བླ་མའི་རྣལ་འབྱོར་གུག་ཤི་ཇོ་འབུམ་མ།

༼ན༽

༄༅། །བླ་མའི་རྣལ་འབྱོར་གུག་ཤི་ཇོ་འབུམ་མ་བཞུགས།། 

༄༅། །ན་མོ་གུ་རུ་བྷ་དྲཱ་ཡ། སྤྱིར་འོ་སྐོར་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་གསང་སྔགས་པ་རྟེན་འབྲེལ་ལམ་དུ་བྱེད་པ་ཡིན། རྟེན་འབྲེལ་གྱི་གཞི་བླ་མ་ལ་སངས་རྒྱས་སུ་མཐོང་བ་ཅིག་དགོས་པར་གདའ། དེ་ལ་འོ་སྐོལ་གྱི་རྗེ་རིན་པོ་ཆེ་རྡོ་རྗེ་འཆང་དངོས་ཡིན་པར་འདུག་སྟེ་ཁོ་བོས་ཀྱང་སྐུ་གཤེགས་ཁ་དང༌། དེའི་རྟིང་གི་རྣམ་ཐར་མིན་པ་མ་གོ ད་གཟོད་བདག་ལ་རྐང་གི་ཁོང་ནས་མི་ཕྱེད་པའི་དད་པ་སྐྱེས། དེ་ཉིད་ཀྱང་རྗེ་ཆེན་པོ་སྨན་གྱི་བླ་འོད་ཀྱི་རྒྱལ་པོར་བསྒོམས་ལ་དེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བསྒོམ། ཡང་ན་སྤྱན་རས་གཟིགས་སམ་རྗེ་བཙུན་མ་སྒྲོལ་མ་གང་མོས་སུ་བསྒོམ། དེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བསྒོམས་ལ་ལུས་རྡོ་རྗེ་སྐྱིལ་ཀྲུང་ངམ། སྐྱིལ་ཀྲུང་ཅི་བདེར་བསྡད། དེ་མ་ནུས་ན་ཡང་སྔས་ཤིན་ཏུ་མཐོ་བར་བྱས་ལ་གློ་ཕབ་ནས་སེམས་ཀྱིས་བླ་མ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དེ་ལ་ཕྱི་རོལ་གྱི་ལོངས་སྤྱོད་རྣམས་དབུལ། དེ་ནས་དགྲ་དང་གདོན་རྣམས་དབུལ། དེ་ནས་གཉེན་རྣམས་དབུལ། གོས་ཚུན་ཆད་ཀྱང་ཕུལ་ལ་རང་གཅེར་བུ་མ་ཡིན་པ་ཐམས་ཅད་དབུལ། དེ་ནས་བླ་མའི་མདུན་དུ་རང་གི་སེམས་ཀྱིས་མཚོན་ཅིག་བླངས་ལ་རང་གི་ཐོད་པ་བཅད་ལ་ཐོད་པའི་སྒྱེད་པོ་གསུམ་གྱི་སྟེང་དུ་ཐོད་པའི་སྣོད་གླིང་བཞི་བས་རྒྱ་ཆེ་བ་ཅིག་ཏུ་གྱུར་པར་བསམ། དེ་ནས་རྐང་པ་གཡས་ནས་མགོ་བཟུང་ལ་རིམ་གྱིས་བཅད་ཅིང་ཐོད་པ་ཆེན་པོ་དེའི་ནང་དུ་བསྐུར་ལ། ནང་གི་རྟིང་ལ་གཅོད་མཁན་གྱི་ལག་པ་གཡས་པའང་དེའི་ནང་དུ་བསྐྱུར། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ལྷའི་བདུད་རྩི་དང༌། མིའི་ལོངས་སྤྱོད་ཐམས་ཅད་ཀྱང་བློས་བླངས་ལདེའི་ནང་དུ་གཞུག དེ་ནས་ཐོད་པའི་འོག་ནས་མེ་ཆེན་པོ་འབར་བས། བདག་གི་ལུས་ཀྱི་དུམ་བུ་དང༌། ལྷའི་བདུད་རྩི་ལ་སོགས་པ་ཐམས་ཅད་ཁོལ་ནས་འདྲེས་པའི་རླངས་པ་འོད་ཟེར་གྱི་ཚུལ་དུ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བདུད་རྩི་ཐམས་ཅད་ཀྱང༌། དེར་བབས་ནས་གཅིག་ཏུ་འདྲེས། ཡང་སྐབས་འདིར་རང་གི་ལུས་པོ་ཡོད་པ་སྙམ་བྱེད་པ་ཅིག་ཡོད་པས་ལུས་ཐམས་ཅད་དུམ་བུ་དུམ་བུར་བྱས་ལ་ཐོད་པ་ཆེན་པོ་དེར་བསྐྱུར་ལ། རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་མངོན་སུམ་དུ་བཞུགས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་ལ་མགོན་མ་མཆིས་པ་བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛད་དུ་གསོལ། ཞེས་བརྗོད་ནས་གསོལ་བ་བཏབ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ནས་བླ་མ་ལ་བསྐོར་བའི་ཚུལ་གྱིས་ས་སྟེང་དང་ས་འོག་དང་བར་སྣང་ཐམས་ཅད་སྤྲིན་བཞིན་བཏིབས་ནས་སྤྱིར་སེམས་ཅན་ཐམས་ཅད་དང༌། སྒོས་སུ་གང་སྡུག་ཅིང་ཉམ་ཐག་པ་རྣམས་ལ་མ་འཇིགས་མ་འཇིགས་ཞེས་དབུགས་ཕྱུང་བར་བསམ། དེ་ནས་རང་གི་ལུས་བདུད་རྩིར་སོང་བ་དེ་བླ་མས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟར་བཞེད་པའི་ལོངས་སྤྱོད་དུ་གྱུར་ནས་མཉེས་ཤིང་དགྱེས་པར་བསམ། ལྷག་མ་རྣམས་སེམས་ཅན་དམྱལ་བའི་བར་གྱི་རིགས་དྲུག་རྣམས་ལ་བྱིན་པས་ཚིམ་ཞིང་དགྱེས་ཏེ། གཅིག་ལ་གཅིག་ཕ་མའི་འདུ་ཤེས་སྐྱེས་ཏེ། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སྐྱེས་ཏེ། སངས་རྒྱས་ཀྱི་སའི་བར་ཞུགས་པར་བསམ་མོ། །དེ་ནས་དངོས་གྲུབ་བླང་སྟེ་བླ་མས་གཙོ་བྱས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང༌། བདག་གི་དཔྲལ་བར་ཞུགས། སྐུའི་དངོས་གྲུབ་སྩལ། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་ནས་འོད་ཟེར་དམར་པོ་བྱུང༌། བདག་གི་མགྲིན་པར་ཞུགས། གསུང་གི་དངོས་གྲུབ་སྩལ། ངག་གི་དྲི་མ་དག གསང་བའི་དབང་ཐོབ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང༌། བདག་གི་སྙིང་གར་ཞུགས། ཐུགས་ཀྱི་དངོས་གྲུབ་སྩལ། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བླ་མ་དང་བཅས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་པ་འཇའ་ཚོན་གྱི་ཚུལ་དུ་བྱུང༌། བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཐའ་དག་གི་དངོས་གྲུབ་སྩལ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དབང་བཞི་པ་ཐོབ་པར་བསམ། དེ་ནས་དེ་ཁོ་ན་ཉིད་ལ་བློ་གཞག་པར་བྱ་སྟེ། བླ་མ་དང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱང་རྨི་ལམ་ལྟ་བུ། བདག་གི་ལུས་གཏུབས་པའང་རྨི་ལམ། སླར་བག་ཆགས་ཀྱི་ལུས་སུ་སྣང་བའང་རྨི་ལམ། དེ་ལ་འོད་ཟེར་གྱིས་དབང་བསྐུར་ཏེ། དངོས་གྲུབ་བླངས་པའང་རྨི་ལམ། བདག་མི་ཡིན་པར་སྣང་བའང་རྨི་ལམ། ན་བར་འདུག་པའང་རྨི་ལམ། ནད་དྲག་པར་སྣང་བའང་རྨི་ལམ། དེས་ན་རྨི་ལམ་གྱི་སྐྱེ་རྒ་ན་འཆི་ལ་སུ་འཇིགས། མ་གོ་བ་རྣམས་གཉིད་ཀྱི་རྨི་ལམ་ན་ནད་དྲག་པོས་བཏབ་པ་ལ་ཤིན་ཏུ་སྡུག་བསྔལ་བར་ཡོད་པ་ལས་སད་པ་དེའི་ཚེ། རྨི་ལམ་དུ་འདུག་པས་དེ་ལ་སྡུག་བསྔལ་བ་རང་འཁྲུལ་བར་འདུག རྨི་ལམ་དུ་ན་ཡང་སུ་ཕུང༌། དྲག་ཀྱང་སུ་འཚེང༌། དེས་ན་རྨི་ལམ་འདིས་བདག་མཚན་ཐོག་ཐག་ཏུ་མགོ་བསྐོར་སྙམ་པ་དེ་བཞིན་དུ་གཉིད་སད་པའི་གནས་སྐབས་ཀྱི་སྐྱེ་རྒ་ན་འཆི་ཡང་རྨི་ལམ་དང་འདྲ་བས་སུ་ཡང་འཇིགས་པར་མི་འགྱུར་རོ། །དེ་ལ་གཟུ་ལུམས་ཙམ་མ་ཡིན་པ། རིག་པས་དཔྱད་ནས་ངེས་ཤེས་སྐྱེ་དགོས་ཏེ། འདི་ལྟར་རྨི་ལམ་མཐོང་བ་ཡུལ་མེད་པ། །མ་སད་བར་ལ་རྟོགས་མ་ཡིན། །ཞེས་གསུངས་པ་ལྟར་རྨི་ལམ་དུ་ན་ཡང་གཉིད་མ་སད་ཀྱི་བར་ལ་རྨི་ལམ་ཡིན་སྙམ་དུ་ངོ་མི་ཤེས། གཉིད་ནམ་སད་པ་ན་འོ་ན་ད་ཅིའི་སྡུག་བསྔལ་དེ་རྣམས་རྨི་ལམ་དུ་འདུག་སྙམ་དུ་ཕྱིས་ངེས་ཤེས་སྐྱེ། དེ་བཞིན་དུ་ད་ལྟའང་མ་རིག་པའི་གཉིད་ལོག་པའི་རྨི་ལམ་ཡིན་པས། རྨི་ལམ་ཡིན་བྱས་ཀྱང༌། ཅི་སྲིད་འཁོར་བ་པ་མ་རིག་པའི་གཉིད་མ་སད་ཀྱི་བར་ལ་རྨི་ལམ་དུ་མི་གོ་སྟེ། དཔེར་ན་ད་ལྟ་གཉིད་ལོག་པའི་རྨི་ལམ་ན་རྨི་ལམ་ཡིན་པར་མི་གོ་བ་དང་འདྲ། ཕྱིས་མ་རིག་པའི་གཉིད་སད་ནས་མཐོང་ལམ་སྐྱེད་པ་ན། གཟོད་གོ་སྟེ་འོ་ན་སྔར་གྱི་དེ་རྣམས་འཁྲུལ་པར་འདུག་པས་ཚེ་རིང་ཐུང་དང་ན་མི་ན་ལ་སོགས་པ་གང་ལའང་འཇིགས་རྒྱུ་མི་འདུག་པ་ལ་དོན་མེད་པར་ངས་ཇི་ཙམ་ཞིག་སྡུག་བསྔལ་བྱས་སྙམ་པ་ལེགས་པར་གོ་ནས་སྡུག་བསྔལ་ཐམས་ཅད་ལས་གྲོལ་ལོ། །དེས་ན་ད་ལྟའང་སྡུག་བསྔལ་ངོ་ཤེས་པར་བྱ། སེམས་ལ་ནི་སྐྱེ་འཇིག་མེད། སྐྱེ་ཤིར་སྣང་བ་རྨི་ལམ་ཡུན་རིང་ཐུང་ཡིན་སྙམ་དུ་ངེས་ཤེས་བསྐྱེད་ལ་དེ་ཁོ་ན་ཉིད་ལ་གཞག དེའང་རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འགག་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལ་འདི་སྙམ་དུ་འོ་ན་རྨི་ལམ་གྱི་སྣང་བ་ཡུན་ཐུང༌། སད་པའི་སྣང་བ་ཡུན་རིང་སྙམ་ན། དེའང་ངེས་པ་མེད་དེ་རྨི་ལམ་དུ་ལོ་བརྒྱར་བསྡད་པ་རྨི་བའང་ཡོད། མིར་སྐྱེས་ནས་ཞག་གཅིག་མ་ལོན་པར་ཤི་བའང་ཡོད་པ་ཡིན་ཡང་ཚེ་རིང་ཐུང་དུ་སྣང་བའང་རང་གི་རྣམ་རྟོག་གི་སྐྱེ་ལུགས་ཅིག་ལས་དོན་དམ་པར་ལྟ་ཞོག ཀུན་རྫོབ་ཏུ་འང་ངེས་པ་མེད་དེ་དགོངས་པ་ལུང་སྟོན་པའི་རྒྱུད་ལས། སྐད་ཅིག་ཐང་ཅིག་ཡུད་ཙམ་དང༌། །ཟླ་ཕྱེད་ཟླ་བ་ལོ་ཡི་དུས། །བསྐལ་པ་གྲངས་མེད་གསུམ་པོ་ནི། །སྐད་ཅིག་གཅིག་ཏུ་མཉམ་པར་གསུངས། །ཞེས་གསུངས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པ་ལས། བཅོམ་ལྡན་འདས་བྱ་རྒོད་ཕུང་པོ་ལ་བཞུགས་པ་ན། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཞིག་སངས་རྒྱས་ཀྱི་ཞབས་དྲུང་དུ་ལྷགས་ནས། བར་གྱི་བསྐལ་པ་བཅུ་དྲུག་ཏུ་བཅོམ་ལྡན་འདས་ལ་བལྟས། བཅུ་དྲུག་ཏུ་ཆོས་ཉན། བཅུ་དྲུག་ཏུ་དྲིས། བཅུ་དྲུག་ཏུ་བསམས་ནས་རང་གི་གནས་སུ་སོང་ངོ༌། །དེའི་བར་ལ་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཕྱེ་མ་རེད་ཀྱི་ཐུན་གཅིག་ཏུ་མཐོང་བར་བཤད། དེས་ན་རང་རང་གི་སྣང་བ་ལ་གཉིས་ཀ་བདེན་ལ་དོན་དམ་པར་གཉིས་ཀ་མ་གྲུབ་པ་ཡིན། དེས་ན་ཚེ་རིང་ངོ་སྙམ་པའི་རྟོག་པ་སྐྱེས་ན་རིང་པོར་འགྲོ། ཐུང་ངོ་སྙམ་པའི་རྟོག་པ་བཟུང་ན་ཐུང་བར་འགྲོ་བ་ལ་དོན་དམ་པར་ཚེ་རིང་ཐུང་མ་གྲུབ་སྟེ། དུས་ཀྱི་གཞི་སྐད་ཅིག་མ་དོན་དམ་པར་མ་གྲུབ་པའི་ཕྱིར་རོ། །དཔེར་ན་རྡོ་གཅིག་མེད་པ་ལ་རྡོའི་ཕུང་པོ་མི་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་ཚུལ་གྱིས་ངེས་ཤེས་བསྐྱེད་ལ། སྐྱེ་བ་དང༌། ན་བ་དང༌། རྒ་བ་དང༌། འཆི་བ་དོན་དམ་པར་མ་གྲུབ་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ལ་བློ་གཞག སྤྱིར་ན་བ་དང༌། རྒ་ཤིས་འཇིགས་ན་ལྟ་བ་མ་གོ འཁོར་བའི་རྣམ་རྟོག་གིས་བསྒྲིབས་ན་བསྐྱེད་རིམ་མ་གོ ལྟ་བ་མངོན་པར་ཞེན་ན་རྫོགས་རིམ་མ་གོ་བའི་རྟགས་ཡིན། འདི་ལ་ངེས་ཤེས་སྐྱེས་ན་ནད་གང་ཡང་མི་སོས་མི་སྲིད་པར་གདའ། རྗེས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་བསྔོ་བ་བྱའོ།།  །།འདི་བླ་མའི་རྣལ་འབྱོར་གྱི་བྱེ་བྲག་གཅིག་ལགས། འདི་ལ་དམིགས་པའི་རིམ་པ་གསུམ་ཡོད་པའི་དང་པོ་ཞེན་པ་སྤང་བ་དེ་རྨི་ལྟས་བཟང་བ་ཅིག་བྱུང་བྱུང་ངམ་ངེས་ཤེས་སྐྱེས་སྐྱེས་བསྒོམ། འདི་ཀས་ནད་དྲག་པོ་ཡོང་བ་ཀུན་སོས་ཀྱིན་གདའ། དེ་ནས་དམིགས་པ་གཉིས་པ་དངོས་གྲུབ་བླང་བ་བསྒོམ། དེ་ནས་ཁོ་ན་ཉིད་ལ་བློ་གཞག་ལ་བསྒོམ། ཐམས་ཅད་དུས་གཅིག་ལ་བློས་འཆུན་པ་དཀའ་བར་གདའ་བས་ཇི་ལྟར་བློ་ལ་གསལ་བ་བཞིན་བསྒོམ། འདིས་སྨན་པས་བོར་བའི་ནད་པ་ཀུན་ཀྱང་སོས་ཀྱིན་གདའ། མཛེ་དང་དམུ་ཆུ་ཡང་ཟླ་བ་རེ་འམ་ལོ་རེ་ཙམ་གྱིས་སོས་ཀྱིན་གདའ། འདི་ཉམས་སུ་མྱོང་བ་ལགས། གནས་སྐབས་ཐམས་ཅད་དུ་མཆིལ་མ་སྟོང་མིད་བྱ་ཞིང་སྒྲེགས་པ་ཡང་དང་ཡང་དུ་གདོན། སེམས་ཆོས་ཉིད་ལ་གཞག ཤེས་པ་མ་བཅོས་པར་ཡུལ་ལ་བལྟ་ཞིང་ཤེས་པ་བདེ་བར་བྱས་ལ་རི་མཐོ་སའམ། ནགས་གསེབ་དང་རི་བྲག་ཀུན་ཏུ་དུས་རྒྱུན་དུ་ཐག་རིང་པོར་འགྲོ་ཞིང་ཡང་དེ་ཉིད་ཀྱི་ཉིན་པར་རང་གི་གནས་སུ་ལྡོག འདི་མང་དུ་བྱ། གྲུབ་ཚད་ཀྱིས་སྐབས་སུ་དགེ་འདུན་ནམ། བླ་མའི་ཕྱོགས་སམ། སེམས་ཅན་གྱི་དོན་དུ་དམིགས་ལ་ས་རྡོ་སྐྱེལ་བའི་ལས་སམ། ཁུར་ཧ་ཅང་ཡང་ལྕི་བ་མ་ཡིན་པ་འཁུར། འདི་བོགས་འབྱིན་དུ་འགྲོ་བ་ལགས་པས་གལ་ཆེ། བླ་མའི་རྣལ་འབྱོར་ས་སྐྱ་པཎྜི་ཏས་གུག་ཤི་ཇོ་འབུམ་གྱི་དོན་དུ་སྦྱོར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*