༼ན༽
༄༅། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་བཞུགས་སོ།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་བསྐལ་པ་དུ་མར་དཀའ་སྤྱད་པ། །དཀའ་བའི་འབྲས་བུ་ཚེ་འདིར་སྒྲུབ་པའི་ཐབས། །བླ་མ་བསྒྲུབ་ཕྱིར་དེ་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་པ་མདོར་བསྡུས་བདག་གིས་བཤད། །དབང་བསྐུར་བ་ཕྱིན་ཅི་མ་ལོག་པ་ཐོབ་པའི། བླ་མ་དམ་པ་ལ་གསོལ་བ་བཏབ་ན། ཚེ་འདིར་རྡོ་རྗེ་འཆང་ཆེན་པོ་ཉིད་འགྲུབ་པར་འགྱུར་བས། བླ་མའི་རྣལ་འབྱོར་ལ་འབད་པར་བྱའོ། །དེའང་བརྟག་པ་གཉིས་པ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་བྱ་བ་དང༌། སཾ་པུ་ཊ་ལས། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །བླ་མ་དམན་པའི་སེམས་ཅན་གྱིས། །སྔགས་དང་དངོས་གྲུབ་ཐོབ་མི་འགྱུར། །ཞེས་བྱ་བ་དང༌། བླ་མར་གསོལ་བ་འདེབས་ལ་བརྩོན། །ཞེས་གསུངས་ལ། བདེ་མཆོག་དང༌། གསང་བ་འདུས་པ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པ་ལས་ཀྱང༌། བླ་མ་ལ་གསོལ་བ་འདེབས་པར་གསུངས། ལམ་འབྲས་ལས་ཀྱང༌། ལམ་ཟབ་བླ་མ་ཞེས། ཤིན་ཏུ་གསང་བའི་ཚུལ་གྱིས་གསུངས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། རིམ་ལྔ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མའི་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་བྱ་བ་དང༌། རི་དབང་རྩེ་ལས་འགའ་ཞིག་ལྟུང་གྱུར་ན། །ལྟུང་བར་མི་འགྱུར་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་ཤིང༌། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་ཀྱང༌། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་རླབས་རིམ་པ་བཤད་པར་བྱ། །ཞེས་གསུངས། བླ་མ་ལྔ་བཅུ་པ་ལས་ཀྱང༌། སངས་རྒྱས་ཀུན་དང་བླ་མ་མཉམ། །ཞེས་བྱ་བ་དང༌། དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །སྡུད་པ་ལས་ཀྱང༌། བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལས་ཀྱང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། ངན་སོང་དུ་མི་འགྲོ་བ་དང༌། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ། ཞེས་བྱ་བ་ལ་སོགས་པ། མདོ་རྒྱུད་ཀྱི་ལུང་མང་དུ་ཡོད་དེ་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །དེ་ལྟ་བུའི་བླ་མ་མཉེས་ན། ཚེ་འདིར་དངོས་གྲུབ་ཐོབ་པར་འགྱུར་བས། དེའི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་དོན་ཡོད་པ་བཞིས་བླ་མ་མཉེས་པར་བྱ་བ། དངོས་གཞི་རྟེན་བཅའ་བ་ཁྱད་པར་ཅན་གྱིས་བྱིན་རླབས་ཀྱི་སྒོ་དབྱེ་བ། རྗེས་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་སུ་བསམས་ལ། གསོལ་བ་གདབ་བོ། །དང་པོ་ནི། ལུས་ཀྱི་སྒོ་ནས་བསྒྲུབ་པའི་མཎྜལ་གཅིག་ལ། དབུས་སུ་བླ་མ་ལ། བླ་མ་བརྒྱུད་པ་ཐམས་ཅད་ཀྱིས་བསྐོར་བ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་དུ་ཆོས། བྱང་དུ་དགེ་འདུན་རྣམས་བཞུགས་པར་བསམ། དེ་ལ་མཎྜལ་ཚོམ་བུ་བདུན་པ་ལ་སོགས་པ་ཡང་ཡང་དབུལ་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་མཆོད་པར་བསམ། དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་མ་ཡེངས་པར་རྐང་གི་ཁོང་ནས་གསོལ་བ་གདབ། དེ་ལྟར་སྔ་དྲོ་ཕྱི་དྲོ་སྲོད་ཐོ་རངས་ཐུན་བཞི་ལ་འབད་དེ་བྱ། ཐུན་མཚམས་སུ་ལུས་དོན་ཡོད་པར་བྱ་བའི་ཕྱིར། བླ་མ་ལ་དགོས་པའི་ས་རྡོ་ལེན་པ་དང༌། ཞིང་ལས་ཚོང་ལས་ཆུ་ཤིང་བསྒྲུབ་པ་ལ་སོགས་པ། ལུས་དུབ་པ་རྔུལ་ཐོན་པའི་བྱ་བ་བྱས་ན་བཟང་གསུང༌། ངག་དོན་ཡོད་པར་བྱ་བའི་ཕྱིར། བླ་མ་ལ་བསྟོད་ཅིང་གསོལ་བ་གདབ་པ་དང༌། བླ་མའི་ཡོན་ཏན་ཐམས་ཅད་བརྗོད་པ་དང༌། བླ་མ་སངས་རྒྱས་དངོས་ཡིན། ཞེས་ཕྱོགས་ཀུན་དུ་སྙན་པ་བསྒྲག དབེན་པར་སོང་ཞིང་སྐད་གསང་མཐོན་པོས་གསོལ་བ་བཏབ་ན་བཟང་གསུང༌། སེམས་དོན་ཡོད་པར་བྱ་བའི་ཕྱིར། བླ་མ་འདི་སངས་རྒྱས་དངོས་ཡིན། ང་རང་གི་བསམ་པ་མ་དག་པས་མིར་མཐོང་བ་བས། སྔོན་དྲང་སྲོང་སྐར་མ་ལ་དགའ་བས། སངས་རྒྱས་མུ་སྟེགས་ཀྱི་དྲང་སྲོང་དུ་མཐོང༌། སློབ་དཔོན་ཐོགས་མེད་ཀྱིས། མགོན་པོ་བྱམས་པ་སྤྱི་བོར་བཞག་ནས་བསྟན་པས། སུས་ཀྱང་མ་མཐོང༌། རྒན་མོ་ཞིག་ཅུང་སྣང་བ་དག་པས། ཁྱི་མོར་མཐོང༌། སློབ་དཔོན་མཚོ་སྐྱེས་ཀྱིས་ཡན་ལག་མེད་པའི་རྡོ་རྗེ་རྟ་རྫི་དང༌། ཕག་རྫིར་མཐོང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། འཕགས་པ་འཇམ་དཔལ་ཁྱིམ་བཙུན་ཉོས་ཆང་དང༌། ཞིང་ལས་བྱེད་པར་མཐོང༌། ཇོ་བོ་ན་རོ་ཏ་པས། སློབ་དཔོན་ཏི་ལོ་པ་ཉ་གསོན་པོ་སྲེག་པ་ལ་སོགས་མི་འཚམ་པར་བྱེད་པའི་སྨྱོན་པ་ལྟ་བུར་མཐོང༌། སློབ་དཔོན་མེ་ཏྲཱི་པས་རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པ། རི་དྭགས་དང༌། བྱ་ལ་སོགས་པའི་རྔོན་པ་བར་མཐོང༌། དེས་ན་རང་གི་སྣང་བ་དག་མ་དག་གིས་སངས་རྒྱས་ལ་བཟང་ངན་སྣ་ཚོགས་སུ་མཐོང་སྟེ། སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཅེས་གསུངས་པ་ལྟར་རོ། །དེས་ན་ངས་ཀྱང་བླ་མ་སངས་རྒྱས་ལ་མི་ཕལ་པར་མཐོང་བ་རང་ཡང་འབྲིང་ཡིན་སྙམ་དུ་བསམས་ལ། མོས་གུས་ཞེ་ཐག་པ་རུས་པའི་གཏིང༌། རྐང་གི་ཁོང་ནས་བྱ། སྤྱིར་བསོད་ནམས་བསགས་ན། བླ་མ་ལ་མོས་གུས་སྐྱེ་སླ། བསོད་ནམས་མ་བསགས་ན། མོས་གུས་སྐྱེ་དཀའ། དེའི་ཕྱིར་བསོད་ནམས་བསགས་ཤིང༌། འབད་ནས་གསོལ་བ་བཏབ་པས། མོས་གུས་བཅོས་མ་མ་ཡིན་པ་ནམ་སྐྱེས་པ་ན་རྟེན་འབྲེལ་ཐམས་ཅད་རང་འགྲིག་ལ་གཟོད་འགྲོ། དབང་བསྐུར་མ་ཐོབ་པར་བླ་མ་ལ་གསོལ་བ་བཏབ་ཀྱང༌། ཚེ་འདིར་བདེ་སྐྱིད་ལ་སོགས་པ། བྱིན་རླབས་ཕྲ་མོ་འབྱུང་སྲིད་ཀྱི། འཚང་རྒྱ་མི་ནུས། དེས་ན་བླ་མ་སངས་རྒྱས་ལ་གསོལ་བ་འདེབས་ཟེར་བ་གསང་སྔགས་ཀྱི་ལུགས་ཡིན། དབང་བསྐུར་མ་ཐོབ་ན་གསང་སྔགས་ཀྱི་ཐ་སྙད་མི་འཇུག་སྟེ། སྡོམ་པ་མ་ཐོབ་ན། དགེ་སློང་གི་ཐ་སྙད་མི་འབྱུང་བ་བཞིན་ནོ། །ལོངས་སྤྱོད་དོན་ཡོད་པར་བྱ་བའི་དོན་དུ། ཟས་གོས། གསེར་དངུལ། ཞིང་ཁང༌། རྟ་ཕྱུགས་ལ་སོགས་པ། བླ་མ་ལ་ཉེ་བར་མཁོ་བ། རང་གིས་གཏང་དཀའ་བ། འཇིག་རྟེན་ན་རིན་ཆེ་ཞིང་བཟང་བ་ལྟོས་པ་མེད་པར་དབུལ། དེ་མ་འབྱོར་ན། ཆུ་རྫིའུ་རེ་ཙམ། འབྲུ་སྤར་རེ་ཙམ། རྩྭ་ཤིང་ཅི་འབྱོར་པ་དབུལ། ལག་སྟོང་དུ་མི་མཇལ་བ་གདམས་ངག་ཡིན། དེ་ལྟར་བྱེད་པ་ཡུན་རིང་ན་རྟེན་འབྲེལ་འགྲིག ཇོ་བོ་ནཱ་རོ་ཏ་པས། ལོ་བཅུ་གཉིས་སུ་བླ་མའི་ཕྱོགས་སུ་དཀའ་བ་སྤྱད། སློབ་དཔོན་མེ་ཏྲཱི་པས། ལོ་གཅིག་ལྷག་པར་སྤྱད། སློབ་དཔོན་མཚོ་སྐྱེས་ཀྱིས་ཀྱང༌། ལོ་གཅིག་གི་བར་དུ། བླ་མས་ལུས་ཀྱི་བརྡུང་གཏག་གིས་ཚོགས་ཀྱི་དབུས་སུ་ཡང་སྨ་ཕབ་པས། ཕྱིས་བླ་མའི་བྱིན་རླབས་ཞུགས། དེ་ལ་སོགས་པའི་དཀའ་བ་སྤྱད་པའི་གཏམ་རྒྱུད་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས། དེ་ལྟ་བུའི་བླ་མ་མཉེས་པར་བྱེད་པ་ལ་བྱིན་རླབས་འཇུག་གིས། དེང་སང་བླ་མས་བརྡུང་གཏག་ཅི་དགོས། ཚིག་མ་ལེགས་པ་ཅིག་བརྗོད་ན་ཁོན་དུ་འཛིན། ཟ་མ་ཅིག་སྟེར་འཕྱིས་ནའང༌། ཀོ་ལོང་སྡོམ་འདུག ས་མཐོན་དམན་ལ་ཡང་ཁྲོ། ལོའི་བར་གྱི་དཀའ་བ་སྤྱོད་པ་ལྟ་སྨོས་པ་ཅི་དགོས། ཟླ་བ་སྐྱོལ་བའི་བླ་མའི་ཞབས་ཏོག་མི་ནུས་པ་ལ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་འཇུག་པར་དཀའ་གསུང༌། ཁོ་བོ་ཡང་གཞོན་པའི་དུས་སུ་བླ་མའི་བྱིན་རླབས་ཞུས་པས། ཁྱོད་ཀྱིས་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེ། ཁུ་བོའི་འདུ་ཤེས་སྐྱེ། ལུས་ལོངས་སྤྱོད་ཀྱིས་བླ་མའི་ཕྱོགས་སུ་དཀའ་ཐུབ་མི་ནུས། གསུངས་ནས་མ་གནང༌། ཕྱིས་འཆི་ལྟས་འཇིགས་པ་ཞིག་བྱུང༌། ཁམས་ཀྱང་མ་བདེ། དེའི་སྐབས་སུ། ཆོས་རྗེ་རིན་པོ་ཆེ་ལ་སྐུ་ཁམས་མ་བདེ་བ་འགའ་བྱུང༌། དེར་ཉིན་མཚན་རྒྱུན་མི་འཆད་པར་གཉིད་དང༌། ཁ་ཟས་ཀྱི་འདུ་ཤེས་མ་བྱས་པར་ཞབས་ཏོག་བྱས། དེས་སྡིག་པ་ཅུང་ཟད་དག་པ་འདྲ། དེ་ནས་བླ་མའི་རྣལ་འབྱོར་འདི་གནང་བས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། འཕགས་པ་འཇམ་དཔལ་དུ་མཐོང༌། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། དེ་ཉིད་ཀྱིས་འཆི་ལྟས་ལས་གྲོལ། ཁམས་ཤིན་དུ་བདེ། དེ་ནས་སྒྲ། ཚད་མ། སྙན་ངག་སྡེབ་སྦྱོར། ཚིག་གི་རྒྱན། གསང་སྔགས་ཕ་རོལ་ཏུ་ཕྱིན་པ། མངོན་པ། འདུལ་བ་ལ་སོགས་པ། ལུང་དང་རིགས་པའི་གནས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གཟོད་གོ །སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལྷ་འདྲེ་མི་གསུམ་ཡང་བྱམས་པར་བྱུང༌། རྒྱ་གར་གྱི་རྒྱལ་པོ་ལ་སོགས་པ་ང་རྒྱལ་ཅན་ཐམས་ཅད། ངེད་ལ་ཆོས་ཞུ་ཟེར་ནས་གཙིགས་བྱེད་པའང་གཟོད་བྱུང༌། ནང་དུའང་ཡང་དག་པའི་རྟོགས་པ་ཅུང་ཟད་སྐྱེས། དེའི་ཚེ། ཁོ་བོ་ལ་ཕན་པར་བྱ་བའི་དོན་དུ་རྟེན་འབྲེལ་འགྲིགས་པའི་ཕྱིར། བསྙུང་བའི་ཚུལ་བསྟན་པ་ཡིན་གྱི། བསྙུང་བ་དངོས་མ་ཡིན་པར་འདུག གཞན་གྱིས་ཀྱང་དེ་ལྟར་བྱས་ན། རྟེན་འབྲེལ་ཕྱིན་ཅི་མ་ལོག་པ་འགྲིག་པར་འགྱུར་བ་ལ་ཐེ་ཚོམ་མི་ཟ། དང་པོ་སྦྱོར་བའི་ཆོ་ག་བསྟན་ཟིན་ཏོ།། །།གཉིས་པ་དངོས་གཞི་ནི། དེ་ལྟར་དོན་ཡོད་པའི་སྒོ་ནས། སྡིག་པ་སྦྱང༌། བསོད་ནམས་བསགས་ཏེ། ལུང་ངག་ཡིད་གསུམ་གསེར་སྦྱངས་པ་ལྟར་ལས་སུ་རུང་བར་གྱུར་པ་དང་བྱིན་རླབས་ཀྱི་སྒོ་དབྱེ་བ་དངོས་ལ་གསུམ། ཕྱི་ནང་གི་མཁའ་འགྲོ་མཉེས་པར་བྱ་བ་དང༌། སློབ་མས་མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་དང༌། བླ་མས་རྟེན་འབྲེལ་བསྒྲིགས་ཏེ། བྱིན་གྱིས་བརླབ་པའོ། །དང་པོ་ནི་གནས་དབེན་པར་མཁའ་འགྲོ་ལྔ་མཉེས་པར་བྱ་བ་ལག་ལེན་བཞིན་བྱ། གཉིས་པ་སློབ་མས་ཞེ་ཐག་པ་ནས་གསོལ་བ་གདབ་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་བདག་གསོལ་འདེབས། །ཞེས་བྱ་བ་དང༌། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོ་བདག་ལ་བཀའ་དྲིན་སྐྱོབས། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་པ་ལན་གསུམ་དང༌། བླ་མ་རིན་པོ་ཆེས་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་དང༌། ཡོན་ཏན་དང༌། ཕྲིན་ལས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་བོ།། །།གསུམ་པ་བླ་མས་རྟེན་འབྲེལ་བསྒྲིགས་ཏེ། བྱིན་གྱི་བརླབ་པ་ལ་གཉིས། བླ་མ་སངས་རྒྱས་སུ་ངེས་ཤེས་བསྐྱེད་པ་དང༌། ངེས་ཤེས་སྐྱེས་པའི་སློབ་མ་ལ་བྱིན་གྱིས་བརླབ་པའོ། །དང་པོ་ནི་གསང་བ་འདུས་པ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་སངས་རྒྱས་རྣམ་སྣང་མཛད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟར། བླ་མའི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པ། དེ་ཐམས་ཅད་བསྡུས་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། །སའི་ཁམས་སངས་རྒྱས་སྤྱན། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་གི་ཁམས་སྒྲོལ་མ། ནམ་མཁའི་ཁམས་ཆོས་ཀྱི་དབང་ཕྱུག་མ། བླ་མའི་སྤྱན་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྗགས་འཇིག་རྟེན་དབང་བྱུག ལུས་སྒྲིབ་པ་རྣམ་སེལ། ཡིད་འཕགས་པ་འཇམ་དཔལ། ཚིགས་ཀུན་ཏུ་བཟང་པོ། རྩ་བྱམས་པ། ཕྱག་གཡས་པ་གཤིན་རྗེ་གཤེད། གཡོན་པ་གཞན་གྱིས་མི་ཐུབ་པ། ཞལ་རྟ་མགྲིན། རྡོ་རྗེ་བདུད་རྩི་ཐབ་སྦྱོར། དཔུང་པ་གཡས་པ་མི་གཡོ་བ། གཡོན་པ་འདོད་པའི་རྒྱལ་པོ། རྗེ་ངར་གཡས་པ་དབྱུག་སྔོན་ཅན། གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་འཁོར་ལོས་སྒྱུར་བ། རྐང་མཐིལ་གནོད་མཛེས་རྒྱལ་པོ། གཞན་ཡུལ་རྣམས་གཟུགས་རྡོ་རྗེ། སྒྲ་རྡོ་རྗེ། དྲི་རྡོ་རྗེ། རོ་རྡོ་རྗེ། རེག་བྱ་རྡོ་རྗེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ། དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ། མཆོད་པ་བྱེད་པའི་ལྷ་མོ་ཡིན། དེ་ལྟར་ན་རྡོ་རྗེ་སློབ་དཔོན་གྱི་ཡུལ་ཡུལ་ཅན་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཡིན་པས། བླ་མ་ལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ཟེར་བའི་རྒྱུ་མཚན་ཐམས་ཅད་དེ་ཡིན་ཏེ། རྡོ་རྗེ་གུར་ལས། དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་དཔོན་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་པ་དང༌། གང་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །མཉེས་པར་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །རྡོ་རྗེ་སེམས་དཔའ་གཅིག་པུ་ཡི། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་བྱ་བ་དང༌། བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་བྱ་བ་དང༌། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀ །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་བྱ་བ་དང༌། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་བཞིན་ཉིད། །དེ་ཡི་དྲིན་གྱིས་རྟོགས་གྱུར་པས། །དེ་བས་དཀོན་མཆོག་གསུམ་ཡིན་ཏེ། །ཞེས་བྱ་བ་དང༌། གལ་ཏེ་ལྷ་ནི་མཉེས་འདོད་ན། །འབད་པས་བླ་མ་མཉེས་པར་བྱ། །ཞེས་བྱ་བ་དང༌། དབང་བསྐུར་ཐོབ་པའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པ་བས། བླ་མའི་བ་སྤུའི་བུ་ག་གཅིག་ལ་མཐོང་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བླ་མ་ལ་མཆོད་པ་བྱེད་པ་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་དང༌། གང་གི་ཕྱིར་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག བླ་མའི་བ་སྤུའི་བུ་ག་ལ་མཐོང་བ་དེའི་ཕྱིར། བྱང་ཆུབ་སེམས་དཔས་སློབ་དཔོན་ལ་སངས་རྒྱས་ཀྱི་མཆོད་པ་བྱེད་པ་མཐོང་ངོ༌། །ཞེས་བྱ་བ་དང༌། བདེ་མཆོག་རྩ་རྒྱུད་ལས། དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །དང་པོར་སློབ་དཔོན་མཉེས་པར་བྱ། །གྲུབ་འདོད་ཀུན་དུ་མཉམ་གཞག་པས། །ཅི་ནུས་པས་ནི་བླ་མར་མཆོད། །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་རོ། །དེས་ན་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ན། སངས་རྒྱས་ཀྱི་བྱིན་རླབས་འཇུག དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་སུ་གོ་ནའང་དེ་དང་མཐུན་པའི་བྱིན་རླབས་འཇུག་པ་ཡིན། སོ་སོ་སྐྱེ་བོར་མཐོང་ན། རང་ལ་ཡང་དེ་དང་མཐུན་པའི་བྱིན་རླབས་འཇུག་པ་ཡིན། སྤྱིར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་བྱིན་རླབས་བསམ་གྱིས་མི་ཁྱབ་ཀྱང༌། བྱིན་རླབས་འཇུག་པ་དཀའ། དེའི་བྱིན་རླབས་བླ་མ་ལ་བསྡུས་ནས། དེ་ལ་གསོལ་བ་བཏབ་ན། བྱིན་རླབས་མྱུར་དུ་འཇུག དཔེར་ན་ཉི་མའི་འོད་ཟེར་ཇི་ལྟར་ཚ་ཡང༌། སྤྲ་བ་ལ་མེ་མི་ཕྱིན། ཉི་མའི་འོད་མེ་ལོང་ལ་བསྡུས་ཏེ། སྤྲ་བ་ལ་བསྡུས་ན། མེ་མྱུར་དུ་ཟིན་པ་དང་འདྲ། དེ་ལ་སྤྲ་བ་རླན་མེད་ཅིང་དུལ་བ་དགོས་པ། དེ་ལྟར་སློབ་མ་ཡང་རྣམ་རྟོག་དང་ཐེ་ཚོམ་གྱི་རླན་མེད་ཅིང༌། སེམས་དུལ་བ་ལ་བྱིན་རླབས་འཇུག་པས། དེ་ལྟར་ངེས་ཤེས་བསྐྱེད་ནས། སློབ་མ་བྱིན་གྱིས་བརླབ་པ་ལ་གསུམ་སྟེ། ཞེན་པ་སྤང༌། དངོས་གྲུབ་བླང༌། དེ་ཁོ་ན་ཉིད་ལ་བློ་གཞག་པའོ། །དང་པོ་ནི་ཐོག་མར་བདག་ཏུ་གཟུང་བའི་ལོངས་སྤྱོད་གོས་ཀྱི་བར་དུ་དབུལ། དེ་ནས་དགྲ། དེ་ནས་གཉེན་རྣམས་དབུལ། དེ་ནས་མདུན་འདིར་ཐོད་པའི་སྒྱེད་པོ་བློས་འཁྱུད་ཚད་གསུམ་གྱི་སྟེང་དུ། རང་གི་ཐོད་པ་བཅད་དེ། དཔྲལ་བ་རང་ལ་བསྟན་ནས་བཞག །དེའི་ནང་དུ་རང་གི་རྐང་པ་གཡས་པ་བཅད་ལ་བསྐྱུར། དེ་ནས་རིམ་པ་བཞིན་དུ་ཐམས་ཅད་བཅད་ལ། མཇུག་ཏུ་ལག་པ་གཡས་པ་དེའི་ནང་དུ་བསྐྱུར། དེ་ནས་དེའི་ནང་དུ་ཟླ་བའི་དཀྱིལ་འཁོར་དང༌། ཤ་ལྔ་བདུད་རྩི་ལྔ་བསམས་ལ། ཐམས་ཅད་འདྲེས་པ་གཏོར་མ་བཞིན་བྱིན་གྱིས་བརླབ། དེའི་ཕུད་རྩ་བའི་བླ་མ་ལ་དབུལ་ལོ། །དེ་ནས་བླ་མ་བརྒྱུད་པ། ཡི་དམ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་དབུལ། དེ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང༌། ཡི་དམ་གྱི་ལྷར་བྱས་ལ་དབུལ། ཞེན་པ་སྤང་བའོ།། །།དེ་ནས་གཉིས་པ་དངོས་གྲུབ་བླང་བ་ནི། བླ་མའི་ཐུགས་རྣམ་པར་མི་རྟོག་པ་ཆོས་སྐུ། སྐུ་ཡི་དམ་ལྷ་དང་དབྱེར་མེད་པ་ལོངས་སྐུ། མཛད་པ་ཕྲིན་ལས་ཐམས་ཅད་སྤྲུལ་སྐུ། དེ་རྣམས་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །ཞེས་ངོ་སྤྲད། དེ་ནས་བླ་མའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ཐམས་ཅད་འོད་དང་གཟི་བརྗིད་དང་བཅས་པ། པདྨ་དང་ཉི་མའི་གདན་ལ་བཞུགས་པར་བསྒོམ། དེ་ནས་བླ་མའི་དཔྲལ་བ་ནས། ཨོཾ་ལས་འོད་ཟེར་ཁ་དོག་དཀར་པོ་ཨོཾ་གྱི་ཡི་གེའི་རྣམ་པར་ཅན་སྤྲོས། སློབ་མའི་དཔྲལ་བར་ཞུགས་ལུས་ཐམས་ཅད་དཀར་མེར་གྱུར། ལུས་ཀྱི་དྲི་མ་དག སྐུའི་དངོས་གྲུབ་སྩལ། བུམ་པའི་དབང་ཐོབ་སྙམ་དུ་སྒོམ། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་ཨཱཿའི་རྣམ་པ་ཅན་བྱུང༌། སློབ་མའི་མགྲིན་པར་ཞུགས། ངག་གི་དྲི་མ་དག་གསུང་གི་དངོས་གྲུབ་སྩལ། གསུང་གི་དབང་ཐོབ་སྙམ་དུ་བསམ། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་གི་རྣམ་པ་ཅན་སྤྲོས། སློབ་མའི་སྣ་སྒོ་གཡོན་ནས་ཞུགས། སྙིང་གའི་ཡི་གེ་ཧཱུྃ་གི་རྣམ་པར་གཞག ཡིད་ཀྱི་དྲི་མ་དག ཐུགས་ཀྱི་དངོས་གྲུབ་སྩལ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་བསམ། ཡང་སྐུ་གསུང་ཐུགས་རྣམས་ལས། འོད་ཟེར་འཇའ་ཚོན་གྱི་རྣམ་པར་སྤྲོས། སློབ་མའི་ལུང་ངག་ཡིད་གསུམ་ལ་ཁྱབ་པར་ཞུགས། ལུས་ངག་ཡིད་གསུམ་གྱི་བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་དག་པས། ཕྱིར་མི་ལྡོག་པར་བྱ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་ཞུགས། དབང་བཞི་པ་ཐོབ་པར་བསམ། དངོས་གྲུབ་བླང་བའོ།། །།དེ་ནས་གསུམ་པ་དེ་ཁོ་ན་ཉིད་ལ་བློ་གཞག་པ་ནི། སློབ་མའི་ལུས་སྐྱིལ་ཀྲུང༌། ལག་པ་མཉམ་གཞག སྒལ་ཚིགས་དྲང་པོར་བསྲང༌། བླ་མའི་སྨིན་མཚམས་སུ་མིག་མི་འཛུམས་པའི་ཚུལ་གྱི་ཧད་དེ་བལྟ། སེམས་གང་ལ་ཡང་འཛིན་པ་མེད་པར། ནམ་མཁའ་ལ་དུ་བ་ཡལ་བ་ལྟར་རང་ཡལ་དུ་གཞག དེ་ནས་བླ་མས་ལུས་ཀྱིས་རྡོ་རྗེ་དྲིལ་བུ་དཀྲོལ། ངག་ཏུ་ཡི་དམ་ལྷའི་སྙིང་པོ་དང༌། རྗེ་བཙུན་རྡོ་རྗེ་བདག་མེད་ཨཱ་ལིའི་སྔགས་བཟླས། སེམས་ཀྱིས་བླ་མ་དང་དཀོན་མཆོག་གསུམ་ལ་དབྱེར་མི་ཕྱེད་པའི་དད་པ་བྱས་ལ། སློབ་མའི་རྒྱུད་ལ་ཡང་དག་པའི་ཡེ་ཤེས་སྐྱེ་བ་དང༌། འཕེལ་ཞིང་མི་ཉམས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། བླ་མས་ཀྱང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག དེ་ལྟ་བུའི་རྟེན་འབྲེལ་གྱིས་མོས་གུས་རབ་འབྲིང་ལ་རྟོགས་པ་རབ་འབྲིང་དུ་སྐྱེ། རབ་ལུས་ངག་ཡིད་གསུམ་ལ་རྫུ་འཕྲུལ་དང༌། ལུང་སྟོན་པ་དང༌། མངོན་པར་ཤེས་པ་དང༌། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་སོགས་པ་དང༌། མཐོང་ལམ་ལ་སོགས་པའི་འཕགས་པའི་ས་ཐོབ་པའང་སྲིད་གསུང༌། འབྲིང་ལ་འཕར་བ་དང༌། གཡོ་བ་དང༌། སྨྲ་བ་དང༌། དགོད་པ་དང༌། སེམས་གཟུང་འཛིན་ལས་གྲོལ་བ་ལ་སོགས་པ་ཅི་རིགས་སུ་འབྱུང༌། ཐ་མ་ལའང་སེམས་ལ་ཏིང་ངེ་འཛིན་གྱི་བྱེ་བྲག་འགའ་ངེས་པར་འབྱུང་ངོ༌། །དེ་ངོས་ཟིན་པར་བྱས་ནས། ཉམས་སུ་བླངས་པས་ཏིང་ངེ་འཛིན་གོང་ནས་གོང་དུ་འཕེལ། སྤངས་པ་དང༌། རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང༌། དེ་ནས་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ། དེ་ལ་མཚོན་བྱ་དོན་གྱི་ཡེ་ཤེས། མཐོང་བའི་ལམ་ཚེ་འདི་འམ། འཆི་ཁ་འམ། བར་དོ་ཚུན་ཆོད་ལ་ངེས་པར་སྐྱེ། དེའང་ཡོན་ཏན་དང་བཅས་པའི་མཐོང་ལམ་ཆོས་ནས་བཤད་པ་ལྟར་སྐྱེའོ། །དངོས་གཞིའོ།། །།རྗེས་མཛད་སྤྱོད་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་སུ་བསམས་ནས་གསོལ་བ་གདབ་པའི་ཆོ་ག་ལ་གཉིས་ཏེ། བསྲུང་བྱའི་དམ་ཚིག་བསྟན་པ་དང༌། བསྒྲུབ་བྱའི་བསླབ་པ་ལ་གདམས་པའོ། །དང་པོ་ནི་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སྐྱོན་དུ་མི་གཟུང༌། བླ་མས་སྲོག་བཅད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་བས་ལོག་པར་གཡེམ་པ་མཐོང་བ་དང༌། བླ་མའི་ངག་གི་བརྫུན་དང༌། ཕྲ་མ་དང༌། ཚིག་རྩུབ་མོ་ལ་སོགས་པ་གསུངས་པ་དང༌། བླ་མའི་ཐུགས་ལ་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་ལ་སོགས་པའི་རྣམ་འགྱུར་དང༌། ཡོན་ཏན་མི་མཁས་པ་དང༌། མ་བསླབས་པ་དང༌། མ་རྫོགས་པ་ལ་སོགས་པའི་སྐྱོན་དང༌། ཕྲིན་ལས་ལ་སོགས་པའི་སྤྱོད་པ་ཕྱིན་ཅི་ལོག་ཆོས་དང་མི་མཐུན་ཞིང༌། འཇིག་རྟེན་པ་དང་འགལ་བ་སྣ་ཚོགས་མཛད་ཀྱང༌། བླ་མ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སྤྱོད་པ་ཕྱིན་ཅི་ལོག་ག་ལ་མངའ། ང་རང་གི་ལས་ངན་གྱི་སྒྲིབ་པས་སྣང་བ་ཕྱིན་ཅི་ལོག་ཡིན། ཚུལ་འདིས་བདག་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་རྟེན་འབྲེལ་མཛད་ངེས་སྙམ་དུ་བསམ། སྔོན་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་བླ་མ་འགའ་ཞིག་གིས་ཀྱང༌། ལ་ལ་རྒྱལ་པོའི་རྣམ་ཐར་གྱིས་མི་བཟོད་པ། ལ་ལ་དྲང་སྲོང་གི་རྣམ་ཐར་གྱི་ལྕེབ་པའི་རྣམ་ཐར་སྟོན་པ། ལ་ལ་ལུས་འཚོང་མ་ལ་སོགས་པའི་ཆ་བྱད་འཛིན་པ་ལ་སོགས་པ། སྤྱོད་པ་ཕྱིན་ཅི་ལོག་བྱེད་པ་མང་དུ་བྱུང༌། མི་མོས་པ་མ་བྱས་པས་འཕགས་པའི་ཆོས་ཟབ་མོ་དཔག་ཏུ་མེད་པ་རྟོགས་པའི་རྟེན་འབྲེལ་དུ་འགྱུར་སྙམ་དུ་བསམ། གཞན་ཡང་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་ཕག་རྫིའི་སྤྱོད་པ་ཕྱིན་ཅི་ལོག་བྱེད་པར་མཛད། འཕགས་པ་འཇམ་དཔལ་ཁྱིམ་བཙུན་ཉོས་ཆང་གིས་བཟི་བ་སྤྱོད་པ་ཕྱིན་ཅི་ལོག་སྣ་ཚོགས་མཛད་པ་དང༌། ཏི་ལོ་བ་ཉ་གསོན་པོར་སྲེག་པ་ལ་སོགས་པ་ངན་སྤྱོད་སྣ་ཚོགས་མཛད་པ་དང༌། རི་ཁྲོད་མགོན་པོ། ཉ་དང༌། སྲོག་ཆགས་དཔག་ཏུ་མེད་པ་གསོད་པ་དང༌། སློབ་དཔོན་རྒྱལ་བའི་རྡོ་རྗེ་ཐགས་མཁན་མཛད་པ་དང༌། གོ་རཀྵ་པ་བ་ལང་རྫི་མཛད་པ་དང༌། ག་རུ་ཌི་པ་བ་ལང་རྫི་མཛད་པ་དང༌། གུནྡྷི་རི་བྱ་བཤོར་བ་ལ་སོགས་པ་སྤྱོད་པ་ཕྱིན་ཅི་ལོག་མཛད་པ་ལ། སློབ་མ་དད་པ་ལོག་པ་ཐམས་ཅད་གྲོལ་མ་ནུས། མོས་པ་བྱས་པའི་སློབ་མ་ཐམས་ཅད་གྲུབ་པ་ཐོབ་པ་ཡིན། དེ་ནས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ། ངས་ཤེས་པར་མི་ནུས་སྙམ་དུ་བསམ། དེ་ལྟ་མ་ཡིན་ན། བླ་མའི་རྣམ་ཐར་གང་མི་ལེགས་སྙམ་ན། རང་ལ་མི་ལེགས་པ་འབྱུང༌། ལེགས་སྙམ་ན། གང་ལེགས་པ་འབྱུང༌། འདི་རྒྱུ་མཐུན་པའི་འབྲས་བུར་འགྲོ་བ་ཡིན། མདོ་ལས། མཁན་པོའི་ཟ་ལུགས་བ་ལང་དང་སྤྲེའུ་འདྲ། ཞེས་བརྗོད་པས་སྐྱེ་བ་ལྔ་བརྒྱར་བ་ལང་དང་སྤྲེའུར་སྐྱེས་པ་ལ་སོགས་པ་ཐམས་ཅད་དྲན་པར་བྱས་ལ། བླ་མའི་མཛད་སྤྱོད་ཐམས་ཅད་ལེགས་པ་འབའ་ཞིག་ཏུ་བསྒྲུབ་བོ། །གཞན་ཡང་དབང་བསྐུར་བའི་བླ་མའི་བཀའ་བཞིན་བསྒྲུབས་པས། དཔལ་ལྡན་འབྲས་ཕུང་གི་འབྲས་ཀྱི་ཆར་འབེབས་ནུས་པའི་བླ་མ་བས། བཀའ་བཞིན་བསྒྲུབས་པའི་ཉེ་གནས་ལོ་བཅུ་གཉིས་ཀྱི་སྔོན་དུ་སངས་རྒྱས་སྔ་བ་དང༌། བལ་པོའི་དཔེ་དཀར་བི་ཧ་རར། བླ་མ་གྲུབ་པ་ཐོབ་པའི་ཉིན་པར་ཉིད། ཉེ་གནས་ནི་ལོ་གཅིག་གི་གོང་དུ་གྲུབ་པ་ཐོབ་པ་དང༌། ཇོ་བོ་རྗེའི་ཉེ་གནས་དགོན་པ་གོང་མ་ན་བསྒྲུབ་པ་བྱས་པའི་སློབ་མ་གཞན་པས་ཁོང་གིས་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པ་རྟོགས་པ་བཟང་བར་གྱུར་པ་དང༌། ཆོས་རྗེ་ས་སྐྱ་པ་ཆེན་པོའི་སློབ་མ་དགེ་བཤེས་གཙུག་གཏོར་རྒྱལ་པོ་འདས་པའི་ཚེ། རིན་པོ་ཆེའི་ཁྲི་དང་གདུགས་དང༌། མེ་ཏོག་གི་ཆར་བབ་ནས། མཁའ་སྤྱོད་དུ་གཤེགས་པ་ཡུལ་པ་ཐམས་ཅད་ཀྱིས་མཐོང་བ་དང༌། དགེ་བའི་བཤེས་གཉེན་ཉི་མ་འོད་ལ་རྫུ་འཕྲུལ་དང༌། མངོན་ཤེས་བྱུང་བ་ལ་སོགས་པ་གཏམ་རྒྱུད་ཐམས་ཅད་དྲན་པར་བྱའོ།། །།གཉིས་པ་བསྒྲུབ་པའི་བསླབ་བྱ་ལ་གདམས་པ་ནི། བླ་མ་དགྱེས་པའི་རྡོ་རྗེའམ། འཁོར་ལོ་བདེ་མཆོག་ལ་སོགས་པ་དང་དབྱེར་མི་ཕྱེད་པ་ལ། བླ་མ་བརྒྱུད་པ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསྒོམས་པ་ལ། བླ་མའི་རྣལ་འབྱོར་ཐུན་བཞི་ལ་སོགས་པ་འབད་ན། ཚེ་འདི་ཉིད་ལ་འཚང་རྒྱ་བར་འགྱུར། གནས་སྐབས་ཕྲིན་ལས་བཞི་བསྒྲུབ་པ་ནི། ཞི་བའི་དངོས་གྲུབ་འདོད་ན་བླ་མ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། འཁོར་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ་དཔག་ཏུ་མེད་པས་བསྐོར་བར་བསམས་ནས། གསོལ་བ་བཏབ་ན། ནད་ཞི་བ་ལ་སོགས་པ་ཞི་བའི་དངོས་གྲུབ་ཐོབ། བླ་མ་མི་བསྐྱོད་པ་ལ་འཁོར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང༌། དཔལ་མགོན་པོ་ལྷ་མོ་ལ་སོགས་པས་བསྐོར་བར་བསམས་ལ། གསོལ་བ་བཏབ་ན། དགྲ་བགེགས་ཚར་གཅོད་པ་ལ་སོགས་པ་དྲག་པོའི་ལས་འགྲུབ། བླ་མ་འོད་དཔག་ཏུ་མེད་པ་ལ་འཁོར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༌། ཀུ་རུ་ཀུལླེ་ལ་སོགས་པས་བསྐོར་བར་བསམས་ཏེ། གསོལ་བ་བཏབ་ན། མི་ནོར་ལ་སོགས་པ་དབང་དུ་འདུ། བླ་མ་རིན་ཆེན་འབྱུང་ལྡན་ལ། འཁོར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང༌། རྣམ་ཐོས་སྲས་དང༌། འཕགས་པ་ཛམྦྷ་ལ་དང༌། ལྷ་མོ་ནོར་རྒྱུན་མ་དང༌། གནོད་སྦྱིན་ཨ་པ་རཱ་ཙི་ཏ་དང༌། ཚོགས་ཀྱི་བདག་པོ་ལ་སོགས་པས་བསྐོར་བར་བསམས་ལ། གསོལ་བ་བཏབ་ན། དཔལ་དང༌། གྲགས་པ་དང༌། འབྱོར་བ་ལ་སོགས་པ་ཐམས་ཅད་རྒྱས་པར་འགྱུར་རོ། །བླ་མ་དོན་ཡོད་གྲུབ་པ་ལ་འཁོར་བྱང་ཆུབ་སེམས་དཔའ། མཐོང་བ་དོན་ཡོད་དང༌། རྡོ་རྗེ་རྣམ་འཇོམས་དང༌། རྗེ་བཙུན་སྒྲོལ་མ་སོགས་པས་བསྐོར་བར་བསམས་ལ། གསོལ་བ་བཏབ་ན། ཕྲིན་ལས་བཞིའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ།། །།དེ་ལྟར་གདམས་ནས། སློབ་མས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་བྱ་བ་དང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ཉིད་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། ཇི་ལྟར་ཡོད་པའི་ཡོན་ཕུལ་ལ། ཇི་ལྟར་མཉེས་པའི་བྱ་བ་རྣམས་བྱའོ། །དེ་ལྟར་བཤད་པ་དེ་དག་ཀྱང་ཆོ་གའི་དངོས་གཞི་ལ་རྒྱས་བསྡུས་ཀྱི་འཕེལ་འགྲིབ་གང་ཡང་མ་མཛད། རྟོགས་པ་བསྐྱེད་པའི་ལུང་དང༌། བླ་མའི་ལོ་རྒྱུས་རྣམས། སློབ་མའི་བསམ་པ་དང་བསྟུན་ནས། རྒྱས་བསྡུས་བག་རེ་གསུངས་པ་དང༌། རང་ཉིད་ལ་ཇི་ལྟར་གདམས་པའི་ཚུལ་མདོ་ཙམ་བྲིས་པའོ།། །།དཔལ་མགྲིན་གོས་སེར་མེ་ཏོག་མདའ་འཇོམས་པའི། །བུ་རམ་ཤིང་པའི་གསུང་རབ་དྲི་མེད་འཛིན། །དཔལ་ལྡན་བླ་མའི་སྒྲུབ་པ་འདི་བྲིས་པའི། །དགེ་བས་འགྲོ་ཀུན་བདུད་ལས་རྒྱལ་གྱུར་ཅིག །བྱིན་རླབས་ཀྱི་རིམ་པ་བླ་མའི་རྣལ་འབྱོར། བླ་མ་ཐམས་ཅད་ཀྱི་བྲན་དུ་གྱུར་པ། ས་སྐྱ་པཎྜི་ཏས་སྦྱར་བའོ། །ཉེས་པའི་ཚོགས་ཐམས་ཅད་བླ་མ་ལ་བཟོད་པར་གསོལ། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་བླ་མ་དམ་པ་མཉེས་པར་བྱེད་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply