སྒྲུབ་པ་ལུང་སྦྱིན།

༼ན༽

༄༅། །སྒྲུབ་པ་ལུང་སྦྱིན་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པའི་ཟེའུ་འབྲུ་ལ་སྒོ་གསུམ་རྣམ་པར་དང་བའི་འདུན་པས་གུས་པར་བདག་གིས་རྣམ་པར་གཏུགས་པ་ལགས་སོ། །གང་གི་མཐུ་སྟོབས་དབང་ཕྱུག་གསུང༌། །མཐའ་དག་ཐུགས་སུ་ཆུད་གྱུར་དེའི། །སྲས་ཀྱི་དམ་པས་རྗེས་གནང་བ། །འདི་ལ་སོམ་ཉི་བདག་ལ་མེད། །འདིར་ལམ་བསྡུས་ཏེ་བསྒྲུབ་པའི་ལུང་སྦྱིན་པར་འདོད་ན། དོན་གསུམ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པས་མཁའ་འགྲོ་མཉེས་པར་བྱ་བ་དང༌། བསྒྲུབ་པའི་ལུང་སྦྱིན་པས་ཕྱི་ནང་གི་རྟེན་འབྲེལ་དང༌། དམ་ལ་གཞག་པས་རྡོ་རྗེ་འཆང་གི་བཀའ་ལུང་བསྒྲུབ་པའོ། །དང་པོ་ནི་དུས་ཁྱད་པར་ཅན་ལ་ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བྱས་ནས་ཕྱི་ནང་གི་མཁའ་འགྲོ་རྣམས་མཉེས་པར་བྱའོ། །གཉིས་པ་བསྒྲུབ་པའི་ལུང་སྦྱིན་པ་ནི་སློབ་མས་བླ་མ་རྡོ་རྗེ་འཆང་དུ་ཞེ་ཐག་པ་ནས་བསྒོམ། མཎྜལ་ཚུལ་བཞིན་དུ་དབུལ། གུས་པས་ཕྱག་བྱས། མ་ཡེངས་པར་ཙོག་ཙོག་པོར་འདུག་ལ། སྤྲོ་བས་མེ་ཏོག་སྙིམ་པས་འཛིན་པ་ལ། བླ་མས་ཀྱང་ཟང་ཟིང་མེད་པའི་བྱམས་པ་དང་འཁོར་བ་ལས་འདོན་པའི་སྙིང་རྗེ་དང༌། བྱིན་རླབས་འཇུག་པའི་དགའ་བས་སློབ་མ་རྗེས་ཟློས་བྱེད་དུ་གཞུག་སྟེ་འདི་སྐད་ཅེས། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །འབར་གཡོ་བརྟན་པའི་བྱེ་བྲག་གིས། །སྲོག་རྩོལ་འགོག་པ་དེ་བཞིན་ཏེ། །བདེ་ཆེན་ཆོས་སྐུ་ནམ་མཁའ་བཞིན། །ཞེས་ལན་གསུམ་བརྗོད་པའོ། །དང་པོ་བསྒྲུབ་པའི་བར་ཆད་བསལ་བའི་ལུང༌། གཉིས་པ་བྱིན་གྱིས་བརླབས་པའི་ལུང༌། གསུམ་པ་གཞན་དོན་བྱ་བ་ལ་འཇུག་པའི་ལུང་གསུམ་ཡིན་པས་བཤད་པ་ཡང་དེ་སྐད་ཅེས་བྱའོ། །ལན་དང་པོ་རྗེས་སུ་བཟླས་པས་ཁྱོད་ཀྱི་ལམ་ཟབ་མོ་ཡན་ལག་དང་བཅས་པ་བརྩོན་འགྲུས་དང་བསྟུན་བའི་བྱེ་བྲག་གིས་ཇི་ལྟར་རིགས་པར་བསྒྲུབ་དགོས་ལ། དེ་ལྟར་བསྒྲུབས་པ་ན་ཕྱི་རོལ་བདུད་ལ་སོགས་པའི་བར་དུ་གཅོད་པ་རྣམས་ཀྱང་མི་འབྱུང་བའི་ལུང་ཐོབ་པ་ཡིན་ནོ་ཞེས་བཤད་དོ། །ལན་གཉིས་པ་བཟླས་པའི་རྗེས་ལ་ཁྱོད་ཀྱི་རྒྱུད་ལ་སླན་ཆད་རྗེ་བཙུན་རྡོ་རྗེ་བདག་མེད་མ་ནས་བདག་གི་བར་དུ་རྗེས་སུ་བྱུང་བའི་བྱིན་རླབས་དེ་ཞུགས་པས་ངོ་བོ་ཟུང་འཇུག་ལ་སོགས་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་གདོན་མི་ཟ་བར་སྐྱེ་བ་ཡིན་ནོ་ཞེས་བཤད་དོ། །ལན་གསུམ་པ་བཟླས་ནས་དེང་སླན་ཆད་ཁྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་བྱ་བའི་མཐུ་དང་ལྡན་པའི་མཐུ་དང་ལྡན་པར་མཛད་པས་ཡོངས་སུ་བརྟག་པའི་སློབ་མ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་སྨིན་པར་བྱ་བ་ལ་སོགས་པའི་སྒོ་ནས་གཞན་དོན་བྱ་བའི་མཐུ་དང་ལྡན་པའི་ལུང་ཐོབ་པ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་བརྗོད་པ་རེ་རེའི་རྗེས་སུ་བཤད་པ་གསུམ་ཚར་ནས། གསུམ་པ་དམ་ལ་གཞག་པ་ནི་སྤྱི་བོར་རྡོ་རྗེ་བཞག་ལ་ཕན་ཡོན་དང་ཉེས་དམིགས་དང་གཉིས་ཀ་དང་རྡོ་རྗེ་སློབ་དཔོན་གྱི་བཀའ་གཉན་པ་བཞིས་ཚིགས་སུ་བཅད་པ་དབང་གི་ཆུ་བོ་བཞིན་བརྗོད་དོ། །རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་དགོངས་པས་དམ་དུ་སྦ་ཞིང་དམ་དུ་སྤེལ་ཞེས་བྱ་བ་ཡིན་པས། སློབ་མའི་འབྲེལ་མ་བརྟགས་པར་དབང་མི་བསྐུར། དབང་མ་རྫོགས་པར་ཁྲིད་མི་བྱ། ཁྲིད་མ་བྱས་པར་གདམས་ངག་མི་བཤད། གདམས་ངག་མ་ཚར་བར་ལུང་མི་སྦྱིན། ལུང་མ་བྱིན་པར་བཀའ་རྒྱས་མི་གདབ་ཅེས་གསུངས་པས། དེས་ན་ཚུལ་དེ་ལྟ་བུ་དང་ལྡན་པའི་སློབ་མ་དམ་པ་ལ་ལུང་བྱིན་ལ། གལ་ཏེ་རྟེན་འབྲེལ་ཐུགས་སུ་ཆུད་པའི་རྡོ་རྗེ་སློབ་དཔོན་ཡིན་ན། དེས་ཡུལ་འདི་ལྟ་བུ་དང༌། གང་ཟག་འདི་ལྟ་བུ་དང༌། དུས་ཚོད་འདི་ལྟ་བུ་ལ་ཁྱོད་ཀྱིས་ལེགས་པར་སྟོན་ཅིག་འདི་ལྟ་བུ་ལ་མ་སྟོན་ཅིག་ཅེས་བཀའ་རྒྱས་བཏབ་ལ་སློབ་མས་ཀྱང་དེ་ལྟར་ངེས་པར་བྱའོ། །རྟེན་འབྲེལ་མི་ཤེས་པ་ཅིག་ཡིན་ནའང༌། ཁྱོད་ཀྱིས་དབང་དང་དམ་ཚིག་ཐོབ་ཅིང་སྐལ་པ་དང་ལྡན་པའི་སློབ་མ་ལ་ལེགས་པར་བཤད་ཀྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བཀའ་རྒྱས་བཏབ་ལ་སློབ་མ་རྣམས་ཀྱིས་ཀྱང་དེ་ལྟར་བསྒྲུབ་བོ། །དེ་ནས་སྔར་བཤད་པའི་རྡོ་རྗེའི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་གཉིས། རྒྱུད་གསུམ་སྤྱི་ལ་སྦྱར་བ་དང༌། སོ་སོ་ལ་སྦྱར་བའོ། །དང་པོ་ནི་རྐང་པ་དང་པོས་རྒྱུད་སྦྱོང་བ་དབང༌། བར་མ་གཉིས་ཀྱིས་ལམ། ཐ་མས་འབྲས་བུ་བསྟན་པའོ། །དེ་ལ་དཀྱིལ་འཁོར་ལྔ་ནི་རྡུལ་ཚོན་དུ་རྡོ་རྗེ་སློབ་དཔོན། ལུས་དང་བྱང་ཆུབ་ཀྱི་སེམས་ལ་གསང་དབང༌། ལུས་བྷ་ག་ལས་ཤེས་རབ་ཡེ་ཤེས། རྟེན་དཀྱིལ་འཁོར་གསུམ་དང༌། བརྟེན་པ་དོན་དམ་བྱང་ཆུབ་སེམས་ལས་དབང་བཞི་པ་ཐོབ་པའོ། །དེ་ནས་ལམ་ལ་འབར་བས་ཁམས་འདུས་པ་དང་པོ། གཡོ་བས་བར་པ། བརྟན་པས་ཐ་མ། སྲོག་རྩོལ་གྱི་རླུང་བརྒྱད་བརྒྱ་པ་བཅུ་གཉིས་རིམ་གྱིས་འགགས་ནས་འགྲོ་བས་འགོག་པ་སྟེ། ལམ་ས་ཕྱེད་དང་བཅུ་གསུམ་པོ་བསྟན་ཏོ། དེ་ལ་འབྲས་བུ་ལ་བདེ་ཆེན་གྱིས་ངོ་བོ་ཉིད་ཀྱི་སྐུ་དང༌། ནམ་མཁའ་འང་ཆོས་སྐུ། བཞིན་གྱི་དོན་གྱིས་གཟུགས་སྐུ་གཉིས་བསྟན་ཏེ། དེ་ལྟར་ན་འགྲོས་བཞི་ཐིམ་པ་ལས་སྐུ་བཞིའམ་ལྔ་འབྱུང་བར་བསྟན་ཏོ། །གཉིས་པ་སོ་སོར་སྦྱར་ན། གསུམ། རྒྱུ་དང༌། ལམ་དང༌། འབྲས་བུ་ལ་སྦྱར་བའོ། དང་པོ་ནི། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཞེས་པའི་དཀྱིལ་འཁོར་ལྔ་ནི་སེམས་ཅན་གྱི་ཁམས་ལས་འབྱུང་བ་ལྔ། ཉོན་མོངས་པ་ལྔ། ཕུང་པོ་ལྔ། དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྲུབ་པའོ། །འབར་གཡོ་བརྟན་པ་ནི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་རོ། །སྲོག་རྩོལ་འགག་པ་ནི་ཤི་བ་ཡིན་པ་ལ་བདེ་ཆེན་ཆོས་སྐུ་ནི་བར་དོའི་གནས་སྐབས་ཀྱི་འོད་གསལ་ལོ། །གཉིས་པ་ལམ་ལ་སྦྱར་བ་ལ་གཉིས། སྨིན་པ་དང་གྲོལ་བ་ལས། དང་པོ་ལ་གཉིས་ཏེ། དབང་སྤྱི་ལ་སྦྱར་བ་དང༌། སོ་སོ་ལ་སྦྱར་བའོ། །དང་པོ་ནི་དཀྱིལ་འཁོར་ལྔ་ལ་བཏུད་པ་ནི་བསྐྱེད་པ་རྡུལ་ཚོན་དང༌། ལུས་རྩ་དང༌། ཡི་གེ་བྷ་ག་དང༌། ཁམས་བདུད་རྩི་དང༌། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ཏེ་ལྔའོ། །འབར་གཡོ་བརྟན་པ་ནི་དཀྱིལ་འཁོར་དེ་དག་ཏུ་སྦྱོར་བ་དང་དངོས་གཞི་དང་མཇུག་གི་ཚུལ་གྱིས་དབང་བཞི་ཐོབ་པའོ། །སྲོག་རྩོལ་འགོག་པ་ནི་དབང་དེས་ཕྲ་བ་དང་རགས་པའི་དྲི་མ་གཉིས་སྦྱོང་བའོ། །བདེ་ཆེན་ཆོས་སྐུ་ནི་དེ་དག་ལས་སྐྱེས་པའི་ཡེ་ཤེས་རྣམས་སོ། །གཉིས་པ་དབང་སོ་སོ་ལ་སྦྱར་ན་དཀྱིལ་འཁོར་ལྔ་ནི་ཕོ་བྲང་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ་པ། སྲོག་རྩོལ་ནི་རྩ་ལུས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ་པ། འབར་གཡོ་ནི་ཡི་གེ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ། བདེ་ཆེན་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པའོ། །གྲོལ་བར་བྱེད་པ་ལམ་ལ་གཉིས་ཏེ། ལམ་སོ་སོ་ལ་སྦྱར་བ་དང༌། ཐུན་མོང་དུ་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ལས། བསྐྱེད་པ་དང༌། རྫོགས་པའོ། །དང་པོ་ནི་དཀྱིལ་འཁོར་ལྔ་ཞེས་པ་ལུས་ཀྱི་དཀྱིལ་འཁོར་ཕོ་བྲང་ལྔའི་ལྷའོ། །འབར་གཡོ་བརྟན་པ་ནི་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་འཁོར་ལོ་དགུག་པ་དང་དབང་བསྐུར་ནས་རྒྱས་གདབ་པ་ཡིན་ལ། སྲོག་རྩོལ་ནི་ལྷ་བསྡུས་ནས་མི་དམིགས་པ་ཡིན་ཞིང༌། བདེ་ཆེན་གསུམ་ནི་དེའི་ལྟ་བ་ངོ་བོ་ཉིད་གསུམ་སྐྱོང་བའོ། །རྫོགས་རིམ་ལ་སྦྱར་བ་ལ་གསུམ་ལས། རང་བྱིན་བརླབ་ཀྱི་དཀྱིལ་འཁོར་ནི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ཀྱི་འཁོར་ལོ་སྟེ་ལྔ། འབར་བ་ནི་ལྟེ་བ་ནས་མེ་འབར་བ་གཡོ་བ་ནི་སྤྱི་གཙུག་ནས་བྱང་ཆུབ་ཀྱི་སེམས་འཛག་པ། བརྟན་པ་ནི་འབར་འཛག་དབུ་མར་ཐིམ་པ། སྲོག་རྩོལ་ནི་རླུང་ཁ་སྦྱོར་བསྒོམ་པ། བདེ་ཆེན་ནི་དེའི་ལྟ་བ་རང་བྱུང་གི་ཡེ་ཤེས། རྫོགས་རིམ་གཉིས་པ་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན་དཀྱིལ་འཁོར་ལྔ་ནི་རིགས་ལྔ་དང་རྗེས་སུ་འབྲེལ་བའི་ཕྱག་རྒྱ་ལྔ། འབར་གཡོ་བརྟན་པ་ནི་དེ་ལས་སྐྱེས་པའི་དགའ་བ་བཞིའོ། །སྲོག་རྩོལ་ནི་རླུང་ལ་དབང་ཐོབ་པས། དབབ་གཟུང་བཟློག་ཁྱབ་ལ་དབང་ཐོབ་པའོ། །རྐང་བ་བཞི་པ་ནི་ཡེ་ཤེས་མཐར་ཐུག་བརྟན་པའོ། །རྫོགས་རིམ་གསུམ་པ་རྡོ་རྗེ་རྦ་རླབས་ལ་སྦྱར་ན། དཀྱིལ་འཁོར་ལྔ་ནི་ཡེ་ཤེས་ཀྱི་རིག་མ་དང་ལྷན་ཅིག་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ནས་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པའི་དཀྱིལ་འཁོར་བཞི་རླུང་དང་ལྔ་ཡིན་ལ། འབར་གཡོ་ནི་ཐབས་ཀྱི་རྒྱུད་སྦྱོང་བ་ན་བྱང་ཆུབ་ཀྱི་སེམས་ཡར་དྲངས་ཏེ། ལྟེ་བར་ཆོས་གསུམ་དང་ལྡན་པ་ལ་སོགས་པའི་ཚུལ་གྱིས་འཇིག་རྟེན་དུ་སྤྲོ་བ་དང་བསྡུ་བ་ཡིན་ལ། སྲོག་རྩོལ་འགོག་པ་ནི་ཡུམ་གྱི་རྒྱུད་སྦྱོང་བ་ནི་བྱང་ཆུབ་ཀྱི་སེམས་ཡར་དྲངས་ཏེ་ལྟེ་བར་ཆོས་གསུམ་དང་ལྡན་པ་ཙམ་ལས་ཕྱི་རོལ་དུ་མི་སྤྲོ་བ་ཡིན་ཞིང༌། བདེ་ཆེན་སོགས་ནི་དེའི་ལྟེ་བར་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་བརྗོད་བྲལ་ལོ། །གཉིས་པ་ལམ་ཐུན་མོང་དུ་ཉམས་སུ་བླང་བ་ལ་སྦྱར་ན། སྟན་བདེ་བ་ལ་བསྡད་དེ་སྦྱོར་བའི་ཆོས་ཐམས་ཅད་སྔོན་དུ་སོང་ནས་ལུས་ཀྱི་དཀྱིལ་འཁོར་ཕོ་བྲང་ལྔ་བསྒོམ་པ་ནི་དཀྱིལ་འཁོར་ལྔ་ལ་བཏུད་པའོ། །དེ་ལྟར་བསྐྱེད་རིམ་གྱི་རྗེས་ལ་རང་བྱིན་བརླབ་བསྒོམ་པ་ནི་སྲོག་རྩོལ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ནི་འབར་གཡོ་ལ་སོགས་པའོ། །དེ་ནས་རྡོ་རྗེ་རྦ་རླབས་བསྒོམས་ཏེ་ལྟ་བ་སྐྱོང་བ་ནི་བདེ་ཆེན་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ཡང་དབང་བཞིའི་དབང་གང་གཙོ་བྱེད་པ་ལ་གཙོར་བསྒོམས་ལ་གཞན་ལམ་ཞར་བྱུང་ཙམ་རེ་བྱའོ། །དེས་ན་འདི་ཉམས་སུ་བླང་བའི་ལམ་དངོས་ཡིན་པས་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་ཡོངས་སུ་རྫོགས་པ་འདི་བསྒོམས་ན་ངེས་པར་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །སྤྱི་དོན་གསུམ་པ་འབྲས་བུ་ལ་སྦྱར་ན་དཀྱིལ་འཁོར་ལྔ་ནི་སྐུ་ལྔའི་དོན་མདོར་བྱས་པ་དང༌། ཡེ་ཤེས་ལྔ་དབྱེར་མི་ཕྱེད་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་སྐུ། འབར་གཡོས་སྤྲུལ་སྐུ། སྲོག་རྩོལ་འགོག་པས་ངོ་བོ་ཉིད་ཀྱི་སྐུ། བདེ་ཆེན་ལོངས་སྐུ། ཆོས་སྐུ་ནམ་མཁའ་བཞིན་ནི་ཆོས་སྐུའོ། །དེས་ན་རྡོ་རྗེའི་ཚིག་ཚིགས་སུ་བཅད་པ་ཞིག་རྡོ་རྗེ་འཆང་གིས་གསུངས་པའི་དགོངས་པ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་རྒྱུ་དང་ལམ་དང་འབྲས་བུ་གསུམ་དུ་བསྡུས་ནས་བཅུར་ཕྱེ་སྟེ་གསུངས་པའི་ལམ་བསྡུས་ཏེ་བཤད་པ་འདིས་རྒྱུད་སྡེ་བཞིའི་དགོངས་པ་མ་ལུས་པར་སྟོན་པ་ལམ་འབྲས་བུ་དང་བཅས་པའི་དོན་བསྡུས་པ་ཡིན་ནོ། །མདོར་ན་རྒྱུ་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཀྱི་སྣང་ཕྱོགས་ཐམས་ཅད་མཚན་ཉིད། སྟོང་ཕྱོགས་ཐམས་ཅད་རང་བཞིན། དབྱེར་མེད་ཐམས་ཅད་ཟུང་འཇུག་ཏུ་གོ་བར་བྱའོ། །ཟབ་མོའི་དོན་འདི་གཞན་ལ་ཕན་པའི་ཕྱིར། །དཔལ་ལྡན་ས་སྐྱའི་དབེན་གནས་དམ་པ་རུ། །གྲགས་པ་རྒྱལ་མཚན་ཞབས་རྡུལ་སྤྱི་བོ་ཡིས། །གུས་པས་བླངས་ཏེ་བདག་གིས་ཡི་གེར་བཀོད། །རྡོ་རྗེ་ཚིག་འདི་ཟབ་པས་སྔོན་ཆད་གང༌། །གསལ་བར་བཀོད་པའི་རྣམ་གཞག་མ་མཛད་པས། །གཞན་གྱིས་བསྐུལ་ནས་ཀུན་དགའ་རྒྱལ་མཚན་གྱིས། །སྦྱར་བ་འདི་ལ་དམ་པས་བཟོད་པར་དགོངས།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*