བདེ་མཆོག་བརྒྱུད་པའི་གསོལ་འདེབས།

༼ན༽

༄༅། །བདེ་མཆོག་བརྒྱུད་པའི་གསོལ་འདེབས་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་སྐྱེ་དང་འཇིག་པ་དག །རིང་དུ་ཡོངས་སུ་སྤངས་གྱུར་པ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་གྱི་དོན་འཛིན་ཅིང༌། །སེམས་ཅན་ཀུན་ལ་ཕན་བརྩོན་པའི། །ཀུན་མཆོག་རྡོ་རྗེ་འཛིན་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྫོགས་སངས་རྒྱས་ལས་མངོན་སུམ་དུ། །ཁྱོད་ཀྱིས་ཆོས་རྣམས་ཐུགས་ཆུད་དེ། །མདའ་འཛིན་སྤྱོད་པ་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཐུབ་པས་ཐུབ་པར་ལུང་བསྟན་ཅིང༌། །ཆོས་རྣམས་དོན་སྟོན་ཀླུ་སྒྲུབ་མཆོག །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཉིད་ཀྱིས་དེ་ཉིད་མཆོག་ཐོབ་ནས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །རྔོན་པའི་ཆ་ལུགས་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡི་གེའི་སྦྱོར་བ་སྤངས་ནས་སུ། །བརྩོན་པས་ཉ་རྒྱུ་གསོལ་མཛད་དེ། །བརྩེ་བས་གཞན་དོན་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྒྱལ་པོའི་བྱ་བ་རབ་སྤངས་ནས། །སྦྲུལ་འཚོང་རྗེས་སུ་སྒྲུབ་མཛད་དེ། །ཀཱཉྩིའི་གྲོང་དུ་གྲུབ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོས་རྗེས་གནང་ཞིང༌། །གཞན་དོན་སྤྱོད་པས་དོན་གསུམ་མཛད། །རྡོ་རྗེ་དྲིལ་བུ་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དམ་པའི་དེ་ཉིད་དོན་རྟོགས་ཏེ། །བརྩེ་བས་རུས་སྦལ་ཞབས་ལྡན་པ། །སེམས་ཅན་སྨིན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཁྱོད་ནི་བརྩོན་པས་གྲུབ་བརྙེས་པས། །འབར་བས་འབར་བའི་སྤྱོད་པ་འཛིན། །ཀུན་ལ་ཕན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ནུས་པ་ལ་ནི་མངའ་བརྙེས་ཤིང༌། །སྤྱོད་པ་ཀུན་གྱི་རྨད་བྱུང་བས། །འཇིག་རྟེན་འདྲེན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་གུ་ཧྱ་པ། །བརྩེ་བས་ལོག་འདྲེན་རྣལ་འབྱོར་མ། །འདུལ་ནས་འགྲོ་བ་སྐྱོང་བ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མི་མཐུན་ཕྱོགས་རྣམས་རབ་སྤངས་ཏེ། །དཀར་པོ་རྣམ་པར་འཕེལ་མཛད་པ། །རྣམ་པར་རྒྱལ་བའི་ཞབས་པད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གྲུབ་ནས་གྲུབ་པའི་ལམ་སྟོན་ཅིང༌། །གྲོལ་ནས་རྣམ་པར་ཕན་མཛད་པ། །བར་མའི་སློབ་དཔོན་དམ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཏིལ་བརྡུངས་པས་ནི་རབ་གྲུབ་པ། །སྐལ་ལྡན་གཞན་ལ་བརྩེ་བ་ཅན། །མུ་སྟེགས་རྣམ་པར་སུན་འབྱིན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བྲམ་ཟེ་ལས་ནི་རབ་བྱུང་ཞིང༌། །གནས་ལྔ་ལ་ནི་རབ་སྦྱངས་བ། །དཀའ་བས་དམ་པ་བསྟེན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཤེས་བྱ་ལ་ནི་རབ་མཁས་ཤིང༌། །ནུས་པ་ཀུན་ལ་ཐོགས་མེད་པ། །ཕ་ན་ཕིང་གུར་གྲགས་པ་ལ། རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བའི་མཆོག་གྱུར་ཅིང༌། །ཤེས་རབ་ལྡན་པས་ཕན་མཛད་པ། །བརྩེགས་པའི་མཐའ་དང་ལྡན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བརྩོན་པས་དཀའ་བ་ཆེར་མཛད་དེ། །རྒྱུད་ཀུན་འཛིན་མཛད་སྐད་གཉིས་སྨྲ། །རྗེ་བཙུན་བློ་གྲོས་གྲགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །ཁྱོད་ལ་བྱིན་གྱིས་བརླབས་པ་ཡིས། །ཤེས་བྱ་ཀུན་ལ་ཐོགས་མེད་ལྡན། །རྒྱུད་ཀུན་གྱི་ནི་བདག་པོར་འགྱུར། །ཀུན་དགའ་སྙིང་པོར་གྲགས་པ་ཡི། །དཔལ་ལྡན་ས་སྐྱར་བཞུགས་གྱུར་ཅིང༌། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གང་གི་སྲས་ཀྱི་ཐུ་བོ་པ། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །གནས་ལྔ་ལ་ནི་རབ་མཁས་ཤིང༌། །བསོད་ནམས་ཡེ་ཤེས་རྩེར་གྱུར་པ། །ཉིད་ཀྱིས་གཞན་དོན་རྫོགས་མཛད་ནས། །འཇིག་རྟེན་རྣམས་ནི་གཞུག་པའི་ཕྱིར། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཁྱོད་ཀྱི་ཐུགས་ནི་འཇམ་དབྱངས་ལྟར། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང༌། །འཇིག་རྟེན་ཀུན་ལ་རྩ་ལག་ལྟར། །དགོངས་པ་ཁྱོད་ཀྱི་གྲགས་པ་ཡིས། །རྒྱལ་མཚན་དྲི་མ་མེད་པ་ཐོབ། །ངོ་མཚར་དུ་མའི་སྤྱོད་པ་འཛིན། །ཀུན་ནས་ཡོན་ཏན་ལྡན་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བརྩེ་བས་སེམས་ཅན་ཐམས་ཅད་ལ། །དཔལ་འབྱོར་ཆེན་པོའི་འོད་ཟེར་གྱིས། །རྟག་ཏུ་སྐྱོང་བར་མཛད་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བདུད་དང་མུ་སྟེགས་འཆི་བདག་སོགས། །རྒོལ་བ་ཀུན་གྱི་ང་རྒྱལ་འཇོམས། །ལྷ་དང་དགེ་སྦྱོང་བྲམ་ཟེ་སོགས། །བསྟན་པ་དག་ལ་ཀུན་དགའ་མཛད། །མཚུངས་པ་མེད་པའི་རྒྱལ་མཚན་ཅན། །རྨད་དུ་བྱུང་བའི་དཔལ་མངའ་བ། །བཟང་པོ་ཁྱོད་ཀྱི་ཞབས་རྡུལ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དེ་ལྟར་བདག་ནི་དད་པ་ཡིས། །བླ་མ་རྣམས་དང་ཕྱོགས་བཅུ་ཡི། །སངས་རྒྱས་སྲས་དང་བཅས་རྣམས་ལ། །ཡང་དང་ཡང་དུ་གསོལ་བ་འདེབས། །བདག་ནི་སེམས་ཅན་ཀུན་དོན་ཕྱིར། །ཁྱོད་ལ་རྟག་ཏུ་འབུལ་ལགས་ན། །བརྩེ་བས་སེམས་ཅན་དོན་གྱི་ཕྱིར། །ཁྱེད་ཀྱིས་རྗེས་སུ་གཟུང་དུ་གསོལ། །བདག་ནི་མི་ཤེས་གཏི་མུག་པས། །ཁ་ན་མ་ཐོ་གང་བགྱིས་པ། །དེ་ཀུན་བླ་མ་རྣམས་ལ་བདག །སླན་ཆད་བསྡམ་པའི་བསམ་པས་བཤགས། །ནང་པར་སྔར་ལངས་སེམས་དྭང་བས། །རྩ་བ་དང་ནི་བརྒྱུད་པ་ཡི། །བླ་མ་རྣམས་ལ་གསོལ་འདེབས་པ། །དེ་ཡི་སྡིག་པ་རིང་དུ་སྤོང༌། །འཁོར་ལོ་བདེ་མཆོག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་མདོ་ཁམས་ཀྱི་སའི་ཆ་འབྲི་ཀླུང་གི་ཡུལ་ནས་དོན་དུ་གཉེར་བའི་སྐྱེ་བོ་དག་གིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*