ཚད་མ་རིགས་པའི་གཏེར་རང་འགྲེལ། ༤

འབྱུང་བསྐྱེད་ཕྱིར་དཔེར་མི་རུང༌། །མཆོངས་པ་ནི་ལུས་ཀྱི་སྟོབས་ཡིན་པས་ཚད་ཅན་ཡིན་ཏེ། བད་ཀན་ལ་སོགས་པ་ལྕི་བའི་ཆོས་དག་ནི་རང་ལ་གཉུག་མར་གནས་པའི་སྟོབས་ཉིད་དུ་མཐར་ཐུག་ནས་གནས་སོ། །དེས་ན་མཆོངས་པ་ལས་མཆོངས་པ་གཞན་མི་སྐྱེ་བའི་ཕྱིར་མཐར་ཐུག་པ་མེད་པའི་མཆོངས་པ་མི་སྲིད་དོ། །བརྩེ་བ་དང་ཤེས་རབ་ལ་སོགས་པ་ནི་སེམས་ཀྱི་ཆོས་ཡིན་པས་ཚད་མེད་པར་བསྐྱེད་ནུས་ཏེ། བརྩེ་སོགས་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འཕེལ་བའི་ཕྱིར་ཤིང་དང་མེའམ་དངུལ་ཆུ་དང་གསེར་རམ་ས་བོན་ལས་ས་བོན་དཔག་ཏུ་མེད་པ་འཕེལ་བ་བཞིན་ནོ། །རྣམ་འགྲེལ་ལས། དེ་ནི་དང་པོ་ཕྱིས་བཞིན་དུ། །མཆོངས་མིན་ལུས་མི་མཐུན་པའི་ཕྱིར། །རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས། །ཞེས་བྱ་བ་དང༌། སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་ལ་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན། །ཞེས་གསུངས་པ་ལྟར་རོ། །ཡང་ཆུ་བསྲོས་ཀྱང་མེར་མི་འགྱུར་བའང་དཔེ་མ་ཡིན་ཏེ། འབར་བའི་སྔོན་དུ་རྟེན་མི་བརྟེན་པར་སྐམ་པའི་ཕྱིར་དང༌། མེར་འབར་བའི་རང་བཞིན་མ་ཡིན་པའི་ཕྱིར་ཏེ། ནས་ལ་འབད་ཀྱང་སཱ་ལུའི་མྱུ་གུའི་མི་འབྱུང་བ་བཞིན་ནོ། །སེམས་ནི་བརྩེ་བ་ལ་སོགས་པའི་རང་བཞིན་དུ་འགྱུར་ཏེ་བུད་ཤིང་བསྲེགས་པས་མེར་འགྱུར་བ་བཞིན་ནོ། །དེའང་རྣམ་འགྲེལ་ལས། རང་བཞིན་དེ་འདྲའང་མ་ཡིན་ཏེ། །དེ་ལ་ཕན་འདོགས་ནུས་པ་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི། །བསྒྲུབ་པའི་ནུས་པ་མེད་ཕྱིར་དང༌། །རྟག་ཏུ་རྟེན་གནས་མ་ཡིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལྟར་རོ། །ཡང་གསེར་གྱི་སྲ་བ་ལྡོག་པ་ཡང་དཔེ་མ་ཡིན། སྤྱིར་ནད་གསོ་བ་ལྟར་གཉེན་པོའི་རིགས་གཉིས་ཏེ་སླར་ལྡོག་པ་དང་མི་ལྡོག་པའོ། །དེ་ལ་དང་པོ་ནི། པད་ཀན་ལས་སེའུ་འབྲུའི་སྦྱོར་བ་དང༌། ཞེ་སྡང་ལ་བྱམས་པ་ལ་སོགས་པ་དང༌། གསེར་ལ་མེ་ལ་སོགས་པ་སླར་ལྡོག་པའི་གཉེན་པོ་ཡིན་ལ། བད་ཀན་ལ་འཁྲུ་སྐྱུག་དང༌། ཉོན་མོངས་པའི་གཉེན་པོར་སྟོང་ཉིད་དང༌། ཤིང་མེས་བསྲེག་པ་ལ་སོགས་པ་ནི་སླར་མི་ལྡོག་པ་ཡིན་ཏེ། རྣམ་འགྲེལ་ལས། སླར་མི་འབྱུང་བ་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །ཞེས་བྱ་བ་དང༌། ཉེས་པ་རྣམ་པར་འགགས་པ་ནི། །སྲ་བཞིན་སླར་ཡང་སྐྱེ་མེད་དེ། །དེ་བདག་ཉིད་ཀྱིས་འབྲལ་མེད་དེ། །ཐལ་བ་བཞིན་དུ་མ་ངེས་ཕྱིར། །ཞེས་བྱ་བ་དང༌། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིར་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐམས་ཅད་མཁྱེན་པ་མི་སྲིད་པ་སྤང་བ་ལ་གཉིས་ལས། རྩོད་པ་དགོད་ན། སྟོང་ཉིད་སྙིང་རྗེ་གོམས་པ་ལས། །དེ་ཡི་ངང་དུ་འགྱུར་སྲིད་མོད། །ཤེས་བྱ་ཀུན་ལ་མཐའ་མེད་ཕྱིར། །ཀུན་མཁྱེན་བསྒྲུབ་པ་དཀའ་ཞེས་ཟེར། །མུ་སྟེགས་འགའ་ཞིག་སྟོང་ཉིད་མཐོང་བས་འཁོར་བར་མི་སྐྱེ་བ་དང༌། སྙིང་རྗེ་གོམས་པས་གཞན་དོན་ལ་འཇུག་པ་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་ཀྱང་ཡུལ་དུས་རྣམ་པ་མཐའ་ཡས་ཤེས་བྱ་ཉིད་མ་ཡིན་ཏེ། ནམ་མཁའི་མཐའ་དང་སེམས་ཅན་གྱི་གྲངས་བཞིན་ནོ། །དེ་མི་ཤེས་ན་ཐམས་ཅད་མཁྱེན་པར་མི་འགྱུར་ལ་ཤེས་ན་ལོག་ཤེས་ཅན་དུ་འགྱུར་ཏེ་ཤེས་བྱ་མ་ཡིན་པ་ཤེས་པའི་ཕྱིར་རི་བོང་གི་རྭ་མཐོང་བ་བཞིན་ནོ་ཞེ་ན། འདིའི་ལན་ལ་དགོས་པའི་དོན་ཀུན་ཤེས་པའི་ཐམས་ཅད་མཁྱེན་པ་དང༌། ཤེས་བྱའི་དོན་ཀུན་ཤེས་པའི་ཐམས་ཅད་མཁྱེན་པ་གཉིས་ལས། དང་པོ་ནི། གཙོ་བོའི་དོན་ལ་མི་བསླུ་བ། །ཀུན་མཁྱེན་ཡིན་ཏེ་ཀུན་ཚོགས་བཞིན། །འཁོར་བ་འཇུག་ལྡོག་གི་རྒྱུ་འབྲས་བདེན་པ་བཞི་ལ་མི་བསླུ་བར་ཚད་མས་འགྲུབ་པས་དགོས་པའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པར་གྲུབ་སྟེ། མི་ཀུན་ཚོགས་སྨན་ཀུན་ཚང་ཞེས་བརྗོད་པ་བཞིན་ནོ། །རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་པོ་མཐོང་ངམ་ཡིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། །གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་གསུངས་པས་སོ། །རྒྱན་མཛད་པས་ཀྱང༌། མཐོ་རིས་དང་ནི་བྱང་གྲོལ་ལམ། །ཇི་བཞིན་དུ་ནི་མཁྱེན་པས་ན། །སྐྱེས་བུའི་དོན་མཁྱེན་ཙམ་གྱིས་ནི། །སྟོན་པ་ཡོངས་སུ་རྫོགས་པར་འདོད། །ཅེས་བཤད་པའང་དེ་ཡིན་ནོ། །དགོས་པའི་དོན་ཀུན་ཤེས་པ་ལ། །མཁས་རྣམས་ཐམས་ཅད་མཁྱེན་ཞེས་ཟེར། །ཐམས་ཅད་འདུས་ནས་ཉན་པ་ལ། །བ་ལང་མེད་ཀྱང་སྐྱོན་མ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་འཁོར་བ་ལས་གྲོལ་བར་འདོད་པས་དེའི་ཐབས་ཀུན་མཁྱེན་པས་ཆོག་མོད། ཉེ་བར་མི་མཁོ་བ་སྲིན་བུའི་གྲངས་དང་རྡུལ་ཕྲན་གྱི་གྲངས་ལ་སོགས་པ་མཁྱེན་ཡང་ཅི་དགོས། ནད་གསོ་བ་ལ་སྨན་ཀུན་ཤེས་པས་ཆོག་མོད། བ་ལང་གི་སོ་མི་ཤེས་ཀྱང་སུ་ཞིག་སྤོང༌། རྣམ་འགྲེལ་ལས། དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །དེ་ལ་འགར་ཡང་ཉེར་མཁོ་མེད། །ཅེས་གསུངས་པ་ལྟར་རོ། །འོ་ན་ཤེས་བྱ་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པ་འགོག་གམ་ཞེ་ན་མ་ཡིན་ཏེ། ཉེ་བར་མཁོ་བའི་དོན་ཤེས་པས་ཆོག་གི མི་མཁོ་བ་རྡུལ་ཕྲན་གྱི་གྲངས་མཁྱེན་ཡང་ལེགས་མ་མཁྱེན་ཡང་བླ་ཞེས་བཏང་སྙོམས་སུ་འཇོག་སྟེ། ནད་གསོ་བ་ལ་སྨན་ཤེས་པས་ཆོག་གི་གཞན་བཏང་སྙོམས་སུ་འཇོག་པ་བཞིན་ནོ། །རྒྱན་མཛད་པས། ཐམས་ཅད་རིག་པར་མཛད་པ་ཡི། །ཐམས་ཅད་མཁྱེན་པ་འགོག་པ་མིན། །ངེད་ཀྱིས་ཤེས་པར་མི་ནུས་པས། །ཆོག་ཤེས་པར་ནི་འདོད་པ་ཡིན། །ཞེས་གསུངས་པའང་དེ་ཡིན་ནོ། །གཉིས་པ་ནི། ཡང་ན་རྗེས་སུ་དཔག་པ་ཡིས། །ཐམས་ཅད་མཁྱེན་པ་གྲུབ་པ་ཡིན། །ཡང་ན་ཤེས་བྱ་ཀུན་མཁྱེན་པ་ཉིད་ཀྱང་རྗེས་དཔག་གིས་འགྲུབ་སྟེ། གང་ཕྲ་ཞིང་དཀའ་བ་མཐོང་བ་དེས་ཡིད་གཏད་ན་རགས་ཤིང་སླ་བ་མཐོང་སྟེ། ཉི་ཟེར་གྱི་རྡུལ་མཐོང་བ་དེས་ཡིད་གཏད་ན་བུམ་པ་མཐོང་བ་བཞིན། ཐམས་ཅད་མཁྱེན་པས་ཀྱང་ཕྲ་ཞིང་དཀའ་བ་བདེན་པ་བཞིའི་དོན་གཟིགས་སོ་ཞེས་བྱ་བའི་རྟགས་ཀྱིས་འགྲུབ་སྟེ། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཤེས་བྱ་གཞན་ལ་ཉེ་བར་མི་མཁོ་བའི་ཕྱིར། ཐུགས་མི་གཏོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འགའ་ཞིག་ཏུ་ཐམས་ཅད་ཉེ་བར་མཁོ་བའི་ཕྱིར་རོ། །ཞེས་གསུངས་པས་གང་རུང་གཅིག་མ་མཁྱེན་ཡང་དེ་དང་འཚམ་པའི་སེམས་ཅན་གྱི་དོན་མི་ནུས་པས་ཐམས་ཅད་མཁོ་བའི་ཕྱིར་ཐུགས་མི་གཏོད་པ་མི་སྲིད་དོ། །འོ་ན་ཐམས་ཅད་མཁོ་རྒྱུ་མེད་པར་བཤད་པ་དང་འགལ་ལོ་ཞེ་ན། རང་དོན་ལ་མི་མཁོ་ལ་གཞན་དོན་ལ་མཁོ་བ་ལ་དགོངས་པས་མི་འགལ་ལོ། །དེ་ལྟ་ན་ཐམས་ཅད་འཁྲུལ་པ་ཡིན་པས་འཁྲུལ་སྣང་ཅན་དུ་མི་འགྱུར་རམ་ཞེ་ན། གནས་མ་གྱུར་པར་ཤེས་ན་འཁྲུལ་པ་ཡིན་ཡང༌། གྱུར་པ་ན་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཡིན་པས་བསམ་གྱིས་མི་ཁྱབ་བོ་ཞེས་བཤད་ཟིན་ཏོ། །བསྐལ་པའི་བར་དུ་བརྗོད་རྒྱུ་ཡང༌། །མེ་ལོང་ནང་དུ་ཅིག་ཅར་འཆར། །དེ་བཞིན་ཤེས་བྱ་མཐའ་མེད་པ། །མཁྱེན་པའི་སྐད་ཅིག་གཅིག་གིས་མཁྱེན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བཟློག་ཕྱོགས་མངོན་སུམ་ལྟར་སྣང་ལ་གཉིས་ལས་དང་པོ་མཚན་ཉིད་ནི། འཁྲུལ་པའི་ཤེས་པ་ཐམས་ཅད་ནི། །མངོན་སུམ་ལྟར་སྣང་ཉིད་དུ་འདོད། །མངོན་སུམ་ལྟར་སྣང་གི་མཚན་ཉིད་ནི། ཤེས་པ་འཁྲུལ་པ་ལ་སྣང་བའོ། །གཉིས་པ་དབྱེ་ན། དེ་ལ་རྟོག་པ་རྟོག་མེད་གཉིས། །རྟོག་མེད་ལ་ཡང་ཡིད་དབང་གཉིས། །རྟོག་པ་གསུམ་ཡིན་དྲུག་བཤད་པ། །ལོག་རྟོག་བཟློག་ཕྱིར་ཕྱེ་སྟེ་གསུངས། །རྟོག་མེད་གཉིས་ནི་ཟླ་བ་གཉིས་སྣང་ལ་སོགས་པ་དབང་ཤེས་འཁྲུལ་པ་དང༌། རྨི་ལམ་གསལ་བ་ལ་སོགས་པ་ཡིད་ཤེས་འཁྲུལ་པའོ། །རྟོག་པ་གསུམ་ནི་ཀུན་ལས་བཏུས་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །ཞེས་དྲུག་ཏུ་ཕྱེ་བ་ལ་སྨིག་རྒྱུ་ལ་ཆུར་འཛིན་པའི་འཁྲུལ་པ་དང༌། བ་ལང་ཉིད་ལ་སོགས་པ་ལྡོག་པ་འཛིན་པའི་ཀུན་རྫོབ་གཉིས་ཕྱི་རོལ་པས་དབང་ཤེས་སུ་འདོད་པས་དགག་པའི་ཕྱིར་ཕྱོགས་གཅིག་ཏུ་གསུངས་ལ། རྗེས་དཔག་དང་རྗེས་སུ་དཔག་པ་ལས་བྱུང་བའི་རྟོག་པ་གཉིས་རྟགས་ལ་རྟེན་པ་ཡིན་ལ། དྲན་དང་མངོན་པར་འདོད་པའི་རྟོག་པ་གཉིས་མངོན་སུམ་དང༌། རྟགས་གཉིས་ག་ལ་མ་ལྟོས་པ་ཡིན་ནོ། །དེའང་རྣམ་འགྲེལ་ལས། མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང༌། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་ཅིག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཚད་མའི་འབྲས་བུ་དཔྱད་པ་ལ་གཉིས་ཏེ། མངོན་སུམ་དང་རྗེས་དཔག་གི་ཚད་འབྲས་སོ། །དང་པོ་ལ་གསུམ་ལས་གཞན་ལུགས་དགག་ན། ལྟ་དང་ངེས་པ་ཚད་འབྲས་དང༌། །མུ་སྟེགས་དཔྱོད་པ་བ་དོན་ལ་ལྟ་བ་ཞེས་བྱ་བ་ཐོག་མར་དོན་སྣང་བའི་ཤེས་པ་རྟོག་མེད་ཚད་མ། དེའི་འོག་ཏུ་དོན་གྱི་ངོ་བོ་དང་ཁྱད་པར་ངེས་པའི་རྟོག་པ་ཚད་འབྲས་བུ་འདོད་དོ། །ཇི་སྐད་དུ། དང་པོ་ཡོད་པའི་ལྟ་བ་པོ། །ཤེས་པ་རྟོག་པ་མེད་པ་ཅན། །བྱིས་དང་ལྐུགས་སོགས་བློ་འདྲ་བ། །དག་པ་དངོས་ལས་སྐྱེས་པ་ནི། །དེ་ནི་ཚད་མ་ཉིད་དུ་འདོད། །དེ་ཡི་འོག་ཏུ་བློ་གང་གིས། །དངོས་ཆོས་རིགས་ལ་སོགས་རྣམས་སུ། །བློ་ནི་ཞེན་པར་བྱེད་པ་གང༌། །དེ་ནི་འབྲས་བུ་ཉིད་དུ་འདོད། །ཅེས་ཟེར་རོ། །དེ་མི་འཐད་དེ། དོན་དང་མི་འདྲ་ན་དོན་ལ་ལྟ་བར་མི་འགྲུབ་པའི་ཕྱིར་རོ། །ཕྲད་དང་དོན་རྟོགས་ཚད་འབྲས་འདོད། །རིག་པ་ཅན་དབང་པོ་དང་དོན་ཕྲད་པ་ཚད་མ་དེ་ལས་དོན་རྟོགས་པ་འབྲས་བུར་འདོད་དེ། ཇི་སྐད་དུ། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་འཕྲོད་པ་འདུ་བ་ཅན་ཚད་མའི་འབྲས་བུ་ཡིན་ནོ་ཞེས་ཟེར་བའང་མི་འཐད་དེ། དབང་པོ་དོན་གྱི་བདག་ཉིད་ཀུན་དང་ཕྲད་པས་ཀུན་རྟོགས་པར་ཐལ་བའི་ཕྱིར་རོ། །ཁྱད་པར་ཁྱད་པར་ཅན་དེ་སྨྲ། །བྱེ་བྲག་པ་ཚིག་གི་དོན་དྲུག་ལས་ཡོན་ཏན་ལ་སོགས་པ་ཁྱད་པར་འཛིན་པ་ཚད་མ། ཁྱད་པར་ཅན་གྱི་ཤེས་པ་ཞེས་བྱ་བ་རྫས་རྟོག་པ་འབྲས་བུར་འདོད་དེ་ཇི་སྐད་དུ། ཡོན་ཏན་མཐོང་བ་ལ་རྫས་རྟོགས་པར་འགྱུར་རོ་ཞེས་ཟེར་བའང་མི་འཐད་དེ། ཚད་འབྲས་གཉིས་ཡུལ་ཐ་དད་ན་ཡོན་ཏན་གཞལ་བས་རྫས་རྟོགས་པར་མི་འཐད་དེ། སྔོན་པོ་གཞལ་བས་སེར་པོ་བཞིན་ནོ། །ལ་ལ་དབང་ཤེས་ཚད་མར་འདོད། །ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ནི། དབང་པོ་ཉིད་ཡུལ་རྣམ་འཇོག་གི་ཚད་མ་དེ་ལས་བྱུང་བའི་ཤེས་པ་འབྲས་བུར་འདོད་དེ། ཇི་སྐད་དུ། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་རྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་རྣམས་མཐོང་བ་མིན་ཕྱིར་རོ། །ཞེས་ཟེར་བའང་མི་འཐད་དེ། དབང་པོ་ཙམ་དོན་སོ་སོར་རྟོག་པ་ལ་ཉེ་རིང་མེད་ཅིང་བེམས་པོས་ཡུལ་རིག་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་རང་གི་ཚད་འབྲས་ངོས་གཟུང་བ་ནི། དེས་ན་རྣམ་པར་གཞག་འཇོག་གི །རྒྱུ་འབྲས་གཉིས་ལ་ཚད་འབྲས་བཞེད། །ཚད་འབྲས་གཉིས་བསྐྱེད་བྱ་སྐྱེད་བྱེད་མ་ཡིན་ཏེ། དེ་ཡང་དེ་ཡི་བདག་ཉིད་ཡིན། །དེས་ན་འབྲས་བུ་དོན་གཞག་མིན། །ཞེས་གསུངས་པས་སོ། །རྣམ་པར་གཞག་འཇོག་ཅན་ཡིན་པར། །རང་ཉིད་བྱེད་པ་མིན་ན་ཡང༌། །དེ་ཡི་དབང་གིས་དེར་བཞག་ཕྱིར། །ཞེས་གསུངས་པས་སོ། །གསུམ་པ་དེ་གྲུབ་མཐའ་བཞི་དང་སྦྱར་ན། དེ་ལ་རང་རིག་ཚད་འབྲས་ནི། རྣམ་གཞག་གྲུབ་མཐའ་ཕལ་ཆེར་མཐུན། །བྱེ་བྲག་ཏུ་སྨྲ་བ་རང་རིག་མི་འདོད་མོད། །རང་རིག་འདོད་པའི་སྡེ་པ་ཐམས་ཅད་མཐུན་ན། རང་གཞལ་བྱ་མྱོང་བར་སྐྱེས་པ་ཚད་མ་རང་རིག་མཚན་ཉིད་པའི་ཐ་སྙད་འབྲས་བུ་ཡིན་ཏེ། དཔེར་ན་འདོད་ཆགས་སོགས་ཚོར་བཞིན། །དེར་བདག་ཡུལ་དུ་བཞག་པ་ན། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་གསུངས་པས་སོ། །འོན་ཀྱང་དོན་རིག་གི་ཚད་འབྲས་མི་མཚུངས་ཏེ། དོན་རིག་སྨྲ་བས་རང་རང་གི །གྲུབ་མཐའི་སྟོབས་ཀྱིས་ཚད་འབྲས་འཇོག །བྱེ་བྲག་ཏུ་སྨྲ་བ་གཟུགས་ལ་སོགས་པ་ཐུག་ཕྲད་སྣང་བའི་དོན་དངོས་གཞལ་བྱ། དོན་མཐོང་བ་ཚད་མ། དོན་རྟོགས་མཚན་ཉིད་པའི་ཐ་སྙད་འབྲས་བུར་སྨྲ་བས་གཞལ་བྱ་དང་ཚད་འབྲས་གཉིས་རྫས་ཐ་དད་དུས་མཉམ་པར་འདོད་དེ། མདོ་སྡེ་པས་དོན་ལྐོག་ན་མོ་གཞལ་བྱ་དོན་དང་འདྲ་བར་སྐྱེས་པའི་ཤེས་པ་ཚད་མ། དོན་རྟོགས་བརྟག་པའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་ཚད་འབྲས་གཉིས་དུས་དང་ངོ་བོ་ཐ་དད་ཡིན་ནོ། །སེམས་ཙམ་པའི་ལྟར་ན། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་སྣང་བ་བཞིན་དུ་བྱས། །ཞེས་གསུངས་པ་ལྟར་རོ། །རྣམ་བཅས་པ་དག་གཟུང་བར་སྣང་བའི་རང་རིག་གཞལ་བྱ། དེ་འཛིན་པར་སྣང་བ་ཚད་མ། རང་རིག་མཚན་ཉིད་པ་འབྲས་བུར་འདོད་པས་གཞལ་བྱ་དང་ཚད་འབྲས་བདེ་སྡུག་མྱོང་བ་ལྟར་དུས་དང་ངོ་བོ་གཅིག་ཏུ་འདོད་དོ། །རྣམ་རྫུན་པ་དོན་དུ་སྣང་བའི་སྒྲོ་བཏགས་གཞལ་བྱ་དེ་འཛིན་པའི་ཤེས་པ་ཚད་མ། རང་རིག་བཏགས་པ་པའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་ཚད་འབྲས་གཉིས་སྐྲ་སོགས་སྣང་བ་ལྟར་གཅིག་པ་བཀག་པར་འདོད་དོ། །དེ་ལྟར་གྲུབ་མཐའ་བཞི་ལས་སློབ་དཔོན་ནི་ཕྱི་རོལ་གྱི་དོན་ཁས་ལེན་པ་ན་མདོ་སྡེ་པ་ལྟར་མཛད་ལ། ཤེས་བྱ་ནང་ལ་འཇུག་པ་ན་རྣམ་མེད་ཞལ་གྱིས་བཞེས་སོ། །གཉིས་ཀ་ལྟར་ཡང༌། དོན་དམ་པར་རང་རིག་ཚད་འབྲས་ཡིན་ཏེ། རྣམ་འགྲེལ་ལས། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་གསུངས་པས་སོ། །ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར་ན། དོན་རིག་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། དོན་རིག་ལྟར་ན་ཡང༌། ཕྱི་རོལ་དོན་ལ་བརྟེན་ནས་ནི། །ཚུལ་གཉིས་བརྗོད་ཡིན། །ཞེས་གསུངས་པས། དོན་ཤེས་པ་དང་བློ་ཤེས་པའི་ཚུལ་གཉིས་ཡིན་ལ། རྣམ་རིག་ལྟར་ན། ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད་ཅེས་གསུངས་པས། བློ་གཅིག་ལ་མ་རིག་པས་བསླད་པས་ཡུལ་དང་ཤེས་པའི་ཚུལ་གཉིས་སོ། །ཁོ་བོ་ཅག་ཀྱང་ཆོས་ཀྱི་གྲགས་པའི་ཚུལ་འདིའི་རྗེས་སུ་འབྲང་ངོ༌། །བོད་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་མོད། དེ་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་མ་ཤེས་པར་ཟད་དོ། །ད་ནི་བཤད་པའི་སྐབས་བདེ་བས་རྗེས་སུ་དཔག་པའི་ཚད་འབྲས་བཤད་ན། གཉིས་ལས་དང་པོ་དོན་རིག་པའི་ལུགས་ནི། མེ་ཡི་རང་མཚན་གཞལ་བྱ་ལ། །དུ་བ་ལས་བྱུང་གཞན་སེལ་བློ། །ཚད་མ་ཉིད་ཡིན་དེ་རྟོགས་པ། །འབྲས་བུ་ཡིན་ཞེས་མཁས་རྣམས་བཞེད། །གཞན་སེལ་ལ་དོན་རང་མཚན་གྱི་མེར་འཁྲུལ་པ་གཞལ་བྱ། དུ་བའི་རྟགས་ལས་དེ་རྟོགས་པའི་བློ་ཚད་མ། དེ་ལས་མེའི་རང་མཚན་རྟོགས་པའི་རྗེས་དཔག་གི་ཐ་སྙད་ཚད་མའི་འབྲས་བུ་ཡིན་ནོ། །གཉིས་པ་རྣམ་རིག་པའི་ལུགས་ལ་ཁ་ཅིག་འབྲས་བུའི་རྟགས་མི་སྲིད་དེ། ལ་ལ་དུ་བ་མཐོང་བའི་ཚེ་ལ་རྒྱབ་ན་མེ་ཡོད་ན་ཤེས་པ་མེད་པའི་ཡུལ་ཡིན་པས་བེམས་པོར་འགྱུར་ལ། མེ་མེད་ན་རྟགས་ལ་ལྟོས་པ་ལོག་ཤེས་སུ་འགྱུར་རོ། །གལ་ཏེ་ད་ལྟར་མེ་མེད་ཀྱང་དུ་བར་སྣང་བའི་ཤེས་པ་ལ་ཕྱིས་སྐྱེས་བུས་ཕྱིན་པ་ན་མེར་སྣང་བ་སྐྱེ་བ་ནི་དུ་བ་རྒྱུ་དང་མེ་འབྲས་བུར་འགྱུར་བས་རྒྱུ་འབྲས་གོ་བཟློག་པ་མི་སྲིད་ལ། དེས་ན་སེམས་ཙམ་པའི་འབྲས་རྟགས་ལ་ཚད་འབྲས་མི་སྲིད་དོ་ཞེ་ན། མེར་སྣང་བག་ཆགས་སྙིང་པོ་ལས། །དུ་བར་སྣང་བའི་བག་ཆགས་སྐྱེ། །དེས་ན་སྐྱེས་བུ་མི་བསླུ་བ། །རྗེས་དཔག་ཡིན་ཞེས་མཁས་རྣམས་བཞེད། །དུ་བར་སྣང་བའི་བློའི་རྒྱུ་མེད་སྣང་བའི་བག་ཆགས་ཀྱི་སྙིང་པོ་ཅན་དེ་དང་རྗེས་སུ་འབྲེལ་པ་སྐད་ཅིག་མ་གཞན་ཡོངས་སུ་གྱུར་པས་བག་ཆགས་གསལ་བར་སད་པ་ཅན་སྲེག་པའི་དོན་བྱེད་ནུས་པའི་མེར་སྣང་བའི་ཤེས་པ་བསྐྱེད་པར་ནུས་པ་དཔོག་ལ། དེས་སྐྱེས་བུ་མི་བསླུ་བས་རྣལ་འབྱོར་སྤྱོད་པའི་རྗེས་དཔག་གྲུབ་བོ། །སློབ་དཔོན་ཤཱཀྱ་བློ་ལ་སོགས་པ་ནི་ཕྱི་རོལ་གྱི་མེ་དཔོག་པ་ན་ད་ལྟར་བ་ཡིན་ལ་སེམས་ཀྱི་མེ་དཔོག་པ་ན་མ་འོངས་པ་ཡིན་ཅིང༌། གགས་མེད་ན་མི་བསླུ་བ་གཉིས་ཀ་མཚུངས་སོ། །དེས་ན་མེར་སྣང་བའི་བློ་སྐྱེད་ནུས་པའི་ཤེས་པ་ལས་སྐྱེ་བས་དུ་བར་སྣང་བའི་བློ་མེ་ལས་སྐྱེ་ཞེས་བརྗོད་ཀྱི་མེ་དངོས་ལས་མ་ཡིན་ནོ། །དེས་ན་རྒྱུའི་ཆོས་དཔོག་པའི་འབྲས་རྟགས་ཡིན་ནོ་ཞེས་གསུང་ངོ༌། །ནང་གི་ལུགས་འདི་རྣམ་འགྲེལ་ལས། དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་ནི་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །མཁས་པ་རྣམས་ལ་བརྩད་འདི་ཡོད། །ཅེས་གསུངས་པ་ལྟར་རོ། །ཚད་མ་རིགས་པའི་གཏེར་ལས། མངོན་སུམ་བརྟགས་པའི་རབ་ཏུ་བྱེད་པ་སྟེ་དགུ་པའོ།།  །།གཉིས་པ་རྗེས་དཔག་བཤད་ན། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །རྗེས་དཔག་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་རང་དོན་ནི་རྗེས་དཔག་མཚན་ཉིད་པའོ། །དེ་གཏན་ལ་དབབ་པ་ལ་མཚན་ཉིད་དང༌། དེའི་རང་བཞིན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི་ཚུལ་གསུམ་པའི་རྟགས་ལས་གཞལ་བྱ་རྟོགས་པའོ། །རྗེས་དཔག་ཚད་མ་ལ་མཚན་ཉིད་ལོག་པ་མི་དགོས་ཏེ། རྣམ་གཅད་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གང་གིས་རྟོགས་པའི་རྟགས་དང༌། དེས་རྟོགས་པའི་བསྒྲུབ་བྱའོ། །དང་པོ་ལ་གཉིས། རྟགས་ཀྱི་ལྟོས་གཞི་ངོས་གཟུང་བ། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། །ལྟོས་གཞི་ལའང༌། ཚུལ་དང་པོའི་ལྟོས་གཞི་ཕྱོགས་དང༌། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་དང༌། དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་སྟེ་གསུམ་ལས། དང་པོ་ལའང་གཉིས་ཏེ། རྗེས་སུ་དཔག་བྱའི་སྒྲ་དོན་སྤྱིར་བསམ་པ་དང༌། སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱའོ། །དང་པོ་ལ་གསུམ་སྟེ། རྗེས་སུ་དཔག་པའི་སྒྲ་འཇུག་པའི་ཡུལ་ངོས་གཟུང་བ། གང་དུ་འཇུག་པའི་གནས་སྐབས་ཀྱི་ངེས་པ། ཇི་ལྟར་འཇུག་པའི་སྒྲའི་མཚན་ཉིད་དོ། །དང་པོ་ནི། ཕྱོགས་ནི་ཆོས་དང་ཆོས་ཅན་གྱི། །ཚོགས་དང་བརྗོད་ལ་དངོས་མིང་ཡིན། །དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར། །ཡ་གྱལ་གཉིས་ལ་བཏགས་ནས་འཇུག །རྟོག་གེའི་གཞུང་ལས་ཕྱོགས་དང་བསྒྲུབ་བྱ་དང༌། རྗེས་སུ་དཔག་བྱ་ཞེས་གང་འབྱུང་བ་ཐམས་ཅད་རྣམ་གྲངས་ཀྱི་སྒྲ་ཡིན་ལ་དེ་དག་འཇུག་པའི་ཡུལ་ཡང་གསུམ་སྟེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་གཉིས་ལ། བཏགས་མིང་དུ་འཇུག་ལ། དེ་དག་གི་ཚོགས་དོན་ལ་དངོས་མིང་དུ་འཇུག་སྟེ། ཕྱོགས་ཀྱི་གླང་པོས། རྟགས་ཀྱི་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་པས་སོ། །ཤེས་འདོད་ཆོས་ཅན་ལ་འཇུག་པར་སློབ་དཔོན་གྱིས། ཕྱོགས་ནི་ཆོས་ཅན་ནོ་ཞེས་བྱ་བ་དང༌། རྗེས་སུ་དཔག་པར་བྱ་བ་ནི། འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཞེས་བྱ་བ་དང༌། བསྒྲུབ་པར་བྱ་བ་དང༌། རིས་མཐུན་པ་ལ་ཡོད་པ་ཞེས་གསུངས་པས་སོ། །ཆོས་ལའང་འཇུག་པར། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །བསྒྲུབ་བྱ་མེད་ན་མེད་པ་ཉིད། །ཅེས་གསུངས་ལ། ཚོགས་དོན་ལའང༌། བསྒྲུབ་བྱ་བརྗོད་ཕྱིར་ཕྱོགས་ཀྱི་ཚིག །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་གསུངས་པས་སོ། །དེ་དག་ལས་གཞན་ལས་མི་འཇུག་སྟེ། སྒྲའི་དོན་ངེས་པ་ལ་གྲགས་པ་ཚད་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཕྱོགས་ཆོས་ཞེས་བརྗོད་པ་ན་ཆོས་ཅན་གྱི་ཆོས་སམ། ཆོས་ཀྱི་ཆོས་སམ། ཚོགས་དོན་གྱི་ཆོས་ཡིན་ཞེས་འཇུག་པ་འཆོལ་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྒྲ་ཐམས་ཅད་སྐབས་ཀྱི་སྟོབས་ཀྱིས་གོ་བའི་ཕྱིར་རོ། །དེའང་རྗེས་སུ་དཔག་བྱ་ལ་སོགས་པ་སྒྲའི་འཇུག་པའི་སྐབས་གསུམ་ལས་གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པ་ལ་ཤེས་འདོད་ལ་འཇུག་ལ། ཁྱབ་པའི་སྐབས་སུ་ཆོས་ལ་འཇུག་ཅིང་བསྒྲུབ་བྱའི་སྐབས་སུ་ཚོགས་དོན་ལ་འཇུག་པས་མི་འཁྲུལ་ཏེ། སེན་དྷ་པའི་སྒྲ་བཞིན་ནོ། །དེ་ལ་གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་ཞེས་བྱ་བ། ཁ་ཅིག་རྟགས་སྤྱིའི་མཚན་ཉིད་ཚུལ་གསུམ་དང༌། མཚོན་བྱ་གཏན་ཚིགས་ཀྱི་འབྲེལ་པ་ངེས་པར་བྱེད་པ་ལ་ཟེར་གྱི་ཚུལ་དང་པོ་གཏན་ལ་འབེབས་པ་ལ་མ་ཡིན་ཏེ། རྟགས་ཀྱི་སྒྲ་ཚུལ་དང་པོ་ཁོ་ན་ལ་ཉེ་རྒྱུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་མི་འཐད་དེ། ཁྱབ་པའི་མཚན་ཉིད་ཀྱང་གཏན་ཚིགས་ཀྱི་སྐབས་ཡིན་པས་འཇུག་པ་འཆོལ་བར་འགྱུར་རོ། །དེས་ན་གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་ཚུལ་དང་པོ་ཉིད་ཡིན་ཏེ། དེ་གྲུབ་ན་གཏན་ཚིགས་གྲུབ་པ་དང༌། མ་གྲུབ་ན་མ་གྲུབ་ཅེས་ཟེར་བས་གྲགས་པས་ཉེ་བ་དང༌། འདིར་དང་པོ་གཏན་ལ་འབེབས་པ་ཡིན་པས། སྐབས་ཀྱི་ཉེ་བ་ཡིན་ནོ། །དེ་དག་གསུམ་པོར་རེ་རེ་ལའང་སྐབས་གསུམ་གསུམ་སྟེ། མཚན་ཉིད་དང༌། མཚོན་བྱའི་འབྲེལ་པ་གཏན་ལ་འབེབས་པ་དང༌། མཚན་ཉིད་ཀྱི་དངོས་པོ་རིག་པ་དང༌། མཚན་ཉིད་ཀྱིས་མཚོན་བྱ་ཐ་སྙད་དུ་བྱེད་པའི་སྐབས་སོ། །དེ་དག་དཔེར་བརྗོད་པ་ཤེས་པར་སླའོ། །དེ་ལྟར་དགུ་ཕྲུགས་ཡོད་པའི་བཏགས་པ་བ་གཉིས་ཀྱི་སྐབས་དང་པོ་ལ་བརྙས་མིང་འཇུག་ལ། སྐབས་ཕྱི་མ་གཉིས་ལ་རང་མིང་གིས་བརྗོད་དེ། སྔར་བརྡ་བཏགས་པ་དྲན་པར་བྱེད་ཅིང་གསར་དུ་བཏགས་པ་ལ་མི་ལྟོས་པའི་ཕྱིར་རོ། །ཞེས་ཟེར་བའང་དེ་ལྟར་མ་ངེས་ཏེ། གྲགས་པའི་སྟོབས་ཀྱིས་སྐབས་ཡིན་ན་གང་ལྟར་ཡང་གོ་བས་བསྟན་བཅོས་ཆེན་པོ་རྣམས་ལས་ཅི་རིགས་སུ་བཤད་པའི་ཕྱིར་རོ། །གསུམ་པ་ཇི་ལྟར་འཇུག་པའི་སྒྲའི་མཚན་ཉིད་ལ་གཉིས་ཏེ། དངོས་མིང་བཏགས་མིང་གི་ཁྱད་པར་དང་དངོས་དང་བཏགས་པའི་ཆོས་བསམ་པའོ། །དང་པོ་ནི། བརྗོད་པར་འདོད་པས་སྔོན་སྦྱར་བ། །དེ་ཉིད་གོ་བ་དངོས་མིང་ཡིན། །དེ་བརྟེན་རྒྱུ་མཚན་འགའ་ལས་གཞན། །རྟོགས་པ་བཏགས་པའི་མིང་དུ་འདོད། །དོན་ལ་ངོ་བོས་གྲུབ་པའི་མིང་གང་ཡང་མེད་མོད་ཀྱི། འོན་ཀྱང་དགོས་པ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་འདོད་རྒྱལ་བས་ཐོག་མར་སྦྱར་བས་དངོས་མིང་ཡིན་ཞིང༌། དེས་དོན་གོ་བ་ན་ཡང་དེ་ཉིད་ཀྱི་རྣམ་པ་འཆར་ལ། གཞན་ལ་གྲགས་པའི་མིང་དགོས་པ་དང༌། རྒྱུ་མཚན་ལ་ལྟོས་ནས་གཞན་ལ་སྦྱར་བ་བཏགས་མིང་ཡིན་ཞིང་དེས་དོན་གོ་བ་ཡང་གཞན་ལ་ལྟོས་ནས་རྣམ་པར་འཆར་ཏེ། དཔེར་ན་ནོག་ལྐོག་ཤལ་ཅན་ལ་བ་ལང་དུ་བཏགས་པ་དངོས་མིང་དང༌། མི་བླུན་པོ་ལ་བཏགས་མིང་དུ་འགྱུར་བ་བཞིན་ནོ། །དེས་ན་དེ་དག་ལ་བརྡ་འདོགས་པ་དང་དོན་གོ་བའི་ཁྱད་པར་གཉིས་ཀ་ཚང་སྟེ། རྣམ་འགྲེལ་ལས། འཁྲུལ་མེད་ཅན་ཤེས་དང་པོ་ཡི། །བརྡ་ཡི་སྤྱོད་ཡུལ་གང་ཡིན་དངོས། །ཞེས་བྱ་བ་དང༌། འཁྲུལ་རྟོགས་ཅན་གཞན་ཕལ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །བྷར་ཏྲི་ཧ་རས་ཀྱང༌། བླུན་པོ་ལ་ནི་བ་ལང་ཞེས། །རྗེས་འབྲེལ་རྒྱུ་མཚན་འགའ་ལས་འདོད། །དོན་ཙམ་ཕྱིན་ཅི་ལོག་འགྱུར་ཏེ། །སྒྲ་ནི་རང་གི་དོན་ལ་གནས། །ཞེས་བཤད་པ་ལྟར་རོ། །གཉིས་པ་དངོས་དང་བཏགས་ཆོས་བསམ་པ་ལ་གཉིས་ལས། ཚོགས་དོན་ལ་དངོས་ཆོས་བསམ་པ་ནི། ཚོགས་དོན་ལ་ནི་ཕྱོགས་ཀྱི་སྒྲ། །མཁས་པ་རྣམས་ལ་གདོད་ནས་གྲུབ། །ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་གདོད་མ་ནས་མུ་སྟེགས་ཚུན་ཅད་ལ་གྲུབ་པས་དངོས་མིང་དུ་འགྱུར་བ་ཤེས་པར་སླའོ། །གཉིས་པ་ཡ་གྱལ་གཉིས་ལ་བཏགས་ཆོས་བསམ་པ་ལ་གསུམ་ལས་འདོགས་པའི་རྒྱུ་མཚན་ནི། བཏགས་པ་ལ་ནི་འདྲ་བ་དང༌། །འབྲེལ་པའི་རྒྱུ་མཚན་གཞན་ལ་ལྟོས། །བཏགས་མིང་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་སྨན་བྱ་རོག་རྐང་ངམ། སྐྱེས་བུ་སེང་གེ་ལྟ་བུའོ། །འབྲེལ་བ་རྒྱུ་མཚན་དུ་བྱས་པའང་གཉིས་ལས། རྒྱུ་འབྲས་ཀྱི་འབྲེལ་པ་ལ་ནི། རྒྱུ་མིང་འབྲས་བུ་ལ་བཏགས་པ་ཉི་མའི་འོད་ཟེར་ལ་ཉི་མ་ཞེས་བརྗོད་པ་དང༌། འབྲས་མིང་རྒྱུ་ལ་བཏགས་པ་ཆང་ལ་མྱོས་པ་ཞེས་གྲགས་པ་ལྟ་བུའོ། །ཚོགས་པའི་འབྲེལ་པའང་སྤྱིར་རྒྱུ་འབྲས་ལས་མ་འདས་མོད་ཀྱི། འོན་ཀྱང་ཐུན་མོང་བ་ཟེར་བ་ལྟར་དཔེར་བརྗོད་ན། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུ་ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་དང༌། རྔའི་སྒྲ་འམ་དབང་པོའི་ཤེས་པ་ཞེས་བརྗོད་པ་ལྟ་བུ་ཡ་གྱལ་གྱི་སྒྲ་ཚོགས་པ་ལ་བཏགས་པ་ལྟ་བུའོ། །འདིར་ཆོས་དང་ཆོས་ཅན་རྐྱང་པ་གཉིས་ལ་རྗེས་སུ་དཔག་བྱའི་མིང་བཏགས་པ་ནི་རྗེས་སུ་དཔག་བྱའི་ཕྱོགས་རེ་ཡིན་པའི་རྒྱུ་མཚན་གྱིས་ཏེ། རས་ཡུག་གི་ཕྱོགས་གཅིག་ལ་རས་ཡུག་དུ་འདོགས་པ་བཞིན་ནོ། །གཉིས་པ་བཏགས་པའི་དགོས་པ་ནི། སྒྲ་པ་དག་གིས། དགོས་པ་མེད་པར་གཙོ་བོ་ཡི། །སྒྲ་དོན་ལས་འདས་འདོད་མ་ཡིན། །ཞེས་པས་དགོས་པ་མེད་པར་གཞན་གྱི་མིང་གཞན་ལ་འདོགས་པ་མི་འཐད་དོ་ཞེ་ན། འདི་ལ་གཉིས་ལས། དང་པོ་ཆོས་ལ་བསྒྲུབ་བྱར་བཏགས་པའི་དགོས་པ་ནི། ཆོས་ལ་བསྒྲུབ་བྱར་མིང་བཏགས་པ། །འགལ་བའི་གཏན་ཚིགས་ཡང་དག་ཏུ། །ལོག་པར་རྟོག་པ་སྤང་ཕྱིར་རམ། །སྡེབ་སྦྱོར་ངོར་བྱས་བཏགས་པ་ཡིན། །དེའང་གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ། །ཞེས་བརྗོད་ན་འགལ་བའི་ཆོས་ལའང་རྗེས་སུ་འགྲོ་བ་ཡོད་དམ་སྙམ་པའི་ལོག་རྟོག་སྲིད་པས་དེ་སྤང་བའི་ཕྱིར་གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ་ཞེས་གསུངས་ལ། འགའ་ཞིག་དུ་སྡེབ་སྦྱོར་གྱི་ངོར་བརྗོད་པ་ཡིན་ནོ། །གཉིས་པ་ཆོས་ཅན་ལ་བཏགས་པའི་དགོས་པ་ནི་བཏགས་པའི་དགོས་པ་དངོས་དང༌། མ་བཏགས་པའི་ཕྱོགས་དང་མཚུངས་པ་སྤང་བ་གཉིས་ལས་དང་པོ་ནི། ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད། །མཐའ་རྣམས་བཀག་ན་ཡུན་རིང་འགོར། །དངོས་མིང་བརྗོད་ན་སྡེབ་སྦྱོར་ཉམས། །བདེ་བླག་རྟོག་ཕྱིར་ཕྱོགས་ཞེས་གསུངས། །ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་ཚུལ་དང་པོ་ལ་མི་གོ་བར་མཐུན་དཔེ་ཆོས་ཅན་ནམ་མི་མཐུན་དཔེ་ཆོས་ཅན་ལ་ཡོད་པའང་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་ལ་སྒྲ་ཆོས་ཅན་མི་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུ་མ་གྲུབ་པའི་གཏན་ཚིགས་ལའང་རྟགས་མཐུན་དཔེ་ཆོས་ཅན་ལ་ཡོད་པའི་ཚུལ་དང་པོ་དང༌། རྗེས་སུ་འགྲོ་ལྡོག་གཉིས་ཀ་ཚང་བས་ཡང་དག་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་ལ་དེ་བསལ་བའི་ཕྱིར་ཤེས་འདོད་ལ་ཡོད་པའི་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཏགས་སོ། །ཇི་སྐད་དུ། །ཕྱོགས་ནི་ཆོས་ཅན་ནོ། །དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ཆོས་ཅན་ཐམས་ཅད་ཀྱི་ཆོས་དགག་པའི་དོན་ཀྱི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་ཆོས་ཅན་ལ་ཡོད་པ་ཚུལ་དང་པོ་ཞེས་བརྗོད་ཀྱང་མཐུན་དཔེ་ལ་མི་གོ་སྟེ། མཐུན་ཕྱོགས་ལ་ཡོད་ཅེས་བྱ་བའམ་དེའི་ཆས་ཁྱབ་པ་ཞེས་བརྗོད་པས་མཐུན་དཔེ་ལ་ཡོད་པར་བསྟན་པའི་ཕྱིར། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་ཚུལ་དང་པོ་ཉིད་གོ་བར་འགྱུར་རོ་ཞེ་ན། མི་འཐད་དེ། མཐའ་དེ་ལྟར་འགོག་ན་རྩོད་པ་བརྒྱུད་པས་ཡུན་རིང་དུ་འགོར་ཏེ། ཆོས་ཅན་གྱི་སྒྲ་ཤེས་འདོད་ཆོས་ཅན་ལ་ཟེར་རོ་ཞེས་བཤད་དགོས་པས་སོ། །དེ་ལྟ་མ་ཡིན་ན་གྲུབ་བཞིན་དུ་བསྣན་པ་ཡིན་ནམ་སྙམ་དུ་དོགས་པའི་ཕྱིར་རོ། །གལ་ཏེ་ཆོས་ཅན་གྱི་སྒྲ་རྩོད་གཞི་ཡིན་ནོ་ཞེས་ལན་གཉིས་པ་བཤད་པ་ན་ཚུལ་དང་པོ་ལ་གོ་བ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་ན་གོ་ཡང་ལན་གཅིག་གིས་གོ་བ་ལ་གཉིས་བརྗོད་པ་ཉིད་མི་མཁས་པ་ཡིན་ཏེ། སེན་མོས་ཆོད་པ་ལ་སྟ་རེ་ལེན་པ་བཞིན་ནོ། །གལ་ཏེ་ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་དེ་ལྟར་འགྱུར་བ་བདེན་ལ་ཕྱོགས་ཆོས་བརྗོད་ན་བརྙས་མིང་དུ་འགྱུར་བས། གཉིས་ཀ་ལྟར་མི་བརྗོད་པར་ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་རང་མིང་ནས་སྨོན་ན་གོ་བདེ་མོད། ཁར་ཟན་འཇུད་པ་ལ་ལྟག་པ་བསྐོར་ཅི་དགོས་སྙམ་ན། དངོས་མིང་དེ་ལྟར་བརྗོད་ན། མི་འགྲུབ་པ་ཅི་ཡང་མེད་མོད་ཀྱི་འོན་ཀྱང་ཤེས་འདོད་ཆོས་ཅན་གྱི་ཆོས་རྗེས་འགྲོ་ལྡོག་པ་ཞེས་ཚུལ་གསུམ་བརྗོད་པའི་ཡི་གེ་མི་མཉམ་པས་མི་བདེ་བ་དང༌། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་མི་འགྲིགས་པས་མཁས་པ་རྣམས་ཀྱིས་བཏང་སྙོམས་སུ་མཛད་དེ། གཏན་ཚིགས་ཐིགས་པ་ལས། ཤུགས་ཀྱིས་དོན་གོ་ཡང་ཉེ་བར་བཏགས་པ་ཙམ་ཡི་གེ་མཉམ་པས་བསྒྲུབ་དཀའ་བ་ཡོངས་སུ་སྤངས་པ་ཡིན་ནོ། །ཞེས་གསུངས་ལ། སྡེབ་སྦྱོར་གྱི་བསྟན་བཅོས་ལས། ཡི་གེ་ཉམས་པ་བླའི། །སྡེབ་སྦྱོར་ཉམས་པ་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེས་ན་ལོག་རྟོག་སྐྱེ་ཞིང་བརྗོད་དཀའ་བ་དེ་དག་དོར་ནས་ལོག་རྟོག་མེད་ཅིང་བརྗོད་སླ་བའི་ཕྱིར་ཕྱོགས་ཆོས་ཞེས་བརྙས་མིང་གིས་གསུངས་སོ། །གསུམ་པ་བཏགས་པ་ལ་མ་བཏགས་པའི་ཕྱོགས་དང་མཚུངས་པའི་རྩོད་པ་སྤང་བ་ནི། ཕྱོགས་དང་ཆོས་ཅན་མཚུངས་ཤེ་ན། །གྲགས་པའི་སྒོ་ནས་ཁྱད་པར་ཡོད། །ཁ་ཅིག་ཚིག་བརྗོད་བདེ་མོད། དོན་ལ་ལོག་རྟོག་མི་ཁེགས་ཏེ། ཕྱོགས་ཀྱི་སྒྲ་ཤེས་འདོད་དང་ཆོས་དང་ཚོགས་དོན་གསུམ་ཀ་ལ་འཇུག་པས་ཕྱོགས་ཆོས་དང་ཚོགས་དོན་ཕྱོགས་ལ་རྟགས་ཡོད་པའང་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་ཞིང༌། དེ་སྐྱེས་ན་མིག་གིས་གཟུང་བྱས་སྒྲ་མི་རྟག་པར་བསྒྲུབ་པའང་རྟགས་ཆོས་རྗེས་སུ་དཔག་བྱ་ལ་ཡོད་པའི་ཚུལ་དང་པོ་དང༌། རྗེས་སུ་འགྲོ་ལྡོག་གཉི་ག་ཚང་བས་ཡང་དག་པའི་རྟགས་ཡིན་ནམ་སྙམ་པའི་ལོག་རྟོག་སྔ་མ་བཞིན་དུ་སྐྱེའོ། །ཞེ་ན་མི་མཚུངས་ཏེ། ཕྱོགས་ཞེས་བྱ་བ་སྤྱི་སྒྲ་ཡིན་པ་བདེན་ཡང་ཆོས་ཞེས་བྱ་བའི་ཚིག་དང་འབྲེལ་པ་ན། སྤྱི་ལ་མི་འཇུག་པར་བྱེ་བྲག་གིས་ཐོབ་སྟེ། དཔེར་ན་ལག་པ་ཞེས་བྱ་བའི་སྒྲ་མི་དང་རྟ་ལ་སོགས་པའི་སྤྱི་ལ་འཇུག་ཀྱང་ལྡན་པ་ཞེས་བྱ་བའི་ཚིག་དང་འབྲེལ་པ་ན་གཞན་ལག་པ་དང་ལྡན་ཡང་ལག་ལྡན་གྱི་སྒྲ་མི་འཇུག་གི་གླང་པོ་ཆེ་ལ་འཇུག་པ་བཞིན་ནོ། །ཆོས་ཅན་གྱི་སྒྲ་དེ་དང་མི་མཚུངས་ཏེ་ཆོས་ཅན་ཞེས་བྱ་བ་སྤྱི་སྒྲ་ཡིན་པ་སྔ་མ་དང་འདྲ་ལ། ཆོས་ཞེས་བྱ་བའི་སྒྲ་དང་འབྲེལ་ཡང་ཚུལ་དང་པོ་ཁོ་ན་ལ་མི་འཇུག་གི་མཐུན་དཔེ་དང་མི་མཐུན་དཔེ་གཉི་ག་ལའང་ཆོས་ཅན་གྱི་ཆོས་ཞེས་འཇུག་སྟེ། དཔེར་ན་མགོ་བོའི་སྤྱི་སྒྲ་དེ་ལྡན་པ་ཞེས་བྱ་བའི་ཚིག་དང་འབྲེལ་ཡང་བྱེ་བྲག་གླང་པོ་ཆེ་ལྟ་བུ་གཅིག་ལ་མི་འཇུག་གི་མགོ་ཡོད་པ་ཐམས་ཅད་ལ་མགོ་ལྡན་ཞེས་འཇུག་སྟེ་ཐམས་ཅད་དེ་ལྟར་གྲགས་པའི་ཕྱིར་རོ། །དེས་ན་སྒྲའི་དོན་ངེས་པ་ལ་གྲགས་པ་ཉིད་ཚད་མ་ཡིན་པས་ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་གསུམ་ཀ་ལ་གྲགས་པས་ཐེ་ཚོམ་ཟ་ལ། ཕྱོགས་ཆོས་ཞེས་བརྗོད་ན་མུ་སྟེགས་ཚུན་ཅད་ལ་ཚུལ་དང་པོ་ཁོ་ན་ལ་གྲགས་ཀྱི་གཉིས་པོ་ལ་མ་གྲགས་པས་ཐེ་ཚོམ་མི་སྲིད་དེ། སྒྲའི་བསྟན་བཅོས་ལས། མཚོ་ལྡུམ་ལ་ནི་མཚོ་སྐྱེས་ཞེས། །རྒྱུ་མཚན་སྒོ་ནས་འདིར་མི་བརྩད། །དོན་གྱི་རྒྱུ་མཚན་མཚུངས་ན་ཡང༌། །གྲགས་པའི་སྒོ་ནས་མཚུངས་མ་ཡིན། །ཞེས་བཤད་ལ། རྣམ་འགྲེལ་ལས། འགྲོ་བའི་ཕྱིར་དང་ལག་ལྡན་ཕྱིར། །རྭ་ཅན་གླང་པོ་རྗེས་དཔོག་བྱེད། །འདི་ཡི་སྒྲ་ཡི་བརྗོད་བྱ་ནི། །གྲགས་པས་ཡིན་གྱི་བརྗོད་འདོད་མིན། །ཞེས་གསུངས་པ་དང་གནད་གཅིག་གོ །དེ་བཞིན་དུ་རྟགས་རྗེས་སུ་དཔག་བྱ་ལ་ཡོད་པ་ཚུལ་དང་པོ་ཞེས་བརྗོད་པ་ལའང་ཤེས་པར་བྱའོ། །ཆོས་དང་འབྲེལ་པའི་ཕྱོགས་ཀྱི་སྒྲ། །རྩོད་གཞི་ཉིད་ཡིན་ལག་ལྡན་བཞིན། །ཆོས་དང་འབྲེལ་ཡང་ཆོས་ཅན་སྒྲས། །ངེས་པར་མི་ནུས་མགོ་ལྡན་བཞིན། །བསྡུ་བའི་ཚིགས་སུ་བཅད་པའོ། །འདི་ལས་གཞན་པའི་ལན་འདེབས་པ་མང་པོ་ཡོད་མོད་ཀྱི། གྲགས་པའི་སྒྲ་ལ་དངོས་པོ་སྟོབས་ཞུགས་སུ་རྩོད་པ། དཔེར་ན་ལག་པ་དང་ལྡན་པའི་ཕྱིར་མིའང་ལག་ལྡན་དུ་ཐལ་ལག་པ་དང་ལྡན་ཡང་མ་ཡིན་ན་གླང་པོ་ཆེའང་ལག་ལྡན་མ་ཡིན་པར་ཐལ། ཞེས་རྩོད་པ་དང་མཚུངས་པས་ལྷ་རྣམས་དགའ་བར་བྱེད་པའི་རྟོག་དཔྱོད་ཁོ་བོས་མ་བཀོད་དོ། །དེས་ན་འདིར་ཕྱོགས་ཀྱི་སྒྲ་ཤེས་འདོད་ཆོས་ཅན་ཉིད་ཡིན་ནོ། །གསུམ་པ་དངོས་ལ་གནོད་བྱེད་ནི། །ཆོས་དང་ཆོས་ཅན་བསྒྲུབ་བྱ་ཉིད། །མ་ཡིན་མཚན་ཉིད་མེད་ཕྱིར་རོ། །བསྒྲུབ་བྱའི་མཚན་ཉིད་གྲུབ་བསལ་མེད་ལ་དཔག་བྱར་བཟུང་བ་ཡིན་ལ། དེ་ཡ་གྱལ་གཉིས་ལ་མེད་པའི་ཕྱིར་རོ། །གཉིས་པ་སྐབས་སུ་བབ་པ་དོན་གྱི་ཁྱད་པར་ངེས་པར་བྱ་བ་ནི། འདོད་པའི་སྒྲ་ལས་བྱེད་པོ་བྱ་བ་གསུམ་ལ་འཇུག་པ་ལས་ལས་སུ་གྱུར་པའི་ཡུལ་བསྒྲུབ་བྱའི་ཆོས་དང་ལྡན་པ་མ་ཡིན་ཏེ། ཡང་དག་པའི་མཐུན་དཔེ་ལ་ཁྱབ་ཆེས་ལ་འགལ་བའི་རྩོད་གཞི་ལ་མ་ཁྱབ་པའི་ཕྱིར་རོ། །བྱེད་པ་པོའམ་བྱ་བར་གྱུར་པ་འདོད་བཞིན་པའི་བློའང་མ་ཡིན་ཏེ་གློ་བུར་པའི་རྗེས་དཔག་གམ་ལོག་རྟོག་དང་བློ་ཁ་མ་ཕྱོགས་པའི་གཞི་ལ་མ་ཁྱབ་པའི་ཕྱིར་རོ། །ཁ་ཅིག་བསྒྲུབ་བྱའི་ཆོས་ལ་ཚད་མས་གྲུབ་བསལ་མེད་པའི་གཞི་ཡིན་ནོ་ཞེས་ཟེར་བའང་སྒྲ་མི་སྙན་གྱི་ཁང་བཟང་ལ་སོགས་པ་སྐབས་སུ་མ་བབ་པའང་ཁྱབ་ཆེས་པས་མ་ཡིན་ནོ། །དེས་ན། དཔག་གཞིར་བཟུང་བ་ཤེས་འདོད་ཡིན། །ཤེས་འདོད་ཀྱི་མཚན་ཉིད་ཚད་མས་གྲུབ་བསལ་མེད་ལ། དཔག་གཞིར་བཟུང་བ་ཞེས་བྱ་བ་ཡིན་ལ། བྱེ་བྲག་ཏུ་རང་དོན་གྱི་ཤེས་འདོད་ནི་རྒོལ་བས་བཟུང་བ་ཡིན་ཞིང༌། གཞན་དོན་ནི་ཕྱིར་རྒོལ་གྱིས་བཟུང་བ་ཡིན་ནོ། །དེའང་སྒྲ་རྟག་གམ་མི་རྟག་དཔྱོད་པ་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་ལྡན་པ་ལ་འཇུག་ལ། རྗེས་དཔག་གིས་སྒྲོ་འདོགས་གཅོད་པ་ནི་མ་རྟོགས་པ་འགའ་ཞིག་ལོག་རྟོག་ཉིད་དུ་རྣམ་འགྲེལ་ལས་བཤད་དོ། །དེ་ལ་གྲུབ་པ་ཕྱོགས་ཆོས་སོ། །ཤེས་འདོད་ལ་རྟགས་མངོན་སུམ་མམ་རྗེས་སུ་དཔག་པས་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ཡིན་ནོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་དགོད། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས་ཕྱོགས་སྔ་མ་བརྗོད་ན། བསྒྲུབ་བྱའི་ཆོས་ལྡན་མི་ལྡན་ལ། །མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་ཟེར། །ཁ་ཅིག་སློབ་དཔོན་ཤཱནྟི་པའི་རྗེས་སུ་འབྲངས་ནས་བསྒྲུབ་བྱའི་ཆོས་དང་ལྡན་པ་མཐུན་ཕྱོགས། མི་ལྡན་པ་མི་མཐུན་ཕྱོགས་ཞེས་ཟེར་ལ། བསྒྲུབ་བྱའི་ཆོས་ཀྱང་རྟགས་ཀྱིས་བསྒྲུབ་ནུས་ཙམ་མ་ཡིན་གྱི། ཤེས་འདོད་ལ་དཔག་བྱར་བཟུང་བའི་སྤྱི་རིགས་མེའམ་མི་རྟག་པ་ལ་སོགས་པ་ཡིན་ལ། ལྡན་པའི་དོན་ཡང་ཤེས་འདོད་ལ་ཇི་ལྟར་བསྒྲུབ་ལུགས་ལྟར་ལྡན་པ་སྟེ། དུ་བས་མེ་བསྒྲུབ་པ་ན་ཚོགས་པ་གཅིག་པ་དང༌། རང་བཞིན་གྱི་རྟགས་ངོ་བོ་དབྱེར་མེད་དང༌། ལྡོག་པ་ལ་བརྟེན་པ་ན་རང་ལྡོག་ལ་བརྟེན་པར་ལྡན་ནོ་ཞེས་ཟེར་རོ། །ཁ་ཅིག་བསྒྲུབ་བྱའི་ཆོས་ཀྱིས་སྟོང་མི་སྟོང་ལ་འདོད་ནའང་དེ་ཉིད་ལས་མ་འདས་སོ། །ཕྱོགས་གཉིས་དངོས་འགལ་དུ་བསམས་ནས། ཕུང་གསུམ་བྱུང་བར་དགོས་པ་ལ། །ཕྱོགས་གཉིས་པོ་དངོས་འགལ་དུ་རློམ་ནས་ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་རྫས་ལ་ཁ་ཚོན་ཆོད་དམ། ལྡོག་པ་ལ་ཁ་ཚོན་ཆོད། དང་པོ་ལྟར་ན་སྟོང་ཉིད་མེད་དགག་ཏུ་བསྒྲུབ་པའི་ཚེ། བུམ་པའི་རྫས་མཐུན་ཕྱོགས་ཡིན་ན་བུམ་པའི་བྱས་པ་དང་མི་རྟག་པའང་མེད་དགག་ཏུ་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་བུམ་པའི་བདེན་དངོས་དང་རྟག་དངོས་ཀྱིས་སྟོང་པ་ལ་སོགས་པ་རྣམས་ཀྱང་མེད་དགག་གི་ཐ་སྙད་དང་མི་ལྡན་པར་འགྱུར་བས་གཉིས་ཀ་མི་འཐད་དེ། གལ་ཏེ་བུམ་པའི་རྫས་གཉིས་གང་ཡིན་པ་དང་མ་ཡིན་པའི་ཕུང་པོ་གསུམ་པར་འགྱུར་ན་གང་རུང་དུ་ཁ་ཚོན་དུ་ཆོད་པ་ཉམས་སོ། །ཡང་ལྡོག་པ་ལ་ཁ་ཚོན་ཆོད་ན་བྱས་པས་མི་རྟག་པ་བསྒྲུབ་པའི་ཚེ་ཤེས་བྱ་ཙམ་ལྡོག་མཐུན་ཕྱོགས་ཡིན་ན་རྟག་པ་ཤེས་བྱ་ལ་མི་སྲིད་ལ། མི་མཐུན་ཕྱོགས་ཡིན་ན་མི་རྟག་པ་མི་སྲིད་པར་འགྱུར་རོ། །ཡང་དེའི་ཚེ་ཤེས་བྱ་ཙམ་ལྡོག་གཉི་ག་ཡིན་པའམ་མ་ཡིན་པར་འགྱུར་ན་ལྡོག་པ་ལ་ཁ་ཚོན་ཆོད་པ་ཉམས་སོ། །དེས་ན་གང་ལྟར་ཡང་མི་འཐད་དོ། །ཞེས་དགོངས་པ་ལ། ཚད་མའི་ཡུལ་མི་ཤེས་པ་འགའ། །རྫས་ལྡོག་རྣམས་པར་ཕྱེ་སྟེ་སྨྲ། །ཚད་མའི་ཡུལ་མི་ཤེས་པའི་བོད་འགའ་ཞིག་མེ་དང་མི་རྟག་པ་ལ་སོགས་པ་རྫས་ལ་བརྟེན་པའི་ཆོས་བསྒྲུབ་པ་རྫས་ལ་ཁ་ཚོན་ཆོད། ལྡོག་པ་ལ་ཕུང་པོ་གསུམ་པ་སྲིད་ཀྱང་མི་སྐྱོན་ཏེ་ལྡོག་པ་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར་རོ། །གཏན་ཚིགས་དང་མེད་དགག་གི་ཐ་སྙད་ལ་སོགས་པ་ལྡོག་པ་ལ་བརྟེན་པའི་ཆོས་བསྒྲུབ་པའི་ཚེ་ལྡོག་པ་ལ་ཁ་ཚོན་ཆོད། རྫས་ལ་ཕུང་པོ་གསུམ་པ་སྲིད་ཀྱང་མི་སྐྱོན་ཏེ། རྫས་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར་རོ། །བསྒྲུབ་པའི་ཚུལ་ཡང༌། རྫས་ཆོས་གཅིག་དང་ཐ་དད་ལྡན། །ལྡོག་ཆོས་རང་ལྡོག་རྟེན་ཅེས་ཟེར། །རྫས་ངོ་བོ་དབྱེར་མེད་དང་ཐ་དད་ལྡན་པར་བསྒྲུབ་པ་གཉིས་དང་ལྡོག་པའི་ཆོས་རང་ལྡོག་ལ་བརྟེན་པ་སྟེ་གསུམ་ཡིན་ཏེ། དཔེར་ན་བྱས་པས་མི་རྟག་པ་བསྒྲུབ་པ་ངོ་བོ་དབྱེར་མེད་དང༌། དུ་བས་མེ་བསྒྲུབ་པ་ཐ་དད་ལྡན་པ་དང༌། བྱས་པའི་རང་ལྡོག་ཚུལ་གསུམ་ཚང་བས་གཏན་ཚིགས་སུ་བསྒྲུབ་པ་ལ་སོགས་པ་རང་ལྡོག་ལ་བརྟེན་པར་བསྒྲུབ་པའོ། །དེ་དག་གི་སྦྱོར་བའི་དོན་གསུམ་ཉིད་ཀྱང༌། བསྒྲུབ་བྱའི་ཆོས་ཐམས་ཅད་དུ་མཐུན་ཕྱོགས་ཆོས་ཅན་དང་རྟགས་གཉིས་ཡང་དག་གི་སྐབས་སུ་མཐུན་ཕྱོགས། འགལ་བ་ལ་མི་མཐུན་ཕྱོགས་མ་ངེས་པ་ལ་ཅི་རིགས་པར་འགྱུར་རོ། །ཞེས་ཟེར་རོ། །གཉིས་པ་དེ་དག་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་སྟེ་བསྒྲུབ་པ་མི་འཐད། བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་བསྒྲུབ་པ་མི་འཐད་པའོ། །དང་པོ་ལ་གཉིས་ལས། ཕྱོགས་གཉིས་སུ་ཁ་ཚོན་མི་ཆོད་པ་ནི། རྫས་ལྡོག་ཇི་ལྟར་ཕྱེ་ན་ཡང༌། །ཕྱོགས་གཉིས་ཉིད་དུ་ངེས་མི་ནུས། །གཉིས་ལ་འཇུག་པའི་རྫས་ལྡོག་ཀྱང༌། །མཁས་པ་རྣམས་ལ་གྲུབ་པར་མཐོང༌། །རྫས་ལ་བརྟེན་པའི་ཆོས་བསྒྲུབ་པ་ན་རྫས་ལ་ཁ་ཚོན་ཆོད་ན། ལ་མེ་ལྡན་དུ་བསྒྲུབ་པ་ན་སྐྱ་བོའི་རྫས་རྟགས་སུ་བཀོད་པའི་ཚེ། སྐྱ་བོའི་རྫས་མཐུན་ཕྱོགས་ཡིན་ན་རླངས་པའང་མེ་ལྡན་དུ་འགྱུར་ལ་མི་མཐུན་ཕྱོགས་ཡིན་ན་དུ་བའང་མེ་མེད་དུ་འགྱུར་རོ། །སྐྱ་བོའི་རྫས་ལ་གཉིས་ཀ་སྲིད་ན་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ། །དེ་བཞིན་དུ་སྒྲ་རྩོལ་བྱུང་དུ་བསྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པའི་ཚེ་དོན་བྱེད་ནུས་པ་མཐུན་ཕྱོགས་ཡིན་ནོ། །གློག་དང་ནགས་ཀྱི་མེ་ཏོག་ཀྱང་རྩོད་བྱུང་དང་ལྡན་པར་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་བུམ་པ་དང་རྔ་སྒྲའང་རྩོལ་བྱུང་དང་མི་ལྡན་པར་འགྱུར་རོ། །གཉིས་ཀ་ཡིན་ན་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ། །གཞན་ཡང་ལྡོག་པ་ལ་ཁ་ཚོན་ཆོད་ན་བྱས་ལྡོག་གཏན་ཚིགས་ཀྱི་ཐ་སྙད་དུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་བཀོད་པའི་ཚེ་ཤེས་བྱ་ཙམ་ལྡོག་མཐུན་ཕྱོགས་ཡིན་ན་ཤེས་བྱ་ཙམ་གྱི་རང་ལྡོག་ལ་སྒྲ་མི་རྟག་བསྒྲུབ་ཀྱི་ཚུལ་གསུམ་རྟེན་པར་ཐལ་ལ་མི་མཐུན་ཕྱོགས་ཡིན་ན་མི་མཐུན་ཕྱོགས་ཤེས་བྱས་ཚུལ་གསུམ་ལ་ཁྱབ་ན་འགལ་བའི་རྟགས་སུ་འགྱུར་ཞིང་མ་ཁྱབ་ན་ཚུལ་གསུམ་ཤེས་བྱ་མ་ཡིན་པར་འགྱུར་རོ། །འདི་ལ་ཁ་ཅིག་དེའི་ཚེ་ཤེས་བྱ་ཙམ་ལྡོག་མི་མཐུན་ཕྱོགས་ཡིན་ནོ་འོན་ཀྱང༌། འགལ་བར་མི་འགྱུར་ཏེ་དེ་གཉིས་ལྡོག་པ་ཐ་དད་པའི་ཕྱིར་དཔེར་ན་སྔོན་པོ་ལ་སྐད་ཅིག་མས་ཁྱབ་ཀྱང་ལྐོག་གྱུར་གྱིས་ཁྱབ་པར་མི་འགྱུར་ཏེ། དེ་གཉིས་ལྡོག་པ་ཐ་དད་བཞིན་ནོ་སྙམ་ན། སྔོན་པོ་དང་སྐད་ཅིག་མ་རྫས་ལ་ཁྱབ་ཀྱང་གཞན་སེལ་ལ་མ་ཁྱབ་པས་དཔེར་མི་མཚུངས་ཤིང༌། ལྡོག་པ་ཐ་དད་པས་མི་མཐུན་ཕྱོགས་ཀྱིས་ཁྱབ་པར་མི་འགྱུར་ན་འགལ་བའི་གཏན་ཚིགས་གཏན་མི་སྲིད་པར་འགྱུར་རོ། །ཡང་ཁ་ཅིག་བྱས་ལྡོག་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་ཀྱི་ཐ་སྙད་བསྒྲུབ་པའི་སྐབས་སུ་མཐུན་ཕྱོགས་ཡིན་ཏེ་ཤེས་བྱ་རྟགས་སུ་བཀོད་ནས་སྒྲས་དངོས་སུ་བརྗོད་རུང་ལ་སོགས་པ་དཔོག་པ་ན། ཤེས་བྱ་ཙམ་རྟགས་ཀྱི་ཐ་སྙད་དུ་བྱར་རུང་དང་ལྡན་པའི་ཕྱིར་རོ། །རྟགས་ཙམ་གྱི་ཐ་སྙད་དུ་བསྒྲུབ་པ་ན་ཤེས་བྱ་ཙམ་གྱི་རང་ལྡོག་ལ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཀྱི་ཐ་སྙད་དང་མི་ལྡན་པས་མི་མཐུན་ཕྱོགས་ཡིན་ནོ་ཞེས་གསུངས་པའང་ཇི་ལྟར་བསྒྲུབ་ཀྱང་རུང་སྟེ་ཤེས་བྱ་མི་མཐུན་ཕྱོགས་ཉིད་ཡིན་པའི་ཚེ་ཤེས་བྱས་མ་ཁྱབ་ན་ཤེས་བྱ་མ་ཡིན་པར་འགྱུར་ཞིང་ཁྱབ་ན་འགལ་བར་འགྱུར་ལ། མཐུན་ཕྱོགས་ལའང་འཇུག་ན་མ་ངེས་པར་འགྱུར་རོ། །གལ་ཏེ་རྫས་ཀྱིས་ཁྱབ་པས་ཤེས་བྱ་མ་ཡིན་པར་མི་འགྱུར་ལ་ལྡོག་པས་མ་ཁྱབ་པས་འགལ་བར་མི་འགྱུར་རོ། །སྙམ་ནའང་རྫས་ལྡོག་བསྲེས་པར་སོང་གི་ལྡོག་ཆོས་རྐྱང་པར་ག་ལ་འགྱུར། དེས་ན་ལྡོག་པའང་ཤེས་བྱ་དང་གཞལ་བྱ་ལ་སོགས་པ་ཕུང་པོ་གསུམ་པ་ཉིད་ཡིན་ནོ། །གཉིས་པ་དཔྱད་ན། རྣམ་གཞག་འཇིག་པ་ལ་བཞི་ལས། བརྟགས་ན་མི་འཐད་པ་ནི། དོན་ལ་དགག་སྒྲུབ་བྱེད་ན་ནི། །ཚད་མའི་ཡུལ་མི་ཤེས་པར་འགྱུར། །བློ་ངོར་དགག་སྒྲུབ་བྱེད་ན་ནི། །ཡོད་མེད་མ་ངེས་གསུམ་དུ་འགྱུར། །དོན་ལ་དགག་སྒྲུབ་བྱེད་ན་ཚད་མའི་ཡུལ་མི་ཤེས་པར་འགྱུར་བ་དང༌། ཕྱི་རོལ་བརྟེན་མི་སྒྲ་དོན་ལ། །བརྟེན་ནས་ཞེས་གསུངས་པ་དང་འགལ་ལ་བློ་ངོར་བྱེད་ན་ཡོད་པ་ངེས་པའི་མཐུན་ཕྱོགས་མེད་པར་ངེས་པའི་མི་མཐུན་ཕྱོགས། གཉིས་ཀར་མ་ངེས་པའི་ཕྱོགས་རྐྱང་པ་སྟེ་ཕུང་པོ་གསུམ་ཅི་སྟེ་མེད། གཉིས་པ་ཧ་ཅང་ཐལ་བ་ནི། ཤེས་འདོད་ཕྱོགས་སུ་མི་འདོད་ཕྱིར། །ལྟོས་གཞི་དང་པོ་མེད་པར་འགྱུར། །ལྟོས་གཞི་དང་པོ་མི་འདོད་པ། །འདི་ལ་ཕྱོགས་ཆོས་མཚན་ཉིད་དཀའ། །བསྒྲུབ་བྱའི་ཆོས་དང་ལྡན་མི་ལྡན་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་སུ་འདོད་ན་བར་དེར་ཚུལ་དང་པོའི་ལྟོས་གཞི་ཕྱོགས་ཞེས་བྱ་བ་ཉིད་མི་རྙེད་དེ། ཡང་དག་ལ་རྩོད་གཞི་མཐུན་ཕྱོགས་སུ་འགྱུར་ཞིང་འགལ་བ་ལ་མི་མཐུན་ཕྱོགས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ཕྱོགས་ཆོས་ཀྱི་མཚན་ཉིད་ཅི་ཡིན་ཞེས་དྲིས་པ་ན། ཁྱེད་ལྟར་ན་ཕྱོགས་མེད་པས་ཕྱོགས་ཆོས་ཞེས་མི་བརྗོད་ཀྱི། འོན་ཀྱང་ཡང་དག་པའི་ཚུལ་དང་པོའི་མཚན་ཉིད་ཤེས་འདོད་མཐུན་ཕྱོགས་ལ་ཇི་ལྟར་དགོད་བྱ་ལྟར་གྲུབ་པ་ཞེས་བྱ་བ་དང༌། འགལ་བའི་སྐབས་སུ་ཤེས་འདོད་མི་མཐུན་ཕྱོགས་ལ་ཇི་ལྟར་དགོད་བྱ་ལྟར་གྲུབ་པ་ཞེས་བརྗོད་དགོས་པས་ཕྱོགས་ཆོས་ག་ལ་རྙེད། ལྟོས་གཞི་དང་པོ་ཕྱོགས་གཉིས་སུ། །ངེས་ན་ལྟོས་གཞི་གཞན་གཉིས་ཀྱི། །ཡོད་མེད་ངེས་པའི་འགྲོ་ལྡོག་ཀྱང༌། །བརྗོད་པ་རབ་ཏུ་དཀའ་བ་ཡིན། །རྩོད་གཞི་ཕྱོགས་གཉིས་སུ་ཁ་ཚོན་ཆོད་ན་མཐུན་དཔེ་ལ། མཐུན་ཕྱོགས་ཞེས་བརྗོད་མི་ནུས་ཏེ། རྩོད་གཞིའང་མཐུན་ཕྱོགས་ཡིན་པའི་ཕྱིར་རོ། །དེས་ན་མཐུན་དཔེའི་མཐུན་ཕྱོགས་ལ་ཡོད་པ་རྗེས་འགྲོ་ཞེས་དགོས་སོ། །ཡང་མི་མཐུན་ཕྱོགས་ལ་མེད་པ་ལྡོག་པ་ཞེས་བརྗོད་མི་ནུས་ཏེ། འགལ་བའི་རྩོད་གཞི་མི་མཐུན་ཕྱོགས་ཡིན་པས་རྩོད་གཞི་མི་མཐུན་ཕྱོགས་ལ་འཇུག་པར་དོགས་པས་མི་མཐུན་དཔེའི་མི་མཐུན་ཕྱོགས་ལ་མེད་པ་ལྡོག་པ་ཞེས་བརྗོད་དགོས་ཏེ། གཞན་དུ་ན་ཚུལ་གསུམ་འཇུག་པ་འཆོལ་བར་འགྱུར་རོ། །དེ་ལྟར་བརྗོད་ན་རྣམ་གཞག་ཐམས་ཅད་འཇིག་གོ །གཞན་ཡང་ཕྱོགས་ཆོས་དང་ནི་ཕྱོགས་གཉིས་པོ། །གཅིག་ལ་ལྡོག་པས་འབྱེད་ན་ནི། །རྟགས་ཀུན་ཕྱོགས་སུ་ལྷུང་གྱུར་པའི། །གཏན་ཚིགས་མ་ངེས་ག་ལ་སྲིད། །ཡང་རྟགས་ཤེས་འདོད་ལ་ཇི་ལྟར་དགོད་བྱ་ལྟར་གྲུབ་པས་ཕྱོགས་ཆོས་ཀྱང་ཡིན་ལ། དེ་ཉིད་ཡང་དག་གི་སྐབས་སུ་བསྒྲུབ་བྱའི་ཆོས་དང་ལྡན་པས་མཐུན་ཕྱོགས་ཡིན་ཞིང་འགལ་བའི་སྐབས་སུ་བསྒྲུབ་བྱའི་ཆོས་དང་མི་ལྡན་པས་མི་མཐུན་ཕྱོགས་ཡིན་པས་གཞི་མཐུན་སྲིད་དོ་ཞེ་ན། དེ་ལྟ་ན་རྟགས་ཐམས་ཅད་ཕྱོགས་གཉིས་སུ་རྒྱ་ཆད་པས་མ་ངེས་པའི་རྟགས་ལྟར་སྣང་མི་སྲིད་པར་འགྱུར་རོ། །དེའང་ཐོག་མར་ཐུན་མོང་མ་ཡིན་པའི་མ་ངེས་པ་མི་སྲིད་དེ། སྒྲ་མི་རྟག་པའམ་རྟག་པར་བསྒྲུབ་པ་ལ། མཉན་བྱ་བཀོད་ན་ཡང་དག་གམ་འགལ་བར་འགྱུར་ཏེ། ཕྱོགས་ཆོས་གྲུབ་ཅིང་མཐུན་ཕྱོགས་སམ་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བའམ་ལྡོག་པ་ཚང་བའི་ཕྱིར་རོ། །ཐུན་མོང་གི་མ་ངེས་པ་མི་སྲིད་དེ། སྒྲ་རྟག་པའམ་མི་རྟག་པར་བསྒྲུབ་པ་ན་ཤེས་བྱ་རྟགས་སུ་བཀོད་པ་ན་ཡང་དག་གམ་འགལ་བར་འགྱུར་ཏེ། རྟག་པའམ་མི་རྟག་པའི་ཤེས་བྱ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སུ་གནས་པའི་ཕྱིར་རོ། །གལ་ཏེ་ཤེས་བྱ་གཉི་ག་ཡིན་ན། ཕྱོགས་གཉིས་སུ་ཁ་ཚོན་མ་ཆོད་པ་དེ་ཉིད་ཡིན་ནོ། །ཡང་བསྒྲུབ་བྱའི་ཆོས་མི་མཐུན་ཕྱོགས་སུ་འགྱུར་ཏེ་རང་ཉིད་རང་ལ་ལྡན་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་ཁ་ཅིག ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། །དེ་ཡི་ཡན་ལག་དེ་ལྡན་ཉིད། །ཅེས་ཟེར་བ་ལྟར་ཚོགས་དོན་མཐུན་ཕྱོགས་ཡིན་པས་དེའི་ཡན་ལག་བསྒྲུབ་བྱའི་ཆོས་ཀྱང་མཐུན་ཕྱོགས་སུ་འདུའོ་ཞེ་ན་དེ་ལྟ་ན་དབྱུག་པ་གྲུབ་པས་དབྱུག་པ་ཅན་འགྲུབ་པར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གསུམ་པ་རྣམ་གཞག་འགལ་བ་ནི། །ཤེས་བྱ་ཕྱོགས་གཉིས་ངེས་པ་དང༌། །ལྟོས་གཞི་གསུམ་དུ་འདོད་པ་འགལ། །ཤེས་བྱ་ཐམས་ཅད་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་དང༌། ཚུལ་དང་པོའི་ལྟོས་གཞི། ཕྱོགས་དང་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཏེ་ལྟོས་གཞི་གསུམ་དུ་འདོད་པར་གཉིས་འགལ་ལོ། །ཡང་དག་པར་ན་ལྟོས་གཞིའང་གཉིས་ཉིད་དོ་ཞེ་ན། ལྟོས་གཞི་གཉིས་སུ་འདོད་ན་ནི། །དེ་ལྟོས་རྟགས་ཀྱང་ཚུལ་གཉིས་འགྱུར། །ཚུལ་དང་པོའི་ལྟོས་གཞི་ཤེས་འདོད་ཕྱོགས་ཀྱང་ཕྱོགས་གཉིས་སུ་ཁ་ཚོན་ཆོད་ན། རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་ཚུལ་དང་པོ་ཞེས་བརྗོད་ཅི་དགོས། ཡང་དག་ལ་མཐུན་ཕྱོགས་ལ་ཡོད་པ་ཚུལ་དང་པོ་མི་མཐུན་ཕྱོགས་ལ་ལྡོག་པ་ཚུལ་གཉིས་པ། འགལ་བ་ལ་དེ་ལས་བཟློག་པ། མ་ངེས་པ་ལ་གཉི་ག་སྟེ་ཚུལ་གཉིས་པར་ཇི་སྟེ་མི་བརྗོད། གལ་ཏེ་དེ་ལྟར་བརྗོད་ན་ཚུལ་བར་པའི་ལྟོས་གཞི་མི་འགྲུབ་བོ་ཞེ་ན། འོ་ན་ལྟོས་གཞི་གཉིས་སུ་འདོད་ཀྱང་གསུམ་དུ་འགྱུར་རོ། །བཞི་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ་ངེས་པ་སློབ་དཔོན་མི་བཞེད་དོ། །རྣམ་ངེས་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །ཞེས་བྱ་བ་ལ་སོགས་པ་ཕྱོགས་ཆོས་དང་ལྡན་པ་དགུའི་བར་དུ་དབྱེ་བ་མི་རུང་བ་དང༌། གཞན་ཡང་གཉི་གར་ཡང་སྲིད་པ་མི་འགལ་ན་དེ་དེ་ལྟར་འགྱུར་གྱི། དེ་ལྟ་མ་ཡིན་ན་ནི་དེ་སྒྲ་ལ་མ་གྲུབ་པ་ཉིད་དོ། །དེ་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མ་ཡིན་ཏེ། རྣམ་པར་བརྟག་པ་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ། །ཞེས་བྱ་བ་དང༌། དེ་དང་མཚུངས་པ་ཉིད་ལ་ངེས་ཞེས་ངེས་པར་གཟུང་བའི་ཕྱིར་ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་གཟུང་བས་ནི། གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན། དང་པོ་རང་ལས་བུ་གཉིས་སྐྱེ་འགྱུར་ཏེ། །ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་གསུངས་པ་དང་འགལ་ལོ། །དེས་ན་ཚུལ་གསུམ་གྱི་ལྟོས་གཞི་ཡིན་པས་བློ་ངོར་ཕུང་པོ་གསུམ་དུ་གནས་སོ། །གཉིས་པ་རྫས་ལྡོག་ཕྱེ་སྟེ་བསྒྲུབ་པ་མི་འཐད་པ་ནི། རྫས་ལྡོག་སོ་སོར་ཕྱེ་བ་ཡི། །རྗེས་སུ་འཇུག་ན་ཐ་སྙད་འཇིག །རྫས་ཆོས་ལྡོག་ཆོས་སོ་སོར་ཕྱེ་ནས་འཇུག་ན། དོན་རང་མཚན་རྟོག་པའི་ཡུལ་མ་ཡིན་ལ་རྟོག་པའི་ཡུལ་གཞན་སེལ་ལ་ཐོབ་པ་མེད་པས་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ནུབ་པར་འགྱུར་རོ། །གལ་ཏེ་རྫས་ནི་བློ་ལ་མི་ལྟོགས་པར་དོན་ལ་གྲུབ་པ་ཡིན་ལ་ལྡོག་པ་ནི་བློ་ལ་ལྟོས་ནས་བསྒྲུབ་པས་གཉིས་སུ་བསྒྲུབ་པ་མི་འགལ་ལོ་ཞེ་ན། དེ་ལྟ་ན་རྫས་ལ་བརྟེན་ནས་རྫས་བསྒྲུབ་བམ། །རྫས་ལ་བརྟེན་ནས་ལྡོག་པ་བསྒྲུབ། །དེ་བཞིན་དུ་ལྡོག་པ་ལ་བརྟེན་ནས་ལྡོག་པ་བསྒྲུབ་པའམ་ལྡོག་པ་ལ་བརྟེན་ནས་རྫས་བསྒྲུབ་པ་བརྟག་གྲང༌། དང་པོ་བསྒྲུབ་པར་མི་ནུས་ཏེ་རྫས་ལ་རྗེས་འགྲོ་མེད་པའི་ཕྱིར་རོ། །གཉིས་པའང་མི་ནུས་ཏེ། རྫས་ལ་རྗེས་འགྲོ་མེད་ཅིང་ལྡོག་པ་རྐྱང་པ་ལ་དགོས་ནུས་མེད་པའི་ཕྱིར་རོ། །གསུམ་པའང་མི་འཐད་དེ་ལྡོག་པ་ལ་བརྟེན་ནས་ལྡོག་རྐྱང་འགྲུབ་ཀྱང་འབྲས་བུ་མེད་པའི་ཕྱིར་རོ། །བཞི་པ་འཐད་མོད་ཀྱི། དེ་ནི་རྫས་ལྡོག་སོ་སོར་མ་ཕྱེ་བར་ལྡོག་པ་ལ་དངོས་པོར་ཞེན་ནས་གཅིག་ཏུ་འཁྲུལ་པའི་སྒོ་ནས་འཇུག་པ་ཡིན་ནོ། །དེས་ན་གྲངས་ཅན་པ་ལྟར་གངས་ཅན་པས་ཀྱང་ཚད་མའི་ཡུལ་མི་ཤེས་པར་ཟད་དོ། །གསུམ་པ་རང་ལྡོག་ལ་བརྟེན་ཏེ་བསྒྲུབ་པ་མི་འཐད་པ་ནི། རང་ལྡོག་བརྟེན་ནས་བསྒྲུབ་པ་ཡི། །ཚུལ་འདི་བརྟགས་ན་སྙིང་པོ་མེད། །ལྡོག་པ་ལ་བརྟེན་པའི་ཆོས་རང་ལྡོག་ལ་བརྟེན་པ་ཞེས་བྱ་བ་འདི་ཅི། ངོ་བོ་དབྱེར་མེད་དམ། ཐ་དད་ལྡན་པའམ། དེ་གཉི་ག་མ་ཡིན་པར་བརྟན་པ་གཅིག་ཡིན། དང་པོ་གཉིས་ནི་རང་བཞིན་དང་འབྲས་བུ་ཉིད་ཡིན་ཞིང༌། གསུམ་པ་མི་སྲིད་དེ་དངོས་པོ་ལ་གཅིག་དང་ཐ་དད་གཉིས་ལས་མི་འདའ་ལ། དངོས་མེད་ཡིན་ན་བརྟེན་པར་ཡང་མི་འཐད་པའི་ཕྱིར་རོ། །གཉི་ག་ལྟར་མ་ཡིན་གྱི་བློས་རང་ལྡོག་ལ་བརྟེན་པར་བཟུང་བ་ཙམ་ཡིན་ནོ་སྙམ་ན་དེ་ལྟར་ན་ཡང་བློས་ངོ་བོ་དབྱེར་མེད་དམ་ཐ་དད་ལྡན་པའི་ཚུལ་གྱིས་བརྟེན་པར་འཛིན་དགོས་ལ། དེ་ལྟ་མ་ཡིན་ན་རྟགས་ཀྱི་གྲངས་ངེས་འཇིག་པར་འགྱུར་རོ། །གསུམ་པ་བཀག་པ་ལ་མི་འཐད་སྤང་བ་ནི། ཕྱོགས་གཉིས་དངོས་འགལ་མ་ཡིན་ཕྱིར། །དགག་སྒྲུབ་རྣམ་གཞག་འཇིག་ཅེ་ན། །གལ་ཏེ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ་ཁ་ཚོན་མ་ཆོད་ན་དགག་བྱ་ཁེགས་པས་བསྒྲུབ་བྱ་འགྲུབ་པ་དང༌། བསྒྲུབ་བྱ་གྲུབ་པས་དགག་བྱ་ཁེགས་པའི་རྣམ་གཞག་མི་རུང་ངོ་སྙམ་ན། དགག་གྲུབ་ཕྱོགས་ཀྱི་བྱེད་པ་མིན། །ཚད་མའི་འགལ་འབྲེལ་ངེས་པས་འགྲུབ། །དགག་བྱ་ཁེགས་པ་དང་བསྒྲུབ་བྱ་བསྒྲུབ་པའི་གནད་ནི། ཕྱོགས་གཉིས་ཀྱིས་བྱེད་པ་མ་ཡིན་གྱི། ཚད་མའི་སྟོབས་ལས་བྱུང་བའི་འགལ་འབྲེལ་ངེས་པས་བསྒྲུབ་པ་ཡིན་ནོ། །དཔེར་ན་ལ་མེ་ལྡན་དུ་བསྒྲུབས་པ་ན་མཐུན་དཔེ་ཚང་མང་དུ་མེ་དུད་ཀྱི་འགྲེལ་པ་ཚད་མས་འགྲུབ་པས་གང་དུ་བ་ཡོད་པ་ན་མེ་གྲུབ་པའི་ཚེ་མི་མཐུན་དཔེ་ལས་གཞི་ཡོད་ཀྱང་རུང་མེད་ཀྱང་རུང༌། མེ་ལོག་པས་དུ་བ་ལྡོག་པར་ངེས་པ་དེ་ཙམ་གྱིས་ཆོག་མོད། ལྷས་བྱིན་གྱི་ཁང་པ་མཐུན་ཕྱོགས་ཡིན་ཡང་བླ། མ་ཡིན་ཡང་བླ་ཞེས་བཏང་སྙོམས་པ་ཡིན་ནོ། །དེ་ལ་ཁ་ཅིག་ལྷས་བྱིན་གྱི་ཁང་པར་མེ་ཡོད་ན་མཐུན་ཕྱོགས་ཡིན་ལ་མེད་ན་མི་མཐུན་ཕྱོགས་ཡིན་པས་བཏང་སྙོམས་སུ་ག་ལ་རུང་ཞེ་ན། མེ་ཡོད་པ་ལ་སྒྲུབ་བྱེད་དང་མེད་པ་ལ་གནོད་བྱེད་མེད་པས་དེའི་ཚེ་ཐེ་ཚོམ་ཡིན་ལ། ཕྱོགས་གཉི་གར་མི་ངེས་པར་ཕྱིར་བློ་ལ་ལྟོས་ནས་གཉི་ག་མ་ཡིན་པའི་ཕུང་པོ་གསུམ་པ་ཉིད་ཡིན་ནོ། །དེ་བཞིན་དུ་སྒྲ་མི་རྟག་པར་བསྒྲུབ་པ་ནའང་མི་རྟག་པ་དང་ལྡན་པར་ངེས་པ་མཐུན་ཕྱོགས་མི་ལྡན་པར་ངེས་པ་མི་མཐུན་ཕྱོགས་གཉི་གར་མ་ངེས་པ་བཏང་སྙོམས་པ་ཡིན་ཏེ། ཇི་སྐད་དུ། གཅིག་བསྒྲུབ་པ་ན་དེ་རྟེན་དང༌། །གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། །ཞེས་གསུངས་པ་དང་གནད་གཅིག་གོ །དེས་ན་སྦྱོར་བ་སྐོར་གཅིག་ལ་ལྟོས་ནས་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་ལུང་དང་རིགས་པ་དང་འགལ་བས་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ལ་གཉིས་ལས་དང་པོ་གང་ལྟོས་པའི་རྗེས་སུ་འགྲོ་ལྡོག་ནི། རྟགས་དང་བསྒྲུབ་བྱ་འབྲེལ་སྟོབས་ཀྱིས། །ཡོད་མེད་ངེས་པ་རྗེས་འགྲོ་ལྡོག །རྟགས་དང་བསྒྲུབ་བྱའི་འབྲེལ་པ་ཚད་མས་ངེས་ནས་རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་རྗེས་འགྲོ་དང༌། བསྒྲུབ་བྱ་ལོག་ན་རྟགས་ལྡོག་པ་ནི་ལྡོག་པའི་ཚུལ་ལོ། །དེ་དག་ཤེས་འདོད་ཀྱི་སྟེང་དུ་ངེས་མི་ནུས་པས་དཔེའི་སྟེང་དུ་ངེས་པར་བྱེད་དོ། །གཉིས་པ་གང་ལ་ལྟོས་པའི་ལྟོས་གཞི་ངོས་གཟུང་བ་ལ་གསུམ་སྟེ། མཐུན་ཕྱོགས་མི་མཐུན་ཕྱོགས་དཔྱད་པ་དང༌། རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་གཟུང་བ་དང༌། གཞན་སེལ་གྱི་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལའང་གསུམ་ལས་མཚན་ཉིད་ནི། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །འདིའང་རྣམ་ངེས་ལས། མཐུན་ཕྱོགས་ནི་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་ཕྱོགས་སོ་ཞེས་གསུངས་པས་སོ། །དེ་ཉིད་ས་པཀྵ་ཞེས་བྱ་བ་དང༌། ཨ་ས་པཀྵ་ཞེས་བྱ་བའི་སྒྲ་དོན་ཡང་ཡིན་ནོ། །གཉིས་པ་མཐུན་ཡུལ་ངོས་གཟུང་བ་ནི། མཐུན་ཡུལ་ཕྱོགས་ཀྱང་བཏགས་པ་ཡི། །གཞན་སེལ་ཉིད་ཡིན་གཉིས་པོ་མིན། །འོ་ན་མཐུན་ཡུལ་ཕྱོགས་དེ་བཏགས་པ་བ་ཤེས་འདོད་དང་མཐུན་པ་ཡིན་ནམ། མཚན་ཉིད་པ་ཚོགས་དོན་དང་མཐུན་པའམ། གཉི་གའི་སྒྲ་དོན་དང་མཐུན་པ་ལ་ཟེར་ཞེ་ན། རང་མཚན་དང་སྒྲ་དོན་སོ་སོར་ལན་འདེབས་པ་ནི་རྟོག་གེའི་གསང་ཚིག་གི་གནད་གཞན་སེལ་གྱི་འཇུག་པ་མ་ཤེས་པར་ཟད་ལ། འོན་ཀྱང་ཚོགས་དོན་དང་མཐུན་པ་མཐུན་ཕྱོགས་ཡིན་ན་ལ་མེ་ལྡན་དང་མཐུན་ཞེས་བརྗོད་ན་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་འདོད་མཐུན་ཡུལ་དུ་སོང་གི་ཚོགས་དོན་མཐུན་ཡུལ་དུ་མ་སོང་སྟེ། དཔེར་ན་དབྱུག་པ་ཅན་དང་མཐུན་ཞེས་བརྗོད་ན་ཁྱད་པར་བྱས་ཆོས་སྐྱེས་བུ་མཐུན་ཡུལ་དུ་འགྲོ་བ་བཞིན་ནོ། །ཡང་ལ་མེ་ལྡན་དང་མཐུན་ཇི་ལྟར་མཐུན་ན་དུ་བའི་རྒྱུ་ཚོགས་པ་ལ་སོགས་པ་ཆོས་གཞན་དང་མཐུན་ཞེས་ཟེར་དགོས་པས་སྐབས་ཀྱི་བསྒྲུབ་བྱའི་ཆོས་དང་ལྡན་པ་མི་འགྲུབ་བོ། །སློབ་དཔོན་གྱིས་ཀྱང་མཐུན་ཡུལ་ཆོས་ཅན་ལ་གསུངས་པ་དང་འགལ་བར་འགྱུར་རོ། །དེས་ན་རང་གི་ལུགས་ནི་ཕྱོགས་བཏགས་པ་བའི་སེལ་བ་ཉིད་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། འདི་ལ་གཞན་གྱི་ཀླན་ཀ་མེད། །གཞུང་གི་དགོངས་པའང་འདི་ཉིད་ཡིན། །འདིར་གཞན་གྱི་ཀླན་ཀ་གསུམ་སྤང་བ་ལས་ཁ་ཅིག་ན་རེ། ཁྱབ་པ་བསྒྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། འདི་ལྟར་རྟགས་མཐུན་ཕྱོགས་ཉིད་ལ་ཡོད་པའི་རྗེས་འགྲོའི་ཁྱབ་པ་ངེས་པ་ལ་ཡོད་པ་མཐུན་ཕྱོགས་ངེས་པ་ལ་ལྟོས་ལ། དེ་གྲུབ་པ་ལ་ཕྱོགས་བཏགས་པ་བ་དང་བསྒྲུབ་བྱའི་ཆོས་ཡོད་དུ་མཐུན་པ་ལ་ལྟོས་ཤིང་དེའང་བསྒྲུབ་བྱའི་ཆོས་ཡོད་གྲུབ་པ་ལ་ལྟོས་པའི་ཕྱིར་རོ་ཞེ་ན། དེ་ནི་བསྒྲུབ་བྱའི་ཆོས་ལྡན་ལའང་མཚུངས་སོ། །འདིར་ལན་དངོས་ནི། ཚང་མང་དུ་དུ་བ་མེ་དང་འབྲེལ་བར་ངེས་ནས་ལ་ལའང་དུ་བས་མེ་གྲུབ་ན་མཐུན་དཔེ་མཐུན་ཕྱོགས་ཀྱི་ཐ་སྙད་དུ་འཇོག་གོ །དེས་ན་དུ་བ་དང་མེའི་འབྲེལ་པ་གྲུབ་པའི་ཚང་མང་འདི་དང་ལ་གཉིས་མེ་དང་ལྡན་པར་མཐུན་ནོ། །ཞེས་རྒོལ་བས་བསྒྲུབས་ནས་ཕྱིར་རྒོལ་ལ་སྟོན་པའི་ཕྱིར་འགལ་བ་མེད་དོ། །སློབ་དཔོན་ཤཱནྟི་བའང་བསྒྲུབ་བྱའི་ཆོས་ལྡན་དུ་མཐུན་པའི་ཕྱོགས་གཞན་ལ་དགོངས་ནས་ཚིགས་སུ་བཅད་པའི་ངོར་དེ་ལྟར་གསུངས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་མ་ངེས་པ་འགལ་བར་ཐལ་བ་སྤང་བ་ནི། སྒྲ་ཆོས་ཅན་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཅེས་བཀོད་པའི་ཚེ་ཕྱོགས་བཏགས་པ་བ་སྒྲ་དང་རྟག་པའི་ཆོས་ཡོད་དུ་མཐུན་པ་མི་སྲིད་པའི་ཕྱིར་དང༌། མི་མཐུན་ཕྱོགས་ཉིད་ལ་འཇུག་པའི་ཕྱིར་འགལ་བར་འགྱུར་རོ་ཞེ་ན། རྟག་པའི་རང་མཚན་མི་སྲིད་ཀྱང་གཞན་སེལ་སྲིད་ཅིང་དེ་དང་མཐུན་པ་ནམ་མཁའ་ལ་སོགས་པ་སྲིད་པས་དེ་དང་བུམ་པ་ལ་སོགས་པ་གཉིས་ཀ་ལ་ཤེས་བྱས་ཁྱབ་པའི་ཕྱིར་མ་ངེས་པ་ཡིན་གྱི་འགལ་བར་ག་ལ་འགྱུར། གསུམ་པ་ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་སྤང་བ་ནི། ཡང་དག་གི་རྩོད་གཞི་རང་ཉིད་རང་དང་མི་འདྲ་བའི་ཕྱིར་མི་མཐུན་ཕྱོགས་སུ་འགྱུར་ལ། འདོད་ན་དེ་ལ་རྟགས་ཞུགས་པས་རྟག་ལྡོག་པ་མ་གྲུབ་པར་འགྱུར་རོ་ཞེ་ན། རྩོད་གཞི་མཐུན་ཡུལ་ཡིན་པས་མི་མཐུན་ཕྱོགས་སུ་ག་ལ་འགྱུར། སློབ་དཔོན་གྱིས་ཀྱང་མཐུན་ཕྱོགས་ཉིད་ལ་ཡོད་པའི་ངེས་གཟུང་གིས་མི་མཐུན་ཕྱོགས་ལའང་ཡོད་པ་འགོག་གི ཆོས་ཅན་ལ་ཡོད་པ་མི་འགོག་པར་གསུངས་པའི་དགོངས་པའང་དེ་ཡིན་ནོ། །གཉིས་པ་རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་བཟུང་ན། རྫས་ནི་དངོས་པོ་ལས་གཞན་མིན། །གཞན་སེལ་ལས་གཞན་ལྡོག་པ་མེད། །དེས་ན་རྫས་ལྡོག་གཅིག་ཉིད་དུ། །འཁྲུལ་པ་ཉིད་ལ་དགག་སྒྲུབ་བྱེད། །རྫས་ཞེས་བྱ་བ་ཆོས་དུ་མ་གཅིག་ཏུ་འདུས་པ་མུ་སྟེགས་བྱེད་ལ་གྲགས་པ་དེ་ལྟ་བུ་མི་སྲིད་ལ། དོན་རང་མཚན་ཉིད་ལ་རྫས་སུ་འདོད་ན་མིང་དུ་འདོགས་པ་ལ་རག་གོ །ལྡོག་པ་ནི་གཞན་སེལ་ཡིན་ལ་དེ་ལ་རྟོག་པས་སྒྲོ་བཏགས་པ་མ་གཏོགས་པ་ངོ་བོར་གྲུབ་པ་མེད་པས་དངོས་མེད་ཉིད་ཡིན་ནོ། །དེས་ན་སྒྲ་དོན་ལ་དགག་སྒྲུབ་བྱས་པས་རང་མཚན་ལ་གོ་བའི་འཐད་པ་དང༌། དངོས་པོ་དང་ལྡོག་པ་གཉིས་པོ་དེའང་འཆད་པའི་ཚེ་སོ་སོར་འབྱེད་ལ་ཐ་སྙད་ཀྱི་ཚེ་གཅིག་ཏུ་འཁྲུལ་ནས་འཇུག་ཡུལ་གོ་བའི་འཐད་པ་གཞན་སེལ་གྱི་ལེ་འུར་བཤད་པ་བཞིན་ནོ། །གསུམ་པ་གཞན་སེལ་གྱི་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བ་ནི། ཡོད་མེད་གཉི་ག་ལ་བརྟེན་ནས། །སྒྲ་དོན་གསུམ་གྱིས་ཆོས་གཉིས་བསྒྲུབ། །ཡོད་པའི་ཆོས་དངོས་པོའི་ཉེར་ལེན་ཅན་བུམ་པ་ལ་སོགས་པ་དང༌། མེད་པའི་ཆོས་དངོས་པོའི་ཉེར་ལེན་ཅན་མ་ཡིན་པ་རི་བོང་གི་རྭ་ལ་སོགས་པ་དང༌། གཉི་གའི་ཆོས་གཉིས་ཀར་གཞན་སེལ་གྱི་སྒྲོ་གདགས་སུ་རུང་བ་ཤེས་བྱ་ལ་སོགས་པའོ། །དེ་སྐད་དུའང༌། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབ་པ། །ཡོད་མེད་གཉིས་ཀ་ལ་བརྟེན་པའི། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེའང་ཕྱི་རོལ་དུ་ཞེན་ནས་ཡུལ་དུ་འཇོག་ལ་དེ་ལྟ་བུའི་ཡུལ་གསུམ་གྱི་སྒྲ་དོན་ལ་བརྟེན་ནས་ཆོས་གཉིས་བསྒྲུབ་པ་ནི་དོན་དང་ཐ་སྙད་ཡིན་ཞིང༌། དེ་དག་ལའང༌། དོན་ཡོད་པ་དང་མེད་པ་གཉིས་དང༌། ཐ་སྙད་ཡོད་པ་དང་མེད་པ་བསྒྲུབ་པ་གཉིས་གཉིས་བཞི་ཡིན་ནོ། །དེའང་རྟགས་གསུམ་པོའི་དོན་ལ་དགག་སྒྲུབ་བྱེད་ན་དོན་དང་ཐ་སྙད་ལ་དགག་སྒྲུབ་བྱེད་ན་ཐ་སྙད་བསྒྲུབ་ཡིན་ནོ། །འདི་དེའི་བདག་ཉིད་ཀྱི་འབྲེལ་པ་ལ་བརྟེན་པས་རང་བཞིན་གྱི་རྟགས་ཡིན་ཡང་དགག་བྱ་འགོགས་པའི་ཚེ་མི་དམིགས་པའི་བྱེ་བྲག་ཏུའང་འགྱུར་རོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། རིགས་པས་མི་འཐད་པ་དང༌། ལུང་དང་འགལ་བ་སྤང་བའོ། །དང་པོ་ལ་གཉིས་ལས་ཐོག་མར་ཕྱོགས་གཉིས་སུ་དཔྱད་ན་མི་འཐད་པ་སྤང་བ་ནི། དུ་བའི་རྟགས་ལས་སྐྱ་བོའི་རྫས། །ཚུལ་གསུམ་རྟགས་ལ་ཤེས་བྱ་ཙམ། །མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ། །དཔྱོད་ན་ཚད་མ་འཇིག་ཅེ་ན། །རྫས་ལྡོག་མ་ཕྱེ་བར་བསྒྲུབ་པ་ལྟར་ན་དུ་བས་མེ་བསྒྲུབ་པའི་ཚེ་སྐྱ་བོའི་རྫས་ཙམ་ཕྱོགས་གར་འདུ། དེ་བཞིན་དུ་བྱས་ལྡོག་རྟགས་སུ་བསྒྲུབ་པ་ལ་ཚུལ་གསུམ་བཀོད་པའི་ཚེ་ཤེས་བྱ་ཙམ་ལྡོག་ཕྱོགས་གང་འདུ་བརྟག་ན་མི་འཐད་ཅེ་ན། དུ་བ་དང་ནི་ཚུལ་གསུམ་གྱི། །གཞན་སེལ་གཉིས་པོ་སྐྱ་བོ་དང༌། །ཤེས་བྱ་གཉིས་ཀྱི་ལོག་པ་དང༌། །ལྡོག་པ་གཉིས་ལ་འབྲེལ་ཕྱིར་འཐད། །ཁོ་བོ་ལ་བློ་ངོར་ཕུང་པོ་གསུམ་པ་མི་སྐྱོན་པས་དུ་བས་མེ་བསྒྲུབ་པ་ནི་དུ་བའི་སྐྱ་བོ་མཐུན་ཕྱོགས། དུ་མིན་གྱི་སྐྱ་བོ་མི་མཐུན་ཕྱོགས། གཉིས་ཀས་ཁྱད་པར་དུ་མ་བྱས་པའི་སྐྱ་བོའི་གཞན་སེལ་ནི་གཉི་གའི་ཆོས་སོ། །དེ་བཞིན་དུ་བྱས་ལྡོག་གཏན་ཚིགས་ཀྱི་ཐ་སྙད་དུ་བསྒྲུབ་པ་ན་ཤེས་བྱ་ཙམ་ལྡོག་ཀྱང་ཚུལ་གསུམ་ཚང་བའི་ཤེས་བྱ་མཐུན་ཕྱོགས་ཡིན་པས་ཚུལ་གསུམ་ཤེས་བྱ་མ་ཡིན་པའི་སྐྱོན་ལས་གྲོལ་ལ། མ་ཚང་བའི་ཤེས་བྱ་མི་མཐུན་པའི་ཕྱོགས་ཡིན་པས་ཤེས་བྱའི་ལྡོག་པ་ལ་ཚུལ་གསུམ་ཚང་བར་ཐལ་བའི་སྐྱོན་ལས་གྲོལ་ཞིང༌། གཉི་གས་ཁྱད་པར་དུ་མ་བྱས་པའི་ཤེས་བྱའི་གཞན་སེལ་ནི་གཉི་གའི་ཆོས་ཡིན་ནོ། །དེ་ལྟ་ན་ཁྱེད་རང་ལའང་ཤེས་བྱ་ལ་དངོས་པོ་དངོས་མེད་གཉིས་སུ་ཁ་ཚོན་མ་ཆོད་པར་ཐལ། ཤེས་བྱ་ཙམ་ལྡོག་ཕུང་པོ་གསུམ་པར་ཡོད་པའི་ཕྱིར་རོ་ཞེ་ན། དོན་ལ་ཕུང་གསུམ་མེད་ཀྱང་བློ་ངོར་ཤེས་བྱ་ཙམ་ལྡོག་ཕུང་གསུམ་དུ་རྟོགས་པ་འགལ་བ་མེད་དོ། །གཉིས་པ་རྟགས་དང་དགག་བྱ་ལ་བརྟག་ན་མི་འཐད་པ་སྤང་བ་ལ་གཉིས་ལས། དང་པོ་རྩོད་པ་བཞི་ལས། གཞན་གྱི་ལན་དགག་པ་ནི། ལྡོག་འགོག་ཆོས་རྟགས་ཕྱོགས་གཉིས་ཀྱི། །རྩོད་པ་བཞི་ཡི་གཞན་ལན་འཁྲུལ། །དང་པོ་རྟགས་དགག་བྱའི་ཆོས་ལྡན་ལས་ལྡོག་ན་སྟོང་ཉིད་མེད་དགག་ཏུ་བསྒྲུབ་པའི་ཚེ། དགག་བྱ་བཀག་ནས་ཆོས་གཞན་མི་འཕེན་པ། བཀོད་པ་ན་འདི་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་ལས་ལྡོག་པར་ཐལ་ཏེ། ཆོས་མེད་དགག་གི་ཐ་སྙད་དེ་ཉིད་དགག་བྱའི་ཆོས་མེད་དགག་གི་ཐ་སྙད་ཀྱིས་སྟོང་པ་དང་ལྡན་པའི་ཕྱིར་རོ། །འདོད་ན་རྟགས་ལ་རྗེས་འགྲོ་མེད་དེ་རྟགས་བསྒྲུབ་བྱའི་ཆོས་ལ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་རྟགས་དགག་བྱའི་ཆོས་ལས་ལྡོག་ན་མེད་དགག་གི་ཐ་སྙད་མེད་དགག་གིས་ཐ་སྙད་ཀྱིས་སྟོང་པར་བསྒྲུབ་པ་ལ་དགག་བྱ་བཀག་ནས་ཆོས་གཞན་འཕེན་པ་བཀོད་པ་རང་གི་ཆོས་ཅན་ལས་ལྡོག་པར་ཐལ་ཏེ། ཆོས་ཅན་མེད་དགག་གི་ཐ་སྙད་དེ་ཉིད་དགག་བྱའི་ཆོས་ཡིན་པས་སོ། །འདོད་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། རྟགས་ཆོས་ཅན་ལ་མི་འཇུག་པའི་ཕྱིར་རོ། །འགལ་ཞིག་ན་རེ་ཆོས་ལྡན་ལས་ལྡོག་ལ་འོན་ཀྱང་རྗེས་འགྲོ་མེད་པར་མི་འགྱུར་ཏེ། རྗེས་འགྲོ་ནི་རྟགས་ཤེས་འདོད་ལ་ཇི་ལྟར་འགོག་བྱ་ལྟར་བསྒྲུབ་བྱའི་ཆོས་ལྡན་ལ་འཇུག་པས་སོ། །ཞེས་ཟེར་བ་མི་འཐད་དེ། བསྒྲུབ་བྱའི་ཆོས་ངོ་བོ་དབྱེར་མེད་དུ་ཞུགས་ན་མེད་དགག་ཉིད་འགྱུར་ལ་ཐ་དད་ལྡན་པར་ཞུགས་ཀྱང་རང་བཞིན་གྱི་རྟགས་ཀྱི་རྗེས་འགྲོ་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རྟགས་དགག་བྱ་འགོག་པའི་ཚེ་དགག་བྱའི་ཆོས་ལྡན་འགོག་ན་སྔར་གྱི་རང་བཞིན་གྱི་རྟགས་དེས་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་ཉིད་འགོག་པར་ཐལ་ལ་འདོད་ན་ཆོས་འགོག་པའི་འགལ་བར་འགྱུར་རོ། །ཡང་དགག་བྱའི་ཆོས་འགོག་ན་འགལ་ཁྱབ་དམིགས་པའི་རྟགས་དེས་རང་གི་ཆོས་ཅན་ཉིད་འགོག་པར་ཐལ་ཏེ། ཆོས་ཅན་མེད་དགག་གི་ཐ་སྙད་དེ་ཉིད་དགག་བྱའི་ཆོས་ཡིན་པའི་ཕྱིར་རོ། །འདོད་ན་ཆོས་ཅན་འགོག་པའི་འགལ་བར་འགྱུར་རོ་ཞེས་ཟེར་བ་ལ་སྔ་མ་ལྟར་ལན་འདེབས་མོད་ཀྱི་གཞན་སེལ་མ་མཁྱེན་པར་ཟད་དོ། །གསུམ་པ་སྟོང་ཉིད་མེད་དགག་ཏུ་བསྒྲུབ་པ་ན། བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་མཐུན་ཕྱོགས་ཡིན་ན་མེད་དགག་གི་ཐ་སྙད་ཀྱི་རང་ལྡོག་ལ་བསྒྲུབ་ཆོས་དོར་བའི་རྟེན་པར་ཐལ་ལ། མི་མཐུན་ཕྱོགས་ཡིན་ན་དེ་ལ་རྟགས་ཞུགས་ན་ལྡོག་པ་མ་གྲུབ་པར་འགྱུར་ཞིང་མ་ཞུགས་ན་རྟགས་རྗེས་འགྲོ་མེད་པར་འགྱུར་རོ་ཞེ་ན། ཁ་ཅིག་མེད་དགག་གི་ཐ་སྙད་མི་མཐུན་ཕྱོགས་ཡིན་ལ་རྟགས་བསྒྲུབ་ཆོས་དོར་བ་མི་འཇུག་མོད་ཀྱི་རྗེས་འགྲོ་མེད་པར་མི་འགྱུར་ཏེ། ཆོས་ལྡན་གྱི་གཞི་ལ་འཇུག་པའི་ཕྱིར་རོ། །ཞེས་གསུངས་པའང་གཞན་སེལ་གྱི་རྣམ་གཞག་མ་མཁྱེན་པར་ཟད་དོ། །བཞི་པ་ཚུལ་གསུམ་ཚང་བས་བྱས་པ་གཏན་ཚིགས་སུ་བསྒྲུབ་པ་ན་གཏན་ཚིགས་ཚུལ་གསུམ་དེ་ཉིད་མཐུན་ཕྱོགས་ཡིན་ན་ཚུལ་གསུམ་དེ་ཉིད་ལ་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་ཡང་ཚང་བར་ཐལ་ལ་མི་མཐུན་ཕྱོགས་ཡིན་ན་མཚན་ཉིད་ལ་མཚོན་བྱ་མི་སྲིད་པར་འགྱུར་རོ་ཞེ་ན། འདི་ལ་ཁ་ཅིག་བྱས་པ་གཏན་ཚིགས་ཙམ་གྱི་ཐ་སྙད་དུ་བསྒྲུབ་པ་ན་ཚུལ་གསུམ་ཡང་མཐུན་ཕྱོགས་ཡིན་ལ་སྒྲ་མི་རྟག་པར་བསྒྲུབ་པ་ན་མི་མཐུན་ཕྱོགས་ཡིན་ཏེ། ཚུལ་གསུམ་ཀ་ལ་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་ཀྱི་ཐ་སྙད་དང་མི་ལྡན་པའི་ཕྱིར་རོ་ཞེས་གསུངས་པའང༌། སྐབས་ཕྱེ་ནས་ལན་འདེབས་པ་ཉིད་ཀྱིས་ཚུལ་གསུམ་གྱི་རང་ལྡོག་ཕུང་པོ་གསུམ་པར་འགྱུར་བ་ཡིན་ནོ། །གཉིས་པ་རང་གི་ལན་ནི། མེད་དགག་ཐ་སྙད་མེད་དགག་དང༌། །སྤྱི་ལྡོག་ཕུང་གསུམ་ཡིན་ཕྱིར་འཐད། །རྩོད་པ་སྔ་མ་གསུམ་པོ་མེད་དགག་གི་ཐ་སྙད་མ་ཡིན་དགག་ཏུ་རློམས་ནས་རྩོད་པར་ཟད་དོ། །གལ་ཏེ་མེད་དགག་གི་ཐ་སྙད་མ་ཡིན་དགག་ཡིན་ན་དགག་སྒྲུབ་ངོ་བོ་གཅིག་ཏུ་འགྱུར་ལ། འདོད་ན་མཐར་དངོས་པོ་དངོས་མེད་ངོ་བོ་གཅིག་ཏུ་འགྱུར་རོ། །དེས་ན་འདི་མེད་པ་གཞན་སེལ་ཡིན་པས་ཅི་ཡང་མེད་པ་ལ་མེད་དགག་གི་བརྡ་བཏགས་པ་ཡིན་ནོ། །དེའི་ཕྱིར་རྟགས་དགག་བྱ་ལས་ལྡོག་གམ་འགོག་ཀྱང་རུང་སྟེ་དགག་གཞི་ལ་དགག་བྱའི་ཆོས་ལྡོག་པའམ་འགོག་པ་ཡིན་ནོ། །ཡང་ན་སྟོང་ཉིད་མེད་དགག་གི་ཐ་སྙད་དུ་བསྒྲུབ་པ་ན། མེད་དགག་གི་ཐ་སྙད་ཀྱིས་སྟོང་པ་དགག་གཞི་སྟོང་ཉིད་ལ་འགོག་པ་ག་ལ་འགལ། ཡང་མེད་དགག་གི་ཐ་སྙད་ཀྱིས་སྟོང་པའང་མེད་དགག་གི་ཐ་སྙད་ལ་ལྡན་པར་ཁོ་བོ་མི་འདོད་དོ། །བཞི་པ་བྱས་པ་རྟགས་སུ་བསྒྲུབ་པའི་ཚུལ་གསུམ་ཡང་ལྡོག་པས་ཕྱེ་ན་ཕྱོགས་གསུམ་ཀར་འགྲོ་བ་མི་འགལ་བས་སྐྱོན་ཐམས་ཅད་ལས་རང་གྲོལ་ལོ། །དེ་བཞིན་དུ་ནོག་ལྐོག་ཤལ་མཚན་ཉིད་དུ་འགྲོ་བ་ལ་སོགས་པ་ཐམས་ཅད་ལའང་ཤེས་པར་བྱའོ། །གཉིས་པ་ལུང་དང་འགལ་བ་སྤང་བ་ནི། རྣམ་ངེས་ལས། དེ་ལྟ་ན་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་དང་འགལ་ལོ་སྙམ་ན། དེ་ནི་མུ་སྟེགས་པ་འགའ་ཞིག་དགག་སྒྲུབ་དོན་ལ་བྱེད་ལ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་མི་སྟོང་དོན་ལ་དངོས་འགལ་དུ་འདོད་པ་དང༌། བློ་ངོར་ཐེ་ཚོམ་ཟ་བ་དོན་ལ་མི་མཐུན་ཕྱོགས་སུ་འདོད་པས་དེ་དག་འགལ་བར་དགོངས་ནས་ཐལ་བར་བརྗོད་པ་མི་འགལ་ལོ། །དེས་ན་དོན་ཕུང་གསུམ་སེལ་བར་གནས་པ་དང༌། བློས་ཕྱོགས་ཀྱི་རྣམ་གཞག་བྱེད་པའི་ངོར་ཕུང་གསུམ་མི་སེལ་བ་ལ་དགོངས་ནས་དེའི་ཕྱིར་ཆོས་རྣམས་ཀྱིས་འཇུག་པ་དང་ལྡོག་པ་ཕྱོགས་རྣམ་པར་གཞག་པ་ལ་མི་ལྟོས་པ་དེ་དག་ནི། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གསུམ་པ་ལྡོག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། ཇི་སྙེད་རྟགས་སུ་བཀོད་གྱུར་པ། །དེ་སྙེད་ཕྱོགས་གསུམ་ལ་ལྟོས་པ། །དངོས་སུ་གང་རུང་མ་ཚང་ཡང༌། །ལྟོས་གཞི་ཉིད་དུ་འདོད་པ་ཡིན། །ཕྱོགས་གསུམ་པོ་དེ་སྤྱི་རྟགས་སུ་བཀོད་ཚད་ཀྱི་སྐྱོན་ཡོན་བརྩི་བའི་གཞི་ཡིན་པའི་ཕྱིར་དང༌། བྱེ་བྲག་ཡང་དག་གི་སྐབས་སུ་ཕྱོགས་དང་མཐུན་ཕྱོགས་གྲུབ་དགོས་ལ་མི་མཐུན་ཕྱོགས་མ་གྲུབ་ཀྱང་སྐྱོན་མེད་དོ། །དགག་སྒྲུབ་སེལ་བས་བྱེད་འདི་ལ། །རྫས་ལྡོག་ཕྱེ་ནས་ཕྱོགས་གཉིས་སུ། །རྩོད་པའི་ཉེས་པས་མི་གནོད་དེ། །ཚད་མའི་ཡུལ་ལ་མཁས་ཕྱིར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ཡང་དག་དང༌། ལྟར་སྣང་དང༌། དེ་དག་གི་ངེས་པའོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་ཀྱི་མཚན་ཉིད་དང༌། མཚན་གཞི་ངོས་གཟུང་བ་དང༌། མཚོན་བྱའི་རབ་ཏུ་དབྱེ་བའོ། དང་པོ་ལ་གཉིས་ཏེ། མཚན་ཉིད་ངོས་གཟུང་བ་དང༌། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ་གསུམ་ལས་གཞན་གྱི་ལུགས་དགག་ན། ཚུལ་གཅིག་ནས་ནི་དྲུག་གི་བར། །ཉི་ཚེའི་ཚུལ་གཞན་འདོད་པ་འཁྲུལ། །སྣོད་ཀྱི་རྗེས་གཞན་དུ་མི་འཐད་པའི་ཡན་ལག་ཅེས་བྱ་བའི་ཚུལ་གཅིག་ཉིད་དོ་ཞེས་ཟེར་རོ། །འདི་མི་འཐད་དེ། ཆོས་ཅན་ལས་གཞན་དུ་མི་འཐད་ན་ཐུན་མོང་མ་ཡིན་པར་འགྱུར་ལ། ཆོས་ལས་གཞན་དུ་མི་འཐད་ན། མིག་གི་གཟུང་བྱས་སྒྲ་མི་རྟག་པར་བསྒྲུབ་པ་ཡང་དག་ཏུ་འགྱུར་ཞིང་ཚོགས་པ་ལས་གཞན་དུ་མི་འཐད་ན་བསྒྲུབ་བྱ་ལ་ལྟོས་པར་འགྱུར་ལ་གོ་བྱེད་ལས་གཞན་དུ་མི་འཐད་ན་ཚུལ་གསུམ་ཉིད་ལས་མི་འདའོ། །ཡང་ཁ་ཅིག་ཕྱོགས་ཆོས་རྗེས་འགྲོའམ་ཕྱོགས་ཆོས་དང་ལྡོག་པ་གང་ཡང་རུང་བའི་ཚུལ་གཉིས་པར་འདོད་པ་མི་རིགས་ཏེ་རྗེས་འགྲོ་ཁྱད་པར་ཅན་དུ་ལྡོག་པ་འདུས་པས་ཚུལ་གསུམ་ཉིད་ཡིན་ལ་ཕྱོགས་གཉིས་ལ་མཐོང་མ་མཐོང་ཙམ་གྱི་རྗེས་སུ་འགྲོ་ལྡོག་འཁྲུལ་པའི་ཕྱིར་རོ། །ཡང་རིགས་པ་ཅན་འགའ་ཞིག་ཆོས་ཅན་ལ་གྲུབ་པ་སྔ་མ་ཅན་མཐུན་ཕྱོགས་ལ་ཡོད་པ་ལྷག་མ་ཅན། མི་མཐུན་ཕྱོགས་ལ་མེད་པ་སྤྱི་ལ་མ་མཐོང་ལ་མངོན་སུམ་དང་ལུང་གཉིས་ཀྱིས་མི་གནོད་པ་འགལ་བ་མེད་པ་སྟེ། ཚུལ་བཞིར་འདོད་པའང་ཚུལ་གསུམ་མ་ཤེས་པའི་རྣམ་འགྱུར་ཏེ། ཚུལ་གསུམ་གྲུབ་ན་འགལ་བ་མེད་ལ་འགལ་ན་ཚུལ་གསུམ་མི་སྲིད་པའི་ཕྱིར་རོ། །ཡང་ཁ་ཅིག་ཚུལ་གསུམ་དང་དེ་ཤེས་པ་སྟེ་ཚུལ་བཞིར་འདོད་པ་དང༌། ཡང་ཚུལ་གསུམ་དང་གྲངས་སོ་སོར་ངེས་པ་དང༌། གནོད་པ་མེད་པའི་ཡུལ་ཅན་དང་ལྔར་འདོད་པའང་ཚུལ་གསུམ་མ་ཤེས་པའི་རྣམ་འགྱུར་ཡིན་པས་མི་འཐད་པར་གོ་སླའོ། །ཡང་ཁ་ཅིག་ཚུལ་གསུམ་གྱི་སྟེང་དུ་བསྒྲུབ་བྱ་ལ་གནོད་པ་འབབ་པའི་རྟགས་གཅོད་པ་ལ་གནོད་པ་མེད་པའི་ཡུལ་ཅན། འགལ་བ་ལ་མི་འཁྲུལ་པ་གཅོད་པ་ལ་རྗོད་པར་འདོད་པའི་གྲངས་གཅིག་པ། ཚུལ་གསུམ་བློས་མ་ངེས་པ། གཅོད་པ་ལ་ངེས་པ་ཉིད་ཅེས་བྱ་བའི་ཚུལ་དྲུག་ཡིན་ནོ་ཞེས་ཟེར་རོ། །དེའི་ཚུལ་ཕྱི་མ་གསུམ་པོ་མི་འཐད་པ་ལ་རེ་ཞིག་གནོད་པ་མེད་པའི་ཡུལ་ཅན་ནི་བསྒྲུབ་བྱ་ལ་དངོས་སུ་གནོད་པ་ནི་བསལ་བ་ཡིན་ལ། དེ་ནི་བསལ་བ་མེད་པའི་ཕྱོགས་ཉིད་ཀྱིས་གཅོད་ཅིང༌། གནོད་པ་དོགས་པ་མེད་པ་ལ་བསྒྲུབ་བྱ་ཉིད་གྲུབ་དགོས་ལ་དེ་གྲུབ་ན་རྟགས་མི་དགོས་པས་གནོད་པར་དོགས་པ་ནི་སྐྱོན་མ་ཡིན་པས་གཅད་མི་དགོས་སོ། །ཡང་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཡང་ཚུལ་གསུམ་ཚད་མས་གྲུབ་པ་ལ་འགལ་བ་ལ་མི་འཁྲུལ་པ་མི་སྲིད་པའི་ཕྱིར་རོ། །འདི་ལྟར་ཕྱོགས་ཆོས་གྲུབ་པའི་གཞི་ལ་བསྒྲུབ་བྱ་མེད་ན་མི་འཁྲུལ་པ་མེད་ལ་ཡོད་ན་དེ་དང་འགལ་བ་མི་སྲིད་དོ། །ཡང་ངེས་པ་ཉིད་ཅེས་བྱ་བ་ཡང་ཚུལ་གསུམ་ཉིད་ངེས་པ་ལ་ཟེར་ན་ཚུལ་གཞན་དུ་འགྱུར་བ་མེད་ལ། དེ་ལས་གཞན་མི་དགོས་ཏེ་རྣམ་གཅད་མེད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། །ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཕྱོགས་ཆོས་གྲུབ་པ་ཚུལ་དང་པོ། །ཡོད་ན་ཡོད་པའི་རྗེས་འགྲོ་དང༌། །ལྡོག་ན་ལྡོག་པའི་ལྡོག་པ་ཚང་ན་འབྲེལ་པ་གྲུབ་པས་ཚུལ་གསུམ་གྱི་དགོངས་པ་དེ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། ཚུལ་གཉིས་པ་དང་རྗེས་འགྲོ་ཡིས། །ལྡོག་པ་འཕེན་པའི་སྐྱོན་གཉིས་མེད། །ཁ་ཅིག་ཕྱོགས་ཆོས་དང་རྗེས་འགྲོ་ཁྱད་པར་ཅན་མ་ལྡོག་པ་ཁྱད་པར་ཅན་གཉིས་སམ། ཕྱོགས་ཆོས་དང་འབྲེལ་པ་གྲུབ་པ་གཉིས་སུ་འདུས་པས་རྟགས་ཚུལ་གཉིས་པར་འགྱུར་རོ། །ཞེས་ཟེར་བའི་སྐྱོན་མེད་དེ། མཐུན་ཕྱོགས་ལ་བསྒྲུབ་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་ཚད་མ་གཉིས་མེད་ན་འབྲེལ་པ་མི་འགྲུབ་ཅིང་འབྲེལ་པ་གྲུབ་ན་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་གྲུབ་པས་ཚུལ་གསུམ་གྲུབ་པ་ཉིད་ཡིན་ནོ། །ཡང་རྗེས་འགྲོ་ཙམ་པོ་འཁྲུལ་ཞིང་ཁྱད་པར་ཅན་དུ་ལྡོག་པ་འདུས་ན་རྗེས་འགྲོས་ལྡོག་པ་འཕེན་པ་མི་འཐད་དོ་ཞེ་ན། ཡོད་ན་ཡོད་པའི་རྗེས་འགྲོ་དེ་ཉིད་ལོག་ན་ལྡོག་པའི་ལྡོག་པ་ལ་མི་འཁྲུལ་པ་ཡིན་པས་མི་འགལ་ལོ། །དེས་ན་ཕྱོགས་ཆོས་དེ་ཆས་ཁྱབ་པ་དང༌། ཕྱོགས་ཆོས་དེ་འབྲེལ་པ་གྲུབ་པ་དང༌། ཚུལ་གསུམ་ངེས་པ་རྣམས་དོན་གཅིག་གོ །གཉིས་པ་དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ནི། ཡང་དག་གི་རྟགས་ཚུལ་གསུམ་ངེས་པའམ། ངེས་སུ་རུང་བ་ཙམ་ཡིན་ཞེ་ན། འདི་ལ་གསུམ་ལས་གཞན་གྱི་ལུགས་དགག་ན། ངེས་རུང་རྟགས་མིན་ཐེ་ཚོམ་ཕྱིར། །ངེས་རུང་ནི་མ་ངེས་པས་ཐེ་ཚོམ་ཡིན་ལ། །ཐེ་ཚོམ་ཟ་བའི་དུ་བ་ལ་སོགས་པ་བཀོད་ན་མ་གྲུབ་པ་ཡིན་ཏེ། རྣམ་ངེས་ལས། རང་ཉིད་དམ་དེའི་གཞི་ལ་ཐེ་ཚོམ་ཟ་བ་ན་རྟགས་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་བསྒྲུབ་པ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུ་དང༌། ཞེས་བྱ་བ་དང་གཟུགས་ལ་སྒྲོན་མ་བཞིན་དུ་རང་གི་ངོ་བོས་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཁྱབ་པའམ་ཆོས་ཅན་ལ་བརྟེན་པ་མ་ངེས་ན་ནི་དེའི་རང་བཞིན་གྱིས་གོ་བར་བྱེད་པ་ཉིད་མ་ཡིན་པར་འགྱུར་ཏེ། ཞེས་བྱ་བ་དང༌། ངེས་པའི་གཏན་ཚིགས་ལ་ཡང་སྤོབས་པ་མེད་པའི་ཕྱིར་ཐེ་ཚོམ་དུ་འགྱུར་ན་ཞེས་བྱ་བ་དང༌། ཚུལ་གསུམ་མ་གྲུབ་ཐེ་ཚོམ་ཟ། །རྟོགས་པ་པོ་ཡི་སྒྲུབ་བྱེད་མིན། །ཞེས་གསུངས་པས་སོ། །གཉིས་པ་རང་གི་ལུགས་བརྗོད་ན། ངེས་པ་རྟགས་ཡིན་གོ་བྱེད་ཕྱིར། །ཕྱི་རོལ་གྱི་དོན་ལ་དགག་སྒྲུབ་མི་བྱེད་ཀྱི་གཞན་སེལ་གྱི་སྒོ་ནས་བྱེད་ལ་སེལ་བའི་ངོར་ཚུལ་གསུམ་ཙམ་གྲུབ་པ་ལྷག་ལྡན་ལའང་ཡོད་ཅིང་གོ་བྱེད་དུ་འགྲོ་བ་ལ་མ་ངེས་པ་མི་སྲེད་དེ་ངེས་པ་མེད་ན་འབྲེལ་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་ཕྱོགས་ཀྱི་གླང་པོས་འབྲེལ་པ་ལ་དགོངས་ནས་ངེས་པ་གསུངས་པ་ཡིན་ནོ། །ངེས་རུང་ཙམ་ཞིག་མངོན་སུམ་གྱི་ཡུལ་གྱི་དོན་རང་མཚན་འགའ་ཞིག་ལའང་ཡོད་མོད་ཀྱི་དེ་རྟགས་མ་ཡིན་ཏེ། ཕྱི་རོལ་རྟེན་མི་སྒྲ་དོན་ལ། །བརྟེན་ནས་འདིར་ནི་བསྒྲུབ་པ་དང༌། །ཞེས་བྱ་བ་དང༌། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་ཤེས་པ་ལ་གྲུབ་པའི་ཐ་དད་པ་ལ་བརྟེན་ནས་འཇོག་པ་ཡིན་ནོ་ཞེས་བྱ་བ་དང༌། ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ཀ་ལ་བལྟ་བར་བྱའོ། །ཞེས་གསུངས་པས་སོ། །དེས་ན་འདི་དབང་ཤེས་ཀྱི་སྒྲ་ཡུལ་འཛིན་ནུས་ལ་མི་ཟེར་བར་འཛིན་པ་ལ་ཟེར་བ་ལྟར། རྟགས་ཀྱི་སྒྲའང་གོ་ནུས་ལ་མི་ཟེར་བར་གོ་བྱེད་ཉིད་ལ་གསུངས་པ་ཉིད་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། འདི་ལ་གཞན་གྱི་ཀླན་ཀ་མེད། །དེ་ལ་གསུམ་ལས་དང་པོ་ནི་ཁ་ཅིག་ངེས་པ་ལ་རྣམ་གཅད་མེད་དེ་མ་ངེས་ཀྱང་རྟགས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྒྲོམ་གྱི་ས་བོན་ཡང་ས་བོན་མ་ཡིན་ནོ། །ཞེས་བསྒྲེ་ན། ཐེ་ཚོམ་ཟ་བའི་དུ་བ་ལ་སོགས་པ་གཅོད་ལ་སྒྲོམ་གྱི་ས་བོན་ཀྱང་རྐྱེན་དང་མ་ཕྲད་ན་བྱེད་རྒྱུར་མི་འདོད་ཅིང༌། རྟགས་ཀྱང་མི་ངེས་ན་གོ་བྱེད་ཀྱི་རྒྱུ་ཉིད་མ་ཡིན་ནོ། །གཉིས་ལ་དོན་གྱི་ཆོས་སུ་མི་འཐད་པ་ནི་ཚུལ་གསུམ་ངེས་པར་བྱས་པ་དེ་ངེས་བྱེད་ཀྱི་བློ་ལ་ལྟོས་ན་དུ་བ་དང་བྱས་པ་ལ་སོགས་པ་དོན་ཆོས་མ་ཡིན་པར་འགྱུར་ལ་མི་ལྟོས་ན་ཐེ་ཚོམ་ཟ་བའི་དུས་ནའང་ངེས་པར་བྱས་པ་ཡོད་པས་ཐེ་ཚོམ་ཟ་བའི་རྟགས་ལྟར་སྣང་གཅོད་མི་ནུས་པར་ཐལ་ལོ་ཞེ་ན། བློ་ལ་ལྟོས་ཀྱང་དུ་བ་དང་བྱས་པ་ལ་སོགས་པ་དོན་ཆོས་མ་ཡིན་པར་མི་འགྱུར་ཏེ། སྣང་བརྟགས་གཅིག་ཏུ་འཛིན་པའི་ཕྱིར་རོ། །གསུམ་པ་ཧ་ཅང་ཐལ་བ་ལ་ལྔ་ལས། དང་པོ་སྐྱེ་བུ་ཀུན་གྱིས་ངེས་བྱར་ཐལ་བ་ནི། བཻ་ཌཱུརྻའི་སྔོན་པོ་དོན་ཆོས་ཡིན་པས་སྐྱེས་བུ་ཀུན་ལ་ལྟོས་ན་སྔོན་པོར་གནས་པ་བཞིན་དུ་རྟགས་ཐམས་ཅད་ཀྱིས་ངེས་པར་འགྱུར་རོ་ཞེ་ན། ཁོ་བོ་ཅག་བློའི་ཆོས་དོན་དུ་འཛིན་པ་ཡིན་པས་སྐྱོན་མེད་དོ། །གཉིས་པ་རྟགས་ལས་རྟགས་འཛིན་མི་སྐྱེ་བར་ཐལ་བ་ནི་ཚུལ་གསུམ་མ་ངེས་པའི་སྔར་རྟགས་མ་ཡིན་པས་དེ་ལས་རྟགས་འཛིན་སྐྱེས་པ་དེ་རྟགས་མ་ཡིན་པ་ལ་རྟགས་འཛིན་སྐྱེས་པར་འགྱུར་རོ། །འདོད་ན། འདི་ལྟར་དངོས་གང་ཅི་འདྲ་བ། །དེ་ནི་དེ་འདྲའི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལས་དེ་བསྐྱེད་རྟགས་ཅན་བློ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་ལ་སོགས་པ་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི་རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ། །གསུམ་པ་ཡུལ་ཡུལ་ཅན་རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ་བ་ནི། ཚུལ་གསུམ་ངེས་པ་བློ་ལ་ལྟོས་ན་བློ་ཐ་དད་ཀྱི་ལྟོས་པར་སོང་བས་རྒྱུར་འགྱུར་ལ། ཡུལ་ཐ་དད་ཀྱི་ལྟོས་ཆོས་སུ་སོང་བས་འབྲས་བུར་འགྱུར་རོ་ཞེ་ན། ངེས་པ་ལས་ཡུལ་སྐྱེ་བར་མི་འདོད་ཀྱི་ངེས་པ་ཉིད་ཡུལ་གྱི་ཆོས་སུ་གཞན་སེལ་གྱིས་བཟུང་བས་མི་འགལ་ལོ། །བཞི་པ་དགག་རྟགས་མི་རྟག་པར་ཐལ་བ་ནི། དོན་བྱེད་པས་སྟོང་པ་ལ་སོགས་པ་མི་རྟག་པར་འགྱུར་ཏེ་སྔར་མ་ངེས་པ་ན་རྟགས་མ་ཡིན་ལ་ངེས་པ་ན་རྟགས་སུ་འགྱུར་བའི་ཕྱིར་རོ། །འདོད་ན་དངོས་པོར་ཐལ་ལོ་ཞེ་ན། དོན་ལ་སྐད་ཅིག་གིས་འཇིག་ན་མི་རྟག་པར་འགྱུར་གྱི་བློས་རེས་འཇོག་ཏུ་བཟུང་བས་དོན་མི་རྟག་པར་འགྱུར་ན་ཧ་ཅང་ཐལ་ལོ། དེ་སྐྱོན་དུ་འགྱུར་ན། ངེས་རུང་བ་ལའང་མཚུངས་སོ། །ལྔ་པ་མཚན་ཉིད་དང་མཚུངས་པར་ཐལ་བ་ནི། གཏན་ཚིགས་ལ་ངེས་པ་དགོས་པ་ན་མཚན་ཉིད་ལའང་ངེས་པ་དགོས་སོ་ཞེ་ན། འདོད་པ་ཡིན་ཏེ། དགག་སྒྲུབ་ཐམས་ཅད་དོན་ལ་མི་རྟེན་པར་སྒྲ་དོན་ལ་བྱེད་པས་མཚོན་བྱ་ངེས་པ་ལ་མཚན་ཉིད་ངེས་དགོས་པ་ཉིད་ཡིན་ནོ། །གཞན་སེལ་གྱི་ཡུལ་མ་རྟོགས་པར་དོན་ལ་ནི་མཚན་མཚོན་གྱི་རྣམ་པར་གཞག་པ་ཅུང་ཟད་ཀྱང་མེད་དོ། །འདི་ལ་ཁ་ཅིག་རྟགས་ཀྱི་སྒྲ་དོན་བསྒྲུབ་བྱ་གོ་བྱེད་ཡིན་ལ། དེའང་དངོས་སུ་གོ་ན་ངེས་པ་དགོས་ལ་བརྒྱུད་ནས་གོ་ན་ངེས་རུང་གིས་ཆོག་གོ་ཞེས་ཟེར་ནས་ངེས་པ་བ་རྣམས་ཀྱི་བརྗོད་པའི་སྐྱོན་སྤོང་བ་ནི་གཞུང་གི་དགོངས་པ་མ་ཡིན་ཞིང་དགག་སྒྲུབ་ཀྱི་རྣམ་གཞག་མ་མཁྱེན་པར་ཟད་དོ། །དེས་ན་འདི་ལྟ་བུའི་རྟོག་དཔྱོད་མཐའ་དག་གཞན་སེལ་ལ་བློ་ཁ་མ་ཕྱོགས་པའི་རྣམ་གཞག་ཡིན་ནོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ལ་གསུམ་ལས། དང་པོ་གཞན་གྱི་ལུགས་དགག་ན། ཁ་ཅིག་རྩོད་གཞིས་ཁྱད་པར་དུ། །བྱས་པ་རྟགས་ཀྱི་མཚན་གཞིར་འདོད། །རྗེས་སུ་འགྲོ་བའི་སྤྱི་ཁྱབ་ངེས་པ་དང་གཞི་ལ་བཀག་པའི་ལྡོག་ཁྱབ་ངེས་པས་འགྲུབ་པ་དང༌། དེ་དག་གིས་མི་འགྲུབ་ན་ཧ་ཅང་ཐལ་བའི་སྒོ་ནས་བསྒྲུབ་སྟེ་རྟགས་ལའི་དུ་བ་ཉིད་དཔེ་ལ་རྗེས་སུ་མི་འགྲོ་ཡང་མཚན་ཉིད་ངེས་པའི་ཚད་མས་དུ་ཙམ་གྱི་སྤྱི་ལ་མེས་ཁྱབ་པ་གྲུབ་ན་ཡུལ་དུས་རྣམ་པའི་བྱེ་བྲག་གི་དུ་བ་ཡིན་ནའང་མེས་མ་ཁྱབ་པའི་དོགས་པ་ཆོད་པས་འགྲུབ་བོ། །གལ་ཏེ་སྤྱི་ཁྱབ་གྲུབ་ཀྱང་བྱེ་བྲག་ལ་མི་འགྲུབ་ན་དངོས་པོ་ཙམ་གྱི་སྤྱི་ལ་གཅིག་དང་དུ་མས་ཁྱབ་པ་གྲུབ་ཀྱང་ཡང་དག་གི་དངོས་པོ་ལ་ཡང་དག་གི་གཅིག་དང་དུ་མས་ཁྱབ་པ་མི་འགྲུབ་སྟེ་ཁྱབ་བྱ་ཡང་དག་གི་དངོས་པོ་ཉིད་མ་གྲུབ་པའི་ཕྱིར་རོ། །འདོད་ན་གཅིག་དང་དུ་བྲལ་གྱི་བཟློག་ཁྱབ་མི་འགྲུབ་བོ། །གལ་ཏེ་ཡང་དག་གི་ཡོད་པ་མ་གྲུབ་ཀྱང་སྤྱིར་དངོས་པོ་ཙམ་ལ་གཅིག་དང་དུ་མས་ཁྱབ་པ་གྲུབ་པས་ཡོད་པ་ཙམ་པོ་དེ་ཉིད་ཡང་དག་གི་ཡོད་པ་ཡིན་ན་ཡང་དག་གི་གཅིག་དང་དུ་མས་མ་ཁྱབ་པ་བམ་སྙམ་པའི་དོགས་པ་ཆོད་པས་ཁྱབ་པ་འགྲུབ་བོ་ཞེ་ན། འདིར་ཡང་ཁྱབ་བྱ་ལའི་དུ་བ་ཉིད་ལ་ཚད་མས་མ་གྲུབ་ཀྱང་སྤྱི་དུ་བ་ཙམ་ལ་མེ་ཙམ་གྱིས་ཁྱབ་པ་གྲུབ་པས་དུ་བ་ཙམ་ལའི་ཡིན་ནའང་དེ་ལ་མེས་མ་ཁྱབ་པ་མ་སྙམ་པའི་དོགས་པ་ཆོད་པས་ཁྱབ་པ་ཅི་སྟེ་མི་འགྲུབ། གཉིས་པ་དུ་ཙམ་མེ་མེད་ལ་འཇུག་པ་ཁེགས་ལ་བྱེ་བྲག་ལའི་དུ་བའང་མེ་མེད་ལ་འཇུག་པ་ཁེགས་པས་ལའི་དུ་བ་ལ་མེས་ཁྱབ་པ་འགྲུབ་སྟེ། གནོད་པ་ཅན་གྱིས་བྱས་པ་རྟག་པ་ལ་ཁེགས་པས་བྱས་པ་ལ་མི་རྟག་པས་ཁྱབ་པ་གྲུབ་པ་བཞིན་ནོ། །གསུམ་པ་དེ་དག་གིས་ཁྱབ་པ་མི་འགྲུབ་ན་ཧ་ཅང་ཐལ་བ་ནི། དབུ་མ་པའི་གྲུབ་མཐས་དངོས་པོར་སྨྲ་བ་མི་སེལ་བར་ཐལ་བ་དང༌། ལྡོག་པ་ཕྱོགས་གཅིག་ལ་ཐེ་ཚོམ་ཟ་བ་རྟགས་ཀྱི་སྐྱོན་མ་ཡིན་པར་ཐལ་བ་ལ་སོགས་པ་སྤྲོས་ནས་གསུང་ངོ༌། །འདི་མི་འཐད་དེ། མི་ལྡན་གཅོད་པ་རྩོད་གཞི་ཡིས། །ཡིན་ན་ཡུ་བུ་རྩོད་པ་མེད། །གཞན་ལྡན་གཅོད་ན་རྗེས་འགྲོ་མེད། །ཆོས་དང་བསྒྲུབ་བྱ་དེ་དང་འདྲ། །ལའི་དུ་བ་ལ་སོགས་པ་རྩོད་གཞིས་ཁྱད་པར་དུ་བྱས་པ་རྟགས་ཀྱི་མཚན་གཞིར་འདོད་པ་དེ་མི་ལྡན་རྣམས་གཅོད་དུ་སྦྱོར་ན་ཁོ་བོ་ཅག་ཀྱང་འདོད་ལ་གཞན་ལྡན་རྣམ་གཅོད་དུ་སྦྱོར་ན་རྗེས་འགྲོ་མེད་དོ། །རྗེས་སུ་འགྲོ་བའི་སྤྱི་ཁྱབ་ངེས་པར་འགྲུབ་པར་འདོད་པ་ལ་སོགས་པ་ནི་རྩོད་གཞིའི་ཆོས་མི་ལྡན་རྣམས་གཅོད་དུ་སྦྱོར་ཞེས་ངག་སྡུད་མ་ཤེས་པར་ཟད་དོ། །གཉིས་པ་རང་གི་ལུགས་ནི་རྟགས་ཀྱི་མཚན་གཞི་གཞན་སེལ་བ་ཡིན། ཡུལ་དུས་རྣམ་པས་ཁྱད་པར་དུ་མ་བྱས་པའི་དུ་བ་དང་བྱས་པ་ལ་སོགས་པ་སྤྱི་ལྡོག་རྟགས་ཀྱི་མཚན་གཞིའོ། །དེ་ལ་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པ་ཕྱོགས་ཆོས་རྟགས་ཀྱི་རྗེས་སུ་འགྲུབ་བྱ་འགྲོ་བ་རྗེས་འགྲོ་བསྒྲུབ་བྱའི་ཆོས་ལྡོག་སྟོབས་ཀྱིས་རྟགས་ལྡོག་པ་ནི་ལྡོག་པའོ། །དེ་བཞིན་དུ་བསྒྲུབ་བྱའི་ཆོས་ཀྱང་མི་ལྡན་རྣམ་གཅོད་དུ་སྦྱོར་རོ། །གསུམ་པ་རྩོད་པ་སྤང་བ་ནི། འདི་ལ་གཞན་གྱི་ཀླན་ཀ་མེད། ཁ་ཅིག་རྟགས་ཀྱི་སྤྱི་མི་སྲིད་དོ་ཞེ་ན། རྫས་ཀྱི་སྤྱི་མེད་ཀྱང་གཞན་སེལ་གྱི་སྤྱི་མི་འགལ་ལོ། །ཡང་སྤྱི་གཅིག་པ་དེ་ལ་ཚུལ་གཉིས་མི་འཐད་དོ་ཞེ་ན། སེལ་བའི་སྤྱི་དེ་ཉིད་ཕྱོགས་དང་མཐུན་ཕྱོགས་གཉིས་དང་འབྲེལ་པས་མི་འགལ་ལོ། །ཡང་ཚུལ་གསུམ་ཅིག་ཅར་ངེས་དགོས་ན་ཕྱོགས་ཆོས་གྲུབ་པ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ལ། རིམ་ཅན་དུ་ངེས་པས་ཆོག་ན་མཉན་བྱའང་ཡང་དག་ཏུ་འགྱུར་རོ་ཞེ་ན། སྤྱིར་རྟོག་གཉིས་ཅིག་ཅར་མི་འཇུག་པས་རིམ་གྱིས་ངེས་ལ། འོན་ཀྱང་སྐབས་འགར་ཅིག་ཅར་ངེས་པར་གོ་བ་ནི་ཚུལ་གསུམ་གོམས་པ་གསལ་བས་ཕྱོགས་ཆོས་གྲུབ་པ་ཉིད་ན་བསྒྲུབ་བྱ་གྲུབ་པར་རྟོགས་པ་ཡིན་ནོ། །ཡང་སྤྱི་བསྒྲུབ་བྱ་ཡིན་ན་གྲུབ་པ་ལ་བསྒྲུབ་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། ཆོས་ཅན་ལ་མི་ལྡན་རྣམ་གཅོད་དུ་བསྒྲུབ་པའི་ཕྱིར་རོ། །ཚུལ་འདི་རྟོགས་ན་ཁྱད་པར་ལ་རྗེས་འགྲོ་མེད་པའི་རྩོད་པ་ལ་སོགས་པ་རང་གྲོལ་དུ་འགྱུར་རོ། །གསུམ་པ་མཚོན་བྱའི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ཇི་ལྟར་འབྱེད་པའི་ཚུལ་དང༌། ཕྱེ་བའི་རང་བཞིན་ངེས་པར་བྱ་བ་དང༌། དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་ལས། ཐོག་མར་དངོས་པོའི་སྒོ་ནས་དབྱེ་བ་ནི། །མཚན་ཉིད་དེ་དང་ལྡན་པ་ཡི། །གཏན་ཚིགས་དབྱེ་སྒོས་དུ་མར་འགྱུར། །ཚུལ་གསུམ་པ་དེའང་རྟགས་སུ་དགོད་བྱའི་སྒོ་ནས་དབྱེ་ན་མེད་དགག་རྟགས་སུ་དགོད་པ་དང༌། མ་ཡིན་དགག་རྟགས་སུ་བཀོད་པ་གཉིས་དང༌། བསྒྲུབ་བྱའི་ཆོས་ཀྱིས་དབྱེ་ན་མེད་དགག་སྒྲུབ་པ་དང༌། མ་ཡིན་དགག་སྒྲུབ་པ་གཉིས་དང༌། འབྲེལ་པའི་དབང་གིས་དབྱེ་ན་བདག་གཅིག་པ་དང་དེ་ལས་བྱུང་བ་གཉིས་དང༌། དེ་ལའང་དངོས་འབྲེལ་བརྒྱུད་འབྲེལ་གཉིས་དང༌། བསྒྲུབ་ཚུལ་གྱིས་དབྱེ་ན། དོན་བསྒྲུབ་དང་ཐ་སྙད་བསྒྲུབ་གཉིས་དང༌། སྒྲུབ་བྱེད་ཀྱིས་དབྱེ་ན། གྲགས་པ་དང་དངོས་པོ་སྟོབས་ཞུགས་གཉིས་སོ། །གཉིས་པ་སྦྱོར་བའི་སྒོ་ནས་དབྱེ་ན་མི་དམིགས་པ་དང༌། རང་བཞིན་དང༌། འབྲས་བུའི་རྟགས་གསུམ་མོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། ཁ་ཅིག་སྒྲུབ་རྟགས་གཉིས་སུ་དབྱེ་ན་དགག་རྟགས་ཀྱང་གཉིས་སུ་དབྱེ་བས་བཞིར་འགྱུར་ལ། དགག་པ་གཅིག་ཏུ་སྡུད་ན་སྒྲུབ་པའང་གཅིག་ཏུ་འདུ་བས་ཡང་ན་བཞིའམ་མིན་ན་གཉིས་སུ་ངེས་སོ། །ཞེ་ན་འདིའི་ལན་ལ་གཞན་དག་རྟགས་གསུམ་དུ་བསྒྲུབ་པ་ལ་གཉིས་དང་བཞིའི་གྲངས་ངེས་བྱེད་པ་ནི་མ་འབྲེལ་པ་ཡིན་ནོ། །རིགས་པའི་དོན་འདི་ཡིན་ཏེ། ཆོས་ཀྱི་གྲགས་པས་སྦྱོར་བ་ཡི། །སྒོ་ནས་གསུམ་དུ་ངེས་པ་མཛད། །དགག་རྟགས་མཐའ་དག་སྣང་རུང་མི་དམིགས་པར་འདུ་བའི་ཕྱིར་དཔེ་གཅིག་གི་སྟེང་དུ་གཏན་ལ་དབབ་ཏུ་རུང་བས་གཅིག་ཏུ་འདུས་ལ་སྒྲུབ་རྟགས་ཀྱི་སྦྱོར་བ་དཔེ་གཅིག་གི་སྟེང་དུ་སྦྱར་དུ་མི་རུང་བའི་ཕྱིར། གཉིས་སུ་ཕྱེ་བས་སྦྱོར་བའི་སྒོ་ནས་རྟགས་གསུམ་དུ་གྲངས་ངེས་པ་ཡིན་ནོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། མི་དམིགས་པ་དང༌། རང་བཞིན་དང༌། འབྲས་བུའོ། །དང་པོ་ལ་གསུམ་ལས་མཚན་ཉིད་ནི། དགག་བྱ་འགོག་ལ་ཚུལ་གསུམ་ཚང༌། །ཞེས་བྱ་བ་ཡིན་ནོ། །གཉིས་པ་རབ་ཏུ་དབྱེ་བ་ལ་གཉིས་ལས། དང་པོ་ངོ་བོ་མི་དམིགས་པ་ལ་བཞི་ས་ཕྱོགས་སུ་བུམ་པ་སྣང་རུང་མི་དམིགས་པས་མེད་པའི་ཐ་སྙད་བསྒྲུབ་པ་ལྟ་བུ་རང་བཞིན་མི་དམིགས་པ་པ་དང༌། མེ་བཀག་ནས་དུ་བ་འགོག་པ་ལ་སོགས་པ་རྒྱུ་མི་དམིགས་པ་དང༌། ཤིང་བཀག་པས་ཤ་པ་འགོག་པ་ལྟ་བུ་ཁྱབ་བྱེད་མི་དམིགས་པ་དང༌། དུ་བ་བཀག་པས་དུ་རྒྱུ་ནུས་པ་ཐོགས་མེད་འགོག་པ་ལ་སོགས་པ་འབྲས་བུ་མི་དམིགས་པའོ། །དེ་དག་འབྲེལ་ཡུལ་བཀག་པས་འབྲེལ་ཆོས་འགོག་པ་མི་དམིགས་པ་བཞིའོ། །གཉིས་པ་ནི། འགལ་བ་དམིགས་པ་རྣམ་པ་གཉིས། །དེ་ཡང་ལྷན་ཅིག་མི་གནས་དང༌། །ཕན་ཚུན་སྤངས་འགལ་དམིགས་པའོ། །དང་པོ་ལའང་གཉིས་ལས། གཞན་གྱི་གྲངས་དགག་ན། ཚ་རེག་སྐོར་བཞིས་གྲང་རེག་བཞི། །བཀག་པས་སྦྱོར་བ་བཅུ་དྲུག་ཟེར། །མེ་དང་མེའི་རྒྱུ་ནུས་པ་ཐོགས་མེད། མེའི་འབྲས་བུ་དུ་བ། མེའི་ཁྱབ་བྱ་ཙནྡན་གྱི་མེ་སྟེ་བཞིའོ། །གྲང་རེག་ལའང་གྲང་རེག གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད། དེའི་འབྲས་བུ་སྤུ་ལོང༌། དེའི་ཁྱབ་བྱ་བ་མོའི་རེག་པ་སྟེ་བཞིའོ། །དེའང་གྲང་རེག་ལ་སོགས་པ་བཞི་པོ་སྣང་དུ་མི་རུང་བའི་གཞི་ལ་མེས་འགོག་ན་རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་བཞིའོ། །ཙནྡན་གྱི་མེས་བཞི་པོ་འགོག་ན་རང་བཞིན་འགལ་བའི་ཁྱབ་བྱ་དམིགས་པ་ལ་སོགས་པ་བཞིའོ། །དུ་བས་བཞི་པོ་འགོག་ན་རང་བཞིན་འགལ་བའི་འབྲས་བུ་དམིགས་པ་ལ་སོགས་པ་བཞིའོ། །མེ་རྒྱུ་ནུས་པ་ཐོགས་མེད་ཀྱིས་བཞི་པོ་འགོག་ན་རང་བཞིན་འགལ་བའི་རྒྱུ་དམིགས་པ་ལ་སོགས་པ་བཞི་སྟེ་བཅུ་དྲུག་འདོད་པ་ལ་ཕྱི་མ་འགལ་བའི་རྒྱུ་དམིགས་བཞི་མི་འཐད་དེ། ནུས་པ་ཐོགས་མེད་མེ་མིན་ཞིང༌། །རྒྱུན་མེད་ཕྱིར་ན་འགོག་མི་ནུས། །རྒྱུ་ཙམ་འཁྲུལ་པས་ནུས་པ་ཐོགས་མེད་རྟགས་སུ་མི་རུང་བར་གསུངས་པའི་ཕྱིར་རོ། །བསྒྲུབ་བྱ་བསྒྲུབ་པ་ལ་མི་རུང་ཡང༌། དགག་བྱ་འགོག་པ་ལ་རུང་ངོ་སྙམ་པའང་མི་འཐད་དེ། ནུས་པ་ཐོགས་མེད་སྐད་ཅིག་གཉིས་པ་ལ་མེ་སྐྱེད་པའི་བུད་ཤིང་ཉིད་ཡིན་པས་མེ་མ་ཡིན་པ་དེས་གྲང་རེག་མི་ཁེགས་ལ། ཐོགས་མེད་མེས་ཁྱད་པར་དུ་བྱེད་ན་མེ་ཉིད་ཀྱིས་ཁེགས་པས་རྒྱུའི་རྟགས་མི་དགོས་ཤིང་ནུས་པ་ཐོགས་མེད་དུ་འཇོག་པ་སྐད་ཅིག་གིས་ལྡོག་པ་ཡིན་ལ་མེར་འཇོག་པ་རྒྱུན་ལ་བྱེད་ན། སྐད་ཅིག་གིས་མེས་གྲང་རེག་མི་ཁེགས་པས་ནུས་པ་ཐོགས་མེད་རྟགས་མ་ཡིན་ནོ། །འོ་ན་འགལ་བའི་ཁྱབ་བྱ་དམིགས་པའང་ཙནྡན་གྱི་མེ་མེས་ཁྱད་པར་དུ་བྱས་ན་རང་བཞིན་འགལ་དམིགས་སུ་འགྱུར་བས་དེ་གཉིས་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཙནྡན་གྱི་མེ་མེ་ཉིད་ཡིན་པས་གྲང་རེག་དང་འགལ་ལ། ཁྱད་པར་སྤྱི་ཆོས་ཐ་དད་ཕྱིར། །ཞེས་གསུངས་པས་རྟགས་སུའང་རུང༌། དེ་ལྟ་མ་ཡིན་ན་མུན་པ་འགོག་པ་ལ་མར་མེ་དང༌། རྟག་པ་འགོག་པ་ལ་རྩོལ་བྱུང་བཀོད་པ་དང༌། ཉིང་མཚམས་སྦྱོར་བ་འགོག་པ་ལ་དགྲ་བཅོམ་པ་ལ་སོགས་པ་ལུང་རིགས་ལས་བྱེ་བྲག་བཀོད་པ་ཐམས་ཅད་ནུབ་པར་འགྱུར་ཏེ། དེ་དག་ཀྱང་མཐར་སྣང་བ་དང་བྱས་པ་དང༌། མྱ་ངན་ལས་འདས་པ་ལ་ཐུག་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། གཞུང་ལས་རྣམ་གཞག་མང་བཤད་ཀྱང༌། །འགོག་ནུས་སྔ་མ་བཅུ་གཉིས་ཡིན། །སློབ་དཔོན་གྱིས་གཞུང་ལས་གསུམ་དང་བཞི་ལ་སོགས་པ་ཅི་རིགས་སུ་གསུངས་པས་ཀྱང༌། ཛེ་ཏཱ་རིའི་རྗེས་སུ་འབྲངས་ནས་སྔར་གྱི་བཅུ་གཉིས་པོ་དེ་ཙམ་སྐབས་སུ་བབ་པར་མངོན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་བཤད་ན། ཕན་ཚུན་སྤངས་པ་དངོས་ལ་ནི། །རྟགས་དང་རྟགས་ཅན་ཡོད་མ་ཡིན། །ཕན་ཚུན་སྤངས་འགལ་དངོས་ནི་རྣམ་གཅད་ཡོངས་གཅོད་ཡིན་པས་རྟགས་དང་རྟགས་ཅན་མེད་དེ། །ཇི་སྐད་དུ། ཡང་ན་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ཏེ་རྟག་པ་དང་མི་རྟག་པ་བཞིན་ནོ། །ཞེས་གསུངས་པས་སོ། །དེ་ཡིས་ཁྱད་པར་བྱས་པ་ནི། །ཁྱབ་བྱེད་འགལ་བ་དམིགས་པ་ཡིན། །དཔེར་ན་སྒྲ་ཆོས་ཅན་རྟག་པའི་དངོས་པོས་སྟོང་སྟེ། བྱས་པའི་ཕྱིར་རོ། །ཞེས་བྱས་པ་ལ་དགག་བྱ་རྟག་པའི་དངོས་པོ་དེ་ལ་མ་བྱས་པས་ཁྱབ་པ་དེ་དང་འགལ་བ་བྱས་པ་དམིགས་པ་ཁྱབ་བྱེད་འགལ་བ་དམིགས་པ་ཡིན་ནོ། །ཚད་མས་གནོད་པའི་འགལ་བ་ཡང༌། །ཁྱབ་བྱེད་འགལ་བ་དམིགས་པར་འདུས། །ཚད་མས་གནོད་པའི་འགལ་བ་ལྟོས་པས་ངེས་པ་འགོག་པ་དང༌། ལྟོས་མེད་ཀྱི་མ་ངེས་པ་འགོག་པ་ལྟ་བུ་སྟེ་དཔེར་ན་གང་ལྟོས་པ་དང་བཅས་པ་དེ་མ་ངེས་པ་ཡིན་ཏེ་གོས་ལ་ཚོན་བཞིན། འཇིག་པའང་རྒྱུ་གཞན་ལ་ལྟོས་སོ་ཞེས་བྱ་བ་ལྟ་བུ་ངེས་པ་དང་འགལ་བ་མ་ངེས་པའི་ཁྱབ་བྱ་ལྟོས་བཅས་བཀོད་ནས་ངེས་པ་འགོག་པའོ། །གཉིས་པའང་གང་ཡོད་པ་རྒྱུ་གཞན་ལ་མི་ལྟོས་པ་དེ་དེའི་ངོ་བོར་ངེས་པ་ཡིན་ཏེ། རྒྱུ་ཚོགས་པ་ཐ་མ་འབྲས་བུ་སྐྱེད་པར་ངེས་པ་བཞིན་བུམ་པ་འཇིག་པའང་དེ་ལ་ཡོད་ཅིང་གཞན་ལ་མི་ལྟོས་སོ་ཞེས་མ་ངེས་པ་དང༌། འགལ་བ་ངེས་པའི་ཁྱབ་བྱ་ལྟོས་མེད་བཀོད་པ་ལྟ་བུ་སྟེ། འགལ་ཁྱབ་དམིགས་པར་འདུའོ། །ཁ་ཅིག་ཐ་དད་ཙམ་ལ་ཕན་ཚུན་སྤངས་འགལ་དུ་འདོད་པ་དེ་དག་ནི་སྔར་བཀག་ཟིན་ལ་ཅི་ནས་འདོད་ན་སྔོན་པོ་སྐོར་བཞི་སེར་པོ་སྐོར་བཞི་འགོག་པ་ལའང༌། ལྷན་ཅིག་མི་གནས་པའི་སྦྱོར་བ་བཞིན་ཁས་ལེན་དགོས་པས། ཕན་ཚུན་སྤངས་འགལ་གསུམ་དུ་འདུས་པ་ལ་སོགས་པ་ནི་རང་གི་འཇུག་པ་ལ་ཙོ་འདྲི་བ་ཡིན་ནོ། །དེས་ན་ཡ་གྱལ་སྣང་དུ་མི་རུང་ཞིང་ཡིན་པར་དོགས་པ་ལ་འགལ་བའི་སྒོ་ནས་འགོག་པས་ཕན་ཚུན་སྤངས་འགལ་གྱི་སྦྱོར་བ་འཇུག་ལ། གཉི་ག་སྣང་རུང་ཕན་ཚུན་ཡིན་པ་འགོག་པ་ནི་མངོན་སུམ་གྱིས་འགྲུབ་པས་འགལ་བའི་རྟགས་ལ་མི་ལྟོས་སོ། །གསུམ་པ་དགག་རྟགས་ཀྱི་འབྲེལ་པ་ངེས་པའི་ཚུལ་ལ་གཉིས་ལས་གཞན་ལུགས་དགག་ན། དངོས་འབྲེལ་བཀག་ཟིན་ལྷན་ཅིག་ནི། །མི་གནས་ཚོགས་པས་སྐྱེད་པ་འཁྲུལ། །དགག་སྒྲུབ་གཉི་ག་ལ་དངོས་པོའི་འབྲེལ་པ་འདོད་པ་ནི་བཀག་ཟིན་ལ་ཁ་ཅིག་ལྷན་ཅིག་མི་གནས་པའི་འགལ་དམིགས་བཟློག་པ་དེ་ལས་བྱུང་བ་ལ་བརྟེན་པར་འདོད་དེ། དགག་བྱ་གྲང་རེག་སྐོར་བཞི་པོ་རྟགས་མེ་སྟོབས་ལྡན་ལ་སོགས་པ་བཞི་པོ་མེད་པའི་ཚོགས་པ་ལས་སྐྱེ་བོ་ཞེས་ཟེར་བ་མི་འཐད་དེ། རེག་བྱ་བཏང་སྙོམས་པ་སྲིད་པའི་ཕྱིར་དང༌། ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། འབྲེལ་ཡུལ་ལོག་པས་འབྲེལ་ཆོས་ཉིད། །ལྡོག་པས་བཟློག་འབྲེལ་བློ་ངོར་འགྲུབ། །ངོ་བོ་མི་དམིགས་པ་ནི། བསྒྲུབ་པའི་རྟགས་ཀྱི་འབྲེལ་ཡུལ་བཀག་པས་འབྲེལ་ཆོས་ཁེགས་པ་ཉིད་ཀྱིས་བཟློག་འབྲེལ་ངེས་ཏེ། རྒྱུ་མི་དམིགས་པ་དང་འབྲས་བུ་མི་དམིགས་པ་ནི་དེ་བྱུང་གི་འབྲེལ་པ་བཟློག་པ་ཡིན་ལ་རང་བཞིན་མི་དམིགས་པ་དང༌། ཁྱབ་བྱེད་མི་དམིགས་པ་ཕན་ཚུན་སྤངས་འགལ་རྣམས་ནི་བདག་གཅིག་པ་བཟློག་པ་ཡིན་ནོ། །དེས་ན་འབྲེལ་པ་བསྒྲུབ་པ་ལ། མཐུན་དཔེའི་སྟེང་དུ་རྟགས་ལ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་ཚད་མས་བསྒྲུབས་ནས་མི་མཐུན་ཕྱོགས་ལ་དཔེ་གྲུབ་བམ། མ་གྲུབ་ཀྱང་རུང་སྟེ། གནོད་པ་ཅན་གྱིས་རྒྱུ་དང་ཁྱབ་བྱེད་བཀག་པ་ན་འབྲས་བུ་དང་ཁྱབ་བྱ་ཁེགས་པས་འབྲེལ་པ་བློ་ངོར་འགྲུབ་སྟེ། དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལག་ཞི་མི་འདོད། །ཅེས་གསུངས་པ་ལྟར་རོ། །འགལ་བ་དམིགས་པ་ནི། འགལ་ཟླ་གྲུབ་ན་ཅིག་ཤོས་ལ། །གནོད་པས་ཁེགས་ཀྱི་འབྲེལ་ཟླ་འགོག་པ་ལ་མི་ལྟོས་པས་བཟློག་འབྲེལ་དཔྱད་མི་དགོས་སོ། །གཉིས་པ་རང་བཞིན་གྱི་རྟགས་ལ། གསུམ་ལས་དང་པོ་མཚན་ཉིད་ནི། ཡིན་པ་བསྒྲུབ་ལ་ཚུལ་གསུམ་ཚང༌། །ཞེས་བྱ་བ་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས་ལས། རྟགས་དངོས་ནི། ངོ་བོ་དབྱེར་མེད་རང་བཞིན་རྟགས། །དེ་ལའང་རྟགས་ཀྱིས་དབྱེ་བ་དང༌། བསྒྲུབ་བྱས་དབྱེ་བ་གཉིས་ལས། དང་པོ་ལའང༌། ཁྱད་པར་ལ་མ་ལྟོས་པ་དང་ལྟོས་པ་གཉིས་སོ། །དང་པོ་ནི་མི་རྟག་པ་བསྒྲུབ་པ་ལ། ཡོད་པ་རྟགས་སུ་བཀོད་པ་ལྟ་བུ་དག་པ་བ་དང༌། གཉིས་པ་ལའང་རང་གི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་དང༌། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་གཉིས་ལས། དང་པོ་ལའང་གཉིས་ཏེ། ལྟོས་པ་ཁོ་ན་ཡོད་པས་བྱས་པ་བཀོད་པ་ལྟ་བུ་དང༌། ལྟོས་པ་དངོས་སུ་བརྗོད་པ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་བཀོད་པ་ལྟ་བུའོ། །གཉིས་པ་འབྲེལ་པ་གཞན་ལ་ལྟོས་པ་སྐྱེ་བ་དང༌། ལྡན་པ་བཀོད་པ་ལྟ་བུ་སྐྱེ་བས་ཁྱད་པར་དུ་བྱས་པའི་ངོ་བོ་དབྱེར་མེད་བཀོད་པ་ལྟ་བུའོ། །འདིས་མཚོན་ནས་བསྒྲུབ་བྱ་དང་ངོ་བོ་གཅིག་པའི་ཆོས་གང་བཀོད་དོ་ཅོག་ལ་ཚུལ་གསུམ་ཚང་བ་ཐམས་ཅད་རང་བཞིན་གྱི་རྟགས་ཡིན་ནོ། །བསྒྲུབ་བྱའི་དབང་གིས་དབྱེ་ན། དོན་བསྒྲུབ་དང་ཐ་སྙད་བསྒྲུབ་གཉིས་སོ། །གཉིས་པ་ཁོངས་སུ་འདུ་བ་ནི། དེ་ཡི་ཆ་མཐུན་ཁོངས་སུ་བསྡུ། །མུ་སྟེགས་བྱེད་རྟགས་ལོག་པར་འདོད་པ་རྒྱུ་ཚོགས་པ་ཚང་བ་ལས་འབྲས་བུ་སྐྱེ་རུང་དཔོག་པ་དང༌། དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་འདུ་བྱས་ཀྱི་དུ་བ་བསྒྲུབ་པ་ལ་སོགས་པ་དོན་གཞན་བསྒྲུབ་པར་འདོད་པ་ཐམས་ཅད་དོན་གཞན་ལ་མི་ལྟོས་པའི་ཕྱིར་རང་བཞིན་གྱིས་ཁོངས་སུ་འདུའོ། །གསུམ་པ་རྩོད་པ་སྤང་བ་ནི། གཅིག་ཕྱིར་ཐ་དད་སྐྱོན་མི་འགོ །གལ་ཏེ་དེའི་བདག་ཉིད་ཀྱི་འབྲེལ་པ་དགོས་ན་དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་མི་རྟག་པའི་དུ་བ་བསྒྲུབ་པ་ལྟ་བུ་ལ་མ་ཁྱབ་སྟེ་རྫས་ཐ་དད་པའི་ཕྱིར་རོ། །ཞེ་ན། དུ་རྒྱུ་ནུས་པ་ཐོགས་མེད་དང་མི་རྟག་པའི་དུ་བ་གཉིས་རྫས་མི་གཅིག་ཀྱང་དུ་རྒྱུ་ནུས་པ་ཐོགས་མེད་དུ་འཇོག་པ་དུ་བ་སྐྱེ་བཞིན་པ་མཐོང་བ་ལ་ལྟོས་པས་དོན་དུ་ན་དུ་བ་སྐྱེ་བཞིན་པ་དང་མི་རྟག་པའི་དུ་བ་བདག་གཅིག་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་རྒྱུ་ཉིད་ལ་སེམས་ན་རང་བཞིན་གྱི་རྟགས་མ་ཡིན་ནོ། །གསུམ་པ་འབྲས་བུའི་རྟགས་ལ་གསུམ་ལས་དང་པོ་མཚན་ཉིད་ནི། ཡོད་པ་བསྒྲུབ་ལ་ཚུལ་གསུམ་ཚང༌། །ཞེས་བྱ་བ་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས་ལས་འབྲས་བུའི་རྟགས་དངོས་ནི། དེས་བྱུང་བ་ལ་འབྲས་བུའི་རྟགས་དེའང་སྤྱིར་འབྲས་བུ་ཐམས་ཅད་རྒྱུ་སྔོན་དུ་སོང་བ་ཡིན་མོད་ཀྱི། འོན་ཀྱང་དུ་བས་མེ་ཙམ་བསྒྲུབ་ན་རྒྱུའི་ལྡོག་པ་བསྒྲུབ་པའི་འབྲས་རྟགས་དང༌། ཚིག་ཙམ་ལས་སྐྱེས་བུས་བྱས་པ་དང༌། ནམ་མཁའི་དུ་བས་མེ་སྔོན་དུ་སོང་བ་ལ་སོགས་པ་སྔོན་དུ་སོང་བ་བསྒྲུབ་པ་དང༌། སྨྲ་བའི་རྟགས་ལས་བརྗོད་པར་འདོད་པའི་དོན་དཔོག་པ་དང༌། དུ་བས་བུད་ཤིང་གི་འགྱུར་བ་དང༌། དུ་བ་ཁྱད་པར་བས་མེ་ད་ལྟར་བ་སྒྲུབ་པ་དང༌། མཚན་མོ་ནགས་མེར་འབར་བ་ལས་དུ་བ་དཔོག་པ་དང༌། རོ་ལས་གཟུགས་དཔོག་པ་ལ་སོགས་པ་རྒྱུའི་ཆོས་དཔོག་པའི་འབྲས་རྟགས་སོ། །གཉིས་པ་ཁོངས་སུ་འདུ་བ་ནི། དེ་དང་ཆ་མཐུན་ཁོངས་སུ་བསྡུ། མུ་སྟེགས་བྱེད་རྟགས་ལོག་པར་འདོད་པ་ཆུ་སྐྱར་ལས་ཆུ་དང༌། ཆུ་མི་གཡོ་བ་དང༌། རྒྱ་ཤུག་གནས་པ་ལས་རྟེན་བརྟེན་པ་དཔོག་པ་ལ་སོགས་པ་ནི་དོན་གཞན་གྱིས་ཕན་འདོགས་ནུས་པའི་ཕྱིར་འབྲས་བུའི་ཁོངས་སུ་འདུའོ། །གསུམ་པ་རྩོད་པ་སྤང་བ་ནི། ཐ་དད་བསྒྲུབ་ཕྱིར་སྐྱོན་ལས་གྲོལ། །འབྲས་རྟགས་ཀྱང་དེ་ལས་བྱུང་བ་དགོས་ན་ནམ་མཁའི་དུ་བ་ལོང་ལོང་པོ་ཆོས་ཅན་མེ་སྔོན་དུ་སོང་བ་ཅན་ཡིན་ཏེ་དུ་བ་ཙམ་ཡིན་པའི་ཕྱིར། ཞེས་བཀོད་པ་འབྲས་བུ་ཆོས་ཅན་དུ་བཞག་པའི་འབྲས་རྟགས་ལ་མ་ཁྱབ་སྟེ། མེ་སྔོན་དུ་སོང་བ་ཅན་དང་དུ་ཙམ་གཉིས་རྫས་གཅིག་པའི་ཕྱིར་རོ་ཞེ་ན། རྫས་གཅིག་པའི་ཆ་བསྒྲུབ་ན་འབྲས་རྟགས་མ་ཡིན་པ་བདེན་ཡང༌། སྔར་གྱི་མེ་དེ་ལས་ད་ལྟར་གྱི་དུ་བ་སྐྱེས་པའི་སྒོ་ནས། རྒྱུ་སྔོན་དུ་སོང་བ་བསྒྲུབ་པས་མི་འགལ་ཏེ་ད་ལྟར་གྱི་ལུས་ལས་སྔ་མའི་ལས་དཔོག་པ་བཞིན་ནོ། །ཡང་བུམ་པའི་ངག་ལས་བུམ་པའི་སྤྱི་རྟོག་པ་ལ་ཤར་བ་དཔོག་པ་ལ་མ་ཁྱབ་སྟེ། སྤྱི་དངོས་མེད་ལས་ངག་དངོས་པོ་མི་སྐྱེ་བའི་ཕྱིར་རོ། །ཞེ་ན། སྤྱི་ཤར་བའི་བརྗོད་འདོད་ཀྱིས་ཉེར་ལེན་བྱས། རྐན་དང་བྱེད་པ་ཕྲད་པས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པ་ལས་ངག་འབྱུང་བས་རྒྱུའི་ཆོས་དཔོག་པ་མི་འགལ་ལོ། །དེ་ལྟར་སྒྲུབ་རྟགས་གཉིས་པོ་འདིའི་སྤྱིའི་མཚན་ཉིད་ནི། བསྒྲུབ་བྱ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་ཡིན་ལ་གཉིས་སུ་འབྱེད་པའི་རྒྱུ་ནི། ཡོད་པ་གང་མི་འབྱུང་བའམ། །རང་བདག་རྣམས་དབྱེར་མེད་ཅན་གང༌། །དེ་ནི་དེ་ལས་འཁྲུལ་མི་འགྱུར། །ཞེས་བྱ་བའི་དོན་དུ་དེ་རབ་ཕྱེ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྟགས་གསུམ་པོ་དེའང་གཉིས་ནི་དངོས་པོ་བསྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པ་ལ་བརྟེན་ནས་ཕྱེ་བ་ཡིན་ནོ། །གསུམ་པ་དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པ་ལ་གཉིས་ལས་ཕྱོགས་སྔ་མ་བརྗོད་ན། ཁ་ཅིག་འབྲེལ་པ་མུ་དགུ་ལ། །གོ་བྱེད་འབྲེལ་པ་བཞི་ཡོད་ལོ། །རྟགས་ཐམས་ཅད་འབྲེལ་པ་ལ་བརྟེན་ན་དངོས་འབྲེལ་ལམ་བཟློག་འབྲེལ་གང་ཡིན་ཡང་རུང་སྟེ། འབྲེལ་ཆོས་དངོས་དང་འབྲེལ་ཡུལ་དངོས་འབྲེལ་དགོས་ན་ངག་ལ་སྤྱི་ཤར་བ་དང་དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་མི་རྟག་པའི་དུ་བ་བསྒྲུབ་པ་ལ་སོགས་པའི་རྟགས་ལ་མ་ཁྱབ་ལ་རྒྱུ་འབྲས་ཀྱི་ཁྱད་པར་བྱས་ཆོས་དང་བྱེད་ཆོས་འབྲེལ་པ་ཙམ་གྱིས་འགྲུབ་ན། དུ་བས་ཙནྡན་གྱི་མི་བསྒྲུབ་པ་དང༌། གཟུགས་ཅན་གྱི་བྱས་པས་གཟུགས་མེད་ཀྱི་མི་རྟག་པ་བསྒྲུབ་པའང་རྟགས་སུ་འགྱུར་ཏེ། དུ་བ་དང་བྱས་པ་མེ་དང་མི་རྟག་པ་ལ་འབྲེལ་པའི་ཕྱིར་རོ་ཞེ་ན། སྤྱིར་འབྲེལ་པའི་ཚུལ་དགུར་འགྱུར་ཏེ། འབྲེལ་ཆོས་ལ་འབྲེལ་ཆོས་དངོས་དང་དེས་ཁྱད་པར་དུ་བྱེད་ཆོས་དང༌། དེས་ཁྱད་པར་དུ་བྱས་ཆོས་གསུམ་དང༌། འབྲེལ་ཡུལ་ལའང་དེ་ལྟར་གསུམ་ཡོད་པ་ལས། འབྲེལ་ཆོས་དངོས་འབྲེལ་ཡུལ་གསུམ་ལ་འབྲེལ་པ་དང༌། འབྲེལ་ཆོས་ཀྱི་ཁྱད་པར་དུ་བྱེད་ཆོས་དང༌། འབྲེལ་ཆོས་ཀྱི་ཁྱད་པར་བྱས་ཆོས་གཉིས་པོའང་འབྲེལ་ཡུལ་གསུམ་ལ་སོ་སོར་འབྲེལ་པ་སྟེ་དགུ་ཡོད་པ་ལས། འབྲེལ་ཆོས་ནི་འབྲེལ་ཆོས་དངོས་དང༌། དེ་ཁྱད་པར་དུ་བྱེད་ཆོས་གཉིས་འབྲེལ་པས་ཕན་གྱི། ཁྱད་པར་དུ་བྱས་ཆོས་འབྲེལ་པས་མི་ཕན་ཏེ་བྱས་ཆོས་ལ་ཁྱབ་པས་བྱེད་ཆོས་ལ་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །འབྲེལ་ཡུལ་ནི་དངོས་དང༌། ཁྱད་པར་དུ་བྱས་ཆོས་གཉིས་ལ་འབྲེལ་པས་ཕན་གྱི་ཁྱད་པར་དུ་བྱེད་ཆོས་ལ་འབྲེལ་པས་མི་ཕན་ཏེ། ཁྱད་པར་དུ་བྱེད་ཆོས་ཡོད་པ་ན་བྱས་ཆོས་ཡོད་པར་མ་ངེས་པའི་ཕྱིར་རོ། །དེ་ལྟར་ན་འབྲེལ་ཡུལ་གྱི་ངོ་བོའམ་ཁྱད་པར་དུ་བྱས་ཆོས་གཉིས་ལ་འབྲེལ་ཆོས་ཀྱི་ངོ་བོའམ་ཁྱད་པར་དུ་བྱེད་ཆོས་གཉིས་འབྲེལ་པ་སྟེ། བཞིས་ཕན་ལ་ལྷག་མ་ལྔས་མི་ཕན་ནོ་ཞེས་གསུངས་སོ། །གཉིས་པ་དེ་དགག་ན། འདི་ནི་རྣམ་གཞག་འགལ་བ་དང༌། །གཞུང་གི་དགོངས་པར་འཐད་མ་ཡིན། །སྔོན་དུ་སོང་བའི་ཁྱད་པར་བྱེད་ཆོས་མེ་དང་དུ་བ་དེ་བྱུང་གི་འབྲེལ་པ་གོ་ཆོད་པར་འདོད་པ་དང༌། འདིར་འབྲེལ་ཡུལ་གྱི་ཁྱད་པར་བྱེད་ཆོས་ལ་འབྲེལ་པས་གོ་མི་ཆོད་པར་འདོད་པ་ལ་སོགས་པ་རྣམ་གཞག་འགལ་བ་དང༌། རྒྱུའི་ཆོས་ལ་ཁྱད་པར་བྱ་བྱེད་ཀྱི་འབྲེལ་པར་འདོགས་ན། རྒྱུ་ཆོས་དཔོག་པར་འདུས་པའི་ཕྱིར་མུ་དགུ་ལ་སོགས་པ་ལ་དགོངས་པ་མ་ཡིན་ཞིང་ཁྱད་པར་བྱ་བྱེད་ཀྱི་འབྲེལ་པས་གོ་ཆོད་ན་ཧ་ཅང་ཐལ་ལོ། །ཁྱད་པར་བྱ་བྱེད་དུ་གྲགས་པས་འགའ་ཞིག་གོ་བྱེད་དུ་འགྲོ་ན་དེ་ལས་བྱུང་བར་འདུའོ། །ཞེས་བཤད་ཟིན་པའི་ཕྱིར་དང༌། སློབ་དཔོན་གྱིས་ཀྱང་འབྲེལ་པ་གཉིས་ལས། གཞན་ཐམས་ཅད་བཀག་པའི་ཕྱིར་རོ། །ཁྱད་པར་བྱ་བྱེད་འབྲེལ་པ་ཡི། །སྟོབས་ཀྱིས་བསྒྲུབ་བྱ་གོ་བ་མིན། །དེ་ཡི་ངོ་བོའམ་དོན་གཞན་གྱི། །འབྲེལ་པའི་སྟོབས་ཀྱིས་རྟོགས་པར་ཟད། །བར་སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་ལྟར་སྣང་ལ་གཉིས་ལས། དང་པོ་མཚན་ཉིད་ནི། རྟགས་གང་ཚུལ་གསུམ་མ་གྲུབ་པ། །ཞེས་བྱ་བའོ། །གཉིས་པ་དབྱེ་བ་ལ་གསུམ་སྟེ། མ་གྲུབ་པ་དང༌། མ་ངེས་པ་དང༌། འགལ་བའོ། །དང་པོ་ལ་གསུམ་ལས་མཚན་ཉིད་ནི། །ཕྱོགས་དང་རྟགས་མེད་མ་གྲུབ་པ། །མ་གྲུབ་པ་ནི་རྟགས་ཕྱོགས་ཆོས་བཀོད་པ་ལྟར་མི་གནས་པའོ། །གཉིས་པ་དབྱེ་བ་ལ་གསུམ་སྟེ། དོན་ལ་མ་གྲུབ་པ་དང༌། བློ་ངོར་མ་གྲུབ་པ་དང༌། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་ཕྱོགས་རེ་ལས་མ་གྲུབ་པའོ། །དང་པོ་ལའང་གཉིས་ལས། ཐོག་མར་ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་དཔེར་ན་བདག་ཐམས་ཅད་ན་ཁྱབ་པ་ཡིན་ཏེ་ཞེའམ། དོན་དམ་པའི་སྒྲ་མི་རྟག་སྟེ་ཞེས་བཀོད་པ་ལྟ་བུའོ། །གཉིས་པ་སྲིད་ཀྱང་རྩོད་གཞིར་མ་གྲུབ་པ་སྒྲ་མཉན་བྱའམ་མཉན་བྱ་མ་ཡིན་ཏེ། ཞེས་པ་ལྟ་བུའོ། །གཉིས་པ་རྟགས་ཀྱི་ངོ་བོ་མ་གྲུབ་པ་ལ་གཉིས་ལས་དང་པོ་མི་སྲིད་ནས་མ་གྲུབ་པ་སྐྱེས་བུ་འདི་བདག་དང་བཅས་པ་ཡིན་ཏེ་བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཞེའམ། རི་བོང་གི་རྭས་ཕུག་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གཉིས་པ་སྲིད་ཀྱང་ཤེས་འདོད་དང་འབྲེལ་པར་མ་གྲུབ་པ་ལ་གཉིས་ཀྱི་དང་པོ་ངོ་བོ་མ་ཡིན་ནས་མ་གྲུབ་པ་སྒྲ་མིག་གི་གཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གཉིས་པ་ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ་ལ་གཉིས་ལས་གཞི་རྟགས་ཐ་དད་མེད་པ་སྒྲ་སྒྲ་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུ་དང༌། ཆོས་རྟགས་ཐ་དད་མེད་པ་མི་རྟག་པས་མི་རྟག་པ་བསྒྲུབ་པ་ལྟ་བུའོ། །འདི་གཉིས་ནི་དམ་བཅའ་བའི་དོན་གྱི་ཕྱིར་ཕྱོགས་གཅིག་མ་གྲུབ་པ་ཞེས་གསུངས་སོ། །འདི་ལ་ཁ་ཅིག་རྟགས་ཀྱི་ངོ་བོ་མ་གྲུབ་པ་ནི་མ་གྲུབ་པར་མཚོན་མི་ནུས་ཏེ་མཚན་གཞི་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པ་ནི་མེད་པ་གཞན་སེལ་གྱི་རྣམ་གཞག་མ་མཁྱེན་པར་ཟད་དོ། །དེ་ལྟ་མ་ཡིན་ན་སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པ་ལ་མཉན་བྱས་བསལ་བའང་བསལ་བའི་བྱེ་བྲག་ཏུ་མཚོན་མི་ནུས་པར་འགྱུར་རོ། །གསུམ་པ་དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང༌། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ལའང་རིགས་ཀྱི་སྤྱི་དང་ཚོགས་པའི་སྤྱི་ཆོས་ཅན་དུ་གཞག་པ་གཉིས་ལས་དང་པོ་ནི། ཟད་བྱེད་པས་ཤིང་རྣམས་སེམས་པ་དང་བཅས་ཏེ་ཉལ་བའི་ཕྱིར་ཞེས་འཁུམས་པ་ལ་ཉལ་བར་བརྗོད་ལ་དེ་ཤིང་གི་ཕྱོགས་གཅིག་ལ་མ་གྲུབ་པའམ། ཉལ་བ་གཉིད་ལོག་པ་ལ་ཟེར་ན་རྟགས་ཀྱི་ངོ་བོ་མ་གྲུབ་པའམ། གྲུབ་མཐའ་ལ་ལྟོས་ནས་ཕྱིར་གྲོལ་ལ་མ་གྲུབ་པ་ཉིད་དོ། །རྩོལ་བྱུང་གིས་སྒྲ་མི་རྟག་པར་བསྒྲུབ་པ་ན་སྒྲའི་ཕྱོགས་གཅིག་ཆུ་སྒྲ་ལ་མེད་པ་ལྟ་བུའོ། །འདི་ནི་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་ཀྱང་སྐྱོན་མེད་ཡིན་ནོ། །ཚོགས་པའི་སྤྱི་ཆོས་ཅན་དུ་བྱས་པ་དཔེར་ན་ཚུལ་གསུམ་རྟགས་སུ་མཚོན་པ་ལ་འདིས་མཚོན་ནུས་བཀོད་པ་ན་ཡ་གྱལ་ལ་མ་གྲུབ་པ་ལྟ་བུ་སྟེ། འདི་ཕྱོགས་ཆོས་ཀྱི་སྐྱོན་མ་ཡིན་ནོ། །གཉིས་པ་རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་མ་གྲུབ་པ་ལ། རིགས་ཀྱི་སྤྱི་གཞི་རྟགས་སུ་བྱས་པ་དང༌། ཚོགས་པའི་སྤྱི་གཞི་རྟགས་སུ་བྱས་པའི་ཚེ་མཚུངས་པ་གཉིས་ལས་དང་པོ་ལའང་གྲུབ་མ་གྲུབ་མཚུངས་པ་ནི། སྒྲ་ཙམ་གྱི་སྤྱི་ལ་རྟག་པ་རྟགས་སུ་བཀོད་ན་མ་གྲུབ་པ་བཞིན་རྟག་པ་ལ་བྱས་པ་བཀོད་ནའང་མ་གྲུབ་པ་ཡིན་ནོ། །གྲུབ་པར་མཚུངས་པའང་སྒྲ་ལ་བྱས་པ་རྟགས་སུ་བཀོད་ན། སྒྲའི་བྱས་པ་གྲུབ་སྒྲ་མ་ཡིན་གྱི་མ་གྲུབ་ཀྱང་བྱས་ཙམ་གྲུབ་པ་མི་སྐྱོན་པ་བཞིན། སྒྲ་ཙམ་གྱི་ཕྱོགས་གཅིག་ལ་རྩོལ་བྱུང་གྲུབ་ལ། ཕྱོགས་གཅིག་ལ་མ་གྲུབ་པ་མཚུངས་པ་ཡིན་ནོ། །གཉིས་པ་ནི་ཟླ་བ་གཉིས་སྣང་གི་ཤེས་པ་ལ་རྟོག་བྲལ་མ་འཁྲུལ་བ་རྟགས་སུ་བཀོད་པ་ན། ཡ་གྱལ་རྟོག་བྲལ་གྲུབ་ཀྱང་མ་འཁྲུལ་བ་མ་གྲུབ་པས་རྟོག་བྲལ་མ་འཁྲུལ་བའི་ཚོགས་པ་མ་གྲུབ་པ་བཞིན་ཚོགས་པའི་སྤྱི་ཚུལ་གསུམ་ཚོགས་པ་ཆོས་ཅན་དུ་བཞག་ན། འདི་ཙམ་གྱི་རྟགས་སུ་མཚོན་ནུས་བཀོད་པ་ན་རྟགས་དེ་ཚོགས་པའི་ཕྱོགས་གཅིག་ཕྱོགས་ཆོས་རྐྱང་པ་ལ་མ་གྲུབ་པས་ཚོགས་པའི་ངོ་བོ་མ་གྲུབ་པར་མཚུངས་སོ། །གཞན་སྤྲོས་པ་རྣམས་རང་གིས་ཤེས་པར་ཟད་པས་མ་བྲིས་སོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གསུམ་སྟེ། ཆོས་ཅན་དང༌། རྟགས་དང༌། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་བའི་མ་གྲུབ་པའོ། །དང་པོ་ལ་གཉིས་ལས། ངེས་རུང་མེད་ནས། ཐེ་ཚོམ་ཟ་བ་ཤ་ཟའི་བུམ་པ་ལྟ་བུ་ཆོས་ཅན་བསྐལ་བ་དང༌། གཉིས་པ་ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནོར་བུའམ་སྒྲོན་མར་མ་ངེས་པ་ན་ནོར་བུ་ཆོས་ཅན་དུ་བཞག་པ་ལྟ་བུའོ། །གཉིས་པ་རྟགས་ལའང་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་འདོད་ཆགས་དང་བྲལ་བས་བྱས་པའི་ཕྱིར་ལྟ་བུ། གཉིས་པ་ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་དུ་བའམ་རླངས་པར་ཐེ་ཚོམ་ཟ་བ་ན་དུ་བ་རྟགས་སུ་བཀོད་པ་ལྟ་བུའོ། །གསུམ་པ་འབྲེལ་པ་ལའང་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ད་ལྟའི་དགེ་བས་སྔ་མའི་དགེ་བ་བསྒྲུབ་པ་ལྟ་བུ་དང༌། གཉིས་པ་ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་རྨ་བྱའི་སྒྲ་གྲགས་པས་རི་སུལ་དབུ་མར་རྨ་བྱ་བསྒྲུབ་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་པའི་མ་གྲུབ་པ་ལ་གཉིས་ལས། དང་པོ་རྒོལ་བ་རང་ཉིད་ལ་མ་གྲུབ་པ་གྲངས་ཅན་པས་བློ་དང་བདེ་བ་སེམས་པ་མེད་པ་ཡིན་ཏེ། སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་བཀོད་པ་ན་རང་ཉིད་མངོན་པར་གསལ་བ་ན་ཉེ་བར་ཞི་བ་ལ་འདོད་ཀྱི་སྐྱེ་འཇིག་ཏུ་མི་འདོད་པ་ལྟའོ། །འདིའང་གྲུབ་མཐའ་ལ་གྲགས་པའི་བློ་དང་བདེ་བ་ཆོས་ཅན་དུ་མ་གྲུབ་པ་ཡིན་མོད་ཀྱི་བློ་དང་བདེ་བ་གྲུབ་ཚོད་ལ་བསམས་ནས་རྟགས་རྒོལ་བ་ལ་མ་གྲུབ་པ་ཞེས་བཏགས་ལ། ཡང་དག་པར་ན་ཆོས་ཅན་ལ་གྲུབ་ན་ཁྱབ་པའི་སྐྱོན་ཡོན་གྱི་ཕྱོགས་ཆོས་སྐྱོན་མེད་ཡིན་མོད་ཀྱི། གྲུབ་མཐའ་ཁས་བླངས་པ་ལ་ལྟོས་ནས་དེ་ལྟར་བཏགས་སོ། །གཉིས་པ་ཕྱིར་རྒོལ་བ་ལ་མ་གྲུབ་པ་ནི་འཛེམ་མེད་པས་ཤུན་པ་བཤུས་ན་འཆི་བས། ཤིང་སེམས་པ་ཅན་དུ་བསྒྲུབ་པ་ནི་ཤིང་སྐམས་པ་ཡིན་གྱི་འཆི་བའི་ངོ་བོ་མ་གྲུབ་པ་ཡིན་ཀྱང་སངས་རྒྱས་པའི་གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་ལ་མ་གྲུབ་པ་ཞེས་བསྙད་པར་ཟད་དོ། །དེས་ན་དངོས་པོ་ལ་གྲུབ་ན་རྒོལ་བ་གཉིས་ལ་སྒྲ་མ་གྲུབ་ཀྱང་རྟགས་ཡིན་ལ། དངོས་པོ་ལ་མ་གྲུབ་ན་རྒོལ་བ་གཉིས་ཀ་སྒྲ་འདོད་ཀྱང་རྟགས་མ་ཡིན་ནོ། །དེ་ལྟར་ན་དོན་ལ་མ་གྲུབ་པ་ལ་ཆོས་ཅན་དང༌། རྟགས་ཀྱི་ངོ་བོ་མ་གྲུབ་པ་གཉིས་ལས་ཕྱེ་བའི་དྲུག བློ་ངོར་མ་གྲུབ་པ་ལས་གསུམ་ལས་ཕྱེ་བའི་དྲུག་སྟེ། ཕྱེ་ན་བཅུ་གཉིས་ཡིན་ལ། ཆོས་དང་ཆོས་ཅན་གྱི་ཕྱོགས་རེ་ལ་མ་གྲུབ་པ་ལས་ཕྱེ་བའི་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུ་ལ། གཞན་ནི་ཕྱོགས་ཆོས་སྐྱོན་མེད་ཡིན་ཞིང་གྲུབ་མཐའ་ལ་ལྟོས་པའི་སྐྱོན་ནི་གྲུབ་མཐའ་ཁས་བླངས་པ་ལ་དགོངས་ཀྱི། ཡང་དག་པར་ན་ཆོས་ཅན་ནམ་རྟགས་ཀྱི་ངོ་བོ་མ་གྲུབ་པ་ཉིད་ཡིན་ནོ། །ཕྱོགས་ཆོས་དོན་ནི་བློ་ངོ་ལ། །མི་གནས་མ་གྲུབ་པ་ཉིད་ཡིན། །ཕྱོགས་རེའམ་རྒོལ་བ་རྣམས་གཉིས་ལ། །མ་གྲུབ་རྣམ་པར་ཕྱེ་སྟེ་བཤད། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་མ་ངེས་པ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། མ་ངེས་ཐེ་ཚོམ་བསྐྱེད་པའི་རྟགས། །མ་ངེས་པའི་མཚན་ཉིད་ཕྱོགས་ཆོས་གྲུབ་ཅིང་བཟློག་པ་མི་ཆོད་པའོ། །གཉིས་པ་མཚོན་བྱའི་དབྱེ་བ་ལ་གསུམ་སྟེ། གཉིས་སུ་འབྱེད་པའི་ཚུལ་དང༌། དེའི་རྒྱུ་མཚན་ལ་རྩོད་པ་སྤང་བ་དང༌། དེ་ལ་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་ལོ། །དང་པོ་ནི་ཆོས་ཅན་ལས་གཞན་དུ་མི་འཇུག་ན་ཐུན་མོང་མ་ཡིན་པ་ཡིན་ལ། འཇུག་ན་ཐུན་མོང་བ་ཡིན་ནོ། །གཉིས་པ་ནི་གལ་ཏེ་ཆོས་ཅན་ལས་གཞན་ཞེས་བྱ་བ་ལྡོག་པ་གཞན་ཡིན་ན་མཉན་བྱས་མི་རྟག་པ་བསྒྲུབ་པའང་ཐུན་མོང་དུ་འགྱུར་ཏེ། སྒྲ་ལས་ལྡོག་པ་གཞན་རྔ་སྒྲ་ལ་སོགས་པ་ལ་འཇུག་པས་སོ། །རྫས་གཞན་ཡིན་ན་སྐད་ཅིག་གིས་སྟོང་པ་ཆོས་ཅན་དོན་བྱེད་པས་སྟོང་སྟེ་བྱས་ཡོད་ཀྱིས་སྟོང་པའི་ཕྱིར་ཅེས་བཀོད་པའང་ཐུན་མོང་མ་ཡིན་པར་འགྱུར་ཏེ། རྫས་གཞན་ལ་མི་འཇུག་པའི་ཕྱིར་རོ་ཞེ་ན། གཉི་ག་ལ་ལྟར་མ་ཡིན་གྱི། ཤེས་འདོད་ལས་གཞན་མཐུན་ཕྱོགས་མི་མཐུན་ཕྱོགས་ལ་ངེས་པར་ནུས་མི་ནུས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པར་འཇོག་གོ །གསུམ་པ་ལ་གཉིས་ཏེ། ངོ་བོ་ཐ་དད་ཀྱིས་དཔེ་དང་རྩོད་གཞིར་འགྱུར་བ་དང༌། ངོ་བོ་གཅིག་ལའང་གཞན་སེལ་འཇུག་ཚུལ་གྱིས་འགྱུར་བའོ། །དང་པོ་ནི་མེ་དང་མི་རྟག་པ་བསྒྲུབ་པ་ན་ལ་དང་སྒྲ་ཤེས་འདོད་དང༌། ཚང་མང་དང་བུམ་པ་དཔེར་འགྱུར་བ་ལྟ་བུའོ། །གཉིས་པ་ལའང་གཉིས་ལས། ཐ་སྙད་གྲུབ་མ་གྲུབ་ཀྱི་འགྱུར་བ་བུམ་ལྡོག་ཆོས་ཅན་གཞན་སེལ་གྱི་ཐ་སྙད་དུ་བྱར་རུང་སྟེ། དངོས་འགལ་བཅད་ནས་འཇུག་པའི་ཕྱིར་མི་རྟག་པའི་ལྡོག་པ་བཞིན་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ངོ་བོ་གཅིག་ལ་མངོན་གྱུར་ལྐོག་གྱུར་གྱིས་དཔེ་དང་རྩོད་གཞིར་འགྱུར་བ་ཞེས་ཟེར་བ་ནི་ངོ་བོ་གཅིག་ལ་མངོན་ལྐོག་གཉིས་མི་སྲིད་མོད། འོན་ཀྱང་ངེས་པ་དཀའ་སླ་ལ་མངོན་གྱུར་ལྐོག་གྱུར་དུ་འདོགས་པར་ཟད་དོ། །གཉིས་པ་སྤྱི་དང་བྱེ་བྲག་གིས་འགྱུར་བ་ལའང་གཉིས་ལས། ཁྱབ་ཆེ་ཆུང་ནི་ཤེས་བྱ་ཙམ་གཅིག་དང་དུ་བྲལ་གྱིས་རང་བཞིན་མེད་པར་བསྒྲུབ་པ་ན་དངོས་མེད་ཀྱི་ཤེས་བྱ་དཔེ་དང་ཤེས་བྱ་ཙམ་ཤེས་འདོད་དུ་འགྱུར་བ་ཡིན་ནོ། །གལ་ཏེ་སྤྱི་དང་བྱེ་བྲག་རྩོད་གཞི་དང་དཔེར་རུང་ན་མཉན་བྱས་མི་རྟག་པ་བསྒྲུབ་པ་ནའང་སྒྲ་ཙམ་དང་རྔ་སྒྲ་དེ་ལྟར་འགྱུར་ཞེ་ན། དེའི་རྒྱུ་མཚན་ཅི་ཡིན། འདི་ཡང་འདྲི་ན་དཔེ་དངོས་མེད་ཀྱི་ཤེས་བྱ་ལ་རྟགས་གཅིག་དང་དུ་བྲལ་ལ་སྟོང་ཉིད་ཀྱིས་ཁྱབ་པ་གྲུབ་ཀྱང་ཤེས་བྱ་ཙམ་ལ་མི་འགྲུབ་སྟེ། གཅིག་དང་དུ་བྲལ་གྱིས་མ་ཁྱབ་པའི་ཤེས་བྱ་འགའ་ཞིག་འདོགས་པའི་ཕྱིར་རོ། །འདིར་ཡང་རྔ་སྒྲའི་སྟེང་དུ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་གྲུབ་ཀྱང་སྒྲ་ཙམ་ལ་མི་འགྲུབ་སྟེ། གཏན་ཚིགས་མཉན་བྱས་མ་ཁྱབ་པའི་སྒྲ་ཙམ་དགོས་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་སྒྲ་ཙམ་འཛིན་པའི་ཚད་མས་མཉན་བྱ་མི་འགྲུབ་པར་འགྱུར་ལ། འདིར་ཤེས་བྱ་ཙམ་འཛིན་པའི་ཚད་མའང་གཅིག་དང་དུ་བྲལ་དུ་མི་འགྲུབ་པར་འགྱུར་བ་འདོད་པས་ག་ལ་མཚུངས། དེ་བཞིན་དུ་སྒྲ་མི་རྟག་སྟེ་སྒྲའི་བྱས་པ་ཡིན་པའི་ཕྱིར་རྔ་སྒྲ་བཞིན་ཞེས་བསྒྲུབ་པ་ན་བྱེ་བྲག་དཔེར་འགྱུར་བ་ལ་སོགས་པ་རྒྱས་པར་ཤེས་པར་བྱའོ། །གཉིས་པ་ཁྱབ་མཉམ་ནི་མངོན་སུམ་ཙམ་ཆོས་ཅན་ཤེས་པ་ཡིན་ཏེ། བེམས་པོ་ལས་ལོག་པའི་ཕྱིར་རང་རིག་མངོན་སུམ་བཞིན་ཞེས་བཀོད་པ་ན་མངོན་སུམ་དང་རང་རིག་ཁྱབ་མཉམ་ཡང་དཔེ་དང་ཤེས་འདོད་དུ་འགྱུར་བ་བཞིན་ནོ། །དེས་ན་གཞན་སེལ་གྱི་སྒོ་ནས་བློ་ངོར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་ན་རྫས་དང་ལྡོག་པའམ་སྤྱི་དང་བྱེ་བྲག་གམ་མཚན་ཉིད་དམ་མཚོན་བྱ་གང་ཡིན་ཡང་རུང་སྟེ་གང་བློ་ངོར་བསྒྲུབ་སླ་བ་དཔེར་བྱས་ཏེ། དཀའ་བ་རྩོད་གཞིར་འགྱུར་བ་ཐམས་ཅད་ལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་མཚན་གཞི་སོ་སོའི་དོན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང༌། ཐུན་མོང་གི་མ་ངེས་པའོ། །དང་པོ་ལ་གཉིས་ལས་མཚན་ཉིད་ནི། ཕྱོགས་མིན་གཞན་ལ་མ་གྲུབ་པ། །ཐུན་མོང་མ་ཡིན་དེའི་མཚན་ཉིད་ཕྱོགས་ཆོས་གྲུབ་ཕྱོགས་གཉིས་ཀ་ལ་མ་མཐོང་ནས་བཟློག་པ་མི་ཆོད་པའོ། །གཉིས་པ་དབྱེ་ན་བཞི། དེ་ལ་རྟགས་གཉིས་ཀ་ལ་མེད་ནས་མ་མཐོང་བ། དཔེར་ན་སྒྲ་མི་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཡོད་ཀྱང་མ་མཐོང་བ་སྐྱེས་བུ་འདི་ལྷ་ལས་ཚེ་འཕོས་ཏེ་མིག་དང་ལྡན་པའི་ཕྱིར་རོ་ལྟ་བུའོ། །མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་རིག་བྱེད་ཀྱི་སྒྲ་བཞིན་ལྟ་བུའོ། །མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་གང་བྱས་པ་མི་རྟག་སྟེ་རིག་བྱེད་བཞིན་ནམ་མཁའ་ནི་མ་བྱས་སོ་ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ཐུན་མོང་བ་ལའང་གཉིས་ལས་མཚན་ཉིད་ནི། ཕྱོགས་ལས་གཞན་ལ་འཇུག་ཐུན་མོང༌། །དེའི་མཚན་ཉིད་ཕྱོགས་ཆོས་གྲུབ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉི་ག་ལ་འཇུག་པའོ། །གཉིས་པ་དབྱེ་ན་དངོས་དང་ལྷག་ལྡན་གཉིས། དངོས་ཀྱི་མ་ངེས་པ་དང་ལྷག་ལྡན་གཉིས་སོ། །དང་པོ་ལའང་གཉིས་ལས་མཚན་ཉིད་ནི། གཉིས་ཀ་ལ་མཐོང་བཟློག་མི་ཆོད། ཕྱོགས་ཆོས་གྲུབ་ཕྱོགས་གཉི་ག་ལ་མཐོང་ཡང་བཟློག་པ་མི་ཆོད་པའོ། །གཉིས་པ་དབྱེ་ན་བཞི་སྟེ། གཉི་ག་ལ་ཁྱབ་པར་མཐོང་བ་སྒྲ་མི་རྟག་པ་ལ་གཞལ་བྱ་བཀོད་པ་ལྟ་བུ། མཐུན་ཕྱོགས་ལ་ཁྱབ་པར་མཐོང་བ་སྒྲ་རྩོལ་བ་ལས་བྱུང་བ་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །མི་མཐུན་ཕྱོགས་ལ་ཁྱབ་པ་སྒྲ་རྩོལ་མ་བྱུང་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །གཉི་གའི་ཕྱོགས་རེ་ལ་མཐོང་བ་སྒྲ་རྟག་པ་ལ་ལུས་ཅན་མ་ཡིན་པ་བཀོད་པ་ལྟ་བུའོ། །གཉིས་པ་ལྷག་ལྡན་ལ་གཉིས་ཏེ། ཡང་དག་དང་འགལ་བའི་ལྷག་ལྡན་ནོ། །དང་པོ་ལའང་གཉིས་ལས་མཚན་ཉིད་ནི། ཡང་དག་ལྷག་ལྡན་མཐུན་ཕྱོགས་མཐོང༌། །མི་མཐུན་ཕྱོགས་ལ་མ་མཐོང་བའོ། །ཕྱོགས་ཆོས་གྲུབ་མཐུན་ཕྱོགས་ལ་མཐོང༌། །མི་མཐུན་ཕྱོགས་ལ་མ་མཐོང་ཡང་བཟློག་པ་མི་ཆོད་པའོ། །གཉིས་པ་དབྱེ་ན་གསུམ་སྟེ་དེའང་རྟགས་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དཔེར་ན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་སྨྲ་བའི་ཕྱིར་ལྟ་བུ། མེད་ཀྱང་མི་འགལ་བ་སྔོ་བསངས་མ་ཡིན་ཏེ་ལྷས་བྱིན་གྱི་བུ་ཡིན་པའི་ཕྱིར་ལྟ་བུ། འགལ་ཡང་མ་ངེས་པ་བྱས་པ་རྟག་པ་དང་འགལ་བར་མ་ཤེས་པ་ལ་མི་རྟག་སྟེ་བྱས་པའི་ཕྱིར་ལྟ་བུའོ། །འདི་འགལ་བར་ངེས་ན་ཡང་དག་ཉིད་དོ། །མི་མཐུན་ཕྱོགས་མཐོང་མཐུན་ཕྱོགས་ལ། །མ་མཐོང་འགལ་བའི་ལྷག་ལྡན་ཡིན། །དེ་ལ་གཉིས་ལས་དང་པོ་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་མི་མཐུན་ཕྱོགས་ལ་མཐོང༌། མཐུན་ཕྱོགས་ལ་མ་མཐོང་ཡང་བཟློག་པ་མི་ཆོད་པའོ། །གཉིས་པ་དབྱེ་ན་གསུམ་སྟེ། རྟགས་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དཔེར་ན་ཐམས་ཅད་མཁྱེན་པ་ཡིན་ཏེ་སྨྲ་བའི་ཕྱིར་ལྟ་བུ། མེད་ཀྱང་མི་འགལ་བ་སྔོ་བསངས་ཡིན་ཏེ་ལྷས་བྱིན་གྱི་བུ་ཡིན་པའི་ཕྱིར་ལྟ་བུ། འགལ་ཡང་མ་ངེས་པ་བྱས་པ་རྟག་པ་དང་འགལ་བར་མ་ཤེས་པ་ལ་རྟག་སྟེ་བྱས་པའི་ཕྱིར་ལྟ་བུའོ། །འགལ་བར་ཤེས་ན་འགལ་བའི་རྟགས་ཉིད་དོ། །འདི་གཉིས་བྱེ་བྲག་པའི་འདོད་པའི་ལྷག་ལྡན་ལྟ་བུ་མ་ཡིན་གྱི་རིམ་པ་བཞིན་མི་མཐུན་ཕྱོགས་དང་མཐུན་ཕྱོགས་གཉིས་ལས་ལྡོག་པ་ངེས་ན་ཡང་དག་དང་འགལ་བར་འགྲོ་བ་ལས་ཐེ་ཚོམ་གྱི་ལྷག་མ་ཡོད་པས་ལྷག་ལྡན་ཞེས་བྱའོ། གསུམ་པ་འགལ་བ་ལ་གསུམ་ལས་མཚན་ཉིད་ནི། རྟགས་གྲུབ་བཟློག་པས་ཁྱབ་ན་འགལ། །དེའི་མཚན་ཉིད་ནི་ཕྱོགས་ཆོས་གྲུབ་ཅིང་བཟློག་པས་ཁྱབ་པའོ། །གཉིས་པ་རབ་ཏུ་དབྱེ་བ་ལ་གསུམ་སྟེ། དངོས་པོའི་སྒོ་ནས་དབྱེ་བ་དང༌། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་དང༌། དབྱེ་བ་གཞན་དུ་འདོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་པའི་དབང་གིས་གཉིས་སུ་དབྱེ་བ་དང༌། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས་ལས་གཉིས་སུ་འགྲོ་བའི་ཚུལ་ནི། མི་དམིགས་རང་བཞིན་གཏན་ཚིགས་སུ། །བསྡུས་པས་འགལ་བ་གཉིས་ཉིད་ཡིན། །མི་དམིགས་པ་ཐམས་ཅད་དཔེ་ལ་སྣང་རུང་མི་དམིགས་པར་འདུ་ལ་དེ་བདག་གཅིག་པའི་འབྲེལ་པ་ལ་བརྟེན་པས་རང་བཞིན་གྱིས་རྟགས་ཡིན་ཅིང་དེ་དག་བཟློག་པས་མི་དམིགས་པའི་འགལ་བའང་རང་བཞིན་འགལ་བའི་ལྟར་སྣང་དུ་འདུ་བས་འགལ་བའང་གཉིས་ཉིད་དེ། རང་བཞིན་འགལ་བ་སྒྲ་རྟག་སྟེ་བྱས་པའི་ཕྱིར་ལྟ་བུ་དང༌། འབྲས་བུ་འགལ་བ་སྒྲ་རྟག་སྟེ། བཙལ་མ་ཐག་ཏུ་འབྱུང་བའི་ཕྱིར་ལྟ་བུའོ། །དེ་སྐད་དུ། རང་བཞིན་འབྲས་བུ་བསྒྲུབ་དོན་དུ། །གཏན་ཚིགས་གཉིས་དང་བཟློག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲས་བུ་འགལ་བ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དགོད་པ་དང༌། ལན་གདབ་པའོ། །དང་པོ་ནི་རྟགས་དེ་འགལ་བ་མ་ཡིན་ཏེ། རྩོལ་བྱུང་རྟག་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེའོ། །གཉིས་པ་ལན་ལ་བཞི་ལས། དང་པོ་ཉན་ཤེས་སྒྲ་མི་རྟག་པའི་འབྲས་བུར་བསྒྲུབ་ན། བཙལ་མ་ཐག་བྱུང་མི་རྟག་འབྲས། །ཉན་པའི་ཤེས་པ་ཆོས་ཅན་སྒྲ་མི་རྟག་པའི་འབྲས་བུ་ཡིན་ཏེ་བཙལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ། །གསུམ་པ་དེ་རྟག་པའི་འབྲས་བུར་མི་འཐད་པ་ནི། རྟགས་ལ་འགྱུར་བ་མེད་ཕྱིར་འགལ། །གལ་ཏེ་རྟག་པའི་འབྲས་བུ་ཡིན་ན་བཙལ་བའི་སྔ་རོལ་དུའང་ཐོས་པར་འགྱུར་ཏེ་རྟག་པའི་ཕྱིར་རོ། །བསྒྲིབས་པས་མི་ཐོས་སོ་ཞེ་ན། སྒྲིབ་བྱེད་དེས་ཡུལ་ལ་ཕན་གནོད་བྱས་སམ་དབང་པོ་ལ་བྱས། དང་པོ་ལྟར་ན་ཡུལ་ལ་ཁྱད་པར་བསྐྱེད་ན་མི་རྟག་པར་འགྱུར་ལ། མ་བསྐྱེད་ན་བསྒྲིབས་པར་འགལ་ལོ། །གཉིས་པ་དབང་པོ་ལ་བསྐྱེད་པས་སྒྲའི་ལྷན་ཅིག་བྱེད་པར་འགྱུར་རོ་ཞེ་ན། དེ་ལྟ་ནའང་ལྷན་ཅིག་བྱེད་པ་དེས་སྒྲ་རྟག་པ་འགྱུར་རམ་མི་འགྱུར་ཞེས་བརྟག་པ་སྔར་དང་མཚུངས་སོ། །གསུམ་པ་རང་ལ་མཚུངས་པ་སྤང་བ་ནི། མི་རྟག་འགྱུར་ཕྱིར་འདི་མི་མཚུངས། འོ་ན་ཁྱེད་རང་ལྟར་ཡང་བུམ་འཛིན་གྱི་རྣམ་ཤེས་ལ་རྩིག་པ་ལ་སོགས་པས་བསྒྲིབས་པ་འགལ་ལོ་ཞེ་ན། བུམ་པ་རྟག་པ་བསྒྲིབས་པར་འདོད་ན་བདེན་ཡང་མི་རྟག་ལ་དེའི་སྐད་ཅིག་ཐམས་ཅད་རྣམ་ཤེས་ཀྱི་རྒྱུར་མི་འདོད་ཀྱི། རྐྱེན་གསུམ་ཚོགས་པའི་སྐད་ཅིག་ཁྱད་པར་ཅན་གཞན་རྒྱུར་འདོད་པའི་ཕྱིར་རོ། །བཞི་པ་འགྱུར་མེད་ལ་དེ་མི་མཚུངས་པ་ནི། ངེད་ཀྱང་དེ་ལྟར་འདོད་དོ་ཞེ་ན། དེ་འདྲ་འགྱུར་མེད་ལ་མི་འཐད། །ཁྱེད་ཀྱི་རྟག་པ་ལ་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པའི་ཕྱིར་རང་གི་ངོ་བོ་ལས་མ་གྱུར་པས་རྟག་ཏུ་དམིགས་པའམ་མི་དམིགས་པར་འགྱུར་རོ། །དེའི་ཕྱིར། བཙལ་མ་ཐག་ཏུ་བྱུང་བའི་ཕྱིར། ཤེས་པ་སྒྲ་མི་རྟག་པའི་འབྲས་བུར་འགྲུབ་སྟེ། སྔར་ཡོད་པའི་ཤེས་པ་ནི། བཙལ་མ་ཐག་འབྱུང་ངེས་མིན་ཏེ། །སྒྲིབ་བྱེད་དབང་པོ་སྒྲ་དག་ལ། །རྣམ་ཀུན་ཉེར་སྦྱོར་མེད་ཕྱིར་རོ། །ལྟོས་པ་མེད་པར་རེས་འགའི་ཚེ། །འབྲས་བུ་མི་བྱེད་འགལ་བའི་ཕྱིར། །ཤེས་པ་དེ་འདྲ་རེས་འགའ་བའི། །འབྲས་བུར་གྲུབ་པ་དེ་རྟགས་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་ན། མི་དམིགས་གསུམ་པར་འབྱེད་ན་ནི། །དེ་བཟློག་འགལ་བའང་གསུམ་དུ་འགྱུར། །སྦྱོར་བའི་དབྱེ་བས་ཡང་དག་གི་རྟགས་གསུམ་དུ་འབྱེད་ན། དེ་དག་བཟློག་པ་ཉིད་འགལ་བ་ཡིན་པས་འགལ་བའང་གསུམ་ཉིད་དེ། སྣང་རུང་གི་བུམ་པ་ཡོད་དེ་མི་སྣང་བའི་ཕྱིར་ལྟ་བུའོ། །གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན་གསུམ་ལས། གཞན་གྱི་ལུགས་དགག་པ་ནི། འགའ་ཞིག་ཆོས་དང་ཆོས་ཅན་གྱི། །དབྱེ་བས་འགལ་བ་བཞི་ཞེས་ཟེར། །རྟོག་གེ་བ་འགའ་ཞིག་སློབ་དཔོན་གྱིས་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར་དེས་ཐ་སྙད་དུ་བྱེད་དོ། །ཞེས་གསུངས་པ་ལ་བརྟེན་ནས་ཆོས་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་གཉིས་འགོག་པའི་འགལ་བ་བཞི་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཆོས་ཅན་གྱི་ངོ་བོ་འགོག་པའི་མཚན་ཉིད་ལ། ཁ་ཅིག་ན་རེ་ཆོས་ཅན་གྱི་ཁྱད་པར་ལ་ཕྱོགས་ཆོས་གྲུབ་ཅིང་ངོ་བོ་དང་འགལ་བས་ཚོགས་དོན་གྱི་སྤྱི་ཕྱིན་ཅི་ལོག་ཏུ་བྱེད་པའོ། །མཚན་གཞི་དཔེར་བརྗོད་ན་དངོས་པོར་གྱུར་པའི་ནམ་མཁའ་ཆོས་ཅན། རྟག་སྟེ་མ་བྱས་པའི་ཕྱིར་ཅེས་བཀོད་པ་ན། ཆོས་ཅན་གྱི་ཁྱད་པར་ནམ་མཁའ་སྣང་ཙམ་ལ་ཕྱོགས་ཆོས་གྲུབ་ཅིང༌། ཆོས་ཅན་གྱི་ངོ་བོ་དངོས་པོར་གྱུར་པའི་ནམ་མཁའ་དང་མ་བྱས་པ་འགལ་བས་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་བ་ཡིན་ནོ་ཞེས་ཟེར་བ་ནི་ཕྱོགས་ཆོས་མི་འགྲུབ་སྟེ། དོན་དམ་པའི་སྒྲ་ཆོས་ཅན་དུ་བཞག་པ་དང་མཚུངས་པས་སོ། །འདི་ལ་ཆོས་མཆོག་ན་རེ། ནམ་མཁའ་མ་བྱས་ཤིང་ཡོད་པར་འདོད་པ་འགའ་ཞིག་ལ་ནམ་མཁའ་ཆོས་ཅན་རྟག་སྟེ་མ་བྱས་པའི་ཕྱིར། རི་བོང་གི་རྭ་བཞིན་ཞེས་བཀོད་པ་ན། རི་བོང་གི་རྭ་དང་མཚུངས་ན་ནམ་མཁའ་ཡོད་པར་འདོད་ཀྱང་མེད་པར་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་མོད་ཀྱི་འདི་ཆོས་ཅན་གྱི་ངོ་བོ་འགོག་ན་ཕྱོགས་ཆོས་མི་འགྲུབ་ལ། ཕྱོགས་ཆོས་གྲུབ་ན་ཆོས་ཅན་མི་ཁེགས་ཤིང༌། བསྒྲུབ་བྱ་ནམ་མཁའ་དངོས་པོ་ཡོད་པ་ལ་བྱེད་ན་ཆོས་ཀྱི་ངོ་བོ་འགོག་པར་འགྱུར་བས་རིགས་པས་མི་འཐད་ཅིང་སློབ་དཔོན་གྱི་དགོངས་པ་མ་མཁྱེན་པར་ཟད་དོ། །ཡང་ཆོས་ཀྱི་ངོ་བོ་འགོག་པ་ནི་སྒྲ་རྟག་སྟེ་བྱས་པའི་ཕྱིར་ནམ་མཁའ་བཞིན་ནོ། །ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་བ་འདུས་པ་མ་ཡིན་པའི་དོན་གཞན་གྱི་དོན་དུ་འགྱུར་བ་ཡིན་ནོ། །ཆོས་ཀྱི་ཁྱད་པར་འགོག་པ་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་པ་ཡིན་ནོ་ཞེས་དོན་ཉིད་ལ་དབྱེ་བ་བྱེད་པ་ནི་རིགས་པ་དང་གཞུང་མི་འཕྲོད་པས་ལེགས་པ་མ་ཡིན་ནོ། །གཉིས་པ་རང་གི་ལུགས་ནི། དངོས་ཤུགས་ཆོས་དང་ཆོས་ཅན་གྱི། །འགལ་བ་བརྗོད་འདོད་བས་ཀྱིས་ཡིས། །ལ་ལ་དངོས་སུ་འགལ་བ་བརྗོད་པ་དང༌། ལ་ལ་བརྗོད་པའི་ཤུགས་ཀྱིས་འགལ་བར་གྱུར་པ་དང༌། ལ་ལ་ཆོས་བརྗོད་པ་དང་ཆོས་ཅན་བརྗོད་པའི་སྒོ་ནས་ཕྱེ་བར་ཟད་ཀྱི། དོན་གྱི་སྦྱོར་བ་ཐ་དད་པས་ཕྱེ་བ་མ་ཡིན་ནོ། །དངོས་སུ་འགལ་བ་བརྗོད་པ་མི་རྟག་པའི་སྒྲ་རྟག་ཅེས་བརྗོད་པ་ལྟ་བུའོ། །བརྗོད་པའི་ཤུགས་ཀྱིས་འགལ་བ་རྟག་པ་བྱེད་པ་པོ་ཡིན་ཞེས་བརྗོད་པ་ལྟ་བུའོ། །ཆོས་དང་ཆོས་ཅན་གྱི་འགལ་བ་ལ་ཡེ་ཤེས་དཔལ་ལ་སོགས་པ་ཟེར་བ་ལྟར། ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་བརྗོད་པ་དཔེར་ན་མིག་ལ་སོགས་པ་གཞན་གྱི་དོན་བྱེད་ཅེས་བརྗོད་པ་ལྟ་བུའོ། །དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་ན། ཆོས་ཀྱི་ཁྱད་པར་འགོག་པ་ཞེས་བྱའོ། །གཞན་གྱི་དོན་མིག་ལ་སོགས་པ་ཞེས་བརྗོད་ན་ཆོས་ཅན་གྱི་སྒོ་ནས་བརྗོད་པ་ཡིན་ལ། དེའི་འགལ་བའང་ཆོས་ཅན་གྱི་ཁྱད་པར་འགོག་པ་ཞེས་ཟེར་ལ་འདོད་པ་ལ་ཕྱིན་ཅི་ལོག་ཏུ་ནི་གཉི་ག་མཚུངས་སོ། །དེ་བཞིན་དུ་གཏན་ཚིགས་ལའང༌། །སྒྲ་མི་རྟག་ཅེས་བྱ་བ་དང༌། མི་རྟག་པའི་སྒྲ་ཞེས་བརྗོད་པའང་ཐ་སྙད་ཁྱད་པར་ཡོད་ཀྱི་མི་རྟག་པ་ཉིད་དུ་གཅིག་གོ །དེ་བཞིན་དུ་མི་རྟག་པའི་སྒྲའི་སྒྲ་ཞེས་བྱ་བའང་ཆོས་ཀྱིས་ཆོས་ཅན་ཁྱད་པར་དུ་བྱས་པའི་སྒོ་ནས་བརྗོད་པ་སྟེ། རྟག་པའི་སྒྲ་ལས་སྒྲ་ཁྱད་པར་དུ་བྱས་པའོ། །སྒྲའི་མི་རྟག་པ་ཉིད་དང་ལྡན་པ་ཞེས་བྱ་བ་ཆོས་ཅན་སྒྲས་མི་རྟག་པ་ཁྱད་པར་དུ་བྱས་པ་བརྗོད་པ་སྟེ། སྒྲ་མ་ཡིན་གྱི་མི་རྟག་པ་ལས་སྒྲ་ཁྱད་པར་དུ་བྱས་པའོ། །དེ་གཉིས་ཀའང་སྒྲ་མི་རྟག་པ་ཉིད་དུ་རྟོགས་པར་འདོད་པས་དོན་ལ་ཁྱད་པར་མེད་དོ། །དེ་དག་བྱས་པའི་རྟགས་ཀྱིས་རྟོགས་པར་ནུས་པས་ཡང་དག་ཡིན་ལ་འདུས་ཤིང་བསགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྟོགས་པར་མི་ནུས་པའི་ཕྱིར་འགལ་བ་ཡིན་ནོ། །འདི་དག་ནི་དོན་གྱི་སྐྱོན་ཡོན་རང་དོན་གྱི་བརྗོད་བྱ་ཡིན་ལ། སྒྲ་བློའི་སྐྱོན་ཡོན་གཞན་དོན་གྱི་ཡིན་མོད་ཀྱི་ཟོར་ཡང་བར་བྱ་བའི་ཕྱིར་ཕྱོགས་གཅིག་ཏུ་བཤད་དོ། །གསུམ་པ་རྩོད་པ་སྤང་བ་ནི། ཡང་དག་ལ་ཡང་མཚུངས་ཤེ་ན། །བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད། །འོ་ན་ཡང་དག་ལའང་དེ་ལྟར་ཅི་སྟེ་མི་འབྱེད་ཅེ་ན། ཕྱེ་ནའང་སྐྱོན་མེད་མོད་བྱེད་པ་ཆུང་བས་མ་ཕྱེ་སྟེ། རྣམ་ངེས་ལས། འགལ་བ་བཞིན་དུ་གཏན་ཚིགས་ཀྱང༌། །ཅི་སྟེ་ཐ་མི་དད་ཅེ་ན། །རྣམ་པར་དབྱེ་བ་ལ་སུས་འགོག །ཅེས་གསུངས་པ་ལྟར་རོ། །གསུམ་པ་དབྱེ་བ་གཞན་དུ་འདོད་པ་འགལ་བ་ནི། ཞེ་འདོད་དང་ནི་སྨྲས་པ་གཉིས། །བསྒྲུབ་བྱ་ཉིད་དུ་མཚུངས་པའི་ཕྱིར། །གཞན་དོན་བསྒྲུབ་པའི་འགལ་བ་སོགས། །འགལ་བ་གསུམ་པ་འདིར་མི་བཞེད། །གྲངས་ཅན་ནི་མིག་ལ་སོགས་པ་ཆོས་ཅན་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ཞེས་ཟེར་བའི་རྟགས་དེ་ཞེ་འདོད་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་མིག་ལ་སོགས་པའི་སྟེང་དུ་བཟློག་པ་བསྒྲུབས་པས་འགལ་བ་གསུམ་པའང་ཡོད་དོ་ཞེ་ན། ངག་ཏུ་བརྗོད་པ་དང་ཞི་བས་འདོད་པ་གཉིས་བསྒྲུབ་བྱར་ཁྱད་མེད་པས་སྔ་མའི་ཁོངས་སུ་འདུས་པ་ཉིད་དོ། །གསུམ་པ་རྟགས་དེ་དག་གི་ངེས་པ་ལ་གཉིས་ཏེ། མཐའ་འགོག་གི་ངེས་པ་དང༌། དེ་དག་གི་ནུས་པ་ངེས་པའོ། །དང་པོ་ནི། མཐའ་གཞན་འགོག་པའི་ངེས་པ་ཡིས། །རྟགས་སུ་བཀོད་པ་བཞི་རུ་ངེས། །རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་མ་གྲུབ་གཉིས་ལས། མ་གྲུབ་ན་མ་གྲུབ་པའི་རྟགས་ལྟར་སྣང་ངོ༌། །གྲུབ་པ་ལ་བསྒྲུབ་བྱ་བསྒྲུབ་ངེས། འགོག་ངེས། གཉིས་ཀར་མི་ངེས་པ་གསུམ་ལས། དང་པོ་ཡང་དག གཉིས་པ་འགལ། གསུམ་པ་མ་ངེས་པའོ། །གཉིས་པ་ལའང་གཉིས་ལས་ཇི་ལྟར་ནུས་པའི་ཚུལ་ནི། རྟགས་སུ་བཀོད་པ་བཞི་པོ་ལ། །ནུས་པ་དེ་ཡང་རྣམ་བཞི་ཡོད། མ་གྲུབ་པས་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཡང་བསྐྱེད་མི་ནུས་སོ། །མ་ངེས་པས་ཐེ་ཚོམ་ཙམ་བསྐྱེད་ཅིང་འགལ་བས་མི་འདོད་པའི་ངེས་པ་དང༌། ཡང་དག་གིས་འདོད་པའི་ངེས་པ་བསྐྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུས། ཕྱོགས་ལ་མཐུ་མེད་སོམ་ཉི་དང༌། །མི་འདོད་འདོད་པའི་ངེས་འགྲུབ་བྱེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་པ་ལ་གཉིས་ལས་དང་པོ་མ་གྲུབ་པ་ལ་སྤང་བ་ནི། གལ་ཏེ་ཕྱོགས་ལ་ཆོས་མ་གྲུབ་པར་ཤེས་ན་མི་འགོད་ཅིང༌། མ་ཤེས་པར་བཀོད་ན་རྟོག་པ་འགའ་ཞིག་མི་བསྐྱེད་པ་འགལ་ལོ་སྙམ་ན། མ་གྲུབ་པར་ཤེས་ཀྱང་རྟགས་དེ་ལྟར་བཀོད་ན་ཞེས་བརྟགས་པ་མཐའ་གཟུང་བའམ་རྟོག་པ་འགའ་ཞིག་སྐྱེས་ཀྱང་རྟགས་ལ་མ་ལྟོས་པས་སྐྱོན་མེད་དོ། །གཉིས་པ་འགལ་བ་ལ་སྤང་བ་ནི། ཕྱོགས་ཆོས་དང་བཟློག་པས་ཁྱབ་པ་མ་ངེས་ན། འགལ་བ་ལ་ནུས་པ་མེད་ལ། ངེས་ན་འགལ་བ་ལ་དཔོག་འདོད་མི་སྲིད་དོ་ཞེ་ན། དེས་ཀྱང་དེ་ལྟར་འདོད་ན་ཞེའམ་བབ་ཅོལ་དུ་བཀོད་པ་ལ་ཕྱིས་ངེས་པའི་ཚེ་དེ་ལྟར་འགྱུར་རོ། །ཞེས་སྟོན་པས་མི་འགལ་ལོ། །གཉིས་པ་རྟགས་དེས་རྟོགས་པའི་བསྒྲུབ་བྱ་ལ་གསུམ་སྟེ། མཚན་ཉིད་དགོད་པ་དང༌། མཚན་གཞི་ངོས་གཟུང་བ་དང༌། ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ཀྱི་རྣམ་གཅད་ལ་ལྟོས་ཏེ་ལྔར་བསྟན་པ་དང༌། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི་མདོ་ལས། མཚན་ཉིད་ལྔ་ལྡན་གསུངས། ཇི་སྐད་དུ། ངོ་བོ་ཁོ་ན་བསྟན་བྱ་བ། །བདག་ཉིད་འདོད་དང་མ་བསལ་བ། །ཞེས་ཆོས་ལྔ་ལྡན་དུ་གསུངས་ལ། དེ་དག་ལས་ངོ་བོ་ནི། བསྒྲུབ་བྱར་བཟུང་བ་ན་ཚད་མས་གྲུབ་པ་དྲན་རུང་མེད་པའོ། །དེའི་རྣམ་གཅོད་ནི། དམ་བཅས་ཙམ་ཉིད་ཚད་མས་གྲུབ་ཟིན་གཅོད་པའོ། །འདོད་པ་ནི་ངག་ཏུ་མ་བརྗོད་ཀྱང་ཞེ་བས་བསྒྲུབ་བྱར་འདོད་པའོ། །དེའི་རྣམ་གཅོད་ནི། མུ་སྟེགས་བྱེད་དག་རྒོལ་བས་མ་བརྗོད་ཅིང་ཕྱིར་རྒོལ་གྱིས་དངོས་སུ་མ་ཐོས་ན་བསྒྲུབ་བྱ་མ་ཡིན་པར་བསམས་ནས་མིག་ལ་སོགས་པ་ཆོས་ཅན་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་དེ་འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པ་བཞིན་ཞེས་བཀོད་པ་ན་གཞན་དོན་དུ་བརྟགས་ནས་རང་དོན་བསྒྲུབ་པ་སྒྱུ་ཐབས་ཀྱིས་སྦྱོར་བ་ལ་ཞེ་འདོད་མ་ཡིན་པ་བསྒྲུབ་བྱར་འདོད་པ་གཅོད་དོ། །གལ་ཏེ་སྨྲས་པ་ལ་རྗེས་འགྲོ་མེད་ན་སྐྱོན་ཡིན་གྱི་ཞེ་འདོད་ལ་མེད་ཀྱང་སྐྱོན་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྨྲས་མ་སྨྲས་གཉིས་ཀ་ལ་རྟགས་ཀྱི་བསྒྲུབ་བྱ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་བདག་ཉིད་ལ་གཞན་གྱི་སྒྲས་བརྗོད་ན་དཔེ་ལ་རྗེས་འགྲོ་མེད་དེ་སློབ་དཔོན་དབྱིག་གཉེན་གྱིས། བདག་གཞན་ཞེ་ན་དེ་མ་གྲུབ། །ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་གཉིས་བཅས་གྱི་སྦྱོར་བ་ལའང་རྗེས་འགྲོ་མེད་དེ། བུམ་པ་ཆོས་ཅན་མངོན་པར་གསལ་བའི་སེམས་པ་ཅན་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེ། ཨུཏྤ་ལ་མ་ཡིན་པའི་ཕྱིར་རྩིག་པ་བཞིན་ཞེས་བྱ་བ་ལ་མངོན་པར་གསལ་བའི་སྐྱེས་བུ་དཔེ་རྩིག་པ་ལ་རྗེས་འགྲོ་མེད་དོ། །དེ་ཉིད་ཀྱིས་ཕྱོགས་དང་མཐུན་ཕྱོགས་ལ་གང་ཡང་རུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་བསལ་ཏེ། ཚོགས་པའི་སྤྱི་བཀོད་ན་ཕྱོགས་ཆོས་དང་རྗེས་འགྲོ་གཉིས་ཀ་མེད་ཅིང་རྟག་པའི་སྤྱི་འགོད་ན་གང་རུང་མེད་པའི་ཕྱིར་རོ། །བདག་ཉིད་ནི་བསྟན་བཅོས་ལས་བཤད་པ་མ་ཡིན་གྱི་རྒོལ་བ་རང་འདོད་པའོ། །དེའི་རྣམ་གཅོད་ནི་ཁ་ཅིག་བསྟན་བཅོས་ལས་མཐོང་བ་ཐམས་ཅད་བསྒྲུབ་བྱ་ཡིན་པས་དེ་ལ་གནོད་ནའང་གཏན་ཚིགས་དང་དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པ་ལ་བསྟན་བཅོས་ནས། ནམ་མཁའི་ཡོན་ཏན་དུ་བཤད་པ་དང་འགལ་ལོ། །ཞེས་ཟེར་བ་གཅོད་དོ། །དེ་ལའང་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ལུང་ལ་མི་ལྟོས་ལ། གནས་གསུམ་པར་འཕོ་བ་ན་རིགས་པ་དང་མི་འགལ་བའི་ལུང་ལེན་པའི་ཕྱིར་རོ། །ཁོ་ནའི་ངེས་བཟུང་ནི། བསྒྲུབ་བྱ་སྒྲུབ་བྱེད་གཉི་ག་མ་ཡིན་གྱི་བསྒྲུབ་བྱ་ཁོ་ནར་འདོད་པའོ། །དེའི་རྣམ་གཅོད་ནི། རྣམ་འགྲེལ་ལས། རང་ཉིད་འདོད་པ་བརྗོད་པ་ཡིས། །ངེས་བཟུང་དོན་ནི་རྟོགས་ན་ཡང༌། །བྱེད་པའི་མཐའ་དང་འབྲེལ་པའི་ཕྱིར། །དུས་གཞན་གཅད་ཕྱིར་གསུངས་པ་ཡིན། །ཞེས་གསུངས་པ་ལྟར་བསྟན་བྱའི་སྒྲ་དུས་གསུམ་ཀ་ལ་འཇུག་ལ་འདིར་བསྟན་བྱའི་སྒྲ་གཙོ་བོ་ཡིན་ཞིང་རང་ཉིད་དང་འདོད་པ་གཉིས་དེའི་ཁྱད་པར་ཡིན་པས་གཙོ་བོའི་ཞར་ལས་གཉིས་པོ་འབྱུང་བར་འགྱུར་བ་ལ་འཇུག་ལ། དེ་ལྟ་ན་དེ་མ་གྲུབ་པའི་གཏན་ཚིགས་དང་མ་གྲུབ་པའི་དཔེ་བརྗོད་པ་གཉིས་ལ་ཁྱབ་ཆེས་བས་དེ་གཉིས་ཀྱང་དམ་བཅའ་བར་འགྱུར་རོ། །གལ་ཏེ་ཀྟའི་རྐྱེན་ད་ལྟར་བ་ལ་འཇུག་པས་འདོད་པའི་སྒྲའང་ད་ལྟར་བར་འགྱུར་ལ། དེ་ལྟ་ན་གཏན་ཚིགས་དང་དཔེ་མ་གྲུབ་པ་གཉིས་པོ་དེ་ལྟར་བསྒྲུབ་བྱར་མི་འདོད་ལ་སྒྲུབ་བྱེད་དུ་འདོད་པས་ཁྱབ་ཆེས་པ་མེད་དོ་ཞེ་ན། ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་འདིར་འདོད་པའི་བྱིངས་ཨེ་ཥ་བྱ་བ་ཡིན་ལ་དེ་ལ་ནེཥྚ་ཡན་ལག་མ་ཡིན་པས་མ་འོངས་པ་ན་བསྟན་བྱ་གཅོད་མི་ནུས་སོ། །ཁོ་ནའི་སྒྲ་ཡོད་ན་གཏན་ཚིགས་དང་དཔེ་གཉིས་བསྒྲུབ་བྱ་ཁོ་ནར་བསྟན་པར་བྱ་བར་འདོད་པ་མེད་དེ། སྒྲུབ་བྱེད་དུ་འདོད་པའི་ཕྱིར་རོ། །འོ་ན་རིག་པའི་སྒོར་ཡང་ཁོ་ནའི་སྒྲ་དགོས་ཏེ་བསྒྲུབ་བྱར་འདོད་པ་ནི་ཕྱོགས་ཡིན་ནོ། །ཞེས་བྱ་བ་ལའང་བྱེད་ལྡན་གྱི་མཐའ་ཅན་བསྒྲུབ་བྱའི་སྒྲ་ཡོད་པའི་ཕྱིར་རོ་སྙམ་ན། འདོད་པའི་ཚིག་ལ་ནེཥྚ་ཡན་ལག་ཡིན་ལ་འབྱུང་བར་འགྱུར་བ།       རྗེས་མ།   >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*