༼ན༽
༄༅། །སྐྱེ་བོ་དམ་པ་རྣམས་ལ་སྤྲིང་བའི་ཡི་གེ་བཞུགས་སོ།།
༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བརྩེ་བས་ལེགས་པའི་ལམ་ལ་སྦྱོར། །མཁས་པའི་ཕྱིར་ན་བདེན་པ་སྟོན། །མུ་སྟེགས་གཞན་གྱིས་མི་བསྒུལ་བའི། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་བཞུགས་པའི་བླ་མ་དམ་པ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་སུམ་གྱི་སྤྱན་དང་ལྡན་པ་རྣམས་བདག་གི་དཔང་དུ་གྱུར་པ་ལགས། གཞན་ཡང་དེང་སང་གི་དགེ་བའི་བཤེས་གཉེན་ཆོས་སྨྲ་བ་རྣམས་དང༌། སངས་རྒྱས་ཀྱི་བསྟན་པ་ལ་ལྷག་པའི་བསམ་པ་དག་པས་མོས་པའི་སྐྱེས་བུ་དམ་པ་རྣམས་ལ་དོན་འདི་ཞུ་བ། བདག་གིས་རྒྱ་གར་དང་བོད་ལ་ཡོངས་སུ་གྲགས་པའི་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་ལུང་དང་རིགས་པ་དང༌། གདམས་གང་དང༌། རྗེས་སུ་གདམས་པ་ཕལ་མོ་ཆེ་ཐོས་ཤིང་འདྲིས་པར་བགྱིས། དེ་ལ་བདག་གིས་བསྟན་པ་ལ་འཇུག་པའི་རིམ་པ་འདི་ལྟར་གོ་བས། འཐད་མི་འཐད་ལེགས་པར་དཔྱད་པར་ཞུ། ཐོག་མར་སྐྱབས་འགྲོ་མ་བྱས་ན། སངས་རྒྱས་པའི་ཁོངས་སུ་མི་ཆུད། སེམས་བསྐྱེད་མ་བྱས་ན། ཐེག་པ་ཆེན་པོའི་ཁོངས་སུ་མི་ཆུད། དབང་བསྐུར་མ་བྱས་ན་གསང་སྔགས་པའི་ཁོངས་སུ་མི་ཆུད་པར་གོ འཇམ་དཔལ་རྩ་བའི་རྒྱུད་ལས། གང་དག་དགེ་སློང་གི་སྡོམ་པ་མ་ཐོབ་པ་དེ་དག་ལ་དགེ་སློང་གི་མིང་མི་གནས། བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་མིང་མི་གནས། གང་དག་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་མ་བྱས་པ་དེ་དག་ལ་གསང་སྔགས་པའི་མིང་མི་གནས། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེས་ན་ཆོས་ཀྱི་གཞི་སྐྱབས་འགྲོ་ཡིན། དེ་ཡང་ཐུན་མོང་གི་སྐྱབས་འགྲོ་ལ་བརྟེན་ནས་སོ་སོར་ཐར་པའི་སྡོམ་པ་སྐྱེ། དེ་ལམ་གྱི་བདེན་པས་སྦྱངས་ན་སྲིད་པ་གསུམ་ན་དགྲ་བཅོམ་པར་འགྱུར། རང་སངས་རྒྱས་ཀྱང་གཞི་དེ་ལ་བརྟེན་ནས་སྐྱབས་འགྲོ་དང་ཐབས་ཀྱི་ཆ་ཅུང་ཟད་ཡོད་དོ། །ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ། སྡོམ་པ་འདི་སེམས་བསྐྱེད་ཀྱི་སྐབས་སུ་ཐོབ། དེ་ལམ་ཕ་རོལ་ཕྱིན་པ་དྲུག་གིས་སྦྱངས་ནས་བསྐལ་པ་གྲངས་མེད་གསུམ་ན་འཚང་རྒྱ། འདི་ཡང་བྱང་ཆུབ་སེམས་དཔའ་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་མང་དུ་མཐོང༌། བླ་ན་མེད་པའི་སྐྱབས་འགྲོ་དང་སེམས་བསྐྱེད་ལ་བརྟེན་ནས། རིག་པ་འཛིན་པ་གསང་སྔགས་ཀྱི་སྡོམ་པ་སྐྱེ། དེ་དབང་བསྐུར་གྱི་དུས་སུ་ཐོབ་ཀྱི། གཞན་དུ་ཐོབ་པར་གསུངས་པ་མ་མཐོང༌། དབང་བསྐུར་གྱི་སྡོམ་པ་ལམ་རིམ་པ་གཉིས་ཀྱིས་སྦྱངས་ན་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོགས་ཏེ། རབ་ཚེ་འདི་ལ་འཚང་རྒྱ། འབྲིང་འཆི་ཀའམ་བར་དོར། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ན་འཚང་རྒྱ་བར་གསུངས། དེས་ན། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་བྱ་བ་དང༌། དཔལ་གསང་བ་འདུས་པ་ལས། དབང་བསྐུར་ཐོབ་པའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བྱ། ཞེས་བྱ་བའི་ལན་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པ་དང༌། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་མཆོད་པ་བསོད་ནམས་མཉམ་པར་གསུངས། ཐུན་མོང་མ་ཡིན་པའི་གསང་བ་ལས་ཀྱང༌། གང་ལ་དབང་རབ་མཆོག་ཐོབ་པ། །དེ་ནི་བླ་མར་ཡོངས་སུ་གཟུང༌། །ཞེས་བྱ་བ་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་ལུང་དང་རིགས་པ་རྣམས་ཡི་གེ་མངས་ཀྱིས་འཇིགས་ནས་འདིར་མ་བྲིས་སོ། །དེས་ན་སྡོམ་པ་གསུམ་གྱི་བབས་འདི་ལྟར་འཐད་མི་འཐད་ངས་བཤད་པ་དང༌། མདོ་རྒྱུད་ནས་གསུངས་པ་མཐུན་མི་མཐུན་ལེགས་པར་དཔྱད་པར་ཞུ། བྱེ་བྲག་ཏུ་སོ་སོར་ཐར་པ་ལ་ཡང་ཉན་ཐོས་དང་ཐེག་ཆེན་གཉིས། ཉན་ཐོས་ལ་རྩ་བའི་སྡེ་བཞི། སཾ་སྐྲྀ་ཏ་དང༌། པྲ་ཀྲྀ་ཏ་དང༌། ཨ་བ་བྷྲཾ་ཤ་དང༌། པི་ཤཱ་ཙི་ཀ་ཞེས་བྱ་བ་སྐད་རིགས་བཞི་གསུངས། དེ་ལས་གྱེས་པའི་སྡེ་པ་བཅོ་བརྒྱད་སྣང༌། དེ་དག་ལ་གནང་བཀག་མི་འདྲ་བ་དུ་མ་མཐོང༌། དེ་དག་གིས་དང་པོར་ལེན་ཚུལ་དང༌། བར་དུ་བསྲུང་ཚུལ་དང༌། གནང་བཀག་གི་དབྱེ་བ་དང༌། ཐ་མར་གཏོང་ཚུལ་དང༌། ཕྱིར་བཅོས་པའི་ཐབས་རྣམས་སོ་སོའི་གཞུང་དང་མཐུན་པར་བྱ་དགོས་ཀྱི། ཕན་ཚུན་བསྲེར་མི་རུང་ཞེས་བདག་གིས་བཤད། བོད་དུ་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་མིན་པ་མ་བསྒྱུར། ལུགས་འདི་འཐད་མི་འཐད། སྡེ་པ་ཐ་དད་ཀློག་པའི་འཁོར་ལོ་དང༌། འདུལ་བ་འོད་ལྡན་དང༌། སྤྱོད་འཇུག་གི་ཤེས་རབ་ལེའུ་དང༌། རྣམ་བཤད་རིགས་པ་དང༌། རྟོག་གེ་འབར་བ་ལ་སོགས་པ་ནས་གསུངས་པ་དང༌། ངས་བཤད་པ་དང་མཐུན་མི་མཐུན་དཔྱད་པར་ཞུ། ཐེག་པ་ཆེན་པོའི་སེམས་བསྐྱེད་ལ། དོན་དམ་སེམས་བསྐྱེད་བསྒོམས་པ་ལས་སྐྱེ་བར་གསུངས་ཀྱི། ཆོ་ག་ལས་སྐྱེ་བར་གསུངས་པ་བདག་གིས་མ་མཐོང༌། ཀུན་རྫོབ་སེམས་བསྐྱེད་ཆོ་ག་ལས་སྐྱེ་བར་གསུངས། དེ་ལའང་ཉན་ཐོས་ཀྱི་ལུགས་ཏེ། ཐེག་པ་ཆེན་པོ་བ་མི་འདོད། ཐེག་པ་ཆེན་པོ་བ་ལའང་སེམས་ཙམ་པ་དང༌། དབུ་མ་པའི་ལུགས་གཉིས་སྣང༌། སེམས་ཙམ་པའི་ལུགས་དེ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་བཞེད་པ། སྡོམ་པ་ཉི་ཤུ་པའི་ལུགས། ད་ལྟ་བཀའ་གདམས་པས་མཛད་པ་དེ་ཡིན། དེ་ལ་སོ་སོར་ཐར་པ་རིགས་བདུན་གང་རུང་རྟེན་དུ་དགོས་ལ་སྡེ་སྣོད་ཀྱི་མ་མོ་རྣམས་ཤེས་དགོས། དེ་དང་མི་ལྡན་པ་ལ་སེམས་བསྐྱེད་བྱ་བར་མ་གསུངས། དབུ་མ་པའི་སེམས་བསྐྱེད་འདི། འཕགས་པ་ཀླུ་སྒྲུབ་གྱི་ལུགས་དང༌། སྤྱོད་འཇུག་ནས་འབྱུང་བ་ཆོས་རྗེས་སྐྱ་པ་ཡབ་སྲས་ཀྱིས་མཛད་པའི་ལུགས་དེ་ལགས། དབུ་མ་པའི་ལུགས་ལ་སོ་སོར་ཐར་པ་རིགས་བདུན་རྟེན་དུ་མི་དགོས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་མི་ཤེས་ཀྱང་སེམས་བསྐྱེད་སྐྱེ། འདི་དག་གི་ཆོ་ག་དང༌། བསླབ་བྱའི་ཁྱད་པར་རྣམས་བྱང་ཆུབ་སེམས་དཔའི་ས་དང༌། སྡོམ་པ་ཉི་ཤུ་པ་དང༌། བསླབ་བཏུས་དང༌། སྤྱོད་འཇུག་ཏུ་གསལ། ངེད་ཟེར་བ་དང༌། གཞུང་དུ་མ་ནས་བཤད་པ་མཐུན་མི་མཐུན་དཔྱད་པར་ཞུ། གསང་སྔགས་ཀྱི་དབང་བསྐུར་ལ། རྒྱུད་སྡེ་བཞི་ལ་དབང་བསྐུར་ཀྱི་བབས་མི་འདྲ་བ་བཞི་སྣང༌། ནང་གསེས་ཀྱི་དབྱེ་བ། དགྱེས་རྡོར་བདེ་མཆོག་ལ་སོགས་ཐ་དད་པ་ཅུང་ཟད་མཐོང༌། སྤྱིར་སློབ་མའི་ལུས་ངག་ཡིད་གསུམ་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གཅིག་ཏུ་བསྲེས་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་འབྲལ་བའི་རྟེན་འབྲེལ་བསྒྲིག་ཤེས་ན། དབང་བསྐུར་ཕྱིན་ཅི་མ་ལོག་པ་ཐོབ་པར་འགྱུར། དེ་ལྟ་བུའི་ཆོ་ག་མི་ཤེས་པའི་བྱིན་རླབས་དང༌། ཆོས་སྒོ་དང༌། གཏོར་དབང་ལ་སོགས་པ་སྨིན་བྱེད་ཀྱི་དབང་བསྐུར་དུ་བཤད་པ་རྒྱུད་སྡེ་གང་དུ་ཡང་མ་མཐོང༌། བོད་ཀྱིས་བྱས་པའི་རྒྱུད་ལ་ཡིད་བརྟན་མེད། ངེད་ཟེར་བ་དང་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་གཉིས་མཐུན་མི་མཐུན་དཔྱད་པར་ཞུ། རྒྱ་ནག་མཁན་པོ་ན་རེ། འཁོར་བར་སྐྱེ་བའི་རྒྱུ་རང་ངོ་རང་གིས་མ་ཤེས་པས་ལན། རང་ངོ་རང་གིས་ཤེས་ན་འཚང་རྒྱ། དེའི་ཕྱིར་སེམས་ངོ་འཕྲོད་ན་དཀར་པོ་ཆིག་ཐུབ་ཡིན། འདི་ཡི་གཞུང་འཛུགས་པ་ལ་སེམས་ངོ་འཕྲོད་པ་ན་ཉལ་བས་ཆོག་ཟེར་ནས། བསམ་གཏན་ཉལ་བའི་འཁོར་ལོ། དེའི་གནད་སྟོན་པ་བསམ་གཏན་གྱི་ལོན། དེའི་གགས་སེལ་བ་ལ་བསམ་གཏན་གྱི་ཡང་ལོན། དེའི་གདམས་ངག་རིགས་པས་སྒྲུབ་པ་ལ་ལྟ་བའི་རྒྱབ་ཤ དེ་ལུང་གིས་སྒྲུབ་པ་ལ་མདོ་སྡེ་བརྒྱད་ཅུ་ཁུངས་ཞེས་བྱ་བ་བསྟན་བཅོས་ལྔ་བྱས། དེའི་ལུགས་ཀྱིས་ཆོས་ལ་ཡང་ཡས་འབབ་དང་མས་འཛེག་ཅེས་བྱ་བ། ཅིག་ཅར་པ་དང༌། རིམ་གྱིས་པའི་ལུགས་གཉིས་ཡོད་པ་ལས། ངེད་ཀྱི་འདི་ཁྱུང་ནམ་མཁའ་ལས་བབ་པ་དང་འདྲ། ཅིག་ཅར་བ་ཡིན་ཟེར་རོ། །དེ་དག་སློབ་དཔོན་ཀ་མ་ལ་ཤཱི་ལས་སུན་ཕྱུང་ནས། དབུ་མ་བསྒོམ་རིམ་གསུམ་དང༌། དབུ་མ་སྣང་བ་ལ་སོགས་པ་བསྟན་བཅོས་ཆེན་པོ་མཛད་དོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཁོའི་ཆོས་ལུགས་རྣམས་གཏེར་དུ་སྦས་ནས། ད་སླན་ཆད་བོད་ཀྱི་རྒྱལ་ཁམས་སུ་དཀར་པོ་ཆིག་ཐུབ་སུ་བྱེད་ལ་ཆད་པ་ཡོད་དོ་ཞེས་ཁྲིམས་བཅས། འདི་དག་གི་ལོ་རྒྱུས་རྣམས། རྒྱལ་བཞེད། དཔའ་བཞེད། འབངས་བཞེད་རྣམས་མཐུན་པར་སྣང༌། བདག་གིས་ཀྱང༌། སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་སུ་འབྲངས་ནས་བཤད། མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པའང་འདི་ཡིན་པར་མཐོང༌། དཀར་པོ་ཆིག་ཐུབ་ལ་ཤེས་བྱ་ཐམས་ཅད་མཁྱེན་པ་མི་སྲིད། གསང་སྔགས་སམ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཐབས་སྣ་ཚོགས་ལ་མཁས་པའི་སྟོང་པ་ཉིད་གོ་བས་ཐམས་ཅད་མཁྱེན་པ་ཉིད་གྲུབ་པར་གོ །དེའང་སྤྱོད་འཇུག་ལས། སྣ་ཚོགས་རྐྱེན་ལས་བྱུང་བ་ཡི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད། །རྐྱེན་གཅིག་གིས་ནི་ཀུན་ནུས་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཞེས་བྱ་བ་དང༌། རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལས་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་དུ་མ་དང༌། བརྩེ་ལྡན་སྡུག་བསྔལ་གཞོམ་འདོད་པས། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་ནི་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་དང༌། ཇི་ལྟར་མདུད་པའི་བྱེ་བྲག་གིས། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་བྱ་བ་དང༌། རྣམ་སྣང་མངོན་བྱང་ལས། ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་གསུངས་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཞུག་པའི་ཕྱིར་བཤད་དོ། །གང་དག་དུས་གསུམ་སངས་རྒྱས་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་ཐེག་པ་ནི། །འདུས་མ་བྱས་པ་དེ་འཐོབ་བོ། །ཞེས་གསུངས་ལ། དེ་བཞིན་དུ་མདོ་སྡེ་དང་རྒྱུད་སྡེ། བསྟན་བཅོས་ཆེན་པོ་ཐམས་ཅད་ལས་ཀྱང༌། ཐབས་དང་ཤེས་རབ་ཕུན་སུམ་ཚོགས་པ་མ་གཏོགས་པ། དཀར་པོ་ཆིག་ཐུབ་ཀྱིས་འཚང་རྒྱ་བར་མ་གསུངས། མདོ་རྒྱུད་ལས་ཕྱག་གམ་བསྐོར་བ་ཙམ་དང༌། མེ་ཏོག་རེ་ཕུལ་བའམ། གཟུངས་རེ་བཏོན་པའམ། སངས་རྒྱས་ཀྱི་མཚན་ཙམ་བརྗོད་པའམ། མོས་གུས་རེ་བྱས་པའམ། སྙིང་རྗེ་རེ་སྐྱེས་པའམ། སྟོང་ཉིད་གོ་བ་ཙམ་གྱིས་འཚང་རྒྱ་བར་གསུངས་པ་ཡོད་མོད་ཀྱི། དེ་དག་ནི་དགོངས་པ་དང༌། ལྡེམ་དགོངས་སུ་ཤེས་པར་བྱའི། སྒྲ་དྲང་པོ་མ་ཡིན་ཏེ། མགོན་པོ་བྱམས་པས། དོན་སྒྲ་ཇི་བཞིན་ཡོངས་རྟོགས་ན། །བདག་ཉིད་བསྙེམས་ཤིང་བློ་ཉམས་འགྱུར། །ཞེས་གསུངས་པ་ལྟར་རོ། །དཔེར་ན་རྒྱུ་སྤུན་མ་འཚོགས་ན་ཟ་འོག་གི་རི་མོ་མི་འབྱུང་ལ། ས་བོན་དང་ཆུ་ལུད་མ་འཚོགས་ན། ཞིང་གི་སྟོན་ཐོག་མི་འབྱུང༌། རྟེན་འབྲེལ་ཐམས་ཅད་མ་འཚོགས་ན། །རྫོགས་པའི་སངས་རྒྱས་མི་འབྱུང་བར་གོ །སྤྱིར་སེམས་ངོ་འཕྲོད་པ་དགོས་མོད། འོན་ཀྱང་བཟང་ངན་གཉིས་སུ་སྣང༌། ཐབས་ཀྱིས་ཡོན་ཏན་རྫོགས་ནས་སེམས་ངོ་འཕྲོད་ན་འཚང་རྒྱ་བར་འགྱུར་ལ། ཐབས་ཀྱིས་ཡོན་ཏན་མ་རྫོགས་པར་སེམས་ངོ་འཕྲོད་པ་ལ་ཇི་ལྟར་བཟང་ཡང༌། ཉན་ཐོས་ཀྱི་དགྲ་བཅོམ། འབྲིང་གཟུགས་མེད་ཀྱི་ཁམས། ཐ་མ་ངན་སོང་དུ་སྐྱེ་བར་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་བ་རྣམས་ཕུང་བར་འགྱུར། །ཞེས་གསུངས་པ་ཡང་དེ་ལ་དགོངས། དེ་བཞིན་དུ་ཞིང་ལས་སྙེ་མ་འོང་དགོས་ཀྱང༌། འོང་ལུགས་བཟང་ངན་གཉིས་ཡོད། སྡོང་བུ་རྫོགས་ནས་སྙེ་མ་བྱུང་ན་ལོ་ལེགས་འབྱུང༌། མ་རྫོགས་པར་སྙེ་མ་བྱུང་ན་ལོ་ཉེས་འགྲོ། དེ་བཞིན་དུ་སེམས་ངོ་འཕྲོད་པའང༌། དུས་ཚོད་ལ་འཕྲོད་པས་ཆོག དུས་མ་ཡིན་པར་འཕྲོད་པ་ལ་གྲོགས་མེད། འདི་དག་ལ་དགོངས་ནས། ནམ་མཁའི་སྙིང་པོའི་མདོ་ལས། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྒྲོགས་པ་དང༌། །ཞེས་བློ་མ་སྦྱངས་པ་ལ་སྟོང་པ་ཉིད་བཤད་པ་ལ་རྩ་ལྟུང་འབྱུང་ན། སྟོང་ཉིད་གོ་ན་སྨོས་ཅི་དགོས། དཀོན་མཆོག་བརྩེགས་པ་ལས། ཤཱ་རིའི་བུས་ཆོས་བཤད་ན་དགྲ་བཅོམ་ལྔ་བརྒྱར་འགྲོ་བ་ཞིག འཇམ་དཔལ་གྱིས་ཆོས་གསུངས་པས། དམྱལ་བ་པ་ལྔ་བརྒྱར་སྐྱེས་པའང༌། ཡོན་ཏན་མ་རྫོགས་པར་སེམས་ངོ་འཕྲོད་པ་དགག་པའི་ཕྱིར་གསུངས་པ་ཡིན། དེས་ན་རྒྱུད་ལས་རིམ་གྱིས་པ་དང༌། ཅིག་ཅར་བ་གཉིས་གསུངས་པ་ནི། བསྙེན་གནས་ལ་སོགས་པའི་སྡོམ་པ་དང༌། ཉན་ཐོས། སེམས་ཙམ། དབུ་མའི་ལྟ་བ་ལ་རིམ་གྱིས་སྦྱངས་ནས། ཕྱིས་དབང་བསྐུར་བྱ་སྟེ། ལམ་རིམ་གཉིས་ལ་སློབ་ན། རིམ་གྱིས་པ་ཞེས་བྱ་ལ། དང་པོ་ཉིད་དུ་གསང་སྔགས་ཀྱི་དབང་བསྐུར་ཏེ། རིམ་པ་གཉིས་ལ་སློབ་པ་ལ་ཅིག་ཅར་བ་ཞེས་ཟེར་ཏེ། དེང་སང་གྲགས་པའི་རིམ་གྱིས་པ་དང༌། ཅིག་ཅར་པ་དེ་ལྟ་བུ་མདོ་རྒྱུད་ནས་གསུངས་པ་མ་མཐོང༌། ཡང་དང་པོ་ལྟ་བ་བསྟན་ནས། ཕྱིས་སྤྱོད་པ་ལ་རིམ་གྱིས་སྦྱོར་བ། དང་པོ་སྤྱོད་པ་ལ་རིམ་གྱིས་སྦྱངས་ནས། ཕྱིས་ལྟ་བ་སྟོན་པའི་བཀྲི་ལུགས་གཉིས་སྣང་སྟེ། འདི་གཉིས་བློའི་བྱེ་བྲག་གིས་ལམ་རིམ་མི་འདྲ་བ་ཡིན་གྱིས། འདི་དག་ལ་རིམ་གྱིས་པ་དང༌། ཅིག་ཅར་བ་བཤད་པ་མ་མཐོང༌། སྤྱིར་ངེད་ཀྱི་བླ་མ་ཆོས་རྗེ་ས་སྐྱ་པ་ཆེན་པོའི་ཞལ་ནས། བཤད་པ་དང་ལག་ལེན་གང་བྱེད་ཀྱང༌། སངས་རྒྱས་ཀྱི་གསུང་དང་མཐུན་ན་སངས་རྒྱས་བསྟན་པ་ཡིན། །མི་མཐུན་བསྟན་པར་མི་འགྱུར་ཞེས་གསུངས། ངེད་ཀྱིས་ཀྱང་དེའི་གསུང་བཞིན་འབད་ནས་བསྒྲུབ་པའི་དོན་ལགས། ལུགས་འདི་འཐད་མི་འཐད་རྣམ་པར་དཔྱད་པར་ཞུ། ཡང་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ཐམས་ཅད་ལས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་པར་གསུངས། དེའང་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་དེ་ཡོད་ནམ་ཡང་ཡོད་མ་ཡིན། །རྟོག་བཅས་དག་གི་ཡོད་དང་མེད་ཅེས་བསྟན། །དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མའི་འགྱུར། །ཞེས་པ་དང༌། ཡོད་དང་མེད་ཅེས་བྱ་བ་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ནོ། །དེ་ལྟར་མཐའ་གཉིས་རྣམ་པར་སྤང་བྱ་སྟེ། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་བྱ་བ་དང༌། ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ། །གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན། །རྩོད་པར་འགྱུར་པས་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་ན་སྡུག་བསྔལ་ཞི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེས་ན་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བྱ་བ་དང༌། གནས་མེད་ཆོས་འདིས་སྐྲག་གྱུར་པས། །སྐྱེ་བོ་གནས་ལ་མངོན་དགའ་ཞིང༌། །ཡོད་དང་མེད་ལས་མ་འདས་པས། །མི་མཁས་རྣམས་ནི་ཕུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །གཞན་ཡང༌། ཡོད་མེད་འཛིན་པ་ལས་གྲོལ་ན། །སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་རྒྱུད་ཐམས་ཅད་དང༌། བསྟན་བཅོས་ཆེན་པོ་ཐམས་ཅད་ལས། ཡོད་མེད་དུ་འཛིན་པ་ཐམས་ཅད་དགག་པར་མཐོང༌། དེས་ན་ངེད་ཀྱིས་ཀྱང་འཆད་པའི་ཚེ་ན་ཡང༌། ཡོད་མེད་ལས་འདས་པར་བཤད། བསྒོམ་པའི་ཚེ་ཡང་ཡོད་མེད་ལས་འདས་པར་བསྒོམ། བསྔོ་བའི་ཚེ་ན་ཡང་ཡོད་མེད་ལས་འདས་པར་བསྔོ་བ་བགྱིས། ལུགས་འདི་སྡེ་སྣོད་དང་མཐུན་མི་མཐུན་དཔྱད་པར་ཞུ། ཆོས་ཀྱི་དབྱིངས་ཀྱང་དགེ་སྡིག་ལས་གྲོལ་བར་གསུངས། དེའང་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤེས་པས་ཡོད་དང་མེད་ཞིའི་ཕྱིར། །སྡིག་དང་བསོད་ནམས་ལས་འདས་པ། །དེ་ཡིས་བདེ་འགྲོ་ངན་འགྲོ་ལས། །དེ་ནི་ཐར་པ་དམ་པར་བཤད། །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །འབུམ་ལས་ཀྱང༌། ཆོས་ཀྱི་དབྱིངས་ལ་ཡོངས་སུ་བསྔོ་བ་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོའང༌། ལང་ཀར་གཤེགས་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། དབུ་མ་ལ་འཇུག་པ་ལ་སོགས་པ་མདོ་བསྟན་བཅོས་ལས་དྲང་དོན་ལ་གསུངས་པར་མཐོང༌། ང་ཟེར་བ་དང་མདོ་བསྟན་བཅོས་ཐམས་ཅད་ལས་གསུངས་པ་གཉིས་མཐུན་མི་མཐུན་དཔྱད་པར་ཞུ། གཞན་ཡང་ངེད་ཀྱིས་བཤད་པའི་ལུང་དང་རིགས་པ་རྣམས་དང༌། བོད་གཞན་ཟེར་བའི་ལུང་རིགས་མི་འདྲ་བ་མང་དུ་སྣང་བ་འདིའང་གང་བདེན་དཔྱད་པར་ཞུ། མན་ངག་ལའང༌། དབང་བཞི་མན་ངག་གི་གནད་དང༌། ལམ་རིམ་པ་གཉིས་ཀྱི་གནད་དང༌། ཡེ་ཤེས་ཕྱག་རྒྱ་ཆེན་པོའི་གནད་ལའང༌། ང་ཟེར་བ་དང་གཞན་འདོད་པ་གཉིས་མི་འདྲ་བ་དུ་མ་སྣང༌། ས་དང་ལམ་གྱི་རྣམ་གཞག་ལ་ཡང༌། གསང་སྔགས་དང༌། ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི་ལམ་ལྔ་དང༌། ས་བཅུའི་བགྲོད་ལུགས་མི་འདྲ་བ་དང༌། ཕྱི་དང་ནང་གི་རྟེན་འབྲེལ་གྱི་རྣམ་གཞག་མི་འདྲ་བ་དང༌། སངས་རྒྱས་ཀྱི་ས་ལ་ཡང༌། ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་མི་འདྲ་བའི་ཁྱད་པར་ལའང༌། ངེད་འདོད་པ་དང་གཞན་ཟེར་བ་གཉིས་མི་འདྲ་བའི་ཁྱད་པར་དུ་མ་གདའ་བས། འདི་དག་ཚིག་དང་དོན་གྱི་རྣམ་དབྱེ་ཤེས་པ། ལུང་དང་རིགས་པའི་གནད་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་དོན་ལ་མ་རྨོངས་པ། གཞུང་དང་གདམས་ངག་གི་གནད་མི་འགལ་བར་ཉམས་སུ་ལེན་པ་ཤེས་པ། དྲང་དོན་དང་ངེས་དོན་གྱིས་མདོའི་ཆ་ཕྱེད་པ། དགོངས་པ་དང་ལྡེམ་དགོངས་ཀྱི་གནད་མ་འཁྲུལ་བར་ཐུགས་སུ་ཆུད་པ། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་ཚིག་འཆད་ཤེས་པའི་མཁས་པ། དོན་རྣམ་པར་འབྱེད་པར་ནུས་པའི་ཤེས་རབ་ཅན། ཆགས་སྡང་མེད་ཅིང་གཟུ་བོར་གནས་པ། གྲུབ་མཐའ་ངན་པའི་གདོན་གྱིས་བློ་མ་བསླད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ལེགས་པར་གཟིགས་ལ། ངེད་ཟེར་བ་དང་གཞན་འདོད་པ་གཉིས་གང་བདེན་དཔྱད་པར་ཞུ། ངེས་དོན་གྱི་ལུང་དང་མི་འགལ་ན། དྲང་དོན་གྱི་ལུང་དང་འགལ་ཡང་མི་སྐྱོན། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང་མི་འགལ་ན། རིགས་པ་ལྟར་སྣང་དང་འགལ་ཡང་མི་སྐྱོན། རང་གིས་མཁས་བླངས་པའི་གྲུབ་མཐའ་དང་མི་འགལ་ན། གཞན་གྱིས་ཁས་བླངས་པའི་གྲུབ་མཐའ་དང་འགལ་ཡང་མི་སྐྱོན། དེའི་རིགས་ཅན་ཐམས་ཅད་མཁྱེན་པར་བྱས་ལ་ཐུགས་ཀྱིས་དཔྱད་དེ་དགོངས་པར་ཞུ། མ་དཔྱད་པར་རི་བོང་གི་ཆལ་བཞིན་གཡམ་རྒྱུགས་སུ། བདེན་མི་བདེན་གྱི་དབྱེ་བ་བྱས་ན། སངས་རྒྱས་ཀྱི་བསྟན་པའི་བབས་ལ་གནོད་པ་དང༌། རང་ལ་སྡིག་པའི་ཁུར་ལྕི་ཞིང་མཁས་པ་རྣམས་ཀྱིས་བཞད་གད་དུ་འགྱུར་བར་གོ དཔེར་ན་རྒྱལ་པོའི་བཀའ་བཞིན་མ་བསྒྲུབས་ན། ཡུལ་བརླག་པར་འགྱུར་ན། སངས་རྒྱས་ཀྱི་བཀའ་བཞིན་མ་བསྒྲུབས་ན། འཇིག་རྟེན་བརླག་པར་འགྱུར་བ་སྨོས་ཅི་དགོས། དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་འབད་དགོས། སངས་རྒྱས་ཀྱི་བཀའ་བཞིན་གསུངས་ན་བླ་མ། དེའི་གསུང་བཞིན་བསྒྲུབས་ན་སློབ་མ། དེ་དག་གི་མཐུན་པའི་ཡོ་བྱད་བསྒྲུབས་ན་ཡོན་བདག དེ་ལྟ་བུ་གང་ན་ཡོད་པ་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པར་ཤེས་པར་བྱའོ། །འཕྲིན་འདི་སངས་རྒྱས་བསྟན་པ་ལ། །མོས་པའི་སྡེ་སྣོད་འཛིན་པ་དང༌། །བློ་གྲོས་ལྡན་པའི་མཁས་རྣམས་དང༌། །སྐྱེ་བོ་དམ་པ་རྣམས་ལ་སྤྲིང༌། །གལ་ཏེ་བདག་གི་ཚིག་བདེན་ན། །དམ་པ་རྣམས་ཀྱིས་ལེགས་ཞེས་གསུངས། །འོན་ཏེ་འདི་ལ་སྐྱོན་ཆགས་ན། །ལུང་དང་རིགས་པས་སུན་ཕྱུང་ཤིག །གལ་ཏེ་བདག་གི་བདེན་བཞིན་དུ། །བླུན་པོ་ཐམས་ཅད་ཁ་འདུས་ནས། །བདག་ལ་སྐུར་པ་འདེབས་པ་ན། །དམ་པ་རྣམས་ཀྱིས་དགོངས་སུ་གསོལ། །བླུན་པོ་རྣམས་ཀྱིས་དུག་ཟོས་ནས། །སྨན་པ་མཁས་ལ་ཁྲོ་བ་ལྟར། །བླུན་པོ་ཆོས་ལོག་སྤྱོད་པ་ཡིས། །མཁས་ལ་ཁྲོ་བ་འདི་རེ་མཚར། །དེས་ན་རྫོགས་པའི་སངས་རྒྱས་ཀྱི། །བསྟན་པ་ཕྱི་དྲོའི་ཉི་མ་འདྲ། །སྐྱེ་བོ་ངན་པའི་འུག་པ་དག །མགོ་བོ་བཏེག་ནས་ཧུང་སྒྲ་འབྱིན། །མཁས་དང་མཁས་པ་བསྟེན་པའི་སྒྲུབ་བ་པོ། །སངས་རྒྱས་བསྟན་ལ་གཅེས་པར་གང་འཛིན་པ། །དེ་དག་ཀུན་ལ་བདག་གིས་འཕྲིན་འདི་སྤྲིང༌། །གཟུང་བོར་གནས་པའི་ཡིད་ཀྱིས་ལེགས་པར་དཔྱོད། །སྡེ་སྣོད་འཛིན་པ་ས་སྐྱ་པཎྜི་ཏས་སྐྱེས་བུ་དམ་པ་རྣམས་ལ་འཕྲིན་དུ་ཕུལ་བ་འདི་རེ་ཞིག་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply