བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་ལུང་སྦྱོར།

༼ད༽

༄༅། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་ལུང་སྦྱོར་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །སངས་རྒྱས་རྣམས་ལ་ཕྱག་འཚལ་ནས། །སྐབས་སུ་བབ་པའི་ལུང་སྦྱོར་རྣམས། །མདོ་ཙམ་འདིར་ནི་བྲི་བར་བྱ། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་སྐྱེ་བའི་རྒྱུ་ནི། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟེན་པ་དང་བརྟེན་བྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་འདོད། །ཅེས་པ་དང༌། ཆོས་བཅུ་པའི་མདོའི་དོན། བསླབ་བཏུས་ལས། དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་ཀྱིས་བསྐུལ་བ་ལས་སེམས་བསྐྱེད་པ་འདི་ནི། བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ། །བསྔགས་པ་ཐོས་ནས་སེམས་བསྐྱེད་པ་ནི་རྒྱུ་གཉིས་པའོ། །སེམས་ཅན་གྱི་སྡུག་བསྔལ་ཐོས་ནས་སྙིང་རྗེའི་སེམས་བསྐྱེད་པ་ནི་རྒྱུ་གསུམ་པའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཐོང་ནས་དགའ་བ་ཁྱད་པར་ཅན་སྐྱེས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ། །ཞེས་གསུངས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ཅིང༌། བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་སོ། །སེམས་བསྐྱེད་པ་དེའང་དབྱེ་ན་དཔེའི་སྒོ་ནས་ཉི་ཤུ་རྩ་གཉིས་ཏེ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སོ། །ས་མཚམས་ཀྱི་དབྱེ་བ་ནི་བཞི་སྟེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ཡངས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །ངོ་བོས་དབྱེ་ན་གཉིས་ཏེ། བརྡ་དང་ཆོས་ཉིད་ཀྱིས་ཐོབ་པ་གཉིས་སོ། །ཞེས་པས་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང༌། དོན་དམ་པ་ཆོས་ཉིད་ཀྱིས་ཐོབ་པའོ། །དང་པོ་ལའང་སྨོན་འཇུག་གཉིས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་སོ། །དོན་དམ་སེམས་བསྐྱེད་ཆོ་ག་ལས་མི་སྐྱེ་བར་ཡང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་གོམས་པར་བྱས་པ་ལས་གྱུར་ཏོ་ཞེས་གསུངས་པས། དོན་དམ་སེམས་བསྐྱེད་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱ་སྟེ། དེས་ན་དེའི་རང་བཞིན་བཤད་པ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བརྟགས་ཤིང༌། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་དེ་བསྒོམ་པར་བྱ་བ་ཉིད། །ཅེས་པ་དང༌། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་བྱ་བ་ལ་སོགས་པ་དང༌། དེའི་འགྲེལ་པར་དོན་དམ་པའི་སེམས་བསྐྱེད་པ་དེ་ཡང༌། ས་དང་པོ་རབ་ཏུ་དགའ་བ་ཡིན་པས། ཞེས་གསུངས་པ་དང༌། མདོ་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པའི་ལུང་དབུ་མ་སྒོམ་རིམ་ལས། དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ་ཤིན་ཏུ་གསལ་བ་དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པས། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་གྱུར་ཏོ། །ཞེས་གསུངས་པས། དོན་དམ་སེམས་བསྐྱེད་བསྒོམས་པའི་སྟོབས་ཀྱིས་ས་དང་པོ་ལས་འབྱུང་བར་བཤད་ཀྱིས། ཆོ་ག་ལས་མི་སྐྱེའོ། །པང་ཀོང་ལས། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ཞེས་གསུངས་པའི་དགོངས་པ་ཡང་བསྒོམས་བྱུང་ལ་དགོངས་ཀྱི་ཆོ་ག་ལས་སྐྱེ་བ་མ་དགོངས་སོ། །ལར་པང་ཀོང་ཡང་བོད་ལ་གནམ་བབས་སུ་བྱུང་བ་ཡིན་གྱིས། རྒྱ་གར་ལས་མ་བསྒྱུར་བས་མཁས་པ་རྣམས་ལུང་དུ་བྱེད་པའང་དཀའོ། །སེམས་བསྐྱེད་མ་བྱས་པས་མི་དགེ་བའི་ལས་མང་དུ་བྱས་ན་སེམས་ཅན་དམྱལ་བར་སྐྱེ་སྟེ། དེ་ལ་གྲང་བའི་དམྱལ་བ་བརྒྱད་ཀྱི་ཚེ་ཚད་ནི། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང༌། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་སོ། །ཉི་ཚེ་བའི་སེམས་ཅན་དམྱལ་བའི་ཚེ་ཡང༌། དེ་ཉིད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་སོ། །དམྱལ་བའི་སྡུག་བསྔལ་བཟོད་པར་མི་ནུས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མི་གཅིག་ཉིན་རེ་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་འཇིགས་བསྣུན་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །དཔེར་ཡང་མི་བཟོད་རྒྱུར་ཡང་མི་མཆིའོ། །ཞེས་སོ། །འདོད་ལྷའི་ཚེ་ནི། མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ཀྱི། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །ཞེས་སོ། །ཡི་དྭགས་ཀྱི་ཚེ་ནི། ཟླ་བ་ཉིན་ཞག་གི་ལྔ་བརྒྱའོ། །ཞེས་སོ། །དུད་འགྲོའི་ཚེ་རིང་བ་ནི། དུད་འགྲོ་མཆོག་རིང་བ་བསྐལ་པར་རོ། །ཐུང་བ་ནི་ཉིན་ཞག་གཅིག་ལ་སོགས་པ་ངེས་པ་མེད་དོ། །སྡུག་བསྔལ་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དུ་མ་དང་བཅས་པས་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ནོ། །དགེ་བའི་ལས་ཅུང་ཟད་བྱས་ནས་མཐོ་རིས་སུ་སྐྱེས་ན་ཡང་མི་རྣམས་འདོད་པ་བཙལ་གྱིས་མ་རྙེད་པ་དང༌། མི་འདོད་པ་སྤང་གིས་མི་སྤོང་བ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པས་ཡིད་མི་བདེ་བ་ཡིན་ཏེ། རི་དྭགས་ཕལ་ཆེར་འཇིགས་པ་སྟེ། །ཁྱི་རྣམས་ཕལ་ཆེར་ལྟོགས་པ་ཡིན། །མི་རྣམས་ཕལ་ཆེར་ཡིད་མི་བདེ། །ཞེས་སོ། །ལྷ་མ་ཡིན་རང་བཞིན་གྱིས་ལྷའི་དཔལ་ལ་སྡང་ཞིང་སྡུག་བསྔལ་བ་ཡིན་ལ། ལྷ་རྣམས་འཆི་འཕོ་ཞིང་ལྟུང་བས་སྡུག་བསྔལ་བ་ཡིན་པས། འདོད་ཁམས་ཀྱི་ལྷ་མི་ཡང་ཅུང་ཟད་བདེ་བར་སྣང་ཡང་འགྱུར་བས་སྡུག་བསྔལ་བ་ཡིན་ཏེ། སྤྱོད་འཇུག་ལས། བདེ་འགྲོ་ཡང་དང་ཡང་འོངས་ཤིང༌། །བདེ་བ་མང་པོ་སྤྱད་བྱས་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྟུང༌། །ཞེས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། །ས་སྟེང་དག་ཏུ་ཡང་བྲན་ཉིད་དུ་མཆི། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །སླར་ཡང་ངན་སོང་ཉིད་དུ་ལྟུང་བར་འགྱུར། །ཞེས་སོ། །གཟུགས་དང་གཟུགས་མེད་ན་ཡང་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་མ་སྤངས་པའི་ཕྱིར་རོ། །དེའང་འཕགས་པ་ལྷས། བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཉོན་མོངས་ཚང་ཚིང་བསྲེགས་པར་གྱུར་མོད་ཀྱང༌། །བདག་ལྟའི་རྩ་བ་བརྟན་པོ་མ་སྤངས་ན། །ཆར་གྱིས་བརླན་བཞིན་མདུན་དུ་རབ་ཏུ་སྐྱེ། །ཞེས་སོ། །དེས་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་གང་དུ་སྐྱེས་ཀྱང་བདེ་བ་མེད་ལ། རང་གཅིག་པུ་ཞི་བདེ་མྱ་ངན་ལས་འདས་པ་ཐོབ་ཀྱང་མཆོག་མ་ཡིན་ཏེ། དཔལ་ཕྲེང་སེང་གེ་སྒྲས་ཞུས་པ་ལས། འཕགས་པ་དགྲ་བཅོམ་པ་འདི་དག་ནི། མ་རིག་པའི་བག་ཆགས་ཀྱིས་རྒྱུ་བྱས། ཡིད་ཀྱི་རང་བཞིན་གྱི་ལུས་བླངས། ཟག་པ་མེད་པའི་ལས་བསགས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང༌། སྐྱེ་བས་སྡུག་བསྔལ་བ་ལགས་སོ། །ཞེས་སོ། །དེས་ན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། སེམས་བསྐྱེད་དགོས་ལ། དེའང་ཡོན་དབུལ་བ་སྔོན་དུ་འགྲོ་སྟེ། བསྐལ་པ་བཟང་པོ་ལས། བདེ་གཤེགས་སྐྱེ་དབང་འཁོར་ལོས་སྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་ལ། །གླིང་བཞི་དག་ནི་དབུལ་བར་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་བྱིན་འཛམ་གླིང་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ། །གཙུག་ལག་ཁང་ནི་བྱེ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀོད་པའི་རྒྱལ་པོ་འཁོར་སྒྱུར་ཚེ། །དེ་བཞིན་གཤེགས་པ་སྣང་བའི་འོད་དེ་ལ། །བཻ་ཌཱུརྻ་ཡི་ཁང་བཟངས་ཕུལ་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྣང་མཛད་བསླང་བའི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ། །བཤོས་དག་བདག་ཉིད་བཙོངས་ཏེ་སྦྱར་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྱ་ནོམ་རྒྱལ་པོ་ཡི། །ཕོ་ཉའི་ཚེ་ན་བདེ་གཤེགས་རྒྱལ་བ་ཡི། །བཤེས་གཉེན་དེ་ལ་ལན་ཅིག་བསྐོར་བྱས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རླུང་ཤུགས་ལྟར་གཤེགས་དྷིན་ཏ་ཁྱེའུའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གྲགས་པ་དེ་ལ་ནི། །བསིལ་ཡབ་དག་གིས་ལན་ཅིག་གཡབ་པ་བྱས་ནས་ཀྱང༌། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་གྱི་བློ་གྲོས་ལྟ་མངོན་ཤེས་པ་པོ། །བྲམ་ཟེའི་ཚེ་ན་དེ་བཞིན་གཤེགས་པ་ལྷ་མཆོག་གི །ཞབས་ལ་མགོ་བོ་དག་གིས་ཕྱག་ནི་འཚལ་ནས་ཀྱང༌། །དང་པོ་ཉིད་དང་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་ཆེན་པོ་ལག་བླའི་ཚེ། །དེ་བཞིན་གཤེགས་པ་མཆོག་ཏུ་བསྔགས་དེ་ལ། །སྐྱུ་རུ་ར་དག་དབུལ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲོས་བཟང་པོ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སེང་གེའི་ང་རོ་ལ། །ཨ་རུ་ར་དག་དབུལ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་འཕྲོ་གྲོང་ཁྱེར་བརྟེན་པའི་ཚེ། །དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ། །རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་གཟི་བརྗིད་ལྕི་འཚོང་ཚེ། །དེ་བཞིན་གཤེགས་པ་མཁས་པས་བསྔགས་དེ་ལ། །ལྷུང་བཟེད་བཀྲུ་ཕྱིར་ལྕི་བའི་གོང་བུ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་གེ་དག་གིས་ནི། །དེ་བཞིན་གཤེགས་པ་ང་རོ་སྙན་དེ་ལ། །ཕྱག་དར་ཁྱོད་ཀྱི་ལྷན་པ་ཐལ་མོ་ཙམ། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་ཐ་གར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་གློག་གི་སྒྲོན་མ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པ་དང༌། དེ་ལྟར་སངས་རྒྱས་རྣམས་ལ་ཆུང་ངུ་ཡི། །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན། །མཁས་པ་སུ་ཞིག་བྱང་ཆུབ་སེམས་མི་བསྐྱེད། །ཅེས་བྱ་བ་ལ་སོགས་པ་ཕན་ཡོན་དང་བཅས་པ་དུ་མ་གསུངས་སོ། །དབུ་མ་པའི་སེམས་བསྐྱེད་གང་ཟག་སོ་སོར་ཐར་པའི་སྡོམ་པ་དང་མི་ལྡན་པ་རྣམས་ལ་ཡང་སྐྱེ་བར་དེ་ཉིད་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང༌། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ། །སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ན། །རི་དབང་རྒྱལ་པོ་ལྟར་བརྟན་པའི། །བྱང་ཆུབ་སེམས་དང་རྟག་ལྡན་འགྱུར། །ཞེས་སོ། །སྦྱོར་བ་ལ་ཡན་ལག་བདུན་པས་དཀོན་མཆོག་མཆོད་པ་ནི། མདོ་སྡེ་རྒྱན་ལས། རབ་དང་སེམས་དང་ལྡན་པ་ཡིས། །རྫོགས་པའི་བྱང་ཆུབ་བསྒྲུབ་དོན་དུ། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མངོན་པར་མཆོད། །ཅེས་འབྱུང་བས། དཀོན་མཆོག་མཆོད་པའི་དང་པོར་ཕྱག་ནི། སྤྱོད་འཇུག་ལས། དུས་གསུམ་གཤེགས་པའི་སངས་རྒྱས་དང༌། ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །ཞེས་སོ། །ཡིད་ཀྱིས་བསྟོད་པ་ཡང་བྱ་སྟེ། ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་སོ། །བདག་པོས་མ་བཟུང་བའི་མཆོད་པ་ནི། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དག་དང་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་བར། །ལྗོན་ཤིང་མེ་ཏོག་རྒྱས་སྤྲས་སྤུད་པ་དང༌། །ཤིན་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྒྲ་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེ་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་པ་དང༌། ལུས་ཀྱི་མཆོད་པ་ཡང༌། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་འདི་རྟག་ཏུ་འབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཞེས་སོ། །བློས་སྤྲུལ་པའི་མཆོད་པ་ཡང༌། གོས་དང་རྒྱན་དང་ཁྲུས་དང་ཕྲེང་བ་དང༌། གཞལ་ཡས་ཁང་དང་རིན་པོ་ཆེའི་གདུགས་དང་རོལ་མོ་ལ་སོགས་པས་མཆོད་པར་བསམ་མོ། །བླ་ན་མེད་པའི་མཆོད་པ་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཅེས་སོ། །འཇམ་དབྱངས་ལ་སོགས་པ་མཆོད་པའི་ཚུལ་ཡང༌། དཀོན་མཆོག་ཏ་ལ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་ནས། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཏེ། བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་པ་ལ་སོགས་པ་འབྱུང་བ་བཞིན་མཆོད་པར་བྱའོ། །དེ་ཡང་མདོ་སྡེ་རྒྱན་ལས། མཆོད་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །ཞེས་གསུངས་སོ། །སྐྱབས་སུ་འགྲོ་བ་ཡང༌། ཐུན་མོང་མ་ཡིན་པ་ནི་མཆོག་ཡིན་ཏེ། མདོ་སྡེ་རྒྱན་ལས། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་པ་ཟིལ་གནོན་པ། །དབྱེ་བའི་རང་བཞིན་དོན་དམ་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང༌། །དེ་ནི་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །ཞེས་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་རྣམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བསླབ་བཏུས་ལས། སྡིག་པ་བཤགས་པར་བྱ་བ་དང༌། །བསོད་ནམས་རྗེས་སུ་ཡི་རང་དང༌། །སངས་རྒྱས་བསྐུལ་ཞིང་གསོལ་བ་ཡང༌། །གཞན་དང་བདག་གི་སྤྱི་མཐུན་ཡིན། །ཡོངས་སུ་བསྔོ་བའང་དེ་བཞིན་ཏེ། །བྱེ་བྲག་མེད་པར་རབ་ཏུ་འཇུག །དེ་ལྟར་སེམས་ཅན་ཁམས་བཞིན་དུ། །བསོད་ནམས་དཔག་མེད་རབ་ཏུ་སྐྱེ། །ཞེས་སོ། །རྗེས་སུ་ཡི་རང་བ་ནི། བསོད་ནམས་རྒྱ་ཆེར་སྤེལ་བ་ཡིན་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །སྦྱོར་བ་ཡན་ལག་བདུན་པ་བྱེད་པར་ཡང༌། སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་མདོ་ལས། སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པའི་ཁུར་ཁྱེར་བར་སྤྲོ་བ་དེས་ནི་ཕྱག་བྱ་བ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་སྟེ། དེའི་ཚིག་རྗེས་སུ་བརྗོད་དོ། །ཞེས་སོ། །སེམས་བསྐྱེད་པ་དངོས་གཞིའི་དུས་སུ། བསམ་པ་སྦྱང་བ་ཡང༌། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་བསགས་པ་རྣམས། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་གཏང་བར་ཆབ་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་དགར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དམ་སྨོད་པའམ། །བརྡེག་བཙོག་ཅི་དགར་བྱེད་ལ་རག །བདག་ལ་དམིགས་ནས་ནམ་དུ་ཡང༌། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི །དོན་ཀུན་བསྒྲུབ་པའི་རྒྱུར་གྱུར་ཅིག །གཞན་དག་བདག་ལ་ཁ་ཟེར་རམ། །གང་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིག་སྔགས་གྲུབ་པའི་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་ཀུན་གྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའ་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་བསྟན་ཏེ། དེའི་དོན་ཅི་རིག་པར་བཤད་དོ། །དངོས་གཞིའི་ཆོ་ག་ནི། འཇམ་དཔལ་གྱི་ཞིང་གི་བཀོད་པ་ལས། འཁོར་བ་ཐོག་མ་མེད་པ་ཡི། །སྔོན་གྱི་མཐའ་མ་ཇི་སྲིད་བར། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བྱ། །འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་བ་ཐམས་ཅད་མགྲོན་གཉེར་ཏེ། །དབུལ་ཞིང་ཕོངས་ལས་གྲོལ་བར་བྱ། །ཞེས་སོ། །སྨོན་འཇུག་དུས་གཅིག་ཁས་ལེན་པ་ཡང༌། སྤྱོད་འཇུག་ལས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་བསླབ་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་བཞིན་དུ་ནི་བསླབ་པར་བགྱི། །ཞེས་སོ། །དངོས་གཞིའི་ཆོ་ག་འདི་སློབ་དཔོན་ཀླུ་སྒྲུབ་གྱིས། ཚིག་ལྷུག་པར་གསུངས་པ་དེ་དང་མཐུན་པར་ཕྱག་ལེན་མཛད་དོ། །མཇུག་གི་ཕན་ཡོན་གྱིས་གཟེངས་བསྟོད་པའང༌། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བསྐྱེད་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །ཞེས་སོ། །ཕན་ཡོན་མདོར་བསྡུས་པ་ནི། དམན་པ་མཆོག་ཏུ་བསྒྱུར་བ། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌། །ཞེས་སོ། །རྙེད་དཀའ་ཞིང་ཕན་ཡོན་ཆེ་བ་ནི། འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་རབ་ཏུ་བརྟགས་ན་རིན་ཆེ་བ། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་གཟུང༌། །ཞེས་སོ། །འབྲས་བུ་ཟད་མི་ཤེས་པ་ལ་ལོངས་སྤྱོད་པ་ནི། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །ངེས་པའི་སྡིག་པ་ཟིལ་གྱིས་གནོན་པ་ནི། སྡིག་པ་སྟོབས་ཆེན་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ན་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་སོ། །མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པ་ནི། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །ཕན་ཡོན་དེ་དག་ལུང་དང་སྦྱར་ཞིང་དཔེས་བསྔགས་པ་ནི། དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག །བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད། །ཅེས་པའོ། །བྱམས་པས་ཇི་ལྟ་བཤད་པའི་ཚུལ་ཅུང་ཟད་ཆོ་གའི་ཡི་གེ་ལས་གསལ་ལོ། །བྱམས་པའི་རྣམ་ཐར་ལས་ཀྱང༌། མར་མེ་གཅིག་ཁང་པར་བཅུག་པ་ན། ལོ་སྟོང་དུ་བསགས་པའི་མུན་པ་ཐམས་ཅད་སེལ་ཞིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་མར་མེ་གཅིག་གིས་ཀྱང་སེམས་ཅན་གྱི་ཁམས་ཀྱི་བསམ་པའི་ཐིབས་པོ་དང༌། མ་རིག་པའི་མུན་པར་ཞུགས་པ་ན་བསྐལ་བ་བརྗོད་དུ་མེད་པར་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པའི་མུན་པ་ཐམས་ཅད་རྣམ་པར་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་དོ། །ཞེས་སོ། །ཡང་དཔེར་ན་གང་ཞིག་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་དུ་འཛིན་པའི་ཀླུའི་རྒྱལ་པོ་རྣམས་ལ་གནོད་པ་ཐམས་ཅད་ཀྱི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངན་སོང་དང་ངན་འགྲོས་གནོད་པར་བྱ་བའི་འཇིགས་པ་མེད་དོ། །ཞེས་སོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དེ་འཕགས་པ་ལ་མ་ཡིན་ནམ་སྙམ་ན། སོ་སོའི་སྐྱེ་བོ་ལ་ཡང་སྐྱེ་བ་ཡིན་ཏེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཇིག་ཚོགས་ཀྱི་ལྟ་བ་རི་རབ་དང་མཉམ་པ་དྲལ་ནས། བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །ཞེས་སོ། །དཀོན་མཆོག་ཟ་མ་ཏོག་ལས་ཀྱང༌། ཀ་ལ་པིངྐའི་ཕྲུ་གུ་སྒོ་ངའི་སྦུབས་ཀྱི་ནང་ན་འདུག་པ་སྒོ་ང་མ་བརྟོལ་ཞིང་སྦུབས་ནས་མ་ཕྱུང་ཀྱང་ཀ་ལ་པིངྐའི་སྒྲ་ཉིད་དུ་འབྱིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་ཀྱི་ནང་ན་འདུག་པ་བདག་ཏུ་ལྟ་བ་མ་བརྟོལ་ཞིང་ཁམས་གསུམ་ལས་མ་ཕྱུང་ཡང་སངས་རྒྱས་ཀྱི་སྒྲ་སྟོང་པ་ཉིད་ལ་སོགས་པ་འབྱིན་ཏོ་ཞེས་སོ། སྐྱེ་དཀའ་བ་ལ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། བསླབ་བཏུས་ལས། དཔའ་བར་འགྲོ་བའི་མདོ་དྲངས་ཏེ། གཡོ་བྱས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སངས་རྒྱས་ཀྱི་རྒྱུར་གསུངས་ན་དགེ་བ་སྣ་འགའ་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་ཅི་སྨོས། ཞེས་སོ། །དེས་ན་སེམས་བསྐྱེད་པ་རིན་པོ་ཆེ་བདག་ལ་སྐྱེས་པ་ཡང་རྙེད་པར་དཀའ་བ་ཐོབ་པ་སྟེ། སྤྱོད་འཇུག་ལས། ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམ་ཞིང་དུབ་པ་ཡི། །འགྲོ་བའི་ངལ་སོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །འགྲོ་བའི་འགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང༌། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལས། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཤིང༌། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་གསུངས་སོ། །སེམས་བསྐྱེད་པ་ཡང་དང་ཡང་དུ་བླངས་ན་ཡང་བསོད་ནམས་འཕེལ་བ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅིག་གིས་ཀྱང༌། དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་པ་ལ་སོགས་པར་འགྱུར་ན། གང་དེ་ལྟར་མང་དུ་བྱེད་པ་ལྟ་ཅི་སྨོས། །ཞེས་སོ། སེམས་བསྐྱེད་པའི་བསླབ་བྱ་ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་དོན་བསླབ་བཏུས་ལས། རྒྱལ་པོ་ལ་འབྱུང་བ་ལྔ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །དུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །སྲོག་དང་བྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་སྟེ། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སློང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །ནོར་བརྐུས་སྦྱིན་པ་ལེན་བྱེད་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་རྒྱུན་བཤགས་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟད་པར། །ཁྲོས་པས་སེམས་ཅན་བརྡེག་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པས་བརྗོད་པའོ། །ཞེས་སོ། །ནག་པོའི་ཆོས་བཞི་དང་དཀར་པོའི་ཆོས་བཞི་ནི། །དཀོན་མཆོག་བརྩེགས་པ་ལས། ནག་པོའི་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་ཏེ། དེ་གང་ཞེ་ན་བླ་མ་དང་མཆོད་པར་འོས་པ་བསླུ་བ་དང༌། གཞན་འགྱོད་པ་མེད་པ་ལ་འགྱོད་པ་སྐྱེད་པ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་རྣམས་ལ་མི་བསྔགས་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་འབྱིན་པ་དང༌། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱིས་ལྷག་པའི་བསམ་པ་མ་ཡིན་པའོ། །ཞེས་སོ། །ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཞིང་བརྗེད་པར་མི་འགྱུར་ཏེ། ཤེས་བཞིན་དུ་བརྫུན་མི་སྨྲ་བ་དང༌། གཡོ་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཉི་ཚེ་བའི་ཐེག་པར་མི་འདོད་པར་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའོ། །ཞེས་སོ། །སེམས་བསྐྱེད་པའི་བསླབ་པ་མདོར་བསྡུས་པ་ནི། རྒྱལ་པོ་ལ་གདམས་པ་ལས་ཀྱང༌། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱེད་ནི་བྱ་བ་མང་བྱེད་པ་མང་སྟེ། ཉིན་མཚན་དུ་སྦྱིན་པ་ནས། ཤེས་རབ་ཀྱི་བར་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དད་པ་དང་དོན་དུ་གཉེར་བ་དང༌། སྨོན་པ་རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་བཟུང་སྟེ་སྒོམས་ཤིག གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག རྗེས་སུ་ཡི་རངས་ནས་ཀྱང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ཕུལ་ཅིག ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སྔོས་ཤིག རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་བྱེད་ན། རྒྱལ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ལ། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོ། །འདི་ནི་བསླབ་བྱའི་རྩ་བ་ཡིན་པས་ནམ་ཡང་སྤང་བར་མི་བྱའོ། །སྨོན་པའི་སེམས་མ་བཏང་ན་ཉེས་པ་འགའ་ཞིག་བྱུང་ཡང་བྱང་ཆུབ་སེམས་དཔའ་ཡིན་ཏེ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཡང་རྣམ་པར་ཟློག་གོ །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །ཞེས་སོ། །ཉམས་པ་ཕྱིར་བཅོས་ལ་ལྟུང་བཤགས་དང་ཡི་གེ་བརྒྱ་པ་ལ་སོགས་པས་སྡིག་པ་སྦྱོང་བ་ཉིད་བྱ་སྟེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དང༌། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་སོ། །སེམས་བསྐྱེད་པ་ཡང་དང་ཡང་དུ་ལེན་དུ་འཇུག་པ་ལ་ཡང་བྱང་ཆུབ་ཀྱི་སེམས་མི་འདོར་བའི་རྒྱུ་ཡིན་ཏེ། སེང་གེས་ཞུས་པའི་མདོ་ལས། གྲོང་དང་གྲོང་ཁྱེར་རྣམས་སུ་ཡང༌། །གང་དུ་གནས་པའི་ཡུལ་རྣམས་སུ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ནི་སེམས་འདོར་མི་འགྱུར་རོ། །ཞེས་པ་དང༌། ཡང་དེ་ཉིད་ལས། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུས་པ་འཐོབ། །དེས་ནི་དག་པ་འཐོབ་པར་འགྱུར། །ཞེས་སོ། །ཆོས་འདོད་པའི་དོན་གྱི་ཕྱིར་ཡུལ་རྣམས་སུ་འགྲོ་ཞིང་ཡང་བསྟན་པར་བྱ་སྟེ། ནམ་མཁའ་མཛོད་ཀྱི་མདོ་ལས། ཞི་བ་དང་ནི་དུལ་བ་དང༌། །གྲོལ་བས་གྲོང་དུ་ཞུགས་ནས་ཀྱང༌། །སེམས་ཅན་གང་དག་ཆོས་ཚོལ་བ། །དེ་དག་ལ་བདག་ཆོས་སྟོན་ཏོ། །ཆོས་འདོད་པ་ནི་རྟོགས་ནས་སུ། །ཤིན་ཏུ་རིང་དུའང་མཆི་བར་བགྱི། །ཆོས་ལ་དགའ་ཞིང་མོས་རྙེད་ནས། །ལུས་ཅན་རྣམས་ཀྱི་དོན་ཡང་བགྱི། །ཞེས་སོ། །དམ་པའི་ཆོས་འཛིན་པ་ནི་མཆོག་ཡིན་ཏེ། དཔལ་ཕྲེང་སེང་གེ་སྒྲས་ཞུས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྨོན་ལམ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་སྨོན་ལམ་ཆེན་པོ་གཅིག་གི་ནང་ན་འདུ་སྟེ། འདི་ལྟ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པར་རོ། །ཞེས་སོ། །བློ་གྲོས་རྒྱ་མཚོས་ཞུས་པ་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར། །ལྷ་དང་ཀླུ་དང་མིའམ་ཅི་རྣམས་དང༌། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་གཟུང༌། །ཞེས་གསུངས་པས་ཆོས་འཛིན་པ་ལ་བརྩོན་པར་བྱའོ། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལུང་དང་སྦྱར་བའོ། །རྒྱལ་བའི་དགོངས་པ་ཇི་བཞིན་དུ། །འཇམ་པའི་དབྱངས་ཀྱི་རྗེས་སློབ་པ། །འཕགས་པ་ཀླུ་སྒྲུབ་ཞི་བ་ལྷ། །ཛེ་ཏཱ་རི་ཡི་ཆོ་ག་བཞིན། །ཐེག་པ་ཆེན་པོ་དབུ་མ་ཡི། །སེམས་བསྐྱེད་ཆོ་ག་རབ་གསལ་བར། །དཔལ་ལྡན་ས་སྐྱ་པཎྜི་ཏས། །འགྲོ་ལ་བརྩེ་བའི་བསམ་པས་བཀོད། །ཚུལ་འདི་ཀུན་མཁྱེན་ལུང་གིས་གྲུབ། །འཇིག་རྟེན་མཁས་པ་རྣམས་ཀྱང་བཞེད། །རིགས་པས་བརྟགས་ན་སྐྱོན་མེད་པ། །ལམ་འདིས་སེམས་ཅན་ཀུན་གྲོལ་ཤོག །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལུང་དང་སྦྱར་བ་རྫོགས་སོ། །བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*