༼ན༽
༄༅། །རྟོགས་ལྡན་རྒྱན་པོའི་དྲིས་ལན་བཞུགས།།
༄༅། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་བཞུགས་པའི་ཚེ། དེ་ན་སྒོམ་བྱེད་ཀྱིན་གནས་པའི་རྟོགས་ལྡན་རྒྱན་པོ་ཞེས་བྱ་བ་ཞིག་གི་ཆོས་རྗེ་པ་ལ་བསྐོར་བ་དང་ཕྱག་མང་པོ་བྱེད་ཅིང་འདུག་པ་ལ། ཆོས་རྗེ་པའི་ཞལ་ནས། རྟོགས་ལྡན་པ་བསྐོར་ཕྱག་ཀྱང་ངོ་མཚར་ཆེ་སྟེ། གནས་འདི་འདྲ་ན་འདུག་པ་ལ་གདམས་ངག་ཟབ་མོ་ལ་བརྟེན་པའི་སྒོམ་སྒྲུབ་ཅིག་དགོས་པ་ཡིན་ཏེ་ཨང་གསུང་གིན་འདུག རྟོགས་ལྡན་པ་དེས་བསམ་མནོ་ཞིག་བཏང་སྟེ་རང་གི་གནས་ནས་དར་ཡུག་དཀར་པོ་ཞིག་བླངས་ཏེ་ཆོས་རྗེ་པ་ལ་ཕུལ་ནས། ཆོས་རྗེ་པ་ལྟ་བ་ཕྱག་རྒྱ་ཆེན་པོ་འདི་ཐེག་པ་ཐམས་ཅད་ཀྱི་བསྒོམ་དུ་བཞེད་དམ། ཕྱག་རྒྱ་ཆེན་པོའི་རང་བཞིན་ཇི་ལྟ་བུ་ལགས། ཅིའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱ། འདིའི་སྐྱེ་ཚུལ་དང༌། ས་ལམ་བགྲོད་ཚུལ་གྱི་རིམ་པ་ཇི་ལྟ་བུ་ལགས། བདག་ལ་ཕྱག་རྒྱ་ཆེན་པོའི་གདམས་ངག་ཟབ་མོ་ཞིག་གནང་བར་ཞུ་ཞེས་ཞུ་ཡིན་འདུག་པ་ལ། ཆོས་རྗེ་པ་ཐུགས་དགེས་ཏེ། ཌོཾ་བི་པའི་ཀྱེ་རྡོ་རྗེའི་དབང་བསྐུར་མཛད་ནས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་གྲུབ་དང༌། ཏོག་ཙེ་བའི་བསམ་མི་ཁྱབ་ཀྱི་གདམས་ངག་ཚད་མ་གཅིག་གནང་ནས། ངེད་ཀྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ལུགས་འདི་ལྟར་ཡིན། གྲུབ་ཐོབ་མ་སྔ་བར་རྩེ་གཅིག་ཏུ་བསྒྲུབ་པ་མཛོད་དང་མི་བསླུ་བར་ཡོང༌། ཁྱོད་ཀྱིས་དྲིས་པའི་དོན་མདོར་བསྡུས་པ་འདི་རྣམས་ཐུགས་ལ་ཞོག་གསུངས་ནས། སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིས་རྒྱས་འདེབས། རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་ལ་ཟབ་གསལ་གཉིས་མེད་ཀྱི་རྒྱས་འདེབས་པར་བཤད་ཀྱང༌། ཕྱག་རྒྱ་ཆེན་པོའི་ཐ་སྙད་མ་གསུངས་ཤིང་དེ་དག་གི་ལུགས་ལ་མཆོག་གི་དངོས་གྲུབ་བཤད་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་བཤད་པས། ལྟ་བ་ཕྱག་རྒྱ་ཆེན་པོ་མཚན་ཉིད་པ་བསྒོམ་པར་མི་འདོད་དོ། །དེ་དག་གི་ལུགས་ལ་རྟོགས་བྱ་སྟོང་པ་ཉིད་ཟབ་མོ་བཤད་ཀྱང༌། རྟོགས་བྱེད་ཐབས་ལམ་ཟབ་མོ་མ་བཤད་པས་ཕྱག་རྒྱ་ཆེན་པོ་མཚན་ཉིད་པ་མི་འཐད་པ་ཡིན། དཔེར་ན་ཉན་ཐོས་ཀྱི་ལུགས་ལ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བཤད་ཀྱང༌། གྲོགས་ཐབས་ཤེས་ཁྱད་པར་ཅན་མ་བཤད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་འཐད་པ་བཞིན། མི་བླུན་པོ་ལ་བ་ལང་དུ་འདོགས་པ་ལྟར། དེ་དག་གི་ལྟ་བའི་བསྒོམ་ལ་ཕྱག་རྒྱ་ཆེན་པོར་འདོགས་པ་ནི་མིང་ཙམ་ལ་མི་བརྩད། ཕྱག་རྒྱ་ཆེན་པོའི་རང་བཞིན་ནི། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང༌། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣལ་འབྱོར་ཐབས་དང་ཤེས་རབ་བདག །ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། པྲ་ཕབ་པ་ཡི་རྣམ་པ་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་པོ་དེ་ལ་འདུད། །ཅེས་གསུངས་པ་ལྟར་རྟོགས་བྱ་ཆོས་ཉིད་གཉུག་མ་ཞེས་བྱ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ། རྟོགས་ཚུལ་སྨྲ་བསམ་བརྗོད་མེད་ཀྱི་ཉམས་པྲ་ཕབ་པའི་རྣམ་པ་ཅན་གྱི་སྒོ་ནས་རྟོགས་བྱའི་ངོ་བོར་རྣལ་འབྱོར་ཟུང་འཇུག་གི་ཡེ་ཤེས་དེ་ཡང་སྣང་སྟོང་ཟུང་འཇུག རིག་སྟོང་ཟུང་འཇུག བདེ་སྟོང་ཟུང་འཇུག བདེ་ཆེན་ཟུང་འཇུག ལྷན་སྐྱེས་ཡེ་ཤེས། རང་བྱུང་ཡེ་ཤེས། རང་གི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་སོགས་པ་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེ་རྟོགས་པའི་ཐབས། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བླ་མ་ལེགས་པར་མཉེས་བྱས་ཏེ། །ཡང་དག་དབང་བསྐུར་རབ་མནོས་ནས། དེ་ཉིད་དོན་ནི་རབ་ཏུ་དབྱེ། །ཞེས་པ་དང༌། བརྟག་གཉིས་ལས། ཕྱི་ནས་དེ་ཉིད་རབ་ཏུ་དབྱེ། །ཞེས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང་བསྐུར་མཚན་ཉིད་པ་དང༌། གྲོལ་བྱེད་ཀྱི་རིམ་གཉིས་ཡན་ལག་དང་བཅས་པ་ཚུལ་བཞིན་དུ་བསྒོམས་པ་ལས་འབྱུང་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །གཅིག་ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པ་ཡིན། །ཞེས་གསང་སྔགས་བླ་མེད་ཀྱི་ཡེ་ཤེས་འདྲེན་པའི་ཐབས་ཐམས་ཅད་རིམ་པ་གཉིས་སུ་བསྡུས་ནས་བཤད་པའི་གནད་དེ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་སྒྲ་དོན་ནི། ལེགས་སྦྱར་གི་སྐད་ལ་མ་སྦྱངས་པ་དག ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་རྒྱ་ལས་གྲོལ། །ཞེས་གསར་རྙིང་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་སོགས་ལས་འབྱུང་ཞེས་སྨྲ་བ་ནི་འཁྲུལ་པ་སྟེ། ལེགས་སྦྱར་གྱི་སྐད་ལ་མ་ཧཱ་མུ་དྲཱ་ཞེས་པ་ནི། བོད་སྐད་དུ་མཧཱ་ཆེན་པོ། འདིར་ཕྱག་གི་སྐད་དོད་མེད་པ་ལ་རྒྱལ་པོས་བཀས་བཅད་ཀྱི་དབང་གིས། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཕྱག་ཞེས་པའི་ཚིག་བོད་སྐད་ལ་བསྣན་པ་ཡིན། དཔེར་ན་བྷ་ག་ཝ་ཏེ་ཞེས་པ་ལ་འདས་པའི་སྐད་དོད་མེད་པ་ལ་བོད་སྐད་ལ་འདས་ཞེས་པའི་ཚིག་བསྣན་པ་བཞིན་ནོ། །དེས་ན་འདིར་རྒྱུད་ལས་ཕྱག་གི་བཤད་པ་འོང་དོན་མེད་པ་ལ་ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། ཞེས་པ་བོད་ཀྱིས་བྱས་པའི་བརྫུས་མ་ཡིན། ཕྱག་རྒྱ་ཆེན་པོ་ཐིག་ལེ་སོགས་ལ་ཚིག་འདི་དག་མེད། མུ་དྲཱ་རྒྱ་དང༌། རྟགས་དང༌། མཚན་མ་དང༌། གུག་སྐྱེད་ལ་སོགས་པ་ལ་འཇུག་པ་ལས། འདིར་རྒྱ་རུ་བསྒྱུར་བ་ཡིན་ནོ། །དོན་ནི་ཨ་ཝ་དྷཱུ་ཏཱི་པས། རྒྱས་གདབ་ཕྱིར་ན་རྒྱ་ཞེས་ཏེ། །སྲིད་གསུམ་རོ་གཅིག་ཕྱག་ཆེན་པོ། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་ངང་དུ་རྒྱས་བཏབ་ནས་ཉམས་སུ་ལེན་པའི་དོན་གྱི་ལྟ་བ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །སྐྱེ་ཚུལ་གྱི་རིམ་པ་ནི། གང་ཟག་སྐལ་བཟང་འགའ་ཞིག་ལ་དབང་གི་ཡེ་ཤེས་འབེབས་པའི་དུས་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཚན་ཉིད་པ་སྐྱེ་བ་ཡང་ཡོད་མོད། ཕལ་ཆེ་བ་ནི་ཐབས་བསྒོམ་པ་སོགས་ལ་ལྟོས་ཤིང༌། ཐོག་མར་ཕྱག་རྒྱ་ཆེན་པོ་ལྟར་སྣང་སྐྱེས་ནས། ཕྱིས་ཕྱག་རྒྱ་ཆེན་པོ་མཚན་ཉིད་པ་སྐྱེ་བར་འགྱུར་བ་ཡིན། ཕྱག་རྒྱ་ཆེན་པོ་ལྟར་སྣང་ཞེས་བྱ་བ་ཡང་ཆ་མཐུན་པ་དུག་ཅན་དང༌། འབའ་ཞིག་པ་སྐྱོན་ཅན་གཉིས་འབྱུང་བ་ཡིན། དུག་ཅན་ནི་ཐོས་བསམ་གྱིས་བསྡུས་པའི་གོ་རྟོགས་དང༌། བསྒོམས་བྱུང་གིས་བསྡུས་པ་རྣམ་རྟོག་གི་རྦ་རླབས་མ་ཡལ་བཞིན་དུ་ཟུང་འཇུག་གི་ཉམས་བན་བུན་སྐྱེས་པ་ཡིན། འབའ་ཞིག་པ་ནི་གནས་པ་འབའ་ཞིག་པ་དང༌། སོ་སོར་རྟོག་པ་འབའ་ཞིག་ཏུ་གྱུར་པ་དང༌། སྣང་ཕྱོགས་འབའ་ཞིག་ཏུ་གྱུར་པ་དང༌། སྟོང་ཕྱོགས་འབའ་ཞིག་ཏུ་གྱུར་པ་དང༌། ལུས་ལ་བདེ་དྲོད་དང༌། འཕར་གཡོ་དང༌། ངག་ལ་ངེས་མེད་ཀྱི་སྨྲ་བརྗོད་དང༌། སེམས་ལ་ངེས་པ་མེད་པའི་ཏིང་འཛིན་གྱི་ཉམས་སྣང་སྣ་ཚོགས་པ་སྟེ་སྒོ་གསུམ་གྱི་ཉམས་འབའ་ཞིག་ཏུ་གྱུར་པ་དང༌། བརྒྱལ་བ་དང་ཚོགས་དྲུག་འགགས་པ་ལ་སོགས་པའི་ཉི་ཚེ་བ་འབའ་ཞིག་ཏུ་གྱུར་པ་རྣམས་ཡིན། ས་ལམ་བགྲོད་ཚུལ་ནི། བྱང་ཆུབ་དོན་དུ་གཉེར་བས་སྨིན་བྱེད་དབང་བསྐུར་ནས་བརྩམས་ཏེ་ཉམས་སྐྱོན་ཅན་རྣམས་རྫོགས་པ་ཡན་ཆད་ཐེག་པ་ཐུན་མོང་པ་ལྟར་ན་ཚོགས་ལམ་ཞེས་བྱ་བ་ཡིན། བརྟག་གཉིས་ལས། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་པ་ལྟར། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མཚན་ཉིད་པ་རྒྱུད་ལ་སྐྱེས་ཤིང༌། རྣམ་པར་མི་རྟོག་པའི་ཉམས་རྒྱུན་ཆགས་སུ་འབྱུང་ཡང༌། རྣམ་པར་རྟོག་པའི་བག་ཆགས་ཕྲ་མོ་དང་བཅས་པ་ནམ་ལངས་ནས་ཉི་མ་ཤར་བ་ལྟ་བུའི་དཔེའི་ཡེ་ཤེས་རྒྱུ་ལ་སྐྱེས་པ་ནི་སྦྱོར་བའི་ལམ་ཞེས་བྱ་བ་ཡིན་ཏེ། མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱི་གྲུབ། །ཅེས་གསུངས་པ་ལྟར། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་ཉིད་པ་ཕྱག་རྒྱ་ཆེན་པོ་དོན་གྱི་ཡེ་ཤེས་ཐོག་མར་སྐྱེས་པའི་ཚེ་ན་མཐོང་བའི་ལམ་ཐོབ་པ་ཞེས་བྱ་བ་ཡིན། དེ་རྒྱུན་ཆགས་སུ་གོམས་ཤིང་གོང་ནས་གོང་དུ་བགྲོད་དེ་ས་བཅུ་གཉིས་པའི་བར་དུ་ཕྱིན་པ་ནི་སྒོམ་པའི་ལམ་ཞེས་བྱ་བ་ཡིན། དེ་ནས་ས་བཅུ་གསུམ་མངོན་དུ་བྱས་པ་ན་སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པ་ཡོན་ཏན་རྒྱ་མཚོ་ལྟ་བུ་ཐོབ་པ་ནི་མི་སློབ་ལམ་མངོན་སུམ་དུ་བྱས་པའོ། །དེ་ཡང་ཐུན་མོང་བ་ལྟར་ན་སྦྱོར་ལམ། ཐུན་མོང་མ་ཡིན་པ་ལྟར་ན་ཕྱག་རྒྱ་ཆེན་པོ་དཔེའི་ཡེ་ཤེས་མཚན་ཉིད་པ་རྒྱུད་ལ་སྐྱེས་ནས་དོན་གྱི་ཡེ་ཤེས་མངོན་དུ་བྱས་པ་དང༌། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདིར་མངོན་དུ་བྱེད་པར་འདོད་ན། རྒྱུད་སྡེ་ནས་བཤད་པའི་སྤྱོད་པ་དང༌། ཉེ་རྒྱུ་སོགས་ཚུལ་བཞིན་དུ་ཉམས་ལེན་བྱས་ན། རྒྱ་གར་གྱི་གྲུབ་ཐོབ་རྣམས་ལྟར་ཚེ་འདིར་འགྲུབ་པ་ལས་འོས་ཅི་ཡོད། དཔེའི་ཡེ་ཤེས་མཚན་ཉིད་པ་རྒྱུད་ལ་སྐྱེས་ནས་སྤྱོད་པ་མ་གྲུབ་ན་འདའ་ཀ་མ་དང༌། བར་དོའི་གདམས་ངག་གིས་འགྲུབ་པར་བཤད། འགའ་ཞིག་གིས། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་རྩི་བའི་རྨོངས་པ་འཁྲུལ། །ཞེས་བྱ་བ་ནི་འཁྲུལ་པ་སྟེ། མཚན་བརྗོད་ལས། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ཞེས་བྱ་བ་དང༌། ཨ་བྷི་དྷ་ན་ལས། རབ་ཏུ་དགའ་དང་དྲི་མ་མེད། །དེ་བཞིན་འོད་བྱེད་འོད་འཕྲོ་དང༌། །ཤིན་ཏུ་སྦྱངས་དཀའ་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ཆེ། །རྡོ་རྗེ་འཛིན་པ་བཅུ་གསུམ་པ། །ཞེས་སོགས་རྒྱུད་སྡེ་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ས་ལམ་གྱི་རྣམ་གཞག་རྒྱ་ཆེར་མཛད་པའི་ཕྱིར་རོ། །མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ནི། ས་ལམ་བགྲོད་པའི་ཐ་མ་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ཡིན། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་གསུངས་པ་ནི། ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། སེམས་ཀུན་གཞིའི་རྣམ་པར་ཤེས་པའི་ཀུན་རྫོབ་དང༌། དོན་དམ་པའི་གནས་ཚུལ་མངོན་དུ་གྱུར་པའི་སྒོ་ནས་ས་ལམ་བགྲོད་དེ་འཚང་རྒྱ་བ་ལ་དགོངས་པ་ཡིན། ཇི་སྐད་དུ། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཡོད་མ་ཡིན། །ཞེས་པ་དང༌། རྣམ་དག་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་སྣང་བ་ཐམས་ཅད་སེམས་སུ་རོ་གཅིག་པའི་གནད་ཀྱིས་ཡིན། རྟོགས་ལྡན་ཁྱེད་ཀྱིས་འདི་དག་ཐུགས་ལ་ཞོག་ལ་སྒྲུབ་པ་མཛོད་དང༌། ཕན་ཐོགས་པ་ཆེན་པོ་གཅིག་འོང་གསུངས་ནས་ཆེད་གཉེར་མཛད་ཅིང་འདུག རྟོགས་ལྡན་རྒྱན་པོ་ལ་གདམས་པ་ཕྱག་རྒྱ་ཆེན་པོའི་མིག་ཐུར་ཞེས་བྱ་བ་ཆོས་རྗེ་པའི་གསུངས་ལ་ཡང་ཡང་ནན་ཆགས་བྱས་ནས་བི་ཇིས་རི་བོ་རྩེ་ལྔར་བྲིས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply