རྟེན་འབྲེལ་ལྔ་རྫོགས།

༼ན༽

༄༅། །རྟེན་འབྲེལ་ལྔ་རྫོགས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལྔས་ལམ་ཡོངས་སུ་རྫོགས་པའོ། །ཞེས་བྱ་བའི་དོན་ནི། སྤྱིར་རྟེན་འབྲེལ་ལྔའི་དགོངས་པ་སོ་སོར་བཤད་ན། བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་བསྡུ་ན་གསུམ་སྟེ། རྒྱུའི་རྟེན་འབྲེལ་དང༌། ལམ་གྱི་རྟེན་འབྲེལ་དང༌། འབྲས་བུའི་རྟེན་འབྲེལ་ལོ། །དེ་ལ་རྒྱུའི་རྟེན་འབྲེལ་ལྔ་ནི། ཕྱིའི་རྟེན་འབྲེལ་ཕྱི་རོལ་གྱི་ཡུལ་ལས་འབྱུང༌། ནང་གི་རྟེན་འབྲེལ་ལུས་རྩ་ལ། གསང་བ་རྟེན་འབྲེལ་རྩ་ཡི་གེ་ལ། དེ་ཁོ་ན་ཉིད་རྟེན་འབྲེལ་ཁམས་བདུད་རྩི་ལ། མཐར་ཐུག་རྟེན་འབྲེལ་རླུང་ལ་བརྩིའོ། །གཉིས་པ་སེམས་ལ་རྟེན་འབྲེལ་ལྔར་བརྩི་ན། སྒོ་ལྔའི་རྣམ་ཤེས་ཕྱིའི་རྟེན་འབྲེལ། ཡིད་ཀྱི་རྣམ་ཤེས་ནང་རྟེན་འབྲེལ། ཉོན་མོངས་པ་ཅན་གྱི་ཡིད་གསང་བ་རྟེན་འབྲེལ། ཀུན་གཞིའི་རྣམ་པར་ཤེས་པ། དེ་ཁོ་ན་ཉིད་རྟེན་འབྲེལ། ཆོས་ཀྱི་དབྱིངས་མཐར་ཐུག་རྟེན་འབྲེལ་ལོ། །ལམ་ལ་གཉིས་ལས། སྨིན་པར་བྱེད་པ་དབང་ལ་བརྩི་ན། སྟ་གོན་གྱི་གནས་སྐབས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཕྱིའི་རྟེན་འབྲེལ། བུམ་དབང་ནང་རྟེན་འབྲེལ། གསང་དབང་གསང་བ་རྟེན་འབྲེལ། ཤེས་རབ་ཡེ་ཤེས་དེ་ཁོ་ན་ཉིད་རྟེན་འབྲེལ། དབང་བཞི་པ་མཐར་ཐུག་རྟེན་འབྲེལ་ལོ། །ལམ་གྱི་གཉིས་པ་བསྐྱེད་རིམ་ལ་སྦྱར་ན། ཕྱི་རོལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཐོང་བ་ཕྱི་རྟེན་འབྲེལ། ལུས་ལ་སངས་རྒྱས་སུ་གོ་བ་ནང་རྟེན་འབྲེལ། ངག་ཏུ་བརྗོད་ཚད་སྔགས་སུ་ཤེས་པ་གསང་བ་རྟེན་འབྲེལ། སེམས་ཡེ་ཤེས་སུ་ཤེས་པ་དེ་ཁོ་ན་ཉིད་རྟེན་འབྲེལ། དེ་ཐམས་ཅད་དབྱེར་མེད་པའི་ཡེ་ཤེས་སུ་ཤར་བ་མཐར་ཐུག་རྟེན་འབྲེལ་ལོ། །རྫོགས་པའི་རིམ་པ་ལ་གསུམ་ལས། རང་བྱིན་བརླབ་ལ་སྦྱར་ན། ལུས་ཀྱི་འཁྲུལ་འཁོར་ཕྱི། རྩིའི་འཁོར་ལོ་ནང་རྟེན་འབྲེལ། རྩ་ཡི་གེ་གསང་བ། ཁམས་བདུད་རྩི་དེ་ཁོ་ན་ཉིད། སྙིང་པོ་ཡེ་ཤེས་རླུང་སྒོམ་པ་མཐར་ཐུག་རྟེན་འབྲེལ་ལོ། །དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན། ལས་ཀྱི་ཕྱག་རྒྱ་ཕྱི་རྟེན་འབྲེལ། བདག་གི་ལུས་ཀྱི་འཁྲུལ་འཁོར་ནང༌། མཁའ་གསང་བྱིན་གྱིས་བརླབ་པ་གསང་པ། ཡས་འབབ་ཀྱི་དགའ་བ་དེ་ཁོ་ན་ཉིད། སྙིང་པོ་ཡེ་ཤེས་རླུང་མས་བརྟན་གྱི་དགའ་བ་མཐར་ཐུག་རྟེན་འབྲེལ་ལོ། །རྡོ་རྗེ་རྦ་རླབས་ལ་སྦྱར་ན། ལམ་ཐམས་ཅད་མངོན་དུ་སོང་བ་ཕྱི། ལུས་ཀྱི་རྦ་རླབས་ནང༌། ངག་གི་རྦ་རླབས་གསང་བ། སེམས་ཀྱི་རྦ་རླབས་དེ་ཁོ་ན་ཉིད། དེ་དག་གི་ཡེ་ཤེས་མཐར་ཐུག་རྟེན་འབྲེལ་ལོ། །ཕ་རོལ་ཏུ་ཕྱིན་པ་དང་སྒོ་བསྟུན་ན། ལམ་ལྔ་ལ་རྟེན་འབྲེལ་ལྔར་སྦྱར་བ་ནི་ཤེས་པར་སླའོ། །ཏིང་ངེ་འཛིན་གྱི་ཉེ་རྒྱུ་ལ་སྦྱར་ན། རླུང་ལོག་ལ་སོགས་པ་ཕྱི། ནང་གི་མཁའ་འགྲོ་ལྔ་སྟེ་རླུང་ལྔ་ནང༌། དེ་བཞིན་གཤེགས་པའི་སྐུ་ལྔ་སྟེ་ཁམས་བདུད་རྩི་གསང་བ། དེའི་རྟེན་འབྲེལ་གྱིས་དངོས་གྲུབ་རྣམས་རང་ལས་འབྱུང་བ་ཤེས་པ་ནི། དེ་ཁོ་ན་ཉིད། དེའི་སྟོབས་ཀྱིས་རེ་དོགས་དང་བྲལ་བ་ནི་མཐར་ཐུག་གོ །དེ་ཉིད་རྡོ་རྗེ་ཚིག་རྐང་ལས། སྒོམ་པ་མི་འཆོར་བའི་ཕྱི་རྟེན་འབྲེལ། རླུང་ལོག་ལ་སོགས་གསུམ་གསུམ་ནི་ཞེས་བྱ་བའི་རིམ་པ་ལ་སོགས་པའི་རིམ་པ་ལྟར་སྦྱར་རོ། །འབྲས་བུ་ལ་གཉིས་ལས། གནས་སྐབས་ཀྱི་འབྲས་བུ་ལ་སྦྱར་ན། ལམ་ཚོགས་སྦྱོར་གཉིས་ཕྱི་རྟེན་འབྲེལ། བུམ་པའི་དབང་ས་དྲུག་ནང༌། གསང་དབང་ས་བཞི་གསང་བ། ཤེས་རབ་ཡེ་ཤེས་ས་གཉིས་དེ་ཁོ་ན་ཉིད། དབང་བཞི་པ་ས་ཕྱེད་མཐར་ཐུག་རྟེན་འབྲེལ་ལོ། །ས་སོ་སོ་ལ་རྟེན་འབྲེལ་སྦྱར་ན། འཇིག་རྟེན་པའི་ས་ལ་ཚོགས་ལམ་ཕྱི། སྦྱོར་ལམ་དྲོད་ནང༌། རྩེ་མོ་གསང་བ། བཟོད་པ་དེ་ཁོ་ན་ཉིད། འཇིག་རྟེན་ཆོས་མཆོག་མཐར་ཐུག་རྟེན་འབྲེལ་ལོ། །ཚོགས་ལམ་ལའང་ཕྱི་དབྱིབས་ཀྱི་ཚོགས་ལམ་ལ་སོགས་པ་ཤེས་པར་སླའོ། །འཇིག་རྟེན་ལས་འདས་པའི་ས་སོ་སོ་ལ་སྦྱར་ཏེ་ས་དང་པོ་ལ་མཚོན་ན། རྒྱལ་བ་སྤྲུལ་སྐུ་ལས་དབང་བཞི་ལེན་པ་ཕྱི། རྩའི་དཀྱིལ་འཁོར་མཐོང་བ་ནང༌། ཡི་གེའི་དཀྱིལ་འཁོར་མཐོང་བ་གསང་བ། ཁམས་བདུད་རྩིའི་དཀྱིལ་འཁོར་མཐོང་བ་དེ་ཁོ་ན་ཉིད། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་མཐོང་བ་ནི་མཐར་ཐུག་རྟེན་འབྲེལ་ལོ། །བུམ་དབང་གི་ཕྱི་རྟེན་འབྲེལ་སྤྲུལ་སྐུ་ལས་དབང་བཞི་ལེན། གསང་དབང་གི་ལོངས་སྐུ། ཤེས་རབ་ཡེ་ཤེས་ཀྱི་ཆོས་སྐུ། དབང་བཞི་པ་ངོ་བོ་ཉིད་ཀྱི་སྐུ་ལས་དབང་བཞི་ལེན་པའོ། །བུམ་དབང་ལ་གཙོ་བོར་རྩའི་ལྡོག་པ་མཐོང༌། གསང་དབང་ལ་ཡི་གེའི་ལྡོག་པ་མཐོང༌། ཤེས་རབ་ཡེ་ཤེས་ལ་ཁམས་བདུད་རྩི། དབང་བཞི་པ་ལ་སྙིང་པོ་ཡེ་ཤེས་རླུང་གི་ལྡོག་པ་མཐོང༌། འཇིག་རྟེན་པའི་ལམ་དུ་ཕྱི་རྟེན་འབྲེལ་གཙོར་འགྲིག བུམ་དབང་ས་དྲུག་པ་ལ་ནང་རྟེན་འབྲེལ་གཙོར་འགྲིག གསང་དབང་ས་བཞི་པ་ལ་གསང་བ་རྟེན་འབྲེལ་འགྲིག ཤེས་རབ་ཡེ་ཤེས་ས་གཉིས་ལ་དེ་ཁོ་ན་ཉིད་རྟེན་འབྲེལ་འགྲིག དབང་བཞི་པ་ས་ཕྱེད་ལ་མཐར་ཐུག་རྟེན་འབྲེལ་འགྲིག་གོ །མཐར་ཐུག་འབྲས་བུ་ལ་རྟེན་འབྲེལ་ལྔ་བཞག་ན། ཕྱི་རྟེན་འབྲེལ་ལ་རྒྱལ་བ་སྤྲུལ་སྐུ། ནང་དང་གསང་བ་རྟེན་འབྲེལ་གཉིས་ལ་ལོངས་སྐུ། དེ་ཁོ་ན་ཉིད་ལ་ཆོས་སྐུ། མཐར་ཐུག་རྟེན་འབྲེལ་ལ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་བོ། །ཡང་ན་རྟེན་འབྲེལ་ལྔ་པོ་སྐུ་ལྔ་ལ་སྦྱར་ན་ཡང་འགྲུབ་བོ། །དེ་དག་ཀྱང་རྡོ་རྗེ་ཚིག་རྐང་ལས། ཕྱི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་གྱིས་ཞེས་བྱ་བ་ལས། མཐར་ཐུག་རྟེན་འབྲེལ་གྱིས་མཐར་ཐུག་དག་པར་བྱེད་ཅེས་བྱ་བ་དང༌། བཅུ་གསུམ་རྡོ་རྗེ་འཛིན་པར་རྟེན་འབྲེལ་འགྲིག་པ་ལྟར་སྣང་ཞེས་བྱ་བ་ལ་སོགས་པའི་དགོངས་པ་ཡིན་ནོ། །རྒྱུ་དུས་ཀྱི་རྟེན་འབྲེལ་ལྔ་ཅུང་ཟད་ཙམ་བརྗོད་ན། ཕྱི་རྟེན་འབྲེལ་ཕྱི་རོལ་རགས་པ་ལ་བསྒྲིགས་པས་གང་འདོད་པ་འགྲུབ། དེ་བཞིན་དུ་ནང་རྟེན་འབྲེལ་ལུས་རྩ་ལ་བསྒྲིག གསང་བ་རྟེན་འབྲེལ་ངག་དང་ཡེ་གེ་ལ་བསྒྲིག དེ་ཁོ་ན་ཉིད་རྟེན་འབྲེལ་སེམས་དང་ཁམས་བདུད་རྩི་ལ་བསྒྲིག མཐར་ཐུག་རྟེན་འབྲེལ་ཡེ་ཤེས་དང་རླུང་ལ་བསྒྲིགས་པས་ཇི་ལྟར་འདོད་པའི་དོན་འགྲུབ། དཔེར་ན་ནད་གང་ཡང་རུང་བ་གསོ་བ་ལ་ཡང༌། ཕྱི་རྟེན་འབྲེལ་སྨན་དཔྱད་དང་འཁྱུག་དཔྱད་ཀྱིས་ཀྱང་སོས། ནང་གི་རྟེན་འབྲེལ་ལུས་ཀྱི་འཁྲུལ་འཁོར་དང་རྩའི་དམིགས་པས་སོས། གསང་བ་རྟེན་འབྲེལ་རྩ་ཡི་གེ་དང༌། གཏུམ་མོའི་མེ་དང༌། ངག་འདྲེན་པའི་དམིགས་པ་དང༌། དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་ཁམས་བདུད་རྩི་དང༌། སེམས་ཀྱི་དམིགས་པ་སྣ་ཚོགས་དང༌། མཐར་ཐུག་རྟེན་འབྲེལ་ལ་རླུང་གི་དམིགས་པ་དང༌། ཕྱག་རྒྱ་ཆེན་པོའི་གནད་འགའ་ཞིག་གིས་ཀྱང་སོས་པ་ཡོད་དོ། །དཔེར་ན་ནད་མཛེ་ལྟ་བུ་ལ་དངུལ་ཆུའི་བཅུད་ལེན་དང༌། ཨ་རིཥྚའི་སྨན་སྦྱོར་ལ་སོགས་པ་ཕྱི་རྟེན་འབྲེལ། ཡི་དམ་གྱི་ལྷ་བསྒོམ་པ་དང༌། སྔགས་ཀྱི་བཟླས་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གསོལ་བ་འདེབས་པ་དང༌། བླ་མ་ལ་མོས་གུས་ལ་སོགས་ཀྱི་སྒོ་ནས་ནད་ལས་གྲོལ་ནས་འགྲོ་བ་ཡོད་པ་ནི་ནང་རྟེན་འབྲེལ་ལོ། །རྩ་ཡི་གེ་སྣ་ཚོགས་ཀྱི་གནད་དང༌། གཏུམ་མོ་མེའི་དམིགས་པ་སྣ་ཚོགས་དང༌། ངག་འདྲེན་པ་ཞི་དྲག་དང་ཧཱུྃ་རིངས་ཧུཾ་ཐུང་དང་ཧག་དང་ཧིག་དང་ཕཊ་ལ་སོགས་པ་འདོན་པའི་གདམས་ངག་གིས་ཀྱང་ནད་ཐམས་ཅད་ལས་གྲོལ་བ་ཡོད་དེ། དེ་གསང་བ་རྟེན་འབྲེལ་ཡིན། ཁམས་བདུད་རྩི་སྣ་ཚོགས་ཀྱི་དམིགས་པ་དང༌། ཐིག་ལེའི་རྣལ་འབྱོར་དང༌། ཡུལ་ལྔ་ལ་སེམས་འཛིན་པའི་ཐབས་དང༌། ཡི་དམ་གྱི་ལྷ་དང་བླ་མ་ལ་སེམས་འཛིན་པའི་དམིགས་པ་ལ་སོགས་པའི་སྒོ་ནས་ཀྱང་ནད་གདོན་ལས་གྲོལ་བ་འང་ཡོད་དེ། དེ་ཁོ་ན་ཉིད་རྟེན་འབྲེལ་ཡིན། རླུང་གི་སྦྱོར་བ་བདུན་དང༌། ཡན་ལག་གི་རླུང་ཕྲ་མོའི་དམིགས་པ་སྣ་ཚོགས་དང༌། བུ་ག་མང་པོའི་སྦྱོར་བ་དང༌། སྟེང་འོག་གི་འཁོར་ལོ་མེད་པ་དང༌། རླུང་རྔན་དག་བྱིན་པ་ལ་སོགས་པའི་གནད་སྣ་ཚོགས་དང་སེམས་སྣང་བ་དང༌། སྟོང་པ་ཟུང་དུ་འཇུག་པའི་གནད་དང༌། བདེ་བ་དང་སྟོང་པའི་ཏིང་འཛིན་སྐྱེད་པའི་ཐབས་དང༌། མི་རྟོག་པའི་རྟེན་འབྲེལ་སྐྱེད་པའི་ཐབས་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་རྟེན་འབྲེལ་སྣ་ཚོགས་ཀྱི་ཀྱང་ནད་དང་གདོན་ཐམས་ཅད་ལས་གྲོལ་བ་ཡོད་དེ། དེ་མཐར་ཐུག་རྟེན་འབྲེལ་ཡིན་ནོ། །པདྨའི་མཚོ་ལ་ངང་པ་འདུ། །དྲི་ལྡན་མེ་ཏོག་བུང་བ་སྡུད། །ཤ་ཡི་དྲི་ལ་ཤ་སྦྲང་འདུ། །འབྲོག་བཟང་དུ་ནི་རི་དྭགས་འདུ། །བཟའ་བཏུང་མང་སར་སྐྱེ་བོ་འཚོགས། །གལ་ཏེ་དེ་དག་མི་ལྡན་ན། །བསྡུས་ཀྱང་སྐྱེ་བོ་ཕལ་ཆེར་འབྲོས། །དྲོ་ཞིང་བརླན་སར་ནགས་ཚལ་སྐྱེ། །དེ་སོགས་ཕྱི་ཡི་རྟེན་འབྲེལ་ཡིན། །མཆོད་ལ་བརྩོན་ན་མཆོད་པར་འགྱུར། །བྱམས་པ་བྱས་ན་གླགས་ཀྱིས་བྱམས། །བདག་གིས་བླ་མ་མཆོད་བྱས་ན། །སེམས་ཅན་ཀུན་གྱིས་བདག་མཆོད་འགྱུར། །དམ་པའི་ཆོས་ལ་གུས་བྱས་ན། །སངས་རྒྱས་ཀུན་གྱི་ཆོས་མཛོད་འཛིན། །དགེ་འདུན་རྣམས་ནི་མཉེས་བྱས་ན། །དེ་འདུན་དམ་པ་རྣམས་ནི་སྡུད། །འཁོར་རྣམས་བསམ་པ་དག་པ་ཡིས། །འཁོར་གྱི་དཀྱིལ་འཁོར་འདུ་བར་འགྱུར། །མདོར་ན་བསམ་པ་དག་པ་ཡིས། །གང་དང་གང་ལ་འདོད་སེམས་ཡོད། །ཤེས་ན་དེ་དང་དེ་དག་འདུ། །བསམ་ངན་རྣམས་ཀྱིས་མ་ཤེས་ན། །གང་འདོད་དེ་ལས་བཟློག་པ་འབྱུང༌། དེ་སོགས་ནང་གི་རྟེན་འབྲེལ་ཡིན། །རྩ་ཡིག་གསལ་དང་མི་གསལ་ལས། །རྗོད་པ་གསལ་དང་མི་གསལ་འབྱུང༌། །སེམས་ཀྱི་འཕེན་པ་དྲག་ཞན་ལས། །ངག་གི་ནུས་པ་ཆེ་ཆུང་འབྱུང༌། །ལས་ཀྱི་འཕེན་པ་བཟང་ངན་ལས། །བརྗོད་པའི་རྟེན་འབྲེལ་བཟང་ངན་སྲིད། །དྲང་སྲོང་དཀའ་ཐུབ་གྲུབ་པ་དང༌། །འཕགས་པའི་བདེན་པ་གྲུབ་པ་དང༌། །ནང་གི་རྟེན་འབྲེལ་གྲུབ་པ་ཡིས། །ཇི་ལྟར་སྨོན་པ་བརྗོད་ཙམ་གྱིས། །དེ་དང་དེ་ནི་འགྲུབ་པར་འགྱུར། །རྣལ་འབྱོར་དབང་ཕྱུག་བིརྺ་པས། །གསང་བ་དབང་གི་རབ་བྱེད་དུ། །ཨཱ་ལི་ཀཱ་ལི་མདོར་གསུངས་པ། །རྒྱས་པར་གཞན་དུ་གསུངས་ཞེས་གྲགས། །དེ་བཞིན་གཙུག་གི་ནོར་བུ་སོགས། །ཡི་གེ་རིང་ཐུང་བསྡེབས་པ་ལས། །འཇིག་རྟེན་ཀུན་གྱི་བདེ་ལེགས་འབྱུང༌། །དེ་སོགས་གསང་བའི་རྟེན་འབྲེལ་ཡིན། །ཆོས་ཀུན་གདོད་ནས་སྐྱེ་བ་མེད། །སྐྱེ་བ་ཉིད་ཀྱང་མ་སྐྱེས་པ། །སྐྱེ་མེད་ཉིད་ཀྱི་སྐྱེ་བ་སྟོན། །དེས་ན་སྐྱེས་དང་མ་སྐྱེས་པ། །སྣང་བ་དང་ནི་སྟོང་པ་དང༌། །རྟོག་པ་དང་ནི་རྟོག་མེད་དང༌། །འཁོར་དང་མྱ་ངན་འདས་པ་ཡང༌། །དམ་པའི་དོན་དུ་དབྱེ་བ་མེད། །དབྱེ་བ་མེད་ལ་དབྱེ་བ་འབྱུང༌། །དབྱེ་བ་མེད་པའི་དབྱེ་ཤེས་ན། །འཁོར་འདས་ཀུན་གྱི་དེ་ཉིད་རྟོགས། །ཤེས་བྱ་ཀུན་གྱི་དེ་ཉིད་གོ །བཟང་ངན་ཀུན་གྱི་དེ་ཉིད་ཤེས། །རྟོགས་རྒྱུ་མེད་པའི་དོན་རྟོགས་པས། །གྲོལ་རྒྱུ་མེད་པའི་སེམས་ཉིད་གྲོལ། །ཤེས་བྱ་མེད་པའི་ཤེས་བྱ་ཤེས། །བཤད་རྒྱུ་མེད་པའི་བཤད་ལ་མཁས། །འདོད་པ་མེད་པར་འདོད་དོན་འགྲུབ། །ཤེས་བྱ་ཀུན་ལ་བཟོ་བྱེད་པས། །ཆོས་རྣམས་ཀུན་གྱི་རྒྱལ་པོར་འགྱུར། །དེ་སོགས་དེ་ཉིད་རྟེན་འབྲེལ་ཡིན། །དངོས་པོའི་མཐའ་ནི་གཟུགས་ཀྱི་སྐུ། །དངོས་མེད་མཐའ་ནི་ཆོས་ཀྱི་སྐུ། །འཁོར་བའི་མཐའ་ནི་སྲིད་པའི་རྩ། །མྱ་ངན་འདས་མཐའ་ལྷག་མེད་དབྱིངས། །ཟུང་འཇུག་མཐའ་ནི་རྡོ་རྗེ་འཆང༌། །སྤང་བྱའི་མཐའ་ནི་གནས་ངན་ལེན། །གཉེན་པོའི་མཐའ་ནི་ཉེ་བའི་རྒྱུ། །ཡེ་ཤེས་མཐའ་ནི་ཆོས་ཀྱི་དབྱིངས། །ཐབས་ལམ་ཀུན་གྱི་མཐར་ཐུག་པ། །རྡོ་རྗེ་ཐེག་པ་ཡིན་ཞེས་བྱ། །དེ་ལ་སོགས་པ་མཐའ་ཡས་པ། །མཐར་ཐུག་པ་ཡི་རྟེན་འབྲེལ་ཡིན། །ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་ཞེས། །རྒྱལ་བའི་གསུང་གི་གཅེས་མཛོད་ཡིན། །ཉན་ཐོས་རང་རྒྱལ་སེམས་ཙམ་དང༌། །དབུ་མ་པ་ཡང་རྟེན་འབྲེལ་བཞེད། །འོན་ཀྱང་རྟེན་འབྲེལ་བཅུ་གཉིས་ལ། །བཤད་པའི་དབྱེ་བ་ཐ་དད་ཡོད། །གསང་སྔགས་རྡོ་རྗེ་ཐེག་པ་ནི། །རྟེན་འབྲེལ་ལམ་དུ་བྱེད་པར་གསུངས། །རྒྱུད་རྣམས་ཀུན་གྱི་དགོངས་པ་ཡང༌། །རྟེན་ཅིང་འབྲེལ་པར་འབྱུང་བར་སྣང༌། །འོན་ཀྱང་རྟེན་འབྲེལ་ལམ་བྱེད་པའི། །ཟབ་མོའི་གནད་ནི་འདི་ཡིན་ཞེས། །གསང་སྔགས་ལམ་འབྲས་མ་ཡིན་པ། །གཞན་དུ་གསལ་བར་གསུངས་པ་མེད། །དེས་ན་ལམ་འབྲས་མི་ཤེས་ན། །རྟེན་འབྲེལ་ཟབ་མོ་ཤེས་མི་ནུས། །དང་པོའི་སྒོམ་ཆེན་ཐམས་ཅད་ལའང༌། །རྟེན་འབྲེལ་ཞེས་བྱའི་ཁ་སྐད་མེད། །ཕྱི་ནས་ལམ་འབྲས་འཕེལ་བའི་རྒྱུས། །རྟེན་འབྲེལ་ཞེས་བྱའི་ཁ་སྐད་བྱུང༌། །འོན་ཀྱང་ཕྱི་ནང་རྟེན་འབྲེལ་གནད། །ད་དུང་གཞན་གྱིས་ཤེས་པ་མེད། །གླེགས་བམ་ཙམ་ལ་བརྟེན་པ་ཡི། །ལམ་འབྲས་པ་ཡིས་འདི་མ་ཤེས། །བླ་མའི་གསུང་ལ་གུས་པ་ཡི། །ཉན་པ་གོམས་པའི་སྦྱོར་བ་དང༌། །སྙན་བརྒྱུད་གཞན་དུ་མ་བཅོས་པའི། །ཁྲིད་རྣམས་ལེགས་པར་ཚར་བ་དང༌། །བླ་མ་ལེགས་པར་མཉེས་པ་ལས། །བྱུང་བའི་བྱིན་རླབས་ཞུགས་པ་དང༌། །དབང་གི་ཆུ་བོ་མ་ནུབ་པར། །ལེགས་པར་ཐོབ་ཅིང་ལམ་དུས་ཀྱི། །དབང་བཞི་ཐུན་བཞིར་བསྒོམས་པ་ལས། །དྲོད་གཤེར་འཛོམ་པའི་ས་ཕྱོགས་སུ། །རྩི་ཤིང་མེ་ཏོག་སྐྱེ་བ་ལྟར། །སྙན་བརྒྱུད་བཞི་པོ་འགྲིག་པ་ལས། །རྟེན་འབྲེལ་ཟབ་མོ་ནང་ནས་འཆར། །ལམ་འབྲས་རྡོ་རྗེ་ཚིག་རྐང་ལས། །རྟེན་འབྲེལ་ལྔ་ཡིས་ལམ་རྫོགས་ཞེས། །གསུངས་པའི་དགོངས་པ་མདོ་ཙམ་ཞིག །བླ་མའི་དགོངས་པ་བདག་གིས་བྲིས། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོར་གྲགས་པ་དེ་ལ་རིང་མོ་ནས། །ཡང་ཡང་གསོལ་བ་འདེབས་པའི་བློ་གྲོས་ཅན། །སྡོམ་བརྩོན་མང་ཐོས་བླ་མ་ལ་གུས་པ། །དེ་ཡིས་གསོལ་བ་བཏབ་ནས་འདི་བཤད་དོ། །ལམ་འབྲས་རྡོ་རྗེ་ཚིག་རྐང་ལས། རྟེན་འབྲེལ་ལྔས་ལམ་ཡོངས་སུ་རྫོགས་པའོ། །ཞེས་བྱ་བའི་དགོངས་པ་ཕྱོགས་ཙམ་ཞིག མདོ་སྨད་རྩེ་སྒབ་ཀྱི་སྡོམ་བརྩོན་སེངྒེ་རྒྱལ་མཚན་ལེགས་ཀྱིས་གུས་པས་ཡང་ཡང་གསོལ་བ་བཏབ་ནས། དྲུག་པ་རྡོ་རྗེ་འཆང་ཆེན་པོ། དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོས་སྦྱར་བའོ། །སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག །ས་མཱཔྟ་མི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*