ཕྲ་མོ་བརྒྱད་ཀྱི་མན་ངག

༼ན༽

༄༅། །ཕྲ་མོ་བརྒྱད་ཀྱི་མན་ངག་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ཕྲ་མོ་བརྒྱད་ལས་དང་པོ་གཟའ་རིགས་བསྲུང་བ་ནི། སྤྱིར་ནི་གནམ་ལྕགས་འབབ་པ་དང༌། ལྐུགས་པ་དང༌། ཞ་བ་དང༌། འཁུམས་པ་དང༌། ཡོ་འཆུས་དང༌། གྲུམ་ཐེང་དང༌། འོན་ལོང་སྐྲ་སྨིན་བྱི་བ། སྨྱོ་འབོག ཤེས་པ་མི་གསལ་བ་ཐམས་ཅད་གཟས་བརྒྱབ་པའི་ནད་ཡིན་ཏེ། དེ་བསྲུང་བ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉི་མ་གཏོད་ལ་གནོན་པའི་ཕྱག་རྒྱ་དང་གངྒཱ་གྱེན་ལ་བཟློག་པའི་ལྟ་སྟངས་བྱས་ཏེ། དེ་ཉིད་དུ་གསལ་བར་བསྒོམས་ལ། ཕྱག་རྒྱ་དེ་ཉིད་ཀྱིས་སྤྱི་བོའི་ཐད་དུ་ཐོག་རིས་རྩེ་ལྔ་པ་བྲིས་ལ། དམིགས་ཏེ་དེའི་དབུས་སུ་ཨོཾ། ཟུར་ལྔ་ལ་གཡོན་སྐོར་དུ། ན་སོཿབྷོཿཧཱུྃ་ཕཊ་རྣམས་ཁ་དོག་སེར་པོ་ཡིག་འབྲུ་མགོ་ཕྱི་རུ་བསྟན་པ་གསལ་བར་དམིགས་ལ། ཨོཾ་ན་སོཿབྷོཿཧཱུྃ་ཕཊ་ཅེས་པ་སྟོང་ཕྲག་གཅིག་བཟླས་ལ་འཁོར་ལོ་སྤྱི་བོར་ཐིམ་པར་བསམ། དེ་ནས་སྡིགས་མཛུབ་ཀྱི་རྩེ་མོ་ལ་རིན་པོ་ཆེ་ཟུར་བརྒྱད་པ་ཅིག་བསམས་ཏེ། དེའི་ཟུར་རྣམས་ལ་ཧཱུྃ་ཧཱུྃ་ཧ་ཧི་ཧུ་ཧེ་ཧོ་ཧ། ཞེས་པ་མགོ་ནང་དུ་བསྟན་པ་ཁ་དོག་སེར་པོ་དམིགས་ལ་སྔགས་སྟོང་ཕྲག་གཅིག་བཟླས་ཏེ། སྟ་ཟུར་གཡས་པ་ལ་ཐིམ་པར་བསམ། དེ་ནས་འཁོར་ལོ་དང༌། རིན་པོ་ཆེ་དེའི་རྩེ་མོར་ཐོག་རིས་རྩེ་མོ་ལྔ་པ་བྲིས་ཏེ། ཡིག་འབྲུ་དང་བཅས་པ་དར་ལེ་བརྒན་ལ་གསེར་གྱིས་བྲིས་ཏེ་སྤྱི་བོར་བཅིང་ངོ༌། །དུས་རྒྱུན་དུ་རང་རྣལ་འབྱོར་གྱི་དབང་ཕྱུག་གི་ང་རྒྱལ་བྱའོ། །དེ་ལྟར་རེ་རེ་བྱས་ཏེ་ལོ་རེ་བསྲུང་ངོ༌། །གཉིས་པ་བགེགས་རིགས་བསྲུང་བ་ནི། གནས་ཁང་ངམ་ས་ཕྱོགས་འདྲེ་ཅན་དུ་སྡོད་པ་འམ། རང་ལ་གདོན་གྱི་བར་ཆད་བྱུང་གིས་དོགས་པ་ལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྷ་རྟེན་འགས་པའི་ཕྱག་རྒྱ་བཅས་ཏེ་དེ་ཉིད་དུ་གསལ་བར་དམིགས་ལ་རྒན་པོས་མིང་མེད་མནན་ཏེ། འདྲེ་རྩ་དབང་དུ་འདུས་ལ། ར་ག་ཊ་ཛ་ཊ་ར་ག་ཏ་ཕཊ། བིརྺ་པ་ཀ་ཎི་ལ་ཊ་མོ་ན་ཐི་བྷ་ཡེ་ཞེས་བརྒྱ་རྩ་གཅིག་བཟླས་ཏེ་དེ་ནས་ཕྱག་རྒྱ་དེ་མ་བཤིག་པར་འདྲེ་རྩ་གཅིག་ལ་གཅིག་བརྡེབ་པ་ནི། ཐལ་མོ་གཡོན་པ་ལ་གཡས་པས་ལན་གསུམ་མོ། །དེ་ནས་ལག་པའི་སོར་མོ་ལན་གསུམ་སྤྲུག་གོ །རྒྱུན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ང་རྒྱལ་བྱའོ། །དེས་འདྲེ་རྩར་རྒྱུ་བའི་རླུང་མི་འཇུག་པས་བགེགས་ཀྱི་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང༌། རྒྱ་གར་ན་ཕར་ལ་སྐྱེ་བོ་ཐམས་ཅད་ཀྱི་ཁྱིམ་ན་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་སྐུ་རེ་བྲིས་ནས་འདྲེ་གདོན་ཐུབ་པ་ཡིན། རྨི་ལམ་དུ་བསེན་མོས་ཐིག་ལེ་ཁྱེར་བ་ཡང་ཐུབ་གསུང༌། གསུམ་པ་རླུང་སེམས་ཀྱི་འགྱུ་བ་བཙན་ཐབས་སུ་དགག་པ་རྐྱལ་པ་ཁ་བཅིང་བའི་གདམས་ངག་ནི། འཁྲུལ་འཁོར་སྐྱིལ་ཀྲུང་དུ་གནས་ལ། ལག་པ་མཉམ་གཞག་ལྟེ་བའི་འོག་ཏུ་དམ་དུ་བཙིར། མགྲིན་པ་ཅུང་ཟད་གཅུས་པའི་ཨོལ་བ་དཔུང་པ་གཡོན་དུ་བཞག་ལ་སྟེང་རླུང་དྲག་ཏུ་བཟུང་སྟེ། གཡས་ཀྱི་མགྲིན་པ་དཔུང་མགོ་ལ་མ་རེག་པར་དལ་བུས་གཅུས་པས་མཇུག་ཏུ་ཨོལ་བ་གཡོན་དུ་དལ་བུས་གཞག་གོ །དེ་ལྟར་མང་དུ་བྱས་པས་རླུང་སེམས་ཟིན་ཚེ། ལམ་འབྲས་ནས་སྟེང་རླུང་རྣམ་པར་འགོག་པའི་སྦྱོར་བ་ཞེས་གསུངས་པའི་ལག་ལེན་ལུགས་གཅིག་འདི་ཡིན་ནོ། །བཞི་པ་མིག་གི་རབ་རིབ་བསལ་བ་ནི། རྐང་པ་སྐྱིལ་ཀྲུང་བྱ། ལག་པ་བསྣོལ་པའི་མཐེ་བོང་གིས་མིག་གི་མ་མཆུ་འཐེན་ལ། རླུང་དྲག་ཏུ་བཟུང་སྟེ་མིག་ཐད་ཀར་འབྲུ་ཚུགས་སུ་བལྟས་ལ། མིག་འབྲས་ལ་བུ་ག་ཆགས་མའི་མི་གུ་ལྟ་བུ་བརྒྱ་སྟོང་སང་ངེ་བ་ནས་རླུང་ཕྱི་རུ་སི་རི་རི་འཐོན་པར་བསམ་ཞིང༌། མཇུག་ཏུ་སྣང་བ་ཐམས་ཅད་སྟོང་པར་སང་གིས་སོང་བར་བསམ་མོ། །དེ་ལྟར་མང་དུ་བྱས་པས་མིག་གི་རབ་རིབ་སེལ་ཏེ། མིག་རྣོ་བའི་མཆོག་ཏུ་འགྱུར་རོ། །ལམ་འབྲས་ནས་རྒྱུ་བའི་མིག་གི་རླུང་ལོག་བསལ་བའི་རྣམ་པ་གཅིག་གོ །ལྔ་པ་ལྕེ་དིག་པ་བསལ་བ་ནི་ནང་པར་སྔ་མོར་ལངས་ཏེ་ལྕེའི་བུད་དང་ལྗན་ལྗིན་ལེགས་པར་བཞར་ལ་ལྕེའི་སྟེང་དུ་པི་པི་ལིང་རྩི་བཞིན་བཏགས་པ་བླུགས་ཏེ། སོར་མོས་ལེགས་པར་ཡུན་རིང་དུ་མཉེ། དེ་ནས་རླུང་བཟུང་ལ་རས་སམ་དར་གྱིས་ལྕེ་ཡུན་རིང་དུ་འཐེན། ཕྱོགས་བཞིར་གཅུ། དེ་ལྟར་མང་དུ་བྱས་པས་ལྕེ་ཤིན་ཏུ་བདེ་བར་འགྱུར་རོ། །གཞུང་ནས་བཤད་པའི་དམིགས་པ་དེ་འང་བསྒོམས་ན་ལེགས་གསུངས་སོ། །ལྕེ་དང་སྙིང་འབྲེལ་པས་ད་ལྟ་ཡང་ཤེས་པ་འཁྱར་ཙ་ན་ལྕེ་དོར་དུ་འགྲོ་བའོ། །འདི་ལམ་འབྲས་ནས་རབ་ཏུ་རྒྱུ་བའི་རླུང་ལོག་བསལ་བའི་ཁྱད་པར་གྱི་གདམས་པ་ཡིན་ནོ། །དྲུག་པ་སྙིང་རླུང་བསལ་བ་ནི། རང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སོ་ཝ་ནཱ་ཐ་ན། དེང་སང་བཞུགས་པ་དེའི་འཁྲུལ་འཁོར་བྱ་སྟེ། དེའི་སྙིང་གི་དཀྱིལ་དུ་ཟླ་བའི་སྟེང་དུ་ཨ་དཀར་པོ་ཅིག་བསམ་སྟེ། སེམས་གནད་ལ་རླུང་འཇམ་པོ་བཟུང་ལ་དགའ་སེང་ངེ་དགའ་ཡ་ལེ་བསྒོམ། དེ་ལྟར་མང་དུ་བསྒོམས་པའི་རྗེས་ལ། ཨ་རིང་འདོན་ཅིང་ཉི་ཟླ་ཁ་སྦྱོར་གྱི་ལུས་སྦྱོང་མང་དུ་བྱའོ། །ཟས་བཅུད་ཅན་མང་དུ་བསྟེན་ནོ། །སྲོག་འཛིན་རེངས་པ་བཅོས་ཐབས་ཤིན་ཏུ་ཟབ་བོ། །བདུན་པ་རླུང་གཏུམ་མོའི་དྲོད་སྔར་མ་སྐྱེས་པ་བསྐྱེད་པའམ། སྐྱེས་པ་བོགས་དབྱུང་བ་ནི་ལུས་ཆ་གསུམ་ཆ་རུ་སྙོམས་པའི་འཁྲུལ་འཁོར་བྱ་སྟེ། རླུང་དྲག་ཏུ་བཟུང་ལ་ཆ་གསུམ་གྱི་མཚམས་ན་རས་ཀྱི་ཤགས་མ་ཕྲ་མོས་རན་ཚད་དུ་བསྡམ་མོ། །དེས་འཕྲལ་ཉིད་དུ་དྲོད་སྐྱེ་སྟེ། ཁྱད་པར་གྱི་ཙཎྜཱ་ལཱིའི་གདམས་ངག་གོ །བརྒྱད་པ་དགེ་མི་དགེའི་ལྟས་བརྟག་པ་ནི། རྟེན་འབྲེལ་བརྩི་བ་ལ་གསུམ། རླུང་ལ་བརྟག་པ། འབྱུང་ཡིག་ལ་བརྟག་པ། སྒྲ་གཅན་ལ་བརྟག་པའོ། །དང་པོ་ནི་བྱ་བ་གང་དུ་གང་བསྒྲུབ་པའི་དུས་ན་ཁ་ཤར་དང་བྱང་དུ་བལྟས་ཏེ། རླུང་ཐབས་ཀྱི་རྒྱུ་བ་ཆུའམ་རླུང་གི་རྒྱུ་བ། རྩོལ་བར་རྒྱུ་ཞིང་འདུག་ན་བྱ་བ་གང་བསྒྲུབ་པ་དེ་རང་གཞན་གཉིས་ཀ་ལ་གཟན་ནེ་བ་ཅིག་འགྲུབ་བོ། །ཡང་ཁ་ལྷོ་དང་ནུབ་ཏུ་བལྟས་ཏེ། རླུང་ཤེས་རབ་ཀྱི་རྒྱུ་བ་ས་རླུང་མེ་རླུང་རྒྱུ་བ། སྲོག་ནས་རྒྱུ་ཞིང་འདུག་ན། བྱ་བ་གང་བསྒྲུབ་པ་དེ་ཚེགས་མེད་པར་འགྲུབ་བོ། །ཡང་ཁ་ཤར་དང་བྱང་དུ་བལྟས་ཏེ་རླུང་ཤེས་རབ་ཀྱི་རྒྱུ་བ། ཆུ་འམ་རླུང་གི་རླུང་རྒྱུ་བ། སྲོག་ནས་རྒྱུ་ན་འགྲུབ་མི་འགྲུབ་འབྲིང་ཙམ་ཡིན། ཡང་ཁ་ལྷོ་དང་ནུབ་ཏུ་བལྟས་ཏེ་རླུང་ཐབས་ཀྱི་རྒྱུ་བ་ས་རླུང་མེ་རླུང་རྒྱུ་བ། རྩོལ་བ་ནས་རྒྱུ་ནའང་འབྲིང་ཡིན་དེ་རྣམས་ཕྱོགས་དང་འབྱུང་བའི་རླུང་མ་མཐུན་ན། འབྲིང་སྨད་དེ་ཕལ་ཆེར་མི་འགྲུབ། ཐབས་ཤེས་རབ་ཀྱི་རྒྱུ་བ་སྲོག་རྩོལ་མ་མཐུན་ནའང་འབྲིང་སྨད་དེ་ཕལ་ཆེར་མི་འགྲུབ། ཡང་ཤར་དང་བྱང་དུ་བལྟས་རླུང་ཤེས་རབ་ཀྱི་རྒྱུ་བ། ས་རླུང་མེ་རླུང་རྒྱུ་བ་རྩོལ་བ་ནས་རྒྱུ་ཤིན་ཏུ་ངན་ཏེ་མི་འགྲུབ། དེ་བཞིན་དུ་ཁ་ལྷོ་དང་ནུབ་ཏུ་བལྟས་རླུང་དང་རླུང་གི་རླུང་རྒྱུ་བ། ཤེས་རབ་སྲོག་ནས་རྒྱུ་ན་ངན་ཏེ་མི་འགྲུབ་ཕྱོགས་དང་འབྱུང་ཡིག་མཐུན་པ་འམ། ཐབས་ཤེས་རབ་སྲོག་རྩོལ་གང་རུང་དང་མཐུན་ན་འབྲིང་སྨད་དེ། གཉིས་ཀ་མཐུན་ན་འབྲིང་ངོ༌། གཉིས་པ་འབྱུང་ཡིག་ལ་བརྟེན་པ་ནི། ཕོ་ཤིང་གཉིས་དང་མོ་ཤིང་གཉིས་སྤྲད། དེ་གྲུ་བཞིར་བཟོས་ལ། འབྱུང་བ་བཞི་ཁ་དོག་དང་བཅས་པ་བྲི། ཕོ་ཤིང་གཉིས་ལ་ས་དང་རླུང་མོ་ཤིང་གཉིས་ལ་ཆུ་དང་མེ། རས་དཀར་པོ་ཅིག་ལ་གི་ཝང་དང་རྒྱ་སྐྱེགས་ཀྱི་པད་མིག་བཞི་ལ་ས་བཞི་བྲི། གཡོན་སྐོར་དུ་འབྱུང་བཞིའི་མིང་ཁ་དོག་དང་བཅས་པ་བྲིའོ། །དེའི་སྟེང་དུ་སྒྲིལ་ཏེ། ས་ས། ཆུ་ཆུ། མེ་མེ། རླུང་རླུང༌། བཟང་སྟེ་ཀུན་དུ་དགེ་ཞིང་བྱ་བ་གང་ཡང་འབད་མེད་མྱུར་དུ་འགྲུབ་པ་ཡིན། ས་མེ། ཆུ་རླུང༌། རླུང་ས། མེ་ཆུ། འདི་ཡང་དགེ་ཞིང་བཟང་སྟེ་ཅུང་ཟད་ཕྱི་དལ་ཆེ་ཙམ་ཡིན། ཆུ་ས། རླུང་ཆུ། མེ་རླུང༌། ས་རླུང༌། འབྲིང་སྟེ། རང་དང་ལོངས་སྤྱོད་འཁོར་ལ་གཟན། ཆུ་མེ། ས་ཆུ། མེ་རླུང༌། མེ་ས། ངན་ཅིང་ཀུན་དུ་མི་དགེ་བ། །རང་གཞན་ཀུན་ལ་མི་ཤིས་སོ། །ལན་གསུམ་བརྩིས་ཏེ་བཟང་གསུམ་བཟང༌། འབྲིང་གསུམ་འབྲིང་སྟེ། བྱ་བ་བསྒྲུབ་པས་ཆོག ངན་གསུམ་ཀུན་དུ་སྤང་བར་བྱ། །བཟང་ངན་བཟང་བ་བསྒྲུབ་ཏེ་བཏུབ། །བཟང་འབྲིང་བཟང་ངན་ཀུན་དུ་བསྒྲུབ། །འབྲིང་བཟང་འབྲིང་ངན་འབྲིང་བཟང་ངན། །བར་མར་ཤེས་ཏེ་དོར་བར་བྱ། །ངན་འབྲིང་བཟང་དང་འབྲིང་ངན་བཟང༌། །འབྲིང་དུ་ཤེས་བྱ་ངན་བཟང་འབྲིང༌། །བཟང་ངན་འབྲིང་ཀུན་དོར་བར་བྱ། །བརྩི་བ་ནམ་མཁའ་མཐོང་བའི་སར། །སྔ་དྲོའི་དུས་སུ་བརྩི་བར་བྱ། །སྒྲ་གཅན་གྱི་རྩིས་གཞན་དུ་ཤེས་པར་བྱའོ། །ལྟས་ངན་ཡང་བྱ་བ་དེ་ཅིས་ཀྱང་བསྒྲུབ་དགོས་ན། ས་རླུང་སྲོག་ཏུ་སྤོ། ཤེར་ཤིང་གི་ཕུར་པ་སོར་བཞི་པ་ཅིག་ལུས་ལ་བཅང་ངོ༌། །ཨོཾ་ཤྲཱི་ཁེ་ད་ན་མ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་སོ། །ལམ་དུ་འཇུག་ཁར་རྐང་པ་གཡོན་པ་གདོང་ལ་དོར་རོ། །གོམ་པ་བདུན་འདས་འདས་ཕྱི་མིག་མི་བལྟའོ། །ཐུན་མོང་གི་གྲུབ་ཆེན་བཅུ་པ་དང༌། ཕྲན་ཚེགས་བརྒྱད་དང་བཅས་པ། དཔལ་ལྡན་ས་སྐྱ་པཎྜི་ཏའི་ཐུན་མོང་མ་ཡིན་པའི་གདམས་ངག་གོ །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*