༼ན༽
༄༅། །བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིང་བ་བཞུགས།།
༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིང་པ། བློ་གྲོས་གསལ་ལྡན་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་ཞེས་བྱ་བསྟན་ལ་ཕན་འདོད་ཅིང༌། །མང་དུ་ཐོས་དང་སྦྱངས་པ་མི་ཆུང་བ། །བརྩེ་བས་ལེགས་པའི་ལམ་ལ་སྦྱོར་བ་དེས། །གང་ན་བདེ་བར་གཤེགས་པའི་བསྟན་པ་ལ། །རབ་དགའ་ལྷ་དང་ཀླུ་དང་དྲི་ཟ་དང༌། །གྲུབ་པ་རིག་འཛིན་གཙོ་བོ་མཆིས་རྣམས་ལ། །རིང་ནས་དགོངས་པའི་འཕྲིན་ཡིག་འདི་སྤྲིང་ངོ༌། །བསྟན་པ་རིན་ཆེན་སྒྲོན་འདི་ཐུབ་པ་ཡི། །སྔོན་དུ་བསྲུང་བར་ཞལ་གྱིས་བཞེས་པ་ན། །ད་དུང་བཀའ་མཆིད་གོ་སྐབས་མ་རྙེད་པས། །བདེ་བར་བཞུགས་སམ་བསྟན་ལ་མངའ་མཛད་པ། །བདག་ཅག་ལུས་ལ་བདེ་བར་མཆིས་མོད་ཀྱི། །འོན་ཀྱང་བདེ་བར་གཤེགས་པའི་བསྟན་པ་ཡི། །མཇུག་ཏུ་སྐལ་བ་ངན་པ་བདག་སྐྱེས་པས། །སེམས་ལ་བདེ་བའི་གོ་སྐབས་ཤིན་ཏུ་དཀའ། །སངས་རྒྱས་འགྲོ་བ་ཀུན་གྱི་གཉེན་གཅིག་པུས། །རྗེས་སུ་བསྟན་པ་དགེ་ལེགས་རིན་ཆེན་གཏེར། །སྐྱེ་དགུའི་ཕོངས་སེལ་གཙུག་ན་རིན་པོ་ཆེ། །བསྟན་པ་འདི་ལ་རྨ་འབྱིན་ཤིན་ཏུ་མང༌། །ལྷ་མིན་ཕྱོགས་གྱུར་ལང་ཚོ་གསར་བུ་ཅན། །ངུར་སྨྲིག་འཆང་བ་བསྲུང་བ་ཁས་བླངས་པ། །བསམ་པ་མ་ཞི་ཉེ་བར་མ་དུལ་བའི། །དཔུང་ཚོགས་འདུས་ནས་ལྷ་རྣམས་འཇོམས་པ་མཐོང༌། །སྐྱེ་བོའི་ཚོགས་ཀྱི་ཆུ་ཀླུང་མང་འདུས་ཤིང༌། །ཕྱོགས་བཞི་ནོར་གྱི་ནོར་བུས་རབ་གང་བ། །དོན་མཐུན་ལྟོ་འཕྱེའི་དབང་པོས་ཉེར་བསྟེན་པའི། །ཚོང་དུས་རྒྱ་མཚོའི་འགྲམ་དུ་གཡུལ་ངོ་བཀྱེ། །དགེ་ལེགས་ལྷ་ཡི་ཚོགས་རྣམས་གཞོམ་བྱའི་ཕྱིར། །ད་དུང་ལྷ་མིན་རྩོད་པ་ཡོངས་མ་དོར། །གྲོང་དང་གྲོང་ཁྱེར་རོལ་མཚོ་བདུན་པོ་དང༌། །གནས་དང་དབེན་གནས་གསེར་གྱི་རི་བདུན་དང༌། །མཁན་སློབ་ཉི་ཟླའི་འོད་ཟེར་གཞོམ་བྱའི་ཕྱིར། །ལྐོག་གྱུར་བརྫུན་གྱི་སྒྲ་གཅན་མུན་པ་བསྒྲིབས། །དེར་ནི་ཉམས་དགའི་བདུད་རྩི་ཐོབ་མོད་ཀྱི། །སྙན་པའི་མགོ་དང་བྲལ་བས་མ་བརླག་གམ། །བདག་ཅག་རྣམས་ལ་སྙན་གྲགས་ག་ལ་ཞེས། །ཁྲེལ་དང་བྲལ་རྣམས་ཕྱིར་ཞིང་སྲེད་པ་ཡིས། །གོང་ནས་གོང་དུ་དཔུང་ཚོགས་ཆེར་བསྐྱེད་ནས། །གྲགས་པ་ལྷ་དབང་རྨང་ནས་གཞོམ་བྱའི་ཕྱིར། །སུན་འབྱིན་བརྩོན་རྣམས་རྫི་ལ་ལྷུན་པོའི་རྩེར། །མགོ་གཅོད་རྣམ་པར་རྒྱལ་བའི་ཁང་བཟངས་སུ། །དབེན་གནས་ལྟ་ན་སྡུག་པའི་སྒོ་བསྡམས་ནས། །ས་གཞི་མིག་སྟོང་དག་དང་ལྡན་པ་ལ། །ངོ་ཚ་ཁྲེལ་ཡོད་དོར་བའི་གོ་གྱོན་ནས། །གྲགས་མིན་ཐོབ་པ་རྣོ་བའི་མཚོན་ཐོགས་ཏེ། །ཤེས་བཞིན་མེད་པའི་ཞེ་སྡང་ཆེན་པོ་ཡིས། །རྒྱོབ་སོད་སྒྲ་ཡི་ང་རོ་ཆེར་སྒྲོགས་ཤིང༌། །ཐོབ་ཤོར་ཡོངས་འདུའི་ལྗོན་ཤིང་ལ་དམིགས་ནས། །སྡོམ་བརྩོན་ལྷ་ཡི་དབང་པོ་ཕམ་པར་བྱེད། །ཤིང་རྟའི་ཚལ་དུ་བཞོན་པ་དུ་མ་རྒྱུག །རྩུབ་འགྱུར་ཚལ་དུ་འཁྲུག་ལོང་དུ་མ་བྱེད། །འདྲེས་པའི་ཚལ་དུ་བྱ་བ་སྣ་ཚོགས་སྒྲུབ། །དགའ་བའི་ཚལ་དུ་བཞད་གད་དགའ་བས་དགོད། །རང་ཕྱོགས་ཕམ་ན་མཚོན་ཆ་ནར་བཞིན་ལེན། །ཕ་རོལ་བཅོམ་ན་རླུང་བཞིན་ཕྱོགས་སུ་འཕེན། །ཅུང་ཟད་ཕམ་ན་ངོ་འཛུམ་སྤྲིན་བཞིན་སྡུད། །རེས་འགའ་རྒྱལ་ན་ང་རྒྱལ་འབྲུག་ལྟར་སྒྲོགས། །འགའ་ཞིག་གྲགས་ན་རྣམ་འགྱུར་གློག་བཞིན་འགྱུ། །རྗེས་སུ་གདམས་ན་ཚིག་ངན་ཐོག་ལྟར་འབེབས། །དེ་ལྟར་མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་པ། །ཆོས་ལ་བརྒལ་བ་དུས་ལ་མི་གནས་ཤིང༌། །ཚོགས་པ་ཚངས་པར་སྤྱོད་པ་སྟབས་གཅིག་ཏུ། །ལོག་བློའི་གོ་ཆ་ཤིན་ཏུ་སྲ་གྱོན་པས། །འདི་ལ་ལྷ་ཡི་རྔ་ཆེན་ཀུན་དགའི་ཚིག །ཆོས་ཀྱིས་མཐོ་བ་དུས་སུ་བརྡུངས་མོད་ཀྱང༌། །ད་དུང་གནས་སྐབས་ཤེས་པར་མི་འགྱུར་ཞིང༌། །ལོག་པར་བྱ་བ་བརྩོན་པར་མ་གྱུར་གྱིས། །འདི་ཡི་འཐབ་བྲལ་ལྷ་ཡི་ཚོགས་རྣམས་དང༌། །ས་སྟེང་འོག་མིན་བར་དུ་གནས་པའི་ལྷ། །ཐམས་ཅད་འདུས་ཤིང་ལྷ་མིན་འདི་རྣམས་གཞོམ། །ཚོང་དུས་རྒྱ་མཚོའི་འགྲམ་དུ་བསྐྲད་པར་བྱ། །འདི་དག་བཏང་སྙོམས་གཞག་པའི་འོས་མིན་མོད། །གཅིག་འགའི་ཚིག་གིས་བཟློག་པར་མ་ནུས་པས། །ཐམས་ཅད་ཐམས་ཅད་ཕྱོགས་ཕྱོགས་ཀུན་ནས་འདུས། །ནན་ཏུར་བསྒྲུབ་པའི་ཚིགས་གིས་ཚར་གཅོད་དོ། །དེ་ལྟར་བྱས་ན་བདག་ཅག་རྣམས་ཀྱི་ཕྱོགས། །སྙན་པའི་འོད་ཟེར་ཤིན་ཏུ་གསལ་བ་དང༌། །རྒྱལ་བའི་རྒྱལ་རྔ་ཕྱོགས་བཅུར་ཐོས་པ་དང༌། །ཡིད་བདེའི་རྒྱལ་སྲིད་ཡུན་དུ་གནས་པར་འགྱུར། །འཕྲིན་ཡིག་འདི་ནི་གང་གིས་ཐོས་མཐོང་ན། །ཐམས་ཅད་དགའ་ཞིང་རྗེས་སུ་ཡི་རང་སྟེ། །གཅིག་ལ་གཅིག་གིས་ལྐོག་ཏུ་སྒྲོགས་པ་ཡི། །བཞད་གད་སྒྲ་ཡིས་ཤིན་ཏུ་དགའ་བར་ཤོག །བསྟན་པ་ལ་དགའ་བའི་ལྷ་རྣམས་ལ་སྤྲིང་བ་ཞེས་བྱ་བ། ས་སྐྱ་པཎྜི་ཏས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply