གྲུབ་ཆེན་བཅུ།

༼ན༽

༄༅། །གྲུབ་ཆེན་བཅུ་བཞུགས།།

༄༅། ན་མོ་བེ་རུ་པཱ་ཡ། རྡོ་རྗེ་ལྕེ་ཡི་སྦྱོར་བ་ཡི། །འབྲུ་ལྔ་རླུང་གི་འདྲེན་འགུགས་ཀྱིས། །རྣལ་འབྱོར་པ་ལ་འཆི་མེད་སྟེར། །མཉེ་དང་དཀྲུག་དང་འབུད་པ་དང༌། །དྲོང་པའི་སྦྱོར་བ་མཁས་པ་ཡིས། །ནམ་མཁར་ཉི་ཟླ་རྔུབས་བྱས་ནས། །ཚེ་དང་ལོངས་སྤྱོད་ཡོངས་འཕེལ་འགྱུར། །གསང་བའི་གནད་ཀྱི་འཁྲུལ་འཁོར་གྱིས། །སྦུབས་དང་རྩ་སྣ་སྤྱི་གཙུག་ཏུ། །ཡི་གེ་རླུང་སེམས་འཛིན་པའི་ལུས། །ཟླ་བ་གཡོ་བ་མེད་པར་གནས། །ཉི་མ་རྒས་ནས་ཞག་གསུམ་ན། །རྟ་བདུན་ཡུལ་ལ་འཇུག་པའི་ཚེ། །སྒྲུབ་པ་པོ་ནི་འདོད་སྦྱོར་བ། །ཐེ་ཚོམ་མེད་པར་སྲིད་འཕེལ་འགྱུར། །ཁྲོ་བོའི་གཟུགས་ཀྱིས་རླུང་བསྒོམས་ན། །རྒ་ཤིའི་ཟིལ་གྱིས་མི་གནོན་པར། །སྐྲ་དཀར་གཉེར་མ་སྤངས་ནས་ནི། །ནམ་མཁའ་བཞིན་དུ་འཆི་མེད་འགྱུར། །ཉི་ཟླ་སྤྱོད་ནས་ལྷག་མ་སྤོང༌། །སྟོང་པ་རྔུབས་པས་འགྲོ་བར་འཚོ། །ལྷ་མོ་ཞི་བ་དཀར་མོ་ཡིས། །གཟུགས་ཀྱི་རླུང་སེམས་འཛིན་པའི་མི། །ལུས་ཀྱི་བདེ་བ་རྒྱས་པ་དང༌། །འགྲོ་བ་ཐམས་ཅད་དབང་དུ་འགྱུར། །ཀེང་རུས་འཛིན་པའི་ལུས་ཀྱིས་ནི། །ཕྱི་ཡི་ནད་དང་གདོན་རྣམས་འཇོམས། །ཁྱིམ་དྲུག་འཕོས་པའི་རོ་ཧི་ཏ། །ཆུ་ཤེལ་ཡུལ་དུ་འཇུག་པའི་ཚེ། །ནོར་རྒྱུན་མཛེས་མའི་གཟུགས་ཀྱི་ནི། །ཟླ་བ་འགེངས་པའི་སྦྱོར་བའོ། །འབྱོར་པས་ནང་ཡང་མི་ཕོངས་ཏེ། །རྣམ་ཐོས་བུ་ཡི་དཔལ་ཐོབ་འགྱུར། །བྱང་ཆུབ་ཆེ་ལ་བྱང་ཆུབ་ཆེས། །གསང་སྔགས་བྱེ་བས་གསོལ་བཏབ་ན། །དུས་གསུམ་བྷ་གའི་ས་བོན་གྱིས། །ཕྱི་ནང་དྲུག་ལ་དྲུག་བལྟས་པས། །སྔ་ཕྱིའི་སྐྱེ་གནས་ཤེས་པར་འགྱུར། །གཟའ་རིགས་བསྲུང་དང་བགེགས་རིགས་བསྲུང༌། །དིག་པ་བསལ་དང་སྙིང་རླུང་བསལ། །རྐྱལ་བ་ཁ་བཅིང་རབ་རིབ་བསལ། །སྔར་མེད་གཏུམ་མོ་དྲོད་འཕེལ་དང༌། །དགེ་དང་མི་དགེའི་ལྟས་བརྟགས་པའོ། །ལམ་སྦས་བཤད་ཀྱི་ཐུན་མོང་གི་གྲུབ་ཆེན་བཅུ་དཔལ་ལྡན་ས་སྐྱ་པཎྜི་ཏའི་ཁྱད་པར་གྱི་གདམས་པའོ།།  ༄༅། །ན་མོ་བི་རུ་པཱ་ཡ། བླ་ཆེན་ལ་ངོ་མཚར་བའི་གཏམ་མང་དུ་ཡོད་པ་ལས། འདིར་གཉིས་གསུངས་ཏེ། དང་པོ་གུང་ཐང་ན་བཞུགས་པའི་དུས་སུ། དུག་དབྱུང་པ་ལ་བཟོ་མོ་རྩི་རྩིས་སྨན་དྲངས་པས་གདངས་སོ། །དེ་ནས་གཡས་རུའི་གྲོང་ཆུང་དགོན་པར་བྱོན་པས། ཡང་དུག་ལངས་ནས། ཟླ་བ་གཉིས་བསྙུང༌། དེ་ནས་ཆོས་ཐམས་ཅད་བརྗེད་འདུག གསུང་ངག་གི་ཞལ་གདམས་རྣམས་ཀྱང་བརྗེད་འདུག་པས། ཐུགས་མ་བདེ་ནས་ས་སྐྱར་བྱོན། བླ་བྲང་རྙིང་པར་སྐུ་མཚམས་བཅད་དེ་གསོལ་བ་བཏབ་པས། དང་པོ་རྗེ་དགོན་པ་བྱུང་ནས་ཆོས་གསུངས། དེ་ནས་རྗེ་རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྐུར་བསྟན་ནས་དངོས་སུ་ཆོས་གསུངས། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་ལུང་གནང་ཁྱད་པར་གྱི་གདམས་ངག་ལམ་སྦས་བཤད་ཅེས་པ། ལམ་འབྲས་ན་བཤད་པ་ཡོད་པ་ལ་ལག་ལེན་མེད་པ་དེའི་ལག་ལེན་དང༌། བླ་མའི་རྣལ་འབྱོར་དང༌། གགས་སེལ་གྱི་གནད་རྣམས་དང༌། གྲུབ་ཆེན་བཅུ་པ་དང༌། རྣལ་འབྱོར་གྱི་བཤད་པ་ཞིབ་མོ་རྣམས་གནང་གསུངས། ངོ་མཚར་ཅན་གྱི་གཏམ་གཉིས་པ་ནི། དགེ་བཤེས་གཉགས་ཀྱི་བཟང་རྒྱུད་འབྲོག་པའི་གསེབ་ཏུ་བྱོན་པས། ཇོ་བོ་ཞིག་མགྲིན་པ་མན་ཆད་ཐིག་ལེ་བརྟན་པའི་རྟགས་ཡོད་པ་ཅིག་མཐོང་ནས། སུའི་སློབ་མ་ཡིན་ཞེས་དྲིས་པས། བླ་ཆེན་ཚ་ཁར་བཞུགས་པ་ན། ཁྲིད་ལན་གསུམ་བསྐྱང་ཟེར། དེར་སློབ་མ་བགྲེས་པ་ཀུན་ལ་བླ་ཆེན་གྱི་ཚ་ཁར་ནམ་བྱོན་ཞེས་དྲིས་པས། གུང་ཐང་ཡན་ཆོད་བྱོན་པ་མེད་ཟེར་ཏེ། སྐུའི་བཀོད་པ་ཡིན་པར་ཡིད་ཆེས་གསུངས། ཡང་ས་སྐྱ་ན་ཆོས་གསུངས་པ་དང༌། གུང་ཐང་ན་བླ་མ་མལ་གྱི་ཉེ་གནས་བྱེད་པ་དུས་གཅིག་ཏུ་འདུག་པ་ལ། དེ་དུས་སུས་ཀྱང་མ་རྟོགས། གཞན་ཡང་དུས་གཅིག་ལ་སྐུའི་བཀོད་པ་བཞི་བྱུང་བའི་ལོ་རྒྱུས་ཀྱང་ཡོད། སྐུ་གཤེགས་པའི་ཚེའང་བདེ་བ་ཅན་དང༌། འོད་ཟེར་ཅན་དང༌། གསེར་མདོག་དང༌། པོ་ཏ་ལ་དང་བཞིར་དུས་གཅིག་ལ་གཤེགས་པའི་སྣང་བ་བསྟན་གསུངས།།  །།ས་མཱཔྟ། ཨི་ཐི།།  ༄༅། །ན་མོ་བི་རུ་པཱ་ཡ། དཔལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་ཞལ་གྱི་གདམས་པ། ཐུན་མོང་གི་དངོས་གྲུབ་ལ། དང་པོ་ཚེ་བསྒྲུབ་པ་ལ་གསུམ། ལུས་གནད། དམིགས་གནད། རླུང་གནད་གསུམ་མོ། །དང་པོ་ནི། འཁྲུལ་འཁོར་སྐྱིལ་ཀྲུང་དུ་གནས་ལ། ལག་པ་མཉམ་གཞག་ལྟེ་བར་བཙིར། སྐེད་པ་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་དགུ་བར་བྱས་ཏེ། ལྕེ་ཕུགས་སུ་སླེབ་ཚད་དུ་བཟློག་སྟེ། ལྕེའུ་ཆུང་ལ་རེག་པར་བྱ། དམིགས་པ་ཡུལ་གྱི་གནད་ལ་རང་ལུས་ཡི་དམ་དུ་གསལ་བའི་སྤྱི་གཙུག་ཏུ་ཧཾ་མགོ་ཐུར་ལ་ལྟ་བར་བསམ། སྨིན་མཚམས་སུ་ཧཾ་ཀྱོག་པོ་མགོ་ནང་དུ་ལྟ་བར་བསམ། ལྕེ་ཆུང་གི་རྩེ་མོ་ལ་སུཾ། སྙིང་གར་ཧཱུྃ། རྩ་བྷ་སནྡྷའི་ནང་དུ་བསམ། ལྟེ་བའི་དབུས་སུ་ཨཾ་ཁ་དོག་དམར་པོ་བསམ། ཡིག་འབྲུ་གཞན་ཐམས་ཅད་དཀར་པོར་བསམ། དེ་ནས་རླུང་གི་གནད་འོག་རླུང་ཅུང་ཟད་བསྐྱོད་པས། ལྟེ་བའི་ཨཾ་ལས་རླུང་མེའི་དྲོད་ཅན་བྱུང་བས། སྙིང་གའི་ཧཱུྃ་དྲོས་ཏེ་དེའི་ནུས་པས་ལྕེ་ཆུང་གི་སུཾ་དྲོས་ཏེ། དེའི་ནུས་པས་སྤྱི་གཙུག་དང༌། སྨིན་མཚམས་ཀྱི་ཧཾ་དྲོས་ཏེ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་ཞུ་བས་ཡང་སྟེང་རླུང་ཅུང་ཟད་བཅུག་པས་ཧཾ་གཉིས་ཀྱི་ནུས་པ་ཆེར་གཡོས་པའི་སྣ་རྩེ་ལྕེ་ཆུང་ལ་ཡོད་པས། ལྕེ་ཆུང་གི་སུཾ་ལས་འཆི་མེད་ཀྱི་བདུད་རྩི་ཀུནྡལ་ལྟ་བུ། བྱང་སེམས་མེར་མེར་བབས་སྟེ། སྙིང་གའི་ཧཱུྃ་ལ་བབ་པས། ཧཱུྃ་ནུས་པ་ཆེར་རྒྱས་ཏེ། སྙིང་གའི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྩ་བརྒྱད་ན་ཕར་གློ་བ་བུས་པ་བཞིན་སོང་སྟེ། དེའང་དང་པོ་སྒོ་རྣམས་སུ་སྐྱ་ཆིལ་གྱིས་བྱོན་པར་བསམ་ཞིང༌། མཐར་ལུས་ཐམས་ཅད་གང་བར་བསམ། དེ་ལྟར་ལྟེ་བའི་ཨཾ་ལས་རླུང་མེའི་དྲོད་ཅན་གྱིས་བསྐུལ་བས་གང་གི་ཡི་གེ་རྣམས་གཅིག་གི་ནུས་པས་གཅིག་བསྐུལ་ནས་ལྕེ་ཆུང་གི་སུཾ་ལས་བདུད་རྩིའི་རྒྱུན། རྒྱུན་མི་ཆད་དུ་བབ་པར་བསམས་ལ། ལྕེ་ཕུགས་སུ་བཟློག་སྟེ་དལ་བུས་འཇིབས་པས། ལྕེ་ཆུང་གི་ལྕེ་ཁུད་དུ་ཧྲིལ་འོང་སྟེ་དེ་ལ་དལ་བུས་འཇིབ་ཅིང་མིད་པས་ཅི་མིད་མིད་འོང་སྟེ། སྟེང་འོག་གི་རླུང་འཇམ་པོས་ཁ་སྦྱར་ལ། ཡུན་རིང་དུ་བསྒོམ་མོ། །དེ་ལ་གོམས་པས་བདེ་དྲོད་མི་རྟོག་པ་ཕུན་སུམ་ཚོགས་པ་སྐྱེ་ཞིང་མྱུར་དུ་བདེན་པ་མཐོང་བར་འགྱུར་ཏེ་དཔལ་ལྡན་ཏོག་ཙེ་ཞབས་རླུང་སྦྱོར་འདི་ལ་བརྟེན་ནས་གྲུབ་པ་བརྙེས་པ་ཡིན་གསུངས། ཐུན་མོང་གི་ཡོན་ཏན་ལུས་བཀྲག་མདངས་རྒྱས་པ་དང༌། དབང་པོ་གསལ་བ་དང༌། གཞོན་ཤ་ཆེ་བ་དང༌། མྱུར་དུ་འཆི་བ་མེད་པའི་ཚེའི་རིག་པ་འཛིན་པ་བརྙེས་པར་འགྱུར་རོ། །ཆོས་རྗེ་ཉིད་སྐུ་བཀྲག་མདངས་རྒྱས་ཤིང་ཤིན་ཏུ་གཞོན་ཤ་ཆགས་པ་ཡང་རླུང་སྦྱོར་འདིས་ཡིན་གསུངས། དང་པོ་འཆི་མེད་བསྒྲུབ་པའོ།།  །།གཉིས་པ་རྡོ་རྗེ་ཆུ་འཐུང་གི་གདམས་པ་ལ་གསུམ་སྦྱང་བ་དང༌། སད་པ། ལས་ལ་སྦྱར་བའོ། །དང་པོ་ནི། མཉེ་དང་དཀྲུགས་དང་བུད་པ་དང༌། །ཞེས་པ་སྟེ། དབེན་པའི་གནས་སུ་ལུས་ཟུངས་རྒྱས་པར་བྱས་ལ། ལྷའི་ང་རྒྱལ་དང་ལྡན་པས་སྤྱིར་ལུས་ཐམས་ཅད་ལ་ལོ་མར་བྱུགས་ལ་སྐུ་མཉེ་བྱ། ཁྱད་པར་དུ་བོལླ་ལ་ལོ་མར་བྱུགས་ལ་ཡུན་རིང་དུ་མཉེ་ཞིང་ཉི་མ་ལ་འདུག དེ་ལྟར་ཉི་མ་འགའ་བྱས་པའི་རྗེས་ལ་དྲི་ཆུ་དོར་བའི་རྗེས་རེས་ལྕམ་པའི་རྐང་པ་ལེགས་པར་བཤུས་པ་རྩེ་ཟླུམ་དུ་བྱས་ཏེ། དེ་རྡོ་རྗེའི་བུ་ག་ན་ཡར་རིམ་གྱིས་བཅུག་སྟེ་རིམ་གྱིས་བསླབ་བོ། །དེ་དུས་སུ་ཆུ་སྡོམ་སྲིད་པས་རྒྱ་ཚ་དང༌། ཆུ་བསྐོལ་བག་རེ་བཏང༌། ཡོས་ཚན་དེས་བཤང་གཅིའི་བར་དུ་དུགས་བྱའོ། །དེས་ལྕམ་པ་དེ་བོལླའི་རྩ་བར་ལྷན་བཏང་བ་གོམས་པ་དང༌། ཐོག་མར་རྡོ་རྗེ་བུ་གར་སོར་གཅིག་བཅུག་ལ་སྟེང་རླུང་དྲག་དུ་མནན་ཏེ་མདུན་རླུང་སོར་འཐེན། རྒྱབ་རླུང་ཐུར་ལ་ཆུ་འཚིར་བ་བཞིན་ཕུལ་བས་དེ་ཕྱིར་འཐོན་པ་དང་རིམ་གྱིས་སོར་གཉིས་གསུམ་མཇུག་ཏུ་རྡོ་རྗེའི་རྩ་བར་ལྷན་སླེབ་པར་ཕྱིར་འཐོན་པ་དང་སྟེང་རླུང་འོག་རླུང་དུ་སྤོ་བ་འབྱོངས་པ་ཡིན་ནོ། །དེ་ནས་ཡང་རྡོ་རྗེའི་རྩ་བར་སོར་གཅིག་སོར་གཉིས་ལ་སོགས་པ་མ་སླེབ་ཙམ་དུ་བཙུད་དེ། སྟེང་རླུང་དྲག་ཏུ་དྲངས་ལ་འོག་རླུང་དབང་དུ་བསྡུས་ཏེ་མདུན་རླུང་སོར་འཐེན་རྒྱབ་རླུང་གྱེན་ལ་དྲག་ཏུ་འཐེན་ལ་ཨ་ལང་དྲག་ཏུ་བསྡམས་ཏེ། རུས་སྦལ་བསྐུམ་པའི་འཁྲུལ་འཁོར་གྱིས་དྲངས་པས་ཅུང་ཟད་ནུད་ཙམ་ནུད་ཙམ་འདྲངས་ཏེ། རྡོ་རྗེའི་བུ་ག་ནས་རྩ་བར་ལྷན་གྱིས་འདྲངས་ནས་འོག་རླུང་སྟེང་དུ་དྲོངས་པ་འབྱོངས་པ་ཡིན་ནོ། །དེ་ལྟར་རེས་ཕྱིར་ཕུལ། རེས་ནང་དུ་དྲང་བ་མང་དུ་བྱས་ཏེ་དེ་ནི་སྦྱང་བའོ། །རླུང་སྦྱོར་གྱི་གནད་ཕྱག་ལེན་ཞལ་ལས་དྲིས། བར་བར་ཐམས་ཅད་དུ་མཉེ་བ་རེ་གལ་ཆེའོ། །གཉིས་པ་སད་པ་ནི་ངང་པ་ལ་སོགས་པ་སྒོ་ངའི་ནང་དུ་ཆུ་དང་འོ་མ་བསྲེས་པ་རང་དྲོད་ཙམ་འདྲེན་པའི་སྦྱོར་པས་དྲང༌། དེའང་དང་པོ་ཐིག་ལེ་རེ་རེ་གཉིས་གཉིས་གསུམ་གསུམ། དེ་ནས་སྒོ་ང་རེ་ཙམ། མཇུག་མང་དུ་དྲང༌། དེ་ནས་འོ་མ་དང་ཁྲག་བསྲེས་པ། ཁྲག་རྐྱང་པ་གོང་བཞིན་དུ་དྲང༌། དེའང་ལུས་ལ་མི་གཞག་པར་ཕྱིར་གདོན་ནོ། །དེ་ནས་གོང་བཞིན་དྲངས་ཏེ་ལེགས་པར་དྲངས་པ་དང༌། ཕྱི་འཁྲུལ་ནང་འཁྲུལ་གྱེན་འདེད་ཀྱི་འཁྲུལ་འཁོར་བྱ་སྟེ། མདུན་རླུང་ཕྱིར་ཕུལ་ཏེ། རྒྱབ་རླུང་ནང་དུ་ཕུལ་བས་ཁ་སྣ་ནས་དྲངས་པ་དང༌། རྒྱངས་ཀྱིས་ཐོན་པ་དང༌། སད་པའི་གདེངས་ཐོབ་པ་ཡིན་ནོ། །ཡར་མར་གོང་ནས་འདོན་དང་ནང་དུ་མ་ལུས་པར་བྱ་སྟེ། སེང་གེ་རྣམ་རོལ་འགའ་བྱའོ།།  །།གསུམ་པ་ལས་ལ་སྦྱར་བ་ནི། ཕྱག་རྒྱ་མཚན་ལྡན་ཟླ་མཚན་འཛག་པའི་ཁྲག་གི་དུས་ལ་སྦྱོར་བ་སྟེ། ཀུནྡ་བྷ་གར་ཕབ་ལ་དཀར་དམར་འདྲེས་པ་དེ་དྲངས་ཏེ། དེ་ཡང་འཁྲུལ་འཁོར་རུས་སྦལ་ཡན་ལག་བསྐུམ་པ། དམིགས་པ་ཧཱུྃ་ཕཊ་ཀྱི་མདའ་གཞུ། ཐབས་ཤེས་རབ་ཧཱུྃ་ཕཊ་ཀྱི་ཞི་དྲག་རླུང་སྟེང་གི་འོག་འདྲེན། མདུན་རླུང་ཐུར་དུ་ཐེན། རྒྱག་རླུང་གྱེན་ལ་འདྲེན་པ་དེ་ལག་ལེན་ཞལ་ལས་ཤེས་སོ། །དེ་ནས་དགྲམ་པ་ལ་སོགས་པ་བྱ་སྟེ། ཚེ་རིང་བ་དང༌། འཆི་བ་བསླུ་བའི་མཆོག་ཏུ་འགྱུར་བ་དང༌། ལུས་ལང་ཚོ་རྒྱས་པ་དང༌། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་དུ་མ་འབྱུང་སྟེ་བཅུད་ལེན་ཡང་དག་པའི་གདམས་ངག་གོ །ཀུན་ལ་ཡོད་ན་ངོ་མཚར་ཆུང༌། གསུམ་པ་ཐིག་ལེ་འཛག་མེད་ཀྱི་མན་ངག་ནི། ལུས་གསང་བ་གནད་ཀྱི་འཁྲུལ་འཁོར་ཆོས་གསུམ་ལྡན་དུ་བྱ་སྟེ། གླིང་བཞི་གཅིག་ཏུ་བསྡུས་པའི་ལག་པས་མཆོག་གི་རྩ་བཅིར། རོ་འཛིན་རང་གི་གནས་སུ་བསྐྱལ། དབང་པོའི་མཆོག་སྟེང་དུ་བགྲད་དེ། དེ་ལུས་དྲང་པོར་འདུག་ལ་སྤྱི་གཙུག་ཏུ་ཧཾ་གི་འོག་ཏུ་ཨོཾ་དཀར་པོ་འོད་དང་བཅས་པ་ཅིག་བསམ། ལྟེ་འོག་སོར་བཞི་གཉེར་པོ་ཆེའི་མཚམས་ན་དབུ་མའི་རྩ་སྣ་ཟད་ནས་ཁ་ཁྭ་མུ་ཁ་དང༌། དུས་ཀྱི་མེ་གཉིས་གྱེས་པའི་མཚམས་ན་ཡོད། དེ་ལ་སྨན་དཔྱད་ན་བསམ་སེའུའི་གསང་ཟེར། དེ་དབུ་མའི་རྩ་སྣར་ཨ་དཀར་པོ་འོད་དང་བཅས་པ་ཅིག་བསམ། རྡོ་རྗེ་ནོར་བུའི་གོང་ན་ཁ་ཁྭ་མུ་ཁའི་རྩ་སྣ་ཡོད། དེའི་སྦུབས་ཀྱི་ནང་དུ་ཧཱུྃ་དཀར་པོ་འོད་དང་བཅས་པ་ཅིག་བསམ་སྟེ། དེ་ནས་འོག་རླུང་འཐེན་ཏེ་རླུང་འཇམ་པོ་དགང་བ་དང་དབྱུང་བ་མེད་པ་མནན་ལ་ཡི་གེ་གསུམ་ལ་དམིགས་པ་ཡུན་རིང་དུ་གཏད། དེ་ནས་སྦུབས་ཀྱི་ཧཱུྃ་གྱེན་ལ་སོང་བས་རྩ་སྣའི་ཨ་དེ་ཧཱུྃ་གི་ནང་དུ་པུར་བཅུག་སྟེ། ཧྲིལ་ཕུལ་བར་བསམ། དེ་ལ་རླུང་ཁུག་པ་སུམ་ཅུ་རྩ་དྲུག་གི་ཡུན་ཚོད་ཅིག་ཤེས་པ་དྲག་ཏུ་གཏད་དེ་གྱེན་ལ་སོང་བས་སྤྱི་བོའི་ཧཾ་དེ་གཉིས་ཀྱི་ནང་དུ་བཅུག་སྟེ་ཧྲིལ་ཕུལ་བར་བསམ། དེ་ལ་རླུང་ཁུག་པ་བདུན་ཅུ་རྩ་གཉིས་ཀྱི་ཡུན་ཤེས་པ་གཏད། དེ་གསུམ་གྱི་ནང་དུ་ཧཾ་བཅུག་སྟེ་ཧྲིལ་ཕུལ་བར་བསམ། དེ་ལ་རླུང་ཁུག་པ་བརྒྱ་རྩ་བརྒྱད་ཀྱི་ཡུན་རིག་པ་གཏད། དེ་ལྟ་བུ་ཐུན་བཞིར་བསྒོམས་པས་དུས་མ་ཡིན་པར་ཐིག་ལེ་གཡོ་བར་མི་འགྱུར་རོ། །བདེ་ཉམས་ཆུང་ན་ཡི་གེ་རྣམས་མ་བསྡུས་པར་རང་སར་ཕྲལ་ཏེ། གནས་པ་ཁོ་ན་ལ་རིག་པ་གཏད་པའམ། ཡང་ན་ཧཱུྃ་ཨ་ལ་བསྡུ་བ་ཙམ། དེ་ཨོཾ་ལ་བསྡུ་བ་ཙམ་ལ་གཏད། བདེ་བ་ཆེར་གཡོ་ན། དེ་གསུམ་གྱི་ཧཾ་བཏུམས་པ་གོང་བཞིན་ཏེ། ཉམས་དང་སྦྱར་བ་བྱའོ།།  །།བཞི་པ་སྲིད་པ་ལྟེ་བསྒྱུར་གྱི་མན་ངག་ནི། བུད་མེད་ཀྱི་དུས་ཟླ་མཚན་ཆད་ནས་ཞག་གསུམ་ནས་སྐྱེས་པའི་དུས་ཉིན་པར་རླུང་རྩོལ་བ་ནས་རྒྱུ་བའི་དུས་སུ་ཡུམ་གྱི་སྦོ་གཡས་ས་ལ་ཕབ། ཡབ་ཀྱི་གཡོན་པ་ཕབ་ལ། སྙོམས་འཇུག་གི་དུས་སུ་བུད་མེད་ལ་སྐྱེས་པར་འདུ་ཤེས་བསྒོམ་ཞིང༌། བུད་མེད་ཀྱི་འདུ་ཤེས་མེད་པར་བྱ། ཡུམ་གྱིས་ཡབ་ལ་ཆགས་པ་དྲག་པོ་བྱ། བྱང་སེམས་རྒྱུ་བའི་དུས་སུ་ཡབ་ཀྱི་སྲོག་དམ་དུ་བཀག་ལ་རླུང་རྩོལ་བ་ནས་དྲག་ཏུ་འབུད། སྔས་སུ་མར་རྙིང་གི་གསུར་འཇམ་པོ་བཏང༌། དྲི་ཟ་ཉེ་བར་འཁོར་བའི་རྟེན་འབྲེལ་ཡིན། ཡུམ་བླ་འོག་མི་བརྗེ་བར་རྒྱུན་དུ་གཡས་འོག་ཏུ་གཞུག དེ་ལྟར་ནུབ་བདུན་བར་མ་ཆད་པར་སྙོམས་འཇུག་རེ་བྱ། ཡབ་ཀྱི་ཉིན་པར་ཐུབ་ཚད་ཀྱིས་རྩོལ་བ་ནས་རླུང་རྒྱུ་རུ་གཞུག་གོ །ཡུམ་གྱིས་བཏུབ་ཚད་ཀྱིས་གཡས་འོག་ཏུ་གཞུག ཡབ་ཀྱི་རླུང་ནུབ་གཅིག་རྩོལ་བ་ནས་རྒྱུས་ཀྱང༌། ནུབ་གཅིག་སྲོག་ནས་རྒྱུས་ན་མཚེ་མ་འོང་སྲིད། ཞག་ཟུང་ལ་བུ་མོ། ཉག་ལ་བུ་འོང༌། ཡར་ངོའི་ཞག་གཅིག་ཉེ་རྒྱུ། མར་ངོའི་ཞག་གཅིག་རིང་རྒྱུ། དེ་ནས་ཟླ་བ་ཕྱེད་སྙོམས་འཇུག་མི་བྱའོ། །ཡུམ་གྱི་ཞག་བདུན་པས་མི་ཉུང་བ་ཅིག་གཡས་འོག་ཏུ་གཞུག་གོ །བླ་མ་མར་པས་ཕོ་རྩ་ཀློད་ནས་མོ་རྩ་བསྡམས་པ་མོས་རྩ་རྒྱུད་འགེགས་པའི་ལུས་གནད་ཅེས་པ་ཡང་འདི་ཉིད་ཡིན་གསུངས། འདི་ལས་ཟབ་པའི་ལྟེ་བསྒྱུར་གཅིག་ཀྱང་མེད་གསུངས། སྔར་བུ་ཚ་མེད་པ་ལ་འོང༌། སློབ་དཔོན་བསོད་ནམས་ལ་སོགས་པས་སྔར་མང་དུ་ཆོ་ཕྱེ་བ་ཡིན་གསུངས། ཨི་ཐི།།  །།ལྔ་པ་རླུང་གི་བཅུད་ལེན་བསྟན་པ་ནི། ཁྲོ་བོའི་གཟུགས་ཀྱི་རླུང་བསྒོམ་པ་ནི། ལག་པ་སོར་མོ་བྲང་གི་ཐད་ཀར་བཅེར་ཏེ་ཁ་སྒོར་བསྟོད་ལ། རྐང་པས་སྐྱིལ་ཀྲུང་བཅས། ལུས་ལྷུ་གཟུགས་ཧྲང་ངེ་བ་ཁྲོ་བོ་བཞིན་བྱས། མིག་གྱེན་ལ་བགྲད་དེ། བྱད་ཀྱང་ཁྲོ་བྱད་དུ་བྱས་ཏེ། མགོ་མས་ཡར་བསྟོད་ཅིང་རླུང་དྲག་ཏུ་རྔུབས་ལ་ཐུབ་ཚད་བཟུང༌། མི་ཐུབ་ཙ་ན་སྣ་ནས་དལ་བུས་བཏང༌། དེ་ལྟར་ལན་བདུན་ལ་ཐུན་རེ་བྱས་པ་ཞག་རེ་ལ་ཉི་ཤུ་རྩ་གཅིག་རེ་བྱའོ། །རྒས་མེད་གཉེར་མ་ཅན་དང་སྐྲ་དཀར་གཉེར་མ་འཇོམས། །ཚེ་ནི་ཉི་ཟླ་མཉམ་ཞིང་བར་ཆད་བགེགས་མི་ཚུགས། །འཇིགས་བྱེད་ཁྲོས་པའི་གཟུགས་དང་ཅུང་ཟད་མཉམ་པ་ཡིན།།  །།དྲུག་པ་འཆི་བ་བསླུ་བ་ནི། འཁྲུལ་འཁོར་ཙོག་པུར་འདུག་སྟེ། གྲེ་མོ་གཉིས་པུས་མོའི་སྟེང་དུ་བཞག ལག་པའི་སོར་མོ་ལྷག་པར་བསྣོལ་ཏེ་མཐེ་བོང་གཉིས་ཀྱིས་ལོངས་སྤྱོད་ཀྱི་རླབས་མནན་ཏེ། ཙེན་བཏེག་པ་དང༌། རླུང་སྲོག་རྩོལ་གཉིས་ནས་དྲག་ཏུ་ཤད་ཤད་བུད་པ་བརྒྱ་རྩ་བརྒྱད་བྱ་སྟེ། ཉི་ཟླ་བསྐྱོད་ནས་ལྷག་མ་སྤང་བའོ། །དེ་ནས་ནམ་ཐོ་རངས་ཀྱི་དུས་སུ་ནམ་མཁའ་མཐོང་བར་འདུག་སྟེ། ལུས་ཕྱི་ཡི་དམ་ནང་སྟོང་པར་བསྒོམས་ཏེ། བླ་མ་རིགས་ཀྱི་བདག་པོས་དབུར་བརྒྱན། དེ་ནས་རླུང་ཁ་ནས་སྒྲ་མེད་འཇམ་ལ་རིང་བ་རྔུབས་ཏེ་ཁམས་གསུམ་གྱི་ནམ་མཁའ་ཁ་རུ་སིབ་སིབ་སོང་བས་ལུས་སེམས་ཐམས་ཅད་སྐྱེ་འཆི་མེད་པར་ནམ་མཁའི་རང་བཞིན་དུ་སོང་བར་བསམས་ལ། མཐེ་བོང་གིས་ལོངས་སྤྱོད་ཀྱི་རླབས་བསྡམས། རླུང་ཁ་སྦྱར་ཐུབ་ཚད་ཅིག་བསྒོམས་ཏེ། མི་ཐུབ་ཙ་ན་རང་གི་གནས་སུ་ཉལ་ཞི་རུ་གཞུག སྟོང་སྒྲེགས་བྱུང་ན་འཆི་བ་བསླུས་པའོ། །དེ་ནི་སྟོང་པ་རྔུབས་པས་འགྲོ་བ་འཚོ་བའོ།།  །།བདུན་པ་དབང་སྡུད་ནི། འཁྲུལ་འཁོར་གྱི་སྐྱིལ་ཀྲུང་དུ་གནས་ཏེ་ལག་པ་གཉིས་དཀུར་བཞག མགོ་བོ་གཡོན་དུ་ཅུང་ཟད་འདུད་པར་བྱ་སྟེ། དེ་ནས་དང་པོ་བདེ་བ་སྐྱེད་པ་དང༌། གཉིས་པ་དབང་དུ་བསྡུ་བ་གཉིས་ལས། དང་པོ་ནི་རང་གི་ལྟེ་བར་པདྨ་དཀར་པོ་འདབ་མ་བརྒྱད་པ་ཅིག་བསམ། དེའི་ལྟེ་བར་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཧྲཱིཿདཀར་པོ་ཅིག་བསམ། འདབ་མ་བརྒྱད་ལ་ཐིག་ལེ་དཀར་པོ་རེ་བསམ། དེའི་དབུས་ཀྱི་ཧྲཱིཿལ་སེམས་གཏད་དེ། རླུང་བཟུང་བས་འདབ་མའི་ཐིག་ལེ་ཐམས་ཅད་ཕྲི་ལི་ལི་གཡོ་བར་བསམས་ལ། རླུང་སེམས་དྲག་ཏུ་བསྒྲིམ་པས་བདེ་བ་མི་སྐྱེ་མི་སྲིད་དོ། །གཉིས་པ་དབང་དུ་བསྡུ་བ་ནི། བདེ་བ་དེའི་ངང་ནས་ལྟེ་བའི་པདྨ་འདབ་བརྒྱད་དེ་གང་དབང་དུ་བྱ་བར་འདོད་པ་དེར་བསམས་ལ། དེའི་འདབ་མ་བརྒྱད་ལྟེ་བ་དང་དགུ་ལ་ཧྲཱིཿདམར་པོ་དགུ་བསམ། དེ་ནས་རྗེས་སུ་ཆགས་པའི་སེམས་ཀྱིས་ལྟེ་བའི་ཧྲཱིཿལས་འོད་ཟེར་དམར་པོ་ཅིག་བྱུང་སྟེ། རང་གི་སྣ་བུག་གཡས་ནས་སོང་ནས་གང་དབང་དུ་བྱ་བ་དེ་ལ་ཕོག་པས་དེའི་ལུས་དམར་ཀམ་སོང་སྟེ། བདག་ལ་མངོན་པར་ཕྱོགས་པར་བསམས་ལ་རླུང་དྲག་ཏུ་རྔུབས་པས་རང་དབང་མེད་པར་འོད་ཀྱི་རྣ་ལ་དྲངས་ཏེ་པདྨ་དེ་ལ་བསྟིམ། དེ་ནས་ཧྲཱིཿདགུ་པོ་དེ་བུང་བ་ལྟ་བུས་གཟི་རི་རི་གཞིབས་པས་པདྨ་དེ་ནག་ཆིམ་སོང་བར་བསམ། ཧྲཱིཿདགུ་པོ་དེ་དབུ་མ་ལ་ཐིམ་སྟེ་དེ་ལྟེ་བར་ཐིམ་པར་བསམ། མི་ཆེན་དབང་དུ་བསྡུ་ན་ལྕགས་ཀྱུ། ཕལ་པ་དབང་དུ་བསྡུ་ན་ཞགས་པ། བུད་མེད་དབང་དུ་བསྡུ་ན་བདྨའི་ཕྲེང་བ། རྡོ་རྗེ་མཛུབ་གང་བ་ཟངས་ལས་བྱ། གོ་རིམ་བཞིན་དུ་ཛཿཧོཿཧཱུཾ། ཨོཾ་བཾ་ཧྲཱིཿཨཱ་ཀརྵ་ཨཾ་གུ་ཤ་ཛཿ ཞེས་ཁྲི་བརྗོད། གོང་བཞིན་དུ་དགུག་གཞུག་མང་དུ་བྱ་སྟེ། དར་དམར་པོས་དྲིལ། ཟ་འོག་གི་ཐི་གུས་བཅིངས་ཏེ་ལྟེ་བའི་ཐད་དུ་བཅང༌། ཅུང་ཟད་ཐོགས་ན་མ་ཚོར་བར་ལུས་ལ་རེག་པས་སོ། །གི་ཝང་ཙནྡན་དམར་པོ་འབྲི་མོག་སིན་དྷུ་ར་པདྨ་རཀྟ་དྲི་ཆུ་ལ་སྦྱར་བའི་ཐིག་ལེ་དཔྲལ་བར་བྱའོ། །དེའི་དུས་སུ་བདག་ཉིད་འདོད་འདུན་དུང་པ་བྱུང་ན་དབང་དུ་འདུས་པའི་རྟགས་ཡིན་པས་རྣམ་རྟོག་དེ་དབང་དུ་བསྡུ། དེ་ནས་ཡུལ་ཐོ་ལོགས་སུ་འཁོར་དུ་འོང༌། དེ་ལ་ཟས་དང་ནོར་གྱིས་འབྲེལ་བྱ། གཏམ་དང་ཅམ་ཅམ་མི་བྱ། དེ་ནས་མྱུར་དུ་སྲོག་ཟིན་པར་འགྱུར་རོ། །གནད་རྣམས་ཞལ་ལས་ཤེས་པར་བྱ། འདིས་གང་ཡང་དབང་དུ་མི་འདུ་མི་སྲིད། མང་དུ་ཆོ་ཕྱེ་བ་ཡིན་གསུང་ངོ༌།།  །།བརྒྱད་པ་ནད་འགྲོལ་གདོན་འགྲོལ་གྱི་གདམས་པ་ནི། འཁྲུག་འཁོར་སྐྱིལ་ཀྲུང་བཅའ་ལག་པ་ནུ་མའི་ཐད་དུ་སྦྱར། ལག་མགོ་སྤར་བ་བསྐུམ་མེ་བ་སྤར་འཛིང་བྱེད་པ་ལྟ་བུར་བྱ། ལྟོ་བ་སྒལ་པ་ལ་སྦྱར་ཏེ། མིག་གྱེན་ལ་བགྲད་དེ། སྟེང་རླུང་དྲག་ཏུ་བཟུང་ལ་བཞིན་ཁྲོ་བྱད་ཀེང་རུས་འདྲ་བ་བྱས་རླུང་ཐུབ་ཚད་དུ་དགག དེ་ལྟར་ལན་མང་དུ་བྱས་ཏེ་དེ་སྐྲན་དང་དམུ་ཆུ་ལ་སོགས་པའི་ནད་གཅོང་ཐམས་ཅད་ལས་གྲོལ་བར་བྱེད་དོ། །གདོན་འཇིགས་མོ་མི་ལྟ་ཞིང་ཐམས་ཅད་ལས་གྲོལ་བར་བྱེད་དོ། །དུས་མཚན་ཁྲོས་པའི་གཟུགས་ཏེ་ཅུང་ཟད་གཉན་པ་ཡིན།།  །།དགུ་པ་ནོར་བསྒྲུབ་པ་ནི། ལོའི་དུས་དབྱར་དགུན་ཉི་མ་ལོག་པའི་དུས། ཞག་གི་དུས་སྔ་དྲོ་དང་པོ་རླུང་གི་དུས་སྲོག་ནས་རྒྱུ་བའི་དུས་སུ་འཁྲུལ་འཁོར་ནོར་རྒྱུན་མཛེས་མའི་གཟུགས་ཏེ། རྐང་པ་གཡོན་བརྐྱང་གཡས་པ་བསྐུམ་པའི་རྟིང་པས་བཤང་གཅིའི་བར་བསྡམས། མགྲིན་པ་དྲངས་ལ་དགུ་བར་བྱ། ལག་པ་རིན་པོ་ཆེ་འོད་འབར་བའི་ཕྱག་རྒྱ་ལྟེ་བར་བཅའ། རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞབས་གཡོན་བརྐྱང་གཡས་བསྐུམ་པ་ཕྱག་ན་རིན་པོ་ཆེ་འོད་འབར་བ་ལྟེ་བར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཅིག་བསམ། དེའི་ལྟེ་བར་རིན་པོ་ཆེ་འོད་འབར་བ་རྃ་སེར་པོས་མཚན་པ་ཅིག་བསམ། དེ་ནས་རླུང་སྲོག་ནས་ཕྱིར་རྒྱུ་བའི་དུས་སུ་རྃ་དེ་ལས་འོད་སེར་པོ་ཅིག་འཕྲོས། དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་དངོས་གྲུབ། སྒོས་རང་གང་འདོད་པ་དེ་རང་དབང་མེད་པར་དབང་དུ་བསྡུས་ཏེ། རླུང་ནང་དུ་འཇུག་པ་ན་འོད་ཀྱིས་དེ་ཐམས་ཅད་དྲངས་ཏེ་ལྟེ་བའི་རིན་པོ་ཆེ་ལ་ཐིམ། དེ་ལྟར་རླུང་འབྱུང་འཇུག་དང་འོད་ཟེར་སྤྲོ་བསྡུ་རླུང་ཁུག་པ་གཉིས་བརྒྱ་ཉི་ཤུ་རྩ་ལྔ་བྱ། ས་རླུང་རྒྱུ་བ་དང་འཛོམ་ན་ལེགས། དེ་ནས་ཟླ་བ་འགྱངས་པ་ལས་རང་ལུས་གཞན་ལུས་གཉིས་ལས་གཞན་ལུས་གཞན་དུ་ཤེས་པར་བྱ། རང་ལུས་ཀྱི་གདམས་པ་ནི་ལག་པ་གཡས་གསེར་ཆེན་གནད། གཡོན་པ་རྡོ་རྗེ་རྩེ་ལྔ་པ། རིན་ཆེན་མང་གི་བརྩེ་བར་བྱ། ཟླ་བ་གནས་ནས་འཕོས་ཏེ་འོད་མགོ་གཡོ་བ་ནས་ལྟེ་བའི་རིན་པོ་ཆེ་དེ་ཇེ་ཆེ་འཇིག་རྟེན་ཁམས་གྱི་ནོར་གྱིས་བསྡུས་པ་དེ་ཇེ་རྒྱས་ལ་མཐར་ཟླ་བ་མཆོག་གི་ཟེར་བར་སླེབས། འོད་ཀྱིས་ལུས་ཐམས་ཅད་གང་བ་དང༌། ལྟེ་བའི་རིན་ཆེན་ཇེ་ཆེ་ལ་ལུས་ཐམས་ཅད་དེའི་ངོ་བོར་གྱུར། ནོར་གྱི་དངོས་གྲུབ་ནམ་མཁའི་ཁམས་དང་མཉམ་པར་བསམ། དེ་ནས་ཟླ་བ་དེ་རླུང་གི་སྦྱོར་བས་དྲང་ཞིང་དགྲམ། རང་ལུས་ནོར་བུར་གྱུར་པ་དང༌། །དངོས་གྲུབ་ནམ་མཁའ་མཉམ་པ་དེ། །མི་འགྱུར་བརྟན་པར་བྱས་པར་བསམ། །དེ་ལྟར་སྦྱོར་སྐོར་དེ་རྣམས་ཚར་བ་ཅིག་རླུང་སྲོག་རྩོལ་ནས་མ་འཕོས་པ་ལ་ཚར་དགོས་སོ། །དེ་ལྟར་རྒྱས་པའི་དུས་ནས་བཟུང་ནས་རོ་ཧི་ཏའི་དུས་ན་སྲོག་ནས་རྒྱུ་བའི་དུས་ཉམས་སུ་བླང་སྟེ། ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་པར་འགྱུར་རོ། །དེའི་དུས་ན་ལོངས་སྤྱོད་ལ་འདོད་འདུན་དུང་བ་བྱུང་ན་གྲུབ་པའི་རྟགས་ཏེ། རྣམ་རྟོག་དབང་དུ་བསྡུ། དེ་ནས་དང་པོ་ཟས་དང་ནོར་ཕྲན་ཚེགས་འདུ་སྟེ། དེ་ཐམས་ཅད་བདག་ཏུ་མི་བཟུང་བར་འཕྲལ་ལ་སྦྱིན་པ་བཏང༌། དེ་ནས་རིམ་གྱིས་སྤྲིན་བཞིན་འདུ་སྟེ་ཐམས་ཅད་བདག་ཏུ་མི་བཟུང༌། བདག་ཏུ་བཟུང་ན་དངོས་གྲུབ་ཡལ་ནས་འགྲོའོ། །ཞག་ཉི་ཤུ་རྩ་གཅིག་གིས་མ་གྲུབ་ན་ཕྱིད་ལོ་ཉི་མ་ལོག་པའི་དུས་ན་སྤོགས་ཆོག་ཞག་བདུན་བྱ། དེས་མ་གྲུབ་ནའང་ལོག་ནོན་ཞག་གསུམ་བྱ། དེས་མི་འགྲུབ་མི་སྲིད་གསུངས།།  །།བཅུ་པ་རང་གཞན་ཕྱི་མར་གར་སྐྱེ་བརྟག་པ་ལ་གསུམ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། དབེན་པའི་གནས་སུ་མཚམས་དམ་དུ་བཅད་ལ། མཎྜལ་ཁྲུ་གང་བ་ཅིག་བ་བྱུང་རྣམ་པ་ལྔས་བྱུགས་ལ། དབུས་སུ་མེ་ཏོག་ཚོམ་བུ་ཆེ་བ་གཅིག་དགོད། དེའི་སྟེང་དུ་བྱང་ཆུབ་ཆེན་པོའི་སྐུ་རབ་གནས་བྱས་པ་ཅིག་བཞུགས་སུ་གཞུག སྤྱིར་པཱུ་ཛ་བཟང་དུ་བཤམ། ཁྱད་པར་དུ་མར་དཀར་གྱི་མར་མེ་རྒྱུན་མི་ཆད་དུ་དབུལ། དེ་ནས་རང་ཁྲུས་བྱས་གོས་གཙང་མ་བགོས་ཏེ། ཤ་ཆང་དང་སྒོག་བཙོང་ལ་སོགས་པ་རྨེ་བའི་ཁ་ཟས་སྤངས་ལ། དཀར་གསུམ་ལ་སོགས་པ་བསྟེན་ཏེ། ཁ་ནུབ་ཏུ་བལྟས་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་བདུན་རྣམ་པར་དག་པས་བསོད་ནམས་བསགས་ཏེ། དེ་ནས་སྟོང་པའི་ངང་ལས་རང་སྐད་ཅིག་གིས་བྱང་ཆུབ་ཆེན་པོར་བསྒོམ། མདུན་གྱི་རྟེན་དེ་ཡང་བྱང་ཆུབ་ཆེན་པོར་བསྒོམ། དེ་ལ་པཱུ་ཛ་ལྔས་མཆོད་ལ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཁྲི་ཕྲག་གཅིག་གིས་བསྙེན་པ་བྱས་ལ་མཚན་མོ་ཉལ་བའི་དུས་སུ། མགོ་ནུབ་ཏུ་བསྟན་ཏེ་མདུན་དུ་བྱང་ཆུབ་ཆེན་པོ་འོད་ཁོ་རེ་བཞུགས་པར་བསམས་ཏེ། དེའི་འོད་ཀྱི་རང་གི་ལུས་ཀྱི་ནང་དང་ཤེས་རྒྱུད་སྣང་བ་ཐམས་ཅད་དཀར་ས་ལེ་ཡོད་པར་བསམས་ལ་དེའི་ངང་ནས་གཉིད་ལོག་གོ །གཉིས་པ་སྒྲུབ་པ་ནི་གཞན་གོང་དང་མཐུན་པ་ལ། མུ་ནེ་ཞེས་པ་བྱེ་བ་གཅིག་སྨྲ་བཅད་བྱས་ལ་གསོལ་བ་གདབ། དེའི་བར་ཁྲུས་སུམ་ཡར་བྱ། ཟ་གཅིག་པར་བྱ་ཞིང་གཙང་སྦྲ་ཆེར་བྱའོ། །གསུམ་པ་ལས་ལ་སྦྱར་བ་ནི། ཟླ་བའི་དུས་ས་ག་ས་རིའི་ཚེས་ཀྱི་དུས་བཅོ་ལྔ་ཉ་གང་བ་ལས་རླུང་གི་དུས་རྩོལ་བ་ནས་ནམ་མཁའི་རླུང་རྒྱུ་བའི་དུས་སུ། ནང་བྷ་གའི་ཡི་གེ་བཅུ་བཞིས་རིགས་དྲུག་གི་ས་བོན་གྱི་གནས་སུ་ཕྱི་རུ་འགྲོ་བའི་འཇུག་པའི་འཁོར་ལོ་རྩིབས་དྲུག་ལ་ས་བོན་དྲུག་དབུས་ཀྱི་རང་གི་ས་བོན་དང་བཅས་པ་ཨ་སུ་ཎི་ཏྲི་པྲེ་དུ་དྲུག་འཁོར་ལོ་གོང་མ་གཡས་སྐོར་དང་འོག་མ་གཡོན་སྐོར་དུ། གུར་གུམ་དང་རྒྱ་སྐྱེགས་ཀྱི་ཆུས་བྲིས། འབྲས་བུ་གསུམ་དང་ཧོང་ལེན་རྟག་ཏུ་ངུའི་ཆུས་མིག་ལ་བྱུག ག་བུར་ཙནྡན་ལྡོང་རོས་ཀྱི་ལྡེ་གུས་གནས་དྲུག་ཏུ་ཐིག་ལེ་རེ་བྱས་ཏེ། ནང་གི་འཁོར་ལོ་དང་ཕྱིའི་འཁོར་ལོ་མ་འཆུགས་པ་དང༌། འཁོར་ལོ་གོང་མ་དང་འོག་མའི་ཐད་ཀར་ཀྲིགས་ཀྱིས་སོང་བ་དེ་རྣམས་མ་འཆུགས་པར་བྱ་སྟེ་ཉའི་ནུབ་མོ་པཱུ་ཛ་བཟང་དུ་བཤམ་མོ། །བཟླས་པ་ཅུང་ཟད་ཅིག་བྱས་ཏེ། བདག་གང་དུ་སྐྱེ་བ་དེ་བསྟན་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་སྟེ། དེ་ནས་མདུན་གྱི་བྱང་ཆུབ་ཆེན་པོའི་འོད་ཀྱིས་འཇིག་རྟེན་དྲུག་གི་གནས་ཐམས་ཅད་གསལ་བར་འགྱུར་རོ། །ཕྱི་ནང་གི་འཁོར་ལོ་དྲུག་གི་གཙོ་བོ་འཇིག་རྟེན་དྲུག་ཏུ་བསྒོམས་ཏེ། དང་པོ་དམྱལ་བའི་འཁོར་ལོ་ནང་མ་ལ། དེ་ནས་ཕྱིའི་ལྟེ་བ་ལ། དེ་ནས་རྩིབས་དྲུག་གཡོན་སྐོར་དུ་དབུགས་ཁུག་པ་བཅུ་གཅིག་གི་ཡུན་རེ་རེ་ལ་ཤེས་པ་གཏད། དེ་ནས་ཡི་དྭགས་ཀྱི་རྩིབས་དྲུག་གཡས་སྐོར། དེ་ནས་དུད་འགྲོའི་རྩིབས་དྲུག་གཡོན་སྐོར། དེ་ནས་ལྷའི་རྩིབས་དྲུག་གཡས་སྐོར། དེ་ནས་ལྷ་མ་ཡིན་གྱི་རྩིབས་དྲུག་གཡོན་སྐོར། མིའི་རྩིབས་དྲུག་གཡས་སྐོར། དེའི་དབུས་ཀྱི་ཎི་དང་འཁོར་ལོ་གོང་མའི་དབུས་སུ་ཤེས་པ་གཏད། དེ་ཉིད་ལས་རིགས་དྲུག་གང་དུ་སྐྱེ་བའི་རྨི་ལམ་གསལ་པོར་མཐོང་བར་འགྱུར་རོ། །དེས་མ་གྲུབ་ན་ཟླ་བ་དེའི་མར་ངོ་ལ་བསྙེན་པ་བཏང་སྟེ། ཡང་གནམ་སྟོང་ལ་བརྟག་གོ །དེས་གདོན་མི་ཟ་བར་འགྲུབ་བོ། །གནད་ཅུང་ཟད་ཞལ་ལས་ཤེས་པར་བྱའོ།།  །།ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*