད་དང་འབྲས་བུ་དབང་ཤེས་གཉི་ག་མ་དམིགས་པ་ལས་དབང་དོན་བར་མ་ཆོད་དམིགས་པའི་རྗེས་སུ་ཡུལ་འཛིན་པའི་རྣམ་ཤེས་དམིགས་པས་དེ་ལ་ཡོད་པའི་ནུས་པ་ཞིག་ལ་བརྟེན་པར་འགྲུབ་སྟེ། མེ་དུད་བཞིན་ནོ། །ཡང་ན་ལྡོག་པས་ཀྱང་འགྲུབ་བོ། །གཉིས་པ་རྟོག་བྲལ་མ་འཁྲུལ་པར་བསྒྲུབ་པ་ནི། གསལ་བར་སྣང་བས་རྟོག་མེད་འགྲུབ། །དབང་པོའི་ཤེས་པ་རྟོག་པ་དང་བྲལ་བ་ཡིན་ཏེ། རང་ཡུལ་མ་འདྲེས་པ་སྣང་བའི་ཕྱིར། ཟླ་བ་གཉིས་ལ་སོགས་པ་སྣང་བ་བཞིན་ཞེས་ཁྱབ་བྱེད་འགལ་བ་དམིགས་པའི་རྟགས་ཀྱིས་འགྲུབ་བོ། །རྟོག་བྲལ་དུ་བསྒྲུབ་པའི་རིགས་པ་གཞན་མང་དུ་གསུངས་མོད་ཀྱི་འདིར་མ་སྤྲོས་སོ། །རང་མཚན་འཛིན་ཕྱིར་འཁྲུལ་པ་མེད། །མ་འཁྲུལ་བར་དོན་རང་མཚན་དུ་ངེས་པས་འགྲུབ་བོ། །གསུམ་པ་སྒྲ་དོན་ངེས་པར་བྱ་ན། མངོན་སུམ་གྱི་ཤེས་པ་སྐྱེ་བ་ལ་ཡུལ་དང་ཡིད་ལ་བྱེད་པའང་དགོས་བཞིན་དུ་དབང་ཤེས་ཞེས་དབང་པོ་ཁོ་ནའི་མིང་གིས་འདོགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དབང་པོ་ཐུན་མོང་མིན་རྒྱུའི་ཕྱིར། །དབང་ཤེས་ཡིན་ཏེ་རྔ་སྒྲ་བཞིན། །ཡུལ་དང་ཡིད་ལ་བྱེད་པ་ནི་ཤེས་པ་གཞན་བསྐྱེད་པའི་རྒྱུ་ཡིན་པས། འདོད་པའི་དོན་བདེ་བླག་ཏུ་མི་གོ་བས་ཡུལ་ཤེས་ལ་སོགས་པར་ཐ་སྙད་མ་མཛད་ལ། དབང་པོ་ནི་ཤེས་པ་དེའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་དབང་ཤེས་ཞེས་ཐ་སྙད་མཛད་དེ། དཔེར་ན་རྔ་སྒྲ་ལ་སྐྱེས་བུ་དང་དབྱུ་གུའང་དགོས་ལ་མྱུ་གུ་ལ་ས་དང་ཆུ་ལ་སོགས་པའང་དགོས་ཀྱང༌། དབྱུ་གུའི་སྒྲ་དང་སའི་མྱུ་གུ་ཞེས་མི་བརྗོད་པར་ཐུན་མོང་མ་ཡིན་པའི་རྒྱུ་ལ་ལྟོས་ནས་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་བརྗོད་པ་བཞིན་ནོ། །དེ་སྐད་དུ་ཀུན་ལས་བཏུས་ལས། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་བྱ་བ་དང༌། རྣམ་འགྲེལ་ལས། གལ་ཏེ་མངོན་སུམ་ཤེས་སྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །འོ་ན་ཅི་ཕྱིར་གཉིས་རག་ལས། །སྐྱེ་བ་དེ་ནི་དེས་མི་བརྗོད། །གོ་བར་བྱེད་པ་ཉིད་མཐོང་ནས། །ཐ་སྙད་ངེས་པར་སྦྱར་བ་ཡིན། །ཞེས་གསུངས་པ་ལྟར་རོ། །ཡིད་ཀྱི་མངོན་སུམ་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་གཟིགས་སྟངས་ཀྱིས་ཕྱི་རོལ་གྱི་དོན་དཔྱོད་པའི་དགོངས་པ་མདོ་སྡེ་པའི་རྗེས་སུ་འབྲངས་ནས་ཀུན་ལས་བཏུས་སུ། ཡིད་ཀྱང་དོན་དང་ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་བོ་ངོས་གཟུང་བ་དང༌། རང་བཞིན་གཏན་ལ་དབབ་པ་དང༌། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ལའང་གཉིས་ལས། ཐོག་མར་མཚན་ཉིད་ངོས་གཟུང་ན། །ཡུལ་དང་དབང་ཤེས་རྣམ་གཉིས་ཀྱི། །དེ་མ་ཐག་ལས་སྐྱེས་པའི་ཡིད། །དེ་ལ་བརྟེན་ནས་མ་འཁྲུལ་བའི། །ཤེས་པ་ཡིད་ཀྱི་མངོན་སུམ་ཡིན། །དབང་པོའི་ཤེས་པ་འགགས་མ་ཐག་པ་དེ་ཉིད་ཡིད་ཀྱི་དབང་པོ་ཡིན་གྱི་ཡིད་ལ་དབང་པོ་གཟུགས་ཅན་མི་བཞེད་དོ། །དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པས་སོ། །ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་ནི། ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཤེས་པ་མ་འཁྲུལ་པའོ། །དེའི་ཚད་མའི་མཚན་ཉིད་ཀྱང་དེ་ཉིད་ལས་གཞན་མི་འཐད་དོ། །གཉིས་པ་མཚན་གཞི་ངོས་གཟུང་བ་ནི། རྣམ་ངེས་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་མ་ཐག །འཛིན་པར་བྱེད་པ་ཡིད་ཀྱང་ངོ༌། །ཞེས་གསུངས་པ་ལྟར་ཁྱད་པར་གསུམ་ལྡན་ཏེ། བདག་པོའི་རྐྱེན་ནི་དབང་ཤེས་སྔ་མ་འགགས་མ་ཐག་པའོ། །གཟུང་བའི་ཡུལ་ནི། དབང་ཤེས་ཀྱིས་བཟུང་བའི་སྐད་ཅིག་གཉིས་པ་འཛིན་པའོ། །ཉེར་ལེན་གྱི་རྒྱུ་ནི་དབང་པོའི་ཤེས་པ་ཡུལ་ལ་གཏོད་པའི་ཡིད་ཀྱི་དབང་པོའི་ཡུལ་གྱི་སྐད་ཅིག་གཉིས་པ་འཛིན་པར་བསྐྱེད་པའི་ཡིད་ཉིད་དོ། །གཉིས་པ་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། སྐྱེ་བའི་ཚུལ་དང༌། ཚད་མར་འགྱུར་བའི་འཐད་པ་དང༌། སྐྱེ་བའི་གནས་སྐབས་དཔྱད་པའོ། །དང་པོ་ནི། གལ་ཏེ་དབང་པོའི་མངོན་སུམ་ལྔ་འགགས་པའི་རྗེས་སུ་ཡིད་ཀྱི་མངོན་སུམ་གཅིག་སྐྱེ་ན་རྒྱུའི་ཁྱད་པར་གྱི་འབྲས་བུའི་ཁྱད་པར་མི་སྐྱེ་བར་འགྱུར་ལ། ལྔ་སྐྱེ་ན་ཡིད་དུ་མ་ཡོད་པར་འགྱུར་རོ་ཞེ་ན། ཡིད་ཀྱི་མངོན་སུམ་དུ་མ་ཡང༌། །དབང་ཤེས་བཞིན་དུ་རང་རིག་གཅིག །རྒྱུ་ཐ་དད་པས་ཁ་ཕྱི་ལྟའི་ཡིད་ཀྱི་མངོན་སུམ་ཐ་དད་ཀྱང༌། གང་ཟག་གི་རྒྱུད་དུ་མར་མི་འགྱུར་ཏེ། ཁ་ནང་ལྟ་རང་རིག་གཅིག་ཡིན་པའི་ཕྱིར་དབང་ཤེས་དུ་མ་ཡོད་ཀྱང་རྒྱུད་དུ་མར་མི་འགྱུར་བ་བཞིན་ནོ། །གཉིས་པ་ནི་ཡིད་ཀྱི་མངོན་སུམ་དེ་ཚད་མ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། འཁྲུལ་པ་མེད་ཕྱིར་ཚད་མ་ཡིན། །རྒྱུན་མེད་ཕྱིར་ན་ངེས་མི་ནུས། །དོན་བདེན་པ་ལ་ཤེས་པ་མ་འཁྲུལ་བས་བཟུང་བའི་ཕྱིར་མངོན་སུམ་ཚད་མ་ཡིན་ཡང༌། སྔར་བཤད་པའི་གཞན་ལས་ངེས་བཞིན་དུ་རང་སྟོབས་ཀྱིས་ངེས་མ་ནུས་པས་ཚད་མའི་ཐ་སྙད་མ་ཐོབ་པ་ཡིན་ཏེ། དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་དེར་མི་སྣང་བས་ཡུལ་དུ་མི་འཇོག་པ་བཞིན་ནོ། །གལ་ཏེ་དབང་པོའི་ཤེས་པ་ལ་རྒྱུན་ཡོད་པ་རང་ལས་ངེས་ནུས་ལ་ཡིད་ལ་རྒྱུན་མེད་པས་ངེས་མི་ནུས་པ་ཅིའི་ཕྱིར་ཞེ་ན། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །དེས་ན་དབང་ཤེས་རྒྱུན་བཅས་ཡིན། །ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མེད། །དབང་པོ་གཟུགས་ཅན་གྱི་སྐད་ཅིག་སྔ་མ་ལས་གཟུགས་ཅན་གྱི་སྐད་ཅིག་ཕྱི་མ་སྐྱེ་བས་མུ་སྟེགས་པའི་རྒྱུན་ལྟ་བུ་རྟག་པ་མེད་ཀྱང་རིགས་འདྲ་སྐྱེ་བ་བར་མ་ཆད་པའི་རྒྱུན་ཡོད་ལ། ཡིད་ཀྱི་དབང་པོ་ནི་དབང་ཤེས་སྔ་མ་འགགས་མ་ཐག་པ་ཙམ་ཡིན་པས་ཡིད་ཀྱི་དབང་པོ་གཞན་ལས་གཞན་མི་སྐྱེ་བས་རྒྱུན་མེད་པའི་ཕྱིར་རོ། །སོ་སོ་སྐྱེ་བོས་མཚམས་སྦྱོར་མ་ནུས་པས་རང་ལས་ངེས་མ་ནུས་པ་ཡིན་ནོ། །གསུམ་པ་ནི་འོ་ན་དབང་པོའི་མངོན་སུམ་གྱི་རྒྱུན་འགགས་པའི་རྗེས་སུ་ཡིད་ཀྱི་མངོན་སུམ་གཅིག་སྐྱེ་བའམ་སྤེལ་མར་འབྱུང་ཞེ་ན། སྤེལ་མ་དང་ནི་རྒྱུན་གྱི་མཐའ། །གཉིས་ཀ་ལ་ཡང་གནོད་བྱེད་ཡོད། །རྒྱན་མཛད་པ་དབང་ཤེས་ཀྱི་སྐད་ཅིག་མ་སྔ་མ་འགགས་པའི་རྗེས་ལ་ཡིད་ཀྱི་མངོན་སུམ་རེ་སྐྱེ་བས་མགོ་དབང་ཤེས་ཀྱི་འཛིན་ལ་མཇུག་ཡིད་ཤེས་ཀྱིས་རྟུལ་ལོ། །ཞེས་གསུངས་པ་མི་འཐད་དེ། སྤེལ་མར་འབྱུང་བ་ལ་དབང་ཤེས་ངེས་ལ་ཡིད་ཤེས་མི་ངེས་པ་མི་འཐད་པའི་ཕྱིར་རོ། །ཆོས་མཆོག་རྒྱུན་གྱི་མཐར་ཡིད་ཀྱི་མངོན་སུམ་སྐྱེ་བར་བཞེད་པའང་མི་འཐད་དེ། རྒྱུ་མཚན་ཁྱད་པར་མེད་པ་ལ་སྔར་མི་སྐྱེ་བ་ཕྱིས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དེས་ན་དབང་པོ་དབང་ཤེས་ཀྱི། །རྒྱུ་ཡིན་ཡིད་ཀྱི་རྐྱེན་དུ་འགྱུར། །རང་རིག་ཡིན་ཕྱིར་རྒྱུད་གཞན་མེད། །དེས་ན་མངོན་སུམ་འགྲོས་གསུམ་པ། །དབང་ཤེས་ཀྱི་སྐད་ཅིག་དང་པོས་ཉེར་ལེན་གྱི་རྒྱུ་བྱས་ནས་དེ་དང་རིས་འདྲའི་དབང་ཤེས་ཀྱི་སྐད་ཅིག་གཉིས་པ་བསྐྱེད་ལ། དེ་དང་དུས་མཉམ་པར་ཡིད་ཤེས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལོགས་ཤིག་ཏུ་ཡིད་ཀྱི་མངོན་སུམ་གྱི་སྐད་ཅིག་དང་པོ་སྐྱེད་དོ། །ཁ་ཕྱི་ལྟ་ལ་དོན་རིག་མངོན་སུམ་གཉིས་སྐྱེ་བ་ན་ཁ་ནང་ལྟ་རང་རིག་མངོན་སུམ་གཅིག་སྐྱེའོ། །དེ་ལྟ་ན་མངོན་སུམ་ཇི་སྙེད་སྐྱེས་ཀྱང་རང་རིག་གིས་བསྡུས་པས་རྒྱུད་དུ་མར་འགྱུར་བའི་སྐྱོན་ལས་གྲོལ་ཞིང༌། སྤེལ་མར་མི་སྐྱེ་བར་ལོགས་ཤིག་ཏུ་སྐྱེ་ལ། དེ་གཉིས་རྒྱུན་ཡོད་མེད་ཀྱིས་ངེས་མ་ངེས་སྲིད་པས་རྒྱན་མཛད་པ་ལ་བརྗོད་པའི་སྐྱོན་མེད་ལ། གྲངས་མཉམ་པར་སྐྱེ་བས་ཆོས་མཆོག་ལ་བརྗོད་པའི་སྐྱོན་ལས་གྲོལ་བ་འདི་ནི། ཤང་ཀར་ནན་ཏའི་དགོངས་པ་ཁོ་བོའི་མཁན་པོ་ལས་རྙེད་པ་འདི་ཁོ་ན་འཐད་པར་མཐོང་ངོ༌། །དེས་ན་ཕྱིའི་ཡུལ་གཉིས་ལ་མངོན་སུམ་གཉིས་ཀྱི་འགྲོ་ཚུལ་དང༌། ནང་གི་བསྡུས་པ་ལ་རང་རིག་གི་འགྲོ་ཚུལ་འདི་ནི་མངོན་སུམ་འགྲོས་གསུམ་པ་ཡིན་ལ་ཡུལ་གྱི་འགྲོས་དཔྱད་ན་རང་རིག་ལ་ཡུལ་གཞན་མེད་པས་འགྲོས་ལྔར་འགྱུར་ལ། དབང་པོ་དང་ཡིད་གཉིས་ཀྱི་ཡིད་ལ་བྱེད་པ་སྔ་མ་བསྣན་ན་འགྲོས་བདུན་པར་འགྱུར་རོ། །གསུམ་པ་དེ་དག་ལ་རྩོད་པ་སྤང་བ་ནི། རྣ་མ་ཕུག་པ་ན་རེ་དབང་པོས་བཟུང་བ་འཛིན་ན་བཅད་ཤེས་སུ་འགྱུར་ལ། མ་བཟུང་བས་འཛིན་ན་ལོང་བས་ཀྱང་མཐོང་བར་འགྱུར་རོ་ཞེ་ན། ཡུལ་གཞན་འཛིན་དང་དབང་པོ་ལ། །ལྟོས་ཕྱིར་འདི་ལ་སྐྱོན་གཉིས་མེད། །དབང་པོའི་ཡུལ་གྱིས་དེ་མ་ཐག་པ་འཛིན་པས་བཅད་ཤེས་སུ་མི་འགྱུར་ལ་དབང་ཤེས་དེ་མ་ཐག་པ་ལ་ལྟོས་པས་ལོང་བ་ལ་སོགས་པས་མི་མཐོང་བས་སྐྱོན་གཉིས་པ་ལས་གྲོལ་ལོ། །རྣམ་འགྲེལ་ལས། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། །ཞེས་གསུངས་པས་སོ། །གསུམ་པ་རང་རིག་པའི་མངོན་སུམ་ལ་གསུམ་ལས་དང་པོ་མཚན་ཉིད་ནི། རང་གི་ངོ་བོ་རིག་པ་ནི། །མངོན་སུམ་ཡིན་པར་མཁས་རྣམས་བཞེད། །རང་རིག་མངོན་སུམ་གྱི་མཚན་ཉིད་ནི། ཤེས་པ་རང་གི་ངོ་བོ་ལ་མ་འཁྲུལ་པའོ། །དེ་ཉིད་ཚད་མའི་མཚན་ཉིད་ཀྱང་ཡིན་ནོ། །རང་རིག་པའང་རིག་བྱ་རིག་བྱེད་དུ་ཕྱེ་བའི་རང་རིག་པ་མ་ཡིན་གྱི། བེམས་པོ་ལས་ལོགས་ནས་རིག་པ་སྐྱེས་པ་ཙམ་དེ་ཉིད་ཡིན་ཏེ། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམས་མིན་རང་བཞིན་གང་ཡིན་པ། །དེང་འདིར་བདག་ཉིད་རིག་པ་ཡིན། །ཞེས་རྒྱན་ལས་གསུངས་པ་ལྟར་རོ། །གཉིས་པ་རྩོད་པ་སྤང་བ་ནི། ཁ་ཅིག་རང་རིག་མི་འཐད་དེ། །རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་རོ། །གལ་ཏེ་གཉིས་མེད་ཀྱང་རིག་ན་གྲངས་ཅན་ལྟར་རང་ལས་སྐྱེ་བ་དང་མཚུངས་སོ་ཞེ་ན། རང་སྐྱེ་སྔོན་མེད་སྐྱེ་བ་ཡིན། །རང་རིག་བེམས་པོ་བཟློག་ཙམ་ཡིན། །དེས་ན་རང་རིག་རང་སྐྱེ་གཉིས། །མཚུངས་པའི་གོ་སྐབས་ཡོད་མ་ཡིན། །རང་གྲུབ་པ་བསྐྱེད་མི་དགོས་ལ། །མ་གྲུབ་པ་བསྐྱེད་མི་ནུས་པས། །དགོས་ནུས་མེད་དོ། །རང་རིག་ལ་རང་རིག་པ་ཙམ་དུ་སྐྱེ་པ་ལ་བཏགས་པར་ཟད་པས་ག་ལ་མཚུངས། ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་མུ་སྟེགས་འགའ་ཞིག་རང་རིག་མི་འདོད་མོད་ཀྱི་འདི་གྲུབ་མཐའ་ཐམས་ཅད་ཀྱི་སུན་འབྱིན་པས་འདིར་མ་སྤྲོས་སོ། །གསུམ་པ་ཚད་མ་ཡིན་མིན་དཔྱད་པ་ནི་འོ་ན་རང་རིག་ཐམས་ཅད་ཚད་མ་ཡིན་ནམ་ཞེ་ན། མངོན་སུམ་ཐམས་ཅད་ལ་ཚད་མ་མ་ཡིན་པ་མི་སྲིད་དོ་ཞེས་བཤད་དོ། །བཞི་པ་རྣལ་འབྱོར་གྱི་མངོན་སུམ་ཡང་བདེ་བར་གཤེགས་པས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག ཅེས་གསུངས་པ་དང༌། ཀུན་ལས་བཏུས་ལས། རྣལ་འབྱོར་རྣམས་ཀྱིས་བླ་མ་བསྟེན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་གསུངས་པ་དང༌། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་བསྒོམ་བྱུང་ཡིན། །ཞེས་གསུངས་པའི་དོན་གཏན་ལ་དབབ་ན་གསུམ་སྟེ། རང་བཞིན་ངོས་གཟུང་བ། ཡུལ་ལ་ཚད་མར་གྱུར་པའི་ཚུལ། །དེ་སྒྲུབ་བྱེད་ཀྱི་ཚད་མའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། རྒྱུ་བསམ་པའོ། །མཚན་ཉིད་ལ་གཉིས་ལས། གཞན་ལུགས་དགག་ན། ཕྱེ་ནས་མཚན་ཉིད་འཇོག་པ་འཁྲུལ། །བོད་རྣམས་རྣལ་འབྱོར་མངོན་སུམ་དང༌། །དེའི་ཚད་མའི་མཚན་ཉིད་ཐ་དད་དུ་འབྱེད་དེ་རྣལ་འབྱོར་མངོན་སུམ་ཚད་མའི་མཚན་ཉིད་བདག་རྐྱེན་དེ་ཁོ་ན་གོམས་པའི་ཡིད་ལས་སྐྱེས་ཤིང་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་པའོ། །རྣལ་འབྱོར་མངོན་སུམ་ཚད་མའི་མཚན་ཉིད་བདག་རྐྱེན་དེ་ཁོ་ན་གོམས་པ་ལ་བརྟེན་ནས། སྔར་མ་རྟོགས་པའི་ཡང་དག་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་ཟེར་བའང་གཉིས་སུ་འབྱེད་པ་མི་འཐད་ཅིང་སྔར་མ་རྟོགས་པ་ལ་རྣམ་བཅད་མེད་ལ་སྒྲོ་འདོགས་གཅོད་པ་མི་སྲིད་པར་སྔར་བཤད་པ་བཞིན་ནོ། །གཉིས་པ་རང་ལུགས་ནི། བསྒོམ་འབྱུང་འཁྲུལ་མེད་མངོན་སུམ་སྟེ། །འཁྲུལ་པ་ཅན་རྣམས་ལྟར་སྣང་ཡིན། །དེ་ལ་རྣལ་འབྱོར་གྱི་ཤེས་པ་ཙམ་གྱི་མཚན་ཉིད་ནི་བསྒོམས་པའི་སྟོབས་ལས་སྣང་བ་ཡིན་ནོ། །རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ནི་བསྒོམས་པ་ལས་བྱུང་བ་མ་འཁྲུལ་བའི་ཤེས་རབ་བོ། །དེ་ཉིད་ཚད་མའང་ཡིན་ནོ། །གཉིས་པ་དབྱེ་བ་ལའང་གཉིས་ལས། རྟེན་གྱིས་དབྱེ་ན། འཕགས་པ་གསུམ་གྱིས་མངོན་སུམ་གསུམ། །སློབ་དང་མི་སློབ་སྒོ་ནས་ལྔ། །ཉན་ཐོས་རྒྱུན་ཏུ་ཞུགས་པ་ལ་སོགས་པ་སློབ་པའི་མངོན་སུམ་དང༌། ཤེས་རབ་དང་གཉིས་ཀའི་ཆ་ལས་རྣམ་གྲོལ་ཏེ་མི་སློབ་པའི་མངོན་སུམ་སྟེ་གཉིས་སོ། །རང་སངས་རྒྱས་བསམ་གཏན་བཞི་པ་ལ་བརྟེན་ནས་ལམ་ཐམས་ཅད་ཅིག་ཅར་བགྲོད་པས་སློབ་པའི་མངོན་སུམ་མེད་ལ་གྲུབ་མཐའི་བྱེ་བྲག་འགའ་ཞིག་སློབ་པའི་འཕགས་པ་འདོད་པ་དེ་དག་གིའང་ཉན་ཐོས་དང་ཐེག་ཆེན་གྱི་འཕགས་པ་གང་རུང་ལས་མི་འདའོ། །མི་སློབ་པ་ལ་དབང་པོ་རྣོ་རྟུལ་གཉིས་སོ། །ཐེག་པ་ཆེན་པོ་པའི་སློབ་པ་ས་བཅུའི་ཡེ་ཤེས་ཡིན་ལ། མི་སློབ་པ་སངས་རྒྱས་ཀྱི་མངོན་སུམ་ཡིན་པས་ལྔར་འགྱུར་རོ། །འདི་ནི་ཐུན་མོང་གི་དབྱེ་བ་ཡིན་ལ་སོ་སོའི་གྲུབ་མཐའ་དང་བསྟུན་ན་ཉན་ཐོས་འགའ་ཞིག་བྱང་ཆུབ་སེམས་དཔའ་ལ་འཕགས་པ་མེད་པས་རྣལ་འབྱོར་གྱི་མངོན་སུམ་མི་འདོད་ལ་ཐེག་པ་ཆེན་པོ་པ་འགའ་ཞིག་ཉན་ཐོས་ལ་ཆོས་ཀྱི་བདག་མེད་མཐོང་བ་མེད་པས་རྣལ་འབྱོར་གྱི་མངོན་སུམ་མཚན་ཉིད་པ་མེད་དོ་ཞེས་འདོད་དོ། །འོན་ཀྱང་འདིར་རྟོག་གེ་བ་རྣམས་ཀྱི་གཙུག་གི་ནོར་བུས་མདོ་སྡེ་པའི་གྲུབ་མཐའ་དང་བསྟུན་ཏེ། བདེན་པ་བཞིའི་ཆོས་ཉིད་མཐོང་བ་ལ་རྣལ་འབྱོར་གྱི་མངོན་སུམ་དུ་བཞག་ནས་དེ་ནས་དངོས་པོ་སྟོབས་ཞུགས་ཀྱིས་བདག་མེད་པ་ལ་སྦྱོར་བར་མཛད་དོ། །དེ་ལྟ་ན་འཕགས་པ་ལྔ་ཀའི་རྣལ་འབྱོར་གྱི་མངོན་སུམ་དཔྱད་དོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། དེ་དག་སྣང་བཅས་སྣང་མེད་ཀྱི། །དབྱེ་བས་གཉིས་གཉིས་རྣམ་པ་བཅུ། །སྣང་བཅས་ལ་ཉན་ཐོས་ཀྱི་སློབ་པ་ནི། བསམ་གཏན་གྱི་སེམས་ཐོབ་ན་མངོན་པར་ཤེས་པ་འཆར་ལ་མ་ཐོབ་ན་མི་འཆར་ཞིང་མི་སློབ་པ་ལའང་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ལ་མངོན་པར་ཤེས་པ་ལྔ་མེད་ལ་གཉིས་ཀའི་ཆ་ལ་རྣམ་གྲོལ་དང་རང་སངས་རྒྱས་དང་སངས་རྒྱས་ཀྱིས་རིམ་པ་བཞིན་སྟོང་གཉིས་གསུམ་དང་གྲངས་མེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་མཐོང་སྟེ། མཛོད་ལས། སློབ་མ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་དེར་མ་གསུངས་མོད་ཀྱི། འཇིག་རྟེན་གྱི་ཁམས་བརྒྱ་དང་སྟོང་དང་འབུམ་ལ་སོགས་པ་མདོ་སྡེ་ས་བཅུ་པ་ནས་ཇི་ལྟར་འབྱུང་བ་ལྟར་ཤེས་པར་བྱའོ། །སྣང་མེད་ཀྱི་ཡེ་ཤེས་ཀྱིས་ནི་ཉན་ཐོས་ཀྱི་སློབ་པས་ཀུན་བརྟགས་ཀྱི་བདག་མེད་རྟོགས་ལ། མི་སློབ་པས་ལྷན་སྐྱེས་ཀྱི་གང་ཟག་གི་བདག་མེད་རྟོགས་ཤིང༌། རང་སངས་རྒྱས་ཀྱི་ཆོས་ཀྱི་བདག་བཟུང་བ་རང་བཞིན་མེད་པ་སྟེ་ཕྱེད་དང་གཉིས་རྟོགས་ལ། བྱང་ཆུབ་སེམས་དཔས་བདག་མེད་གཉི་ག་རྟོགས་ཤིང༌། སངས་རྒྱས་ཀྱི་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་ཚུལ་གྱིས་རྟོགས་སོ། །གསུམ་པ་རྒྱུ་བསམ་པ་ལ་གསུམ་ལས། དང་པོ་ཡེ་ཤེས་གཉིས་ཀྱི་རྒྱུ་ནི། ཐབས་དང་ཤེས་རབ་ལེགས་སྦྱངས་པ། །ཕན་ཚུན་རྒྱུ་དང་རྐྱེན་གྱུར་པས། །ཇི་ལྟ་བ་དང་ཇི་སྙེད་པ། །ཡེ་ཤེས་གཟིགས་པ་འགྲུབ་པར་འགྱུར། །བསམ་གཏན་དང་སྨོན་ལམ་ལ་སོགས་པ་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་ཤེས་རབ་སྟོང་པ་ཉིད་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་ན་ཤེས་བྱ་ཐམས་ཅད་ལ་བཀྲ་བ་འབྱུང་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་མདུད་པའི་བྱེ་བྲག་གིས། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་གསུངས་པ་ལྟར་རོ། །ཤེས་རབ་སྟོང་པ་ཉིད་ཀྱིས་ཉེན་ལེན་གྱི་རྒྱུ་བྱས། ཐབས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ན་ཇི་ལྟ་བའི་ཡེ་ཤེས་ལ་གསལ་སྣང་འབྱུང་སྟེ། རྣམ་འགྲེལ་ལས། འགའ་ཡིས་ཆོས་ཀུན་བདག་མེད་པ། །གོམས་པས་དེ་ཡི་བདག་ཉིད་དུ། །འགྱུར་ཏེ་དངོས་པོ་མཐོང་བ་བཞིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་དག་མཐར་ཕྱིན་པའི་དུས་ནི། །ཚེ་གསུམ་བསྐལ་པ་བརྒྱ་དང་ནི། །གྲངས་མེད་གསུམ་གྱིས་དེ་མཐར་ཕྱིན། །ཚེ་གསུམ་གྱི་བསོད་ནམས་དང་གང་ཟག་གི་བདག་མེད་བསྒོམས་པས་དགྲ་བཅོམ་པ་དང༌། བསྐལ་པ་བརྒྱ་ཚོགས་དང་བདག་མེད་ཕྱེད་དང་གཉིས་ཀྱིས་རང་སངས་རྒྱས་དབང་པོ་རྣོན་པོ་དང༌། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་དང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་གྲོལ། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་གསུངས་པས་སོ། །བདག་མེད་རྟོགས་པའི་དབྱེ་བ་འདི་ཐེག་པ་ཐུན་མོང་གི་ཡིན་གྱི། ཉན་ཐོས་དང་ཐེག་པ་ཆེན་པོ་འགའ་ཞིག་འཕགས་པ་གསུམ་ལ་བདག་མེད་རྟོགས་པའི་ཁྱད་པར་མི་འདོད་དེ། བདེན་པ་བཞིའི་ཆོས་ཉིད་དམ། ཆོས་ཐམས་ཅད་བདག་མེད་པར་མ་རྟོགས་ན་བདེན་པ་མཐོང་བ་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་མཆོག་དམན་གྱི་ཁྱད་པར་ནི་སྙིང་རྗེ་དང་ཐབས་ཀྱི་བྱེ་བྲག་ལ་ལྟོས་པར་འདོད་དོ། །གསུམ་པ་ཐབས་ལ་ལྟོས་ནས་འབྲས་བུའི་ཁྱད་པར་ནི། ཐབས་ཞན་པས་ན་རྣམ་གྲོལ་གཉིས། །བག་ཆགས་བཅས་ཕྱིར་སྟོན་པ་མིན། །ཐབས་ལ་གོམས་པས་དངོས་ཀུན་གསལ། །བག་ཆགས་སྤངས་ཕྱིར་ཀུན་མཁྱེན་ཡིན། །ཐབས་ལ་མ་སྦྱངས་པར་ཤེས་རབ་གཙོ་བོར་བསྒོམས་པས་བདག་མེད་ཕྱོགས་གཅིག་ཕྱེད་དང་གཉིས་རྟོགས་སུ་ཟིན་ཀྱང་ཐབས་ཡུན་རིང་དུ་མ་སྦྱངས་པས་མ་གོམས་པའི་རིག་པ་ལྟར་སེམས་མི་གསལ་བའི་ཕྱིར་བག་ཆགས་སྤོང་མི་ནུས་པས་གཞན་དོན་ཆེན་པོ་ལ་ཉན་ཐོས་དང་རང་སངས་རྒྱས་གཉིས་མི་འཇུག་ལ། ཐབས་ལ་མཁས་ཤིང་ཤེས་རབ་སྦྱངས་པས་ན་བཟོ་གནས་གོམས་པ་ལྟར་ཐུགས་གསལ་བའི་ཕྱིར། བག་ཆགས་ཀྱི་སྒྲིབ་པ་སྤངས་པས་ཤེས་བྱ་ཐམས་ཅད་མཁྱེན་ལ་ཐུགས་རྗེ་དང་ལྡན་པས་གཞན་གྱི་དོན་ལ་འཇུག་པའི་ཕྱིར་གྲོལ་བ་གཉིས་དང་སངས་རྒྱས་ཀྱི་ཁྱད་པར་དེ་ཡིན་ནོ། །དེ་ཡང་རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོར། །ཡུན་རིང་དུས་སུ་གོམས་པ་ལ། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་སོགས་ལས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་བྱ་བ་དང༌། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་རྣལ་འབྱོར་གྱི་མངོན་སུམ་ཐམས་ཅད་ཚད་མ་ཡིན་ནམ་མ་ཡིན་ཞེ་ན། གཉིས་པ་ཡུལ་ལ་ཚད་མར་འགྱུར་བའི་ཚུལ་ལ་གསུམ་ལས་དང་པོ་རྣལ་འབྱོར་གྱི་མངོན་སུམ་ཐམས་ཅད་ཚད་མར་བསྒྲུབ་པ་ནི། བཅད་ཤེས་དང་ནི་ངེས་པ་གཉིས། །རྟོག་པ་ཡིན་ཕྱིར་མངོན་སུམ་མིན། །དེས་ན་རྣལ་འབྱོར་མངོན་སུམ་ཀུན། །མངོན་སུམ་ཡིན་ཕྱིར་ཚད་མར་གྲུབ། །བཅད་ཤེས་དང་ངེས་པ་གཉི་ག་རྟོག་པའི་བྱེད་པ་ཡིན་པས་མངོན་སུམ་དང་གཞི་མཐུན་མི་སྲིད་དོ། །ཞེས་བཤད་ཟིན་ལ། དེས་ན་མངོན་སུམ་རང་ལས་ངེས་པ་འདྲེན་ནུས་མི་ནུས་དཔྱད་པར་བྱའི་ཚད་མ་ཡིན་མ་ཡིན་དཔྱད་པར་བྱ་བ་མ་ཡིན་ནོ། །གཉིས་པ་ཚད་མ་དེས་འཇུག་ལྡོག་བྱེད་པའི་ཚུལ་ནི། སོ་སོ་སྐྱེ་བོའི་ཚད་མ་ནི། །ངེས་པ་ཉིད་ལས་འཇུག་ལྡོག་བྱེད། །འཕགས་པ་རྟོག་པ་བྲལ་བ་རྣམས། །ཏིང་ངེ་འཛིན་ལས་བྱེད་པར་གསུངས། །སོ་སོ་སྐྱེ་བོའི་ཚད་མ་ནི་མངོན་སུམ་གྱིས་མཐོང་བ་མྱོང་བ་མཚམས་སྦྱོར་བའི་དྲན་པས་སོ་སོར་ངོས་ནས་འཇུག་ལྡོག་བྱེད་ལ། འཕགས་པ་རྟོག་པའི་བག་ཆགས་མ་སྤངས་པ་རྣམས་རང་བཞིན་དུ་གནས་པ་ན། འཇིག་རྟེན་པ་དང་འདྲ་ལ་སྨོན་ནས་ཤེས་པ་ལ་མཉམ་པར་གཞག་ན་ཏིང་ངེ་འཛིན་གྱིས་བྱེད་དོ། །རྟོག་པའི་བག་ཆགས་སྤངས་པ་དེ་དག སྨན་ལམ་ལས་གྲུབ་པའི་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་ལ་སོགས་པ་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་སྟོབས་ཀྱིས་བྱེད་པར་གསུངས་སོ། །གསུམ་པ་དུས་གསུམ་མཁྱེན་པའི་ཡེ་ཤེས་དཔྱད་པ་ནི། འོ་ན་སངས་རྒྱས་ཀྱིས་འདས་མ་འོངས་མི་མཁྱེན་ན་ཐམས་ཅད་མཁྱེན་པར་མི་རུང་ལ་མཁྱེན་ནའང་སྣང་ནས་མཁྱེན་ན་དུས་གསུམ་རྫས་སུ་གྲུབ་པར་འགྱུར་ཞིང༌། མི་སྣང་ན་མངོན་སུམ་གྱི་སྤྱན་ཅན་དུ་མི་རུང་ངོ་ཞེ་ན། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །གཉིད་ཀྱིས་བསླད་པ་ཙམ་གྱིས་ཀྱང༌། །སད་པའི་བློ་དཔག་མི་ནུས་ན་གཟུང་བ་དང༌། འཛིན་པས་བསླད་པའི་ཚུ་རོལ་མཐོང་བའི་སོ་སོ་སྐྱེ་བོས་གནས་གྱུར་པའི་ཡེ་ཤེས་དཔག་ནུས་རེ་སྐན། དེས་ན་གནས་གྱུར་བའི་ཕྱིར་དུས་གསུམ་དང་ཕ་རོལ་གྱི་སེམས་མཁྱེན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །དེའང་རྣམ་འགྲེལ་ལས། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་བྱ་བ་དང༌། རྣམ་ངེས་ལས། འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་ཡིན་གྱི་ཞེས་གསུངས་པ་ལྟར་རོ། །འདི་ལ་བོད་ཁ་ཅིག་ད་ལྟ་བའི་ཤུགས་ལས་འདས་མ་འོངས་རྟོགས་ཟེར་བ་དང༌། འདས་མ་འོངས་ཀྱི་རྣམ་པ་སྣང་ནས་རྟོགས་ཞེས་ཟེར་བ་དང༌། ཁ་ཅིག་ཡེ་ཤེས་མེད་པའི་ཕྱིར་དུས་གསུམ་མཁྱེན་པ་མེད་དོ་ཞེས་ཟེར་བ་ནི། ལུང་དང་རིགས་པ་དང་འགལ་བ་ཁྲོན་པའི་རུས་སྦལ་གྱི་རྣམ་པར་ཐར་པ་སྟོན་པར་ཟད་དོ། །གསུམ་པ་དེ་སྒྲུབ་པར་བྱེད་པའི་ཚད་མ་ལ་གསུམ་སྟེ། ངོ་བོ་བསྒྲུབ་པ་དང༌། མཚན་ཉིད་བསྒྲུབ་པ་དང༌། གྲུབ་པའི་དོན་ལ་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས་ལས། འདས་པ་བསྒྲུབ་ན། ཚིག་གིས་ཁྱད་པར་ངེས་གྱུར་ན། །སྔོན་བྱུང་བའང་དཔག་པར་ནུས། །སློབ་དཔོན་རྒྱན་མཛད་པས་ནི། གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཞིང་འགལ་བ་མེད་པ་དེས་གཞལ་བྱ་དེས་མངོན་སུམ་དུ་མཐོང་བ་ཡིན་ཏེ། རང་རང་གི་ཡུལ་བཤད་པ་བཞིན་གཞུང་འབུམ་པ་ལ་སོགས་པ་འཆད་པ་པོ་དེས་ཀྱང་དོན་དང་མཐུན་ཞིང་འགལ་བ་མེད་དོ་ཞེས་བྱ་བས་བསྒྲུབ་པར་ནུས་སོ། །ཞེས་གསུངས་པ་ནི་ངག་གི་སྤུ་རིས་ཟིན་ན་འགལ་བ་མེད་དོ། །གཉིས་པ་མ་འོངས་པ་ན་འབྱུང་རུང་བསྒྲུབ་པ་ལ་གཉིས་ལས་དང་པོ་རྟགས་དགོད་པ་ནི། གོམས་པ་རྫོགས་ནས་དེ་གསལ་བ། །མཐའ་གཞན་བཀག་པའི་ངེས་པས་འགྲུབ། །གང་རྟེན་བརྟེན་ཞིང་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་བསྒོམ་པ་དེ་ལ་གསལ་སྣང་འབྱུང་སྟེ་འདོད་འཇིགས་གོམས་པ་བཞིན། སྟོང་ཉིད་བསྒོམ་པའང་རྟེན་བརྟེན་ཞིང་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བསྒོམ་པར་བྱེད་དོ། །ཞེས་བྱ་བ་མཐའ་གཞན་བཀག་པའི་ངེས་པ་བསྒྲུབ་པའི་རང་བཞིན་གྱི་རྟགས་སོ། །རྟགས་དེའི་ཆོས་ཅན་ནི་རང་རྒྱུད་ལ་མངོན་སུམ་དང་གཞན་ལ་ལུས་ངག་གི་རྣམ་འགྱུར་ཁྱད་པར་ཅན་གྱི་རྟགས་ཀྱིས་འགྲུབ་བོ། །བསྒྲུབ་བྱ་ནི་འབྱུང་རུང་ཙམ་དང་འབྱུང་ངེས་ཉིད་མ་ཡིན་ཏེ། རྐྱེན་དང་ཕྲད་ན་རུང་བ་ཙམ་མི་བསྒོམ་པ་ལ་ཡང་ཡོད་ཅིང་ངེས་པ་བསྒོམ་པ་ལའང་མེད་པའི་ཕྱིར་རོ། །འོན་ཀྱང་བསྒོམ་པའི་ཡན་ལག་དང་མ་བྲལ་ཞིང་འགལ་རྐྱེན་མེད་ན། གསལ་སྣང་འབྱུང་ངེས་ཡིན་ཏེ། རྒྱུ་ཚོགས་པ་ཚང་ཞིང་འགལ་རྐྱེན་མེད་ན་འབྲས་བུ་འབྱུང་ངེས་དཔོག་པ་བཞིན་ནོ། །གཉིས་པ་དེའི་ཚུལ་བསྒྲུབ་པ་ལ་གཉིས་ཏེ། ཕྱོགས་ཆོས་དང་ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། རྟེན་བརྟེན་པ། གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ། དེ་བསྒོམ་པའོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་ན། འདི་ལ་ཁ་ཅིག་རྟེན་བརྟེན་པ། །རིག་པའི་ཐོག་མཐའ་རྣམ་པ་གཉིས། །མེ་དང་སྒྲོན་མ་དཔེར་བྱས་ནས། །མངོན་སུམ་ཉིད་ཀྱིས་འགྲུབ་ཅེས་ཟེར། །རིག་པའི་ཡ་མཐའ་དང་མ་མཐའ་ཐུག་པ་གཉིས་རང་རིག་གིས་ཁེགས། དབུས་ཀྱི་རིག་པ་རང་རིག་གིས་གྲུབ་པས་རིག་པའི་རྒྱུན་ཐོག་མཐའ་མེད་པར་གྲུབ་བོ། །ཡ་མཐའ་མ་མཐའ་ཇི་ལྟར་ཁེགས་སྙམ་ན། རང་རྒྱུད་ལ་རང་རིག་གིས་རིག་པ་ཙམ་རིག་པ་སྔ་མ་ལས་བྱུང་བར་གྲུབ་པས་རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པ་ཙམ་དངོས་སུ་ཁེགས་པ་ན་རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པའི་བྱེ་བྲག་ཤུགས་ལ་ཁེགས་ཏེ། དུ་བ་ཙམ་མེ་ལ་བྱུང་བར་མངོན་སུམ་གྱིས་གྲུབ་པས་མེ་སྔོན་དུ་མ་སོང་བའི་དུ་བ་ཙམ། དངོས་སུ་ཁེགས་པ་ན་མེ་སྔོན་དུ་མ་སོང་བའི་དུ་བའི་བྱེ་བྲག་ཤུགས་ལ་ཁེགས་པ་བཞིན་ནོ། །ཡང་རང་རྒྱུད་ལ་རིག་པ་ཙམ་རིག་པ་ཕྱི་མ་བསྐྱེད་པར་གྲུབ་པས་རིག་པ་ཕྱི་མ་མི་བསྐྱེད་པའི་རིག་པ་ཙམ་དངོས་སུ་ཁེགས་པ་ན་ཕྱི་མ་མི་བསྐྱེད་པའི་རིག་པའི་བྱེ་བྲག་ཐམས་ཅད་ཤུགས་ལ་ཁེགས་ཏེ་སྒྲོན་མ་ཙམ་གྱིས་འོད་འབྱིན་པར་གྲུབ་པས་འོད་མི་འབྱིན་པའི་སྒྲོན་མའི་བྱེ་བྲག་ཐམས་ཅད་ཤུགས་ལ་ཁེགས་པ་བཞིན་ནོ་ཞེས་གསུང་ངོ༌། །འདི་མི་འཐད་དེ། ཐུག་མེད་རང་རིག་གིས་མི་འགྲུབ། །མེ་དང་སྒྲོན་མ་དཔེར་མི་རུང༌། །རང་རིག་གིས་ད་ལྟར་གྱི་ཤེས་པ་ཙམ་འབྲེལ་པ་ཅན་དུ་གྲུབ་ཀྱང་སྐྱེ་བ་དང་འཆི་བའི་ཐོག་མཐའ་མི་འགྲུབ་སྟེ། ཚུ་རོལ་མཛེས་པ་བ་ལྟར་དང་པོའི་སེམས་འཇིག་རྟེན་ཕ་རོལ་གྱི་སེམས་ལས་མི་སྐྱེ་བར་ཕ་མའི་ལུས་ལས་སྐྱེ་བར་འདོད་པས་རྒྱུ་གཞན་དོགས་པའི་ཕྱིར་དང༌། འཆི་བའི་སེམས་ཀྱིས་ཀྱང་སེམས་ཕྱི་མ་མི་བསྐྱེད་པར་མེ་རྣལ་བ་ལྟར་རྒྱུན་ཆད་པར་དོགས་པའི་ཕྱིར་རོ། །གལ་ཏེ་ད་ལྟར་རིག་ཙམ་རྒྱུ་འབྲས་སུ་གྲུབ་པའི་ཤུགས་ལ་འཇིག་རྟེན་སྔ་ཕྱི་ངེས་ན་ཆད་པར་ལྟ་བའི་ལོག་རྟོག་ཀྱང་སྐྱེ་མི་སྲིད་པར་འགྱུར་རོ། །ཡང་དཔེ་མི་མཚུངས་ཏེ་དུ་བའི་དང་པོ་དུ་བ་སྔ་མ་ལས་སྐྱེ་བ་ཞིག་དཔེར་དགོས་ཀྱི། དུ་བའི་དང་པོ་རིགས་མི་མཐུན་མེ་ལས་སྐྱེ་ལ་དུ་བའི་རྒྱུན་དུ་བའི་རིགས་འདྲ་སྔ་མ་ལས་སྐྱེ་བ་དང༌། སེམས་ཀྱི་དང་པོ་རིས་མི་འདྲ་ལུས་ལས་སྐྱེ་ལ། སེམས་ཀྱི་ཕྱི་མའི་རྒྱུན་རིས་འདྲ་ལས་སྐྱེ་བ་ཚུ་རོལ་མཛེས་པའི་ལུགས་ཡིན་པའི་ཕྱིར་དང༌། སྒྲོན་མའང་རྣལ་ཁ་མས་སྒྲོན་མ་གཞན་བསྐྱེད་པ་ཞིག་དཔེར་དགོས་ཀྱི་སྒྲོན་མ་ལ་འོད་འབྱིན་པས་ཁྱབ་པ་ནི་སེམས་ལ་གསལ་བས་ཁྱབ་པའི་དཔེར་རུང་གི ཕྱི་མ་བསྐྱེད་པ་ལ་དཔེ་ཉིད་མ་ཡིན་ནོ། །གཉིས་པ་རང་འདོད་པ་ལ་གཉིས་ཏེ། འདས་པ་དང་མ་འོངས་པ་ཐུག་མེད་དུ་བསྒྲུབ་པའོ། །དང་པོ་ལའང་གཉིས་ལས། རྟགས་དགོད་ན། སེམས་ལ་གཞན་ལས་ལྟོས་མེད་ཀྱི། །རྟགས་ཀྱིས་སྔོན་མཐའ་ཐུག་མེད་འགྲུབ། །སྐྱེས་མ་ཐག་པའི་སེམས་ཆོས་ཅན། །ཉེར་ལེན་གྱི་རྒྱུ་སེམས་སྔ་མ་སྔོན་དུ་སོང་སྟེ་རིག་པ་ཙམ་ཡིན་པའི་ཕྱིར་ད་ལྟར་གྱི་རིག་པ་བཞིན་ཞེས་བྱ་བའི་འབྲས་རྟགས་སོ། །གཉིས་པ་དེའི་ཚུལ་བསྒྲུབ་པ་ལ་གཉིས་ལས་ཕྱོགས་ཆོས་ནི་མྱོང་བའམ་རྟགས་ཀྱིས་འགྲུབ་ལ་ཁྱབ་པ་ནི་སེམས་ཙམ་ཡིན་ཡང་ཉེར་ལེན་གྱི་རྒྱུ་སེམས་མ་ཡིན་པ་ལ་ལྟོས་ན་ཅི་སྟོ་ཞེས། ཚུ་རོལ་མཛེས་པ་བརྒོལ་ན། སེམས་ཀྱི་ངོ་བོ་སྐྱེ་བ་ཉེར་ལེན་གྱི་རྒྱུ་སེམས་མ་ཡིན་པ་ལ་ལྟོས་སམ། སེམས་ཀྱི་ཁྱད་པར་སྐྱེ་བ་སེམས་ལས་གཞན་ལའང་ལྟོས། ཕྱི་མ་ནི་ཁོ་བོ་ཡང་འདོད་དེ་སྐྱེ་མཆེད་ཀྱི་ལྷན་ཅིག་བྱེད་རྐྱེན་ཐ་དད་ཀྱིས་སྒོ་ལྔའི་རྣམ་ཤེས་ཐ་དད་དུ་སྐྱེ་བའི་ཕྱིར་རོ། །སྔ་མ་ལྟར་རོ་ཞེ་ན། འོ་ན་ད་ལྟར་གྱི་ཤེས་པ་འདི་རྒྱུ་མེད་ལས་སྐྱེའམ། རྒྱུ་ལས་སྐྱེ་བརྟག དང་པོ་ལྟར་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པའི་རིགས་པས་ཁེགས་སོ། །གཉིས་པ་ལྟར་ན་ཤེས་པ་ལས་སྐྱེའམ་བེམས་པོ་ལས་སྐྱེ། དང་པོ་ལྟར་ན་ཤེས་པའི་རྒྱུ་ཤེས་པར་གྲུབ་པས་འཇིག་རྟེན་སྔ་མ་གྲུབ་པ་དེ་ཉིད་ཡིན་ནོ། །གཉིས་པ་ལྟར་ན་དབང་པོ་མེད་པའི་ལུས་སམ། དབང་པོ་དང་བཅས་པའི་ལུས་སམ། དབུགས་འབྱུང་རྔུབ་གསུམ་གང་ལ་སྐྱེ་བརྟག་གྲང༌། དབང་པོ་མེད་པ་ལས་སྐྱེ་ན། རྡུལ་ཕྲན་སོ་སོ་ལས་སྐྱེའམ། འོན་ཏེ་ཚོགས་པ་ལས་སྐྱེ། དང་པོ་ལྟར་ན་ཚོགས་པ་ཚང་ཞིང་གགས་མེད་པའི་ཕྱིར་རྡུལ་ཕྲན་རེ་རེ་ལས་སེམས་རེ་སྐྱེ་བར་ཐལ་ལོ། །གཉིས་པ་ལྟར་ན་སོར་མོ་ལྟ་བུ་ཡན་ལག་གཅིག་ཉམས་ཀྱང་སེམས་མི་སྐྱེ་བར་འགྱུར་ཏེ། རྒྱུ་མ་ཚང་བའི་མྱུ་གུ་བཞིན་ནོ། །དེ་ཉིད་རྣམ་འགྲེལ་ལས། རེ་རེ་ནུས་པ་ཉིད་ཡིན་ནའང༌། །ཅིག་ཅར་མང་པོ་འབྱུང་བར་འགྱུར། །ཞེས་བྱ་བ་དང༌། མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་མིན། །ཞེས་གསུངས་པས་སོ། །གལ་ཏེ་དེ་ལྟ་བུའི་ལུས་ལས། མི་སྐྱེའི་ཡན་ལག་ཅན་གྱི་རྫས་ལས་སྐྱེའོ་ཞེ་ན། སྣང་རུང་མི་དམིགས་པའམ། གཅིག་གཡོ་ན་ཐམས་ཅད་གཡོ་བར་ཐལ་བ་ལ་སོགས་པས་ཁེགས་པར་གསལ་ལོ། །ཡང་འགའ་ཞིག་དབང་པོ་ལས་ཤེས་པ་སྐྱེའོ་ཞེ་ན། སྔ་མ་ལྟར་དབང་པོ་ཚོགས་པ་ལས་སྐྱེ་ན་དབང་པོ་གཅིག་མ་ཚང་ཡང་ཡིད་ཤེས་མི་སྐྱེ་བར་འགྱུར་ལ། རྐྱང་པ་ལས་སྐྱེ་ན་དབང་པོའི་བློ་བཞིན་དུ་ཡུལ་སོ་སོར་འཛིན་པར་འགྱུར་ཏེ། རྣམ་འགྲེལ་ལས། དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་པོ་བཅས་ལས་ཡིད་ཤེས་མིན། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་དབང་པོ་དེ་ཅི། །དབང་རྟེན་གཟུགས་ཅན་ལ་ཟེར་རམ། །ཡུལ་ལ་འཛིན་ནུས་ལ་ཟེར། དང་པོ་ལྟར་ན་ཤི་བའི་གཟུགས་ལས་ཀྱང་དབང་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ལྟར་ན་ནུས་པ་ཀུན་གཞིའི་རྣམ་ཤེས་ཀྱི་ཁྱད་པར་ཡིན་པས་ཤེས་པ་ལས་ཤེས་པ་ཁྱད་པར་ཅན་སྐྱེ་བར་འགྲུབ་བོ། །དེས་ན་བློ་དབང་པོའི་རྒྱུ་ཡིན་པར་རྣམ་འགྲེལ་ལས། དབང་རྣམས་རེ་རེ་ལ་གནོད་ཀྱང༌། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། །དེ་ཕྱིར་བློ་གནས་པ་ཡིན་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་པོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་གསུངས་པས་སོ། །ཡང་ཁ་ཅིག་དབུགས་དབྱུང་རྔུབ་ལ་ཤེས་པ་སྐྱེའོ་ཞེ་ན། སེམས་ཀྱི་རྒྱུ་དབུགས་ཡིན་ན་དབུགས་ཀྱི་རྒྱུ་ཅི་ཡིན། སེམས་ཡིན་ན་སེམས་སྔ་མ་གྲུབ་ཅིང༌། དབུགས་སྔ་མ་ཉིད་ཡིན་ན་ལུས་དང་སེམས་མེད་ཀྱང་དབུགས་འབྱུང་བར་འགྱུར་ལ་ལུས་ཡིན་ན་རྒྱུ་ཚང་ཞིང་གགས་མེད་པའི་ཕྱིར་རོ་ལས་ཀྱང་དབུགས་འབྱུང་བར་འགྱུར་རོ། །འདིའང་རྣམ་འགྲེལ་ལས། དབུགས་གཅིག་ལའང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན། །ཞེས་དབུགས་འབྱུང་བ་གཅིག་ལས་སེམས་གཅིག་སྐྱེ་བ་འགོག་པ་དང༌། དབུགས་གཅིག་ལས་སེམས་དུ་མ་སྐྱེ་བ་འགོག་པའི་རིགས་པ་ནི་རྣམ་འགྲེལ་ཉིད་དུ་ཤེས་པར་བྱའོ། །དེས་ན་འབྱུང་རྔུབ་ལས་སེམས་མི་འབྱུང་གི་སེམས་ལས་འབྱུང་རྔུབ་འབྱུང་བར་གྲུབ་བོ། །དེའི་ཕྱིར་ཤེས་པ་སྐྱེ་བ་ནི་ཚད་མས་གྲུབ་ལ། རྒྱུ་མེད་དང་རིས་མི་མཐུན་གྱི་རྒྱུ་གཞན་ལས་སྐྱེ་བ་ཁེགས་པས་རིས་མཐུན་གྱི་ཤེས་པ་ཉིད་ཤེས་པ་ཕྱི་མའི་རྒྱུར་གྲུབ་པ་ན། འཇིག་རྟེན་འདིའི་ཤེས་པ་ལ་འཇིག་རྟེན་སྔ་མའི་ཤེས་པ་སྔོན་དུ་སོང་བར་ཁྱབ་པ་འགྲུབ་པའི་ཕྱིར་ཡ་མཐའ་ཐུག་མེད་དུ་གྲུབ་བོ། །དཔེར་ན་བུམ་པ་རྒྱུན་གྱི་མཐར་འཇིག་པར་ཚད་མས་གྲུབ་ལ། འཇིག་པའི་རྒྱུ་གཞན་ལ་ལྟོས་པ་ཁེགས་པས་བུམ་པ་ཉིད་འཇིག་པ་དང༌། དབྱེར་མེད་དུ་གྲུབ་པ་ན་དངོས་པོ་རྣམས་སྐད་ཅིག་གིས་འཇིག་པར་འགྲུབ་པ་བཞིན་ནོ། །འདིར་ལྟོས་མེད་དུ་འདྲ་ཡང་སེམས་ནི་སེམས་སྔ་མ་ལས་སྐྱེ་བ་གྲུབ་པས་རྒྱུ་འབྲས་ཡིན་ལ་བུམ་པ་ནི་འཇིག་པའི་ངོ་བོར་བསྒྲུབ་པས་རང་བཞིན་ཉིད་ཡིན་ནོ། །དེས་ན་སེམས་ཀྱི་ཉེར་ལེན་སེམས་སུ་གྲུབ་པ་ནི་འཇིག་རྟེན་སྔ་མ་གྲུབ་པའང་རྣམ་འགྲེལ་ལས། དེ་ཕྱིར་ངེས་པར་གང་ཉིད་ཀྱི། །འདུ་བྱེད་ཀྱི་ནི་རྗེས་འཇུག་པར། །སེམས་ནི་དེ་མེད་མི་འབྱུང་བས། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན། །ཞེས་བྱ་བ་དང༌། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་མ་འོངས་པ་བསྒྲུབ་པ་ལ་གཉིས་ཏེ། བདག་འཛིན་དང་བཅས་པ་དང༌། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པའོ། །དང་པོ་ལ་གསུམ་ལས་རྟགས་དགོད་པ་ནི། རྒྱུ་ཚོགས་ཚང་ཞིང་གགས་མེད་པའི། །རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ། །འཆི་ཀའི་སེམས་ཆོས་ཅན། སེམས་ཕྱི་མ་བསྐྱེད་ངེས་ཏེ། རྒྱུ་ཚང་ཞིང་གགས་མེད་པའི་ཕྱིར། །ཚོགས་པ་ཐ་མའི་མྱུ་གུ་བཞིན། །ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །གཉིས་པ་ཚུལ་བསྒྲུབ་པ་ལ་གཉིས་ཏེ། ཕྱོགས་ཆོས་དང་ཁྱབ་པ་བསྒྲུབ་པའོ། །དང་པོ་ལའང་གཉིས་ལས་དངོས་ནི། སྐྱེ་བའི་རྒྱུ་ཚོགས་པ་ཚང་བ་ཞེས་བྱ་བ་བདག་འཛིན་ཡིན་ཅིང་གགས་ནི་བདག་མེད་ཡིན་ལ་དེ་མེད་པ་ནི་བདག་མེད་རྟོགས་པ་ཉིད་དོ། །གཉིས་པ་དེ་གཏན་ལ་དབབ་པ་ལ་འཁོར་བའི་འཇུག་ལྡོག་ཤེས་དགོས་པས་དེ་ལ་གསུམ། གཞན་ལུགས་དགག རང་ལུགས་བརྗོད། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ལས་དང་ལུས་སེམས་འཁོར་བའི་རྒྱུ། །གཉིས་པོ་སྤངས་ཕྱིར་དཀའ་སྤྱོད་ཟེར། །འདི་ལ་མུ་སྟེགས་བྱེད་འགའ་ཞིག་ལས་དང་ལུས་གཉིས་ཀྱང་འཁོར་བའི་རྒྱུ་ཡིན་པས་ཚོགས་པ་ལས་བསྐྱེད་པ་ལ་ཡ་གྱལ་མེད་ན་འབྲས་བུ་མི་སྐྱེ་བས། དེ་གཉིས་གང་རུང་ལ་གནོད་པ་བྱས་ཀྱང་སྐྱེ་བ་ལྡོག་སྟེ་ས་བོན་ཡོད་ཀྱང་ཆུ་ལུད་ལོག་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །དེས་ན་དཀའ་ཐུབ་ཀྱིས་ལས་ཟད་ན་ཡང་སྲིད་མི་ལེན་ནོ་ཞེ་ན། མི་ནུས་མི་ཕན་མི་དགོས་པས། །ལས་དང་ལུས་འཛད་ལམ་མ་ཡིན། །ལས་སྤང་བར་མི་ནུས་ཏེ་མཐའ་ཡས་ཤིང་གཉེན་པོ་ཤེས་པར་མི་ནུས་པའི་ཕྱིར་རོ། །མ་རིག་པ་ལས་བྱུང་བའི་སྲེད་པ་མ་སྤངས་ན་ལས་དང་ལུས་སྔར་གྱི་སྤངས་ཀྱང་ཕྱིས་སྐྱེ་བས་མི་ཕན་པའི་ཕྱིར་དང༌། བདག་ཏུ་སྲེད་པ་སྤངས་ན་ལས་དང་ལུས་མ་སྤངས་ཀྱང་བུད་ཤིང་ཟད་པའི་མེ་ལྟར་ཡང་སྲིད་མི་ལེན་པས་མི་དགོས་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། ལས་དང་ལུས་དག་སྤོང་མིན་ཏེ། །གཉེན་པོ་དག་ནི་མེད་ཕྱིར་དང༌། །ནུས་མེད་ཕྱིར་རོ་སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་པས་སོ། །གཉིས་པ་རང་ལུགས་བརྗོད་པ་ལ་གཉིས། འཁོར་བར་སྐྱེ་བའི་རྒྱུ་ངོས་གཟུང་བ་དང༌། དེའི་གཉེན་པོ་དཔྱད་པའོ། །དང་པོ་ལ་གཉིས་ལས། སྤྱིར་ཡང་སྲིད་ཙམ་སྐྱེ་བའི་རྒྱུ་ནི། སྐྱེ་རྒྱུ་མ་རིག་དེ་ལས་ཀྱང༌། །ཉོན་མོངས་ལས་དང་འཁོར་བ་འབྱུང༌། །འཁོར་བར་སྐྱེ་བའི་རྒྱུ་བདག་ཏུ་འཛིན་པ། དེ་ཡོད་ན་བདག་གི་བར་འཛིན་པ་གཞན་འབྱུང༌། དེ་ལས་མཐུན་པ་ལ་ཆགས་པ་དང༌། མི་མཐུན་པ་ལ་སྡང་བ་འབྱུང་ཞིང་ཉོན་མོངས་པ་དེ་དག་གི་ལས་བསགས་ནས། དགེ་བས་མཐོ་རིས་གསུམ་དང་མི་དགེ་བས་ངན་སོང་གསུམ་དང༌། མི་གཡོ་བས་ཁམས་གོང་མར་འཕེན་པའི་ཕྱིར་རོ། །དེ་ཉིད་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བྱ་བ་དང༌། དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་བྱ་བ་དང༌། ཆགས་བྲལ་མིན་དང་སྲེད་ལྡན་དང༌། །རྩོམ་པ་ཀུན་ལ་རྟེན་པ་དེ། །ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེ་འདྲ་འཁོར་བ་པ་ཞེས་བྱ། །ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཉོན་མོངས་པ་ལས་ལས་ཏེ་ལས་ལས་ཀྱང༌། །སྐྱེ་བ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་རོ། །དེས་ན་སེམས་ཙམ་གྱིས་ཕྱི་མ་བསྐྱེད་པ་ལ་ནི་སེམས་སྔ་མ་ལས་རྒྱུ་གཞན་མི་དགོས་ཏེ། རྣམ་འགྲེལ་ལས། གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གི །བག་ཆགས་སད་པའི་རྒྱུར་འགྱུར་བ། །དེས་ན་འགའ་ཞིག་ལས་འགའ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་བྱེ་བྲག་དབང་ཤེས་སྐྱེ་བའི་རྒྱུ་ནི། སྐྱེ་མཆེད་འདི་ལས་སྐྱེ་མཆེད་གཞན། །དེ་ཡི་བཟང་ངན་ལས་ཀྱིས་བྱེད། །དབང་པོའི་ཤེས་པ་བསྐྱེད་པ་ལ་ནི་འཆི་ཀའི་སེམས་ཀྱི་ཉེར་ལེན་གྱི་རྒྱུ་བྱས་དབང་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཕྱི་མའི་དབང་ཤེས་སྐྱེ་ལ་དབང་པོས་ཉེར་ལེན་གྱི་རྒྱུ་དང༌། སེམས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཕྱི་མའི་དབང་པོ་བསྐྱེད་ཅིང༌། དེ་གཉིས་ཀ་བཟང་ངན་དུ་བསྐྱེད་པའི་བདག་རྐྱེན་ལས་ཀྱིས་བྱེད་དེ། རྣམ་འགྲེལ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་བསྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་བྱ་བ་དང༌། གལ་ཏེ་དེ་ལས་ཁྱད་པར་ཅན། །ལས་རྣམས་བདག་པོ་ཞེས་གསུངས་པས་སོ། །གཉིས་པ་གཉེན་པོར་དཔྱད་པ་ལ་གཉིས་ལས། ཕྱོགས་རེ་མགོ་གནོན་ནི། བྱམས་སོགས་བདག་དང་མི་འགལ་ཕྱིར། །འཁོར་བའི་རྩ་བ་གཅོད་ནུས་མིན། །ཞེ་སྡང་གི་གཉེན་པོར་བྱམས་པ། འདོད་ཆགས་ལ་མི་སྡུག་པ། རྣམ་པར་འཚེ་བ་ལ་སྙིང་རྗེ། ཕྲག་དོག་ལ་དགའ་བ། ཐམས་ཅད་ཀྱི་གཉེན་པོར་བཏང་སྙོམས་བསྒོམ་པར་གསུངས་པའང་ཕྱོགས་རེ་མགོ་གནོན་པའམ། རྒྱང་བསྲིང་བ་ཙམ་དུ་ནུས་ཀྱི་རྩ་བ་ནས་གཅོད་མི་ནུས་ཏེ་རྒྱུ་དང་མི་འགལ་བའི་ཕྱིར་མངར་བ་དང་བསིལ་བ་དང་སྣུམ་པས་བད་ཀན་གྱི་ནད་བཞིན་ནོ། །དེའང་རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་གསུངས་པས་སོ། །གཉིས་པ་མཐའ་དག་དཔྱིས་འབྱིན་ནི། བདག་མེད་བདག་དང་འགལ་བས་ན། །བདག་མེད་མཐོང་བས་དེ་སུན་འབྱིན། །དེས་ན་བདག་དང་བདག་མེད་གཉིས་གནོད་བྱ་གནོད་བྱེད་ཀྱི་འགལ་བ་ཡིན་ཏེ། རྟག་མི་རྟག་གམ་ཚ་རེག་གྲང་རེག་བཞིན་ནོ། །དེས་ན་བདག་མེད་རྟོགས་པས་བདག་འཛིན་ཡུལ་ཐོན་ནས་འབྲས་བུ་སྐྱེ་བ་ལས་གྲོལ་ཏེ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ལས་བྱུང་བའི་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་བྱ་བ་དང༌། བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་བྱ་བ་དང༌། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲེད་པས་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཇི་སྲིད་བདག་འཛིན་ཡོད་པ་དེ་སྲིད་དུ་ཡང་སྲིད་མི་ཆད་པས་རྟེན་བརྟེན་ལ། བདག་མེད་མཐོང་བ་ན་ཡང་སྲིད་ཟད་པ་ཡིན་ནོ། །གསུམ་པ་དེ་ལ་རྩོད་པ་ལ་གཉིས་ཏེ། སྐྱེ་རྒྱུ་དང་གཉེན་པོ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། ཐོག་མར་རྒྱུ་གསུམ་གསུངས་པ་དང༌། འགལ་བ་སྤང་བ་ནི། གལ་ཏེ་སྐྱེ་བ་ལེན་པ་ལ་ལས་དང་ལུས་ཀྱང་རྒྱུར་དགོས་ཏེ། རྣམ་འགྲེལ་ལས། རྒྱུ་གསུམ་ཅན་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་བདག་འཛིན་གྱིས་ཉོན་མོངས་པ་བསྐྱེད། ཉོན་མོངས་པས་ལས་བསྐྱེད། དེས་ལུས་བསྐྱེད། དེ་གཉིས་ཀྱིས་གྲོགས་བྱས་པའི་འཆི་སེམས་ཀྱིས་ཚེ་ཕྱི་མ་སྐྱེད་པ་ལ་དགོངས་པས་མི་འགལ་ལོ། །གཉིས་པ་སྲེད་པ་རྒྱུར་གསུངས་པ་དང་འགལ་བ་སྤང་བ་ནི། བདེ་བར་གཤེགས་པས་སྲེད་པ་སྐྱེ་བའི་རྒྱུར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མ་རིག་པས་ཉེར་ལེན་བྱས་པའི་སྲེད་པས་ཡུལ་ལ་སོགས་པ་ཐོབ་པའི་རྩོལ་བས་ཀུན་ནས་བསླངས་ནས་སྐྱེ་གནས་སུ་འཇུག་པ་ལ་དགོངས་པས་མི་འགལ་ཏེ། རྣམ་འགྲེལ་ལས། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲིད་པ་ཉིད་བཤད་པ། །རྒྱུ་ནི་འཕེན་པར་བྱེད་ཕྱིར་དང༌། །སྲེད་པ་དེ་མ་ཐོག་ཕྱིར་རོ། །ཞེས་གསུངས་པས་སོ། །གསུམ་པ་འཇིག་ཚོགས་ལ་ལྟ་བ་རྒྱུར་གསུངས་པ་དང་འགལ་བ་སྤང་བ་ནི། མདོ་ལས། འཇིག་ཚོགས་ལ་ལྟ་བ་འཁོར་བའི་རྒྱུར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ཉིད་མ་རིག་པའི་བྱེ་བྲག་ཡིན་ཏེ། ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་བྱ་བ་དང༌། དེ་ཉིད་ཕྱིར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །གཞན་ལས་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤོང་ཕྱིར་རོ། །ཞེས་གསུངས་པས་སོ། །འདི་ལ་ཉན་ཐོས་འགའ་ཞིག་མ་རིག་པ་ནི་མི་ཤེས་པ་ཙམ་ཡིན་ལ། འཇིག་ཚོགས་ལ་ལྟ་བ་ལོག་ཤེས་ཡིན་པས་རྣམ་པ་མི་མཚུངས་པའི་ཕྱིར་གཅིག་ཏུ་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཏེ་ལུང་དང་རིགས་པ་དང་འགལ་བའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། རིག་པའི་མི་མཐུན་ཕྱོགས་ཉིད་ཕྱིར། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །ཞེས་གསུངས་པས་སོ། །མ་རིག་པ་རིག་པའི་མི་མཐུན་ཕྱོགས་ཡིན་པ་དེའང༌། མེད་པས་མི་མཐུན་ཕྱོགས་མ་ཡིན་ཏེ། རི་བོང་གི་རྭ་ཡང་མ་རིག་པར་ཐལ་བའི་ཕྱིར་རོ། །གཞན་པས་མི་མཐུན་ཕྱོགས་མ་ཡིན་ཏེ་བེམས་པོའང་མ་རིག་པར་ཐལ་བའི་ཕྱིར་རོ། །དེས་ན་འགལ་བས་མི་མཐུན་ཕྱོགས་ཡིན་ནོ། །སེམས་ལས་བྱུང་བས་དམིགས་པ་ཡང་རྟེན་དང་དམིགས་པ་དང་དུས་དང་རྣམ་པ་དང་རྫས་མཚུངས་ལྡན་དུ་དམིགས་པའི་ཕྱིར་རོ། །ཟླ་བ་སྒྲོན་མ་དང་ས་བཅུ་པ་ལ་སོགས་པར་ཡང་མ་རིག་པ་དང་བྲལ་བ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་ལྷག་པར་སྒྲོ་འདོགས་པ་དང་བྲལ་བ་གང་ཡིན་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །གཉིས་པ་གཉེན་པོ་ལ་རྩོད་པ་སྤང་བ་ལ་གཉིས་ལས། ཐོག་མར་ལམ་དང་པོར་མྱ་ངན་ལས་འདའ་བར་ཐལ་བ་སྤང་བ་ནི། མ་རིག་པ་དང་བྲལ་བས་སྐྱེ་བ་མི་ལེན་ན་རྒྱུན་ཏུ་ཞུགས་པའམ་མཐོང་ལམ་སྐྱེས་པ་ཉིད་ན་སྐྱེ་བ་མི་ལེན་པར་འགྱུར་རོ་ཞེ་ན། མ་རིག་པ་ལ་ཀུན་བརྟགས་དང་ལྷན་ཅིག་སྐྱེས་པ་གཉིས་ལས་ཀུན་བརྟགས་སྤངས་ཀྱང་སྐྱེ་བའི་རྒྱུར་གྱུར་པའི་ལྷན་སྐྱེས་མ་སྤངས་པས་ཡང་སྲིད་ལེན་པ་མི་འགལ་ཏེ། རྣམ་འགྲེལ་ལས། གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་པོར་ནི་སྲིད་མེད་འགྱུར། །ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ན་ཡང་སྲིད་ག་ལ་ཡོད། །ཅེས་གསུངས་པས་སོ། །འོ་ན་གྲུབ་མཐའ་འགའ་ཞིག་དགྲ་བཅོམ་པ་ལྷན་སྐྱེས་ཀྱི་བདག་མ་སྤངས་ཀྱང་ཡང་སྲིད་མི་ལེན་པ་དང༌། ས་བརྒྱད་པ་ན་ལྷན་སྐྱེས་ཀྱི་བདག་སྤངས་ཀྱང་ཡང་སྲིད་ལེན་པ་འགལ་ལོ་ཞེ་ན། འདི་ལ་གྲུབ་མཐའ་སྨྲ་བ་དག་ལན་སོ་སོར་འདེབས་ཏེ། དགྲ་བཅོམ་པས་ལྷན་སྐྱེས་ཀྱི་བདག་མ་སྤངས་ཀྱང་དེ་མ་ཐག་པའི་རྐྱེན་སྲེད་པ་ཟད་པས་འཕེན་མི་ནུས་ཞེས་ཟེར་བ་དང༌། སྲེད་པ་མ་སྤངས་ཏེ་རང་ངམ་གཞན་གྱི་རྐྱེན་གྱིས་སང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཅེས་ཟེར་བ་དང༌། སོ་སོར་བརྟགས་མིན་གྱི་འགོག་པས་བདག་སྤངས་པས་ཡང་སྲིད་མི་ལེན་ཞེས་ཟེར་བ་དང༌། སོ་སོར་བརྟགས་པའི་འགོག་པས་བདག་སྤངས་པས་ཡང་སྲིད་མི་ལེན་ཞེས་ཐ་དད་དུ་འདོད་པ་ལ་སློབ་དཔོན་གྱི་དགོངས་པ་མདོ་སྡེ་པ་དང་བསྟུན་ནས་ཉེར་ལེན་གྱི་རྒྱུ་ལྷན་ཅིག་སྐྱེས་པའི་བདག་དང་དེ་མ་ཐག་པའི་རྐྱེན་སྲེད་པ་ཟད་པས་ཡང་སྲིད་མི་ལེན་པར་བཞེད་དེ། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པས་སོ། །ཡང་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ན། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ཏེ། ལྷན་སྐྱེས་ཀྱི་བདག་མེད་པས་སྙིང་རྗེས་སྲིད་པའི་མཚམས་སྦྱོར་བར་འདོད་ལ། ཁ་ཅིག་ནི་ལྷན་སྐྱེས་ཀྱི་བདག་ས་བཅུའི་རྒྱུན་གྱི་མཐར་མི་སྤང་སྟེ། མ་རིག་པའི་བག་ཆགས་ཀྱི་ས་ཡོད་པས་དེ་ཉིད་ཀྱིས་སྲིད་པའི་མཚམས་སྦྱོར་བར་འདོད་དོ། །སློབ་དཔོན་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་གཙོ་བོའི་ལས་ལས་ཀྱང་ཡིན་ལ། ཉན་ཐོས་ལས་གཙོ་བོའི་སྙིང་རྗེ་ལས་ཀྱང་ཕུང་པོ་ལྷག་བཅས་ཀྱི་སྲིད་པར་བཞུགས་པར་བཞེད་དེ། རྣམ་འགྲེལ་ལས། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་གསུངས་པས་སོ། །མདོ་ལས་ཀྱང༌། འཆི་ལ་དགའ་བར་མི་བྱ་ཞིང༌། །གསོན་པ་ལ་ཡང་དགའ་མི་བྱ། །དཔེར་ན་དབང་པོའི་གླང་པོ་བཞིན། །ཁོ་བོ་དུས་ལ་སྡོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སྙིང་རྗེ་ཡོད་ན། དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། དེ་གཉིས་རྒྱུ་དང་ཡུལ་དང་རྣམ་པ་མི་འདྲ་སྟེ། འདོད་ཆགས་ནི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་རྟག་པ་དང་བདེ་བ་དང༌། བདག་དང༌། བདག་གིར་འདུ་ཤེས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྒྱུ་ཡིན་ལ་ཡུལ་ནི་སེམས་ཅན་ལ་སོགས་པར་མཐོང་བའོ། །རྣམ་པ་ནི་མཁོ་བར་སེམས་པའོ། །སྙིང་རྗེའི་རྒྱུ་ནི་སྡུག་བསྔལ་གྱི་རྒྱུན་རིག་པ་གོམས་པའོ། །ཡུལ་ནི་སྡུག་བསྔལ་རྒྱུ་འབྲས་ཀྱིས་ཟིན་པའོ། །རྣམ་པ་ནི་དེ་དང་བྲལ་བར་འདོད་པའོ། །གལ་ཏེ་སེམས་ཅན་གྱི་དོན་ལ་འཇུག་པ་ཉིད་ཆགས་པའོ་ཞེ་ན། མིང་དུ་འདོགས་པ་ལ་རག་མོད་འདམ་ལས་གསེར་ལེན་པ་དང་འབུ་ལེན་པའི་ཚུལ་འཇུག་ཚུལ་བཞིན་བསམ་པ་ཁྱད་པར་ཆེའོ། །དེས་ན་འཁོར་བའི་རྒྱུ་བདག་འཛིན་ཡིན་པས་བདག་འཛིན་གྱི་བུད་ཤིང་མེད་ན་ཉོན་མོངས་པའི་མེ་རྣལ་ལ་དེ་ལྟ་ན་སྡུག་བསྔལ་གྱི་དུ་བ་རྒྱུན་ཆད་པ་ཡིན་ནོ། །གཉིས་པ་མྱ་ངན་ལས་འདས་ན་རྟེན་མི་བརྟེན་པར་ཐལ་བ་སྤང་བ་ནི། ལྷན་སྐྱེས་ཀྱི་བདག་སྤངས་པས་ཡང་སྲིད་མི་ལེན་ན་རྟེན་བརྟེན་པར་མི་འགྲུབ་བོ་ཞེ་ན། ས་བོན་ཐོག་མ་ཡོད་མིན་ཡང༌། །མེས་བསྲེག་པ་ན་ཕྱི་མཐའ་མཐོང༌། །དེ་བཞིན་འཁོར་བ་ཐོག་མེད་ཀྱང༌། །བདག་མེད་མཐོང་ན་ཕྱི་མཐའ་གྲུབ། །ས་བོན་ཐོག་མ་མེད་ཀྱང་མེས་བསྲེག་པ་ལ་ཕྱི་མཐའ་མཐོང་ལ། མ་བསྲེགས་ཤིང་མཐུན་རྐྱེན་འཛོམ་འགལ་རྐྱེན་མེད་ན་འབྲས་བུ་ཕྱི་མ་འབྱིན་པར་ངེས་སོ། །དེ་བཞིན་དུ་འཁོར་བ་ལ་ཐོག་མ་མེད་ཀྱང་བདག་མེད་པའི་མེས་བདག་འཛིན་གྱི་ས་བོན་བསྲེགས་པ་དེ་དག་འཁོར་བའི་ཕྱི་མཐའ་གྲུབ་ལ་སྲེད་པའི་མཐུ་རྐྱེན་ཚང་ཞིང་སྟོང་པ་ཉིད་ཀྱིས་འགལ་རྐྱེན་མེད་ན་ཡང་སྲིད་པ་འབྱིན་པར་ངེས་པ་ཡིན་ནོ། །དེས་ན་སྟོང་པ་ཉིད་མངོན་སུམ་དུ་མ་རྟོགས་ཀྱི་བར་དུ་རྟེན་བརྟེན་པས་ཆོག་མོད། སྟོང་ཉིད་རྟོགས་ཀྱང་སྲིད་པ་ཕྱི་མ་ལེན་པའི་རྟེན་བརྟེན་ན་འཁོར་བའི་རྒྱུན་མི་འཆད་པས་ལམ་བསྒོམ་པ་དོན་མེད་དུ་འགྱུར་རོ། །གཉིས་པ་གསལ་བ་ཙམ་རྟེན་པ་བརྟེན་པར་བསྒྲུབ་པ་ནི། གསལ་བ་བསྐྱེད་ལ་རྒྱུ་ཚང་ཞིང༌། །གགས་མེད་ཕྱིར་ན་བསྐྱེད་པར་ངེས། །སེམས་གསལ་བ་ཙམ་གྱི་སྐད་ཅིག་གཉིས་པ་བསྐྱེད་པ་ལ་སེམས་ལས་གཞན་གློ་བུར་གྱི་དྲི་མར་གྱུར་པའི་རྒྱུ་གཞན་མི་དགོས་པས་རྒྱུ་ཚང་ཞིང་བདག་འཛིན་གྱི་གགས་བདག་མེད་ལྟ་བུ་གཞན་མེད་པས་བསྐྱེད་ངེས་སོ། །དེས་ན་གང་གགས་མེད་ཅིང་རྒྱུ་གཞན་ལ་ལྟོས་པ་མེད་པར་དེ་འབྲས་བུ་ཕྱི་མ་བསྐྱེད་ངེས་ཏེ། གགས་མེད་ཅིང་ཚོགས་པ་ཚང་བའི་ས་བོན་བཞིན། སེམས་གསལ་བ་ཙམ་ཡང་གགས་མེད་ཅིང་གསལ་བ་ལས་རྒྱུ་གཞན་ལ་ལྟོས་པ་མེད་དོ་ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །འོ་ན་སེམས་གསལ་བ་ལ་རྒྱུ་གཞན་མི་དགོས་མོད། གཉིད་དང་བརྒྱལ་བ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་གགས་ཅིའི་ཕྱིར་མེད་ཅེ་ན། དེ་དག་འཇུག་པའི་རྣམ་ཤེས་གསལ་བའི་གགས་ཙམ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་གསལ་བའི་གགས་སུ་མི་འདོད་པས་སྐྱོན་མེད་དོ། །འོ་ན་འཁོར་བ་ལས་གྲོལ་ཡང་སེམས་གསལ་བ་རྒྱུན་མི་འཆད་ན། གསལ་བ་གཞན་དབང་མི་རྟག་པ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པར་མི་འགྱུར་རམ་ཞེ་ན། ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུར་གནས་གྱུར་པ་ན། མངོན་པར་འདུ་བྱེད་པ་ཐམས་ཅད་ལས་གྲོལ་བ་ཞེས་གསུངས་པའི་ཕྱིར་དང༌། ཆོས་ཀྱི་གྲགས་པས་ཀྱང་གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་གསུངས་པས་སོ་སོ་སྐྱེ་བོ་ལ་བརྗོད་པའི་སྐྱོན་ག་ལ་འབྱུང༌། དབུ་མ་པ་འགའ་ཞིག་སྣང་བ་རྒྱུན་ཆད་པར་འདོད་པའང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་འགལ་ཞིང་ཆོས་ཀྱི་གྲགས་པའི་དགོངས་པ་མ་ཡིན་པའི་ཕྱིར་འདིར་མི་འཐད་དོ། །གཉིས་པ་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་དང༌། གསུམ་པ་དེ་བསྒོམ་པ་ནི་རང་རིག་གིས་འགྲུབ་བོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། འཇིག་སོགས་གོམས་ལས་གསལ་སྣང་དང༌། ཁྱབ་པ་ནི་དཔེ་འདོད་འཇིག་སོགས་གོམས་པ་ལ་གསལ་སྣང་སྐྱེ་བར་མཐོང་བས་འགྲུབ་བོ། །དེ་ལྟ་བུའི་རྟགས་འདི་ནི་རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་རུང་གི དོན་བསྒྲུབས་ལ་གགས་མེད་ན་ངེས་པ་བསྒྲུབ་པའི་རང་བཞིན་གྱི་རྟགས་སོ། །གཉིས་པ་མཚན་ཉིད་བསྒྲུབ་པ་ནི། གཟུང་འཛིན་མེད་ཕྱིར་འཁྲུལ་མེད་འགྲུབ། །བསྒོམས་པས་གཟུང་འཛིན་སྤངས་ན་འཁྲུལ་མེད་འགྲུབ་ལ། འཁྲུལ་པ་དང་བྲལ་ན་རྟོག་པ་དང་ཡང་དོན་གྱིས་བྲལ་བ་ཡིན་ནོ། །དེས་ན་ཀུན་རྫོབ་ཇི་ལྟར་གནས་པ་དང་དོན་དམ་པ་ཇི་ལྟར་ཡིན་པ་ལྟར་གཟིགས་པས་སྣང་བཅས་དང་སྣང་མེད་ཀྱི་རྣལ་འབྱོར་གྱི་མངོན་སུམ་གཉིས་ཀ་རྟོག་བྲལ་མ་འཁྲུལ་པར་གྲུབ་སྟེ། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་སྤངས་པའི་ཕྱིར། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་གྲུབ་པའི་དོན་ལ་མི་འཐད་པ་སྤང་བ་ལ་གཉིས་ཏེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་མི་འཐད་པའོ། །དང་པོ་ནི་མི་ནུས་མི་ཤེས་མི་བརྟེན་ཕྱིར། །སྤངས་པའི་གྲོལ་བ་མེད་ཅེ་ན། །ཕྱི་རོལ་པ་ཁ་ཅིག་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤང་མི་ནུས་ལ། ནུས་ཀྱང་སོ་སོ་སྐྱེ་བོས་མི་ཤེས་ཤིང༌། ཤེས་ནས་ལན་ཅིག་སྤངས་ཀྱང་ལུས་ཀྱི་དྲི་མ་ལྟར་སླར་ལྡོག་པའི་ཕྱིར་སྤངས་པ་ཕུན་སུམ་ཚོགས་པ་མི་སྲིད་དོ་ཞེ་ན། རང་བཞིན་མིན་ཕྱིར་ཐབས་ཡོད་ཕྱིར། །རྒྱུ་སྤོང་ཕྱིར་ན་རྣམ་གྲོལ་འཐད། །དྲི་མ་ཕྱིན་ཅི་ལོག་གི་སྒྲོ་བཏགས་པ་གློ་བུར་བ་ཡིན་པས་རང་བཞིན་མ་ཡིན་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་རྒྱུ་བདག་འཛིན་ཡིན་ལ་དེ་དང་འགལ་བ་བདག་མེད་ཡོད་པའི་ཕྱིར་དང༌། རྒྱུ་སྤངས་པ་ཉིད་ཀྱིས་སླར་མི་ལྡོག་སྟེ་བུད་ཤིང་ཟད་པའི་མེ་བཞིན་དུ་འབྲས་བུ་སྐྱེད་མི་ནུས་པའི་ཕྱིར་རོ། །དེ་དག་རྣམ་འགྲེལ་ལས། སེམས་འདིའི་རང་བཞིན་འོད་གསལ་ཏེ། དྲི་མ་རྣམས་ནི་གློ་བུར་པ། །ཞེས་བྱ་བ་དང༌། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་བྱ་བ་དང༌། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཡེ་ཤེས་ཕུན་སུམ་ཚོགས་པ་མི་འཐད་པ་སྤང་བ་ལ་གཉིས་ལས། དང་པོ་གོམས་པ་མི་འཐད་པ་སྤང་བ་ནི། མཆོངས་དང་ཆུ་དང་གསེར་གྱི་དཔེས། །གོམས་པ་སྲིད་པ་མིན་ཞེ་ན། །མཆོངས་པ་གོམས་ཀྱང་མཐའ་མེད་དུ་མི་མཆོངས་པ་ལྟར། བརྩེ་བ་དང་ཤེས་རབ་ལ་སོགས་པ་གོམས་ཀྱང་ཐུག་མེད་དུ་འཕེལ་མི་སྲེད་དོ། །ཡང་ཆུ་ཇི་ལྟར་བསྲོས་ཀྱང་མེར་མི་འབར་བ་ལྟར་སྟོང་ཉིད་དང་བརྩེ་བ་ལ་སོགས་པ་གོམས་ཀྱང་ཅུང་ཟད་རྟོགས་པ་སྲིད་ཀྱི་དེའི་ངང་དུ་འགྲོ་མི་སྲིད་དོ། །ཡང་གསེར་བཞུ་ཡང་མེ་དང་བྲལ་བ་ན་སྲ་བར་འགྱུར་བ་ལྟར་ལན་ཅིག་སྟོང་ཉིད་དང་བརྩེ་སོགས་རྟོགས་ཀྱང་འབད་པ་དང་བྲལ་བ་ན་སླར་ལྡོག་གོ །དེས་ན་བརྩེ་བ་ལ་སོགས་པ་ཡེ་ཤེས་ཕུན་སུམ་ཚོགས་པ་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་ཚད་མེད་པ་འབྱུང་མི་ནུས་སོ་ཞེ་ན། འབད་ལ་ལྟོས་ཕྱིར་མི་བརྟན་ཕྱིར། །སླད་ རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།