༼ན༽
༄༅། །ཚོགས་འཁོར་ཆོ་ག་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །བསྒྲུབ་ཕྱིར་དེ་ཡི་ཆོ་ག་བཤད། །བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའམ། འཁོར་ལོ་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལས་བྱུང་བའི་ཚོགས་ཀྱི་འཁོར་ལོ་བྱེད་པར་འདོད་ན་གསུམ་སྟེ། ཇི་ལྟར་བྱ་བའི་ཆོ་ག་དང༌། དེ་ལ་གཞན་གྱི་རྩོད་པ་སྤང་བ། ཆོ་གའི་རྣམ་གྲངས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་དྲུག་སྟེ། དུས། གནས། གྲོགས། ཡོ་བྱད། ཆོ་ག དགོས་པའོ། །དུས་ལ་རྒྱུན་གྱི་དུས་དང༌། ཁྱད་པར་གྱི་དུས་གཉིས་སོ། །རྒྱུན་གྱི་དུས་ནི་ཡར་ངོ་མར་ངོའི་ཚེས་བརྒྱད་དང༌། བཅུ་དང༌། བཅུ་བཞི་དང༌། བཅོ་ལྔ་སྟེ་བཞི་དང༌། མར་ངོ་ལའང་དེ་ལྟར་བཞི་སྟེ་བརྒྱད་དོ། །ཁྱད་པར་གྱི་དུས་ནི་དབང་བསྐུར་རབ་གནས་སྦྱིན་སྲེག་རྒྱུད་ཉན་བཤད་ལ་སོགས་པའི་དུས་རྣམས་སོ། །གཉིས་པ་གནས་ནི་གསུམ་ལས། ལས་དང་པོ་པས་རང་གི་ཁྱིམ་དང༌། གཙུག་ལག་ཁང་ལ་སོགས་པ་དབང་བསྐུར་བ་མ་ཐོབ་པས་དབེན་པའོ། །སེམས་བརྟན་པ་ཐོབ་ནས་དུར་ཁྲོད་དམ་རིའི་བྱ་སྐྱིབས་ལ་སོགས་པའོ། །བརྟན་པ་ཆེར་ཐོབ་ནས། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའོ། །གསུམ་པ་གྲོགས་ནི། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་མ་ཉམས་པའི་དཔའ་བོ་དང་རྣལ་འབྱོར་མའོ། །བཞི་པ་ཡོ་བྱད་ནི་ཅི་འབྱོར་པ་ཡིན་ན་ཡང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡུད་པའི་རྫས་མེད་དུ་མི་རུང་བ་མ་ད་ན་དང་བ་ལའོ། །ལྔ་པ་ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ལ་དྲུག གནས་ཁང་བརྒྱན་པར་བྱ་བ་དང༌། ཕྱི་ནང་གི་མཆོད་པའི་ཡོ་བྱད་བཤམ་པ། རྡོ་རྗེ་སློབ་དཔོན་ནང་དུ་སྤྱན་དྲངས་ཏེ་བཞུགས་པ། བརྡ་དང་བརྡའི་ལན་བྱས་ཏེ་ནང་དུ་གཞུག་པ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ། ཡི་གེ་བརྒྱ་པ་བརྗོད་དེ་རྒྱུད་དག་པར་བྱ་བའོ། །དང་པོ་ནི་གནས་ཁང་ཕྱག་དར་དང༌། བའི་རྣམ་ལྔ་དང་དྲི་ཞིམ་པོའི་ཆུས་བྱུག བླ་རེ་དང་ལྡ་ལྡི་ལ་སོགས་པས་བརྒྱན། བྲིས་སྐུ་དགྲམ། བདག་བསྐྱེད་གཙོ་བོར་བྱེད་ན་དགྱེས་པའི་རྡོ་རྗེའམ། འཁོར་ལོ་བདེ་མཆོག་ལ་སོགས་པའི་ལྷ་གྲངས་དང་མཐུན་པའི་གདན་སྟག་གི་པགས་པའམ། དུར་ཁྲོད་ཀྱི་རས་སམ། དེ་མ་རྙེད་ན་གཞན་ཡང་རུང་བའི་གདན། དཀྱིལ་འཁོར་གྱི་བསྐོར་བའི་རིམ་པ་ལྟར་བཤམ། མདུན་བསྐྱེད་གཙོ་བོར་བྱེད་ན། བསྒྲུབ་པའི་མཎྜལ་དགྱེས་རྡོར་རམ། བདེ་མཆོག་གི་གཞུང་ལུགས་དང་མཐུན་པར་བཤམ། རྡོ་རྗེ་སློབ་དཔོན་གྱིས་གཙོ་བྱས་པའི་ཚོགས་པ་རྣམས་ཀྱི་གདན་རྒན་རིམ་ལྟར་བཤམ། བདག་བསྐྱེད་གཙོར་བྱེད་པ་བརྟག་གཉིས་ལས་བཤད། མདུན་བསྐྱེད་གཙོ་བོར་བྱེད་པ་སཾ་བུ་ཊ་ལ་སོགས་པ་ནས་བཤད། ལས་དང་པོ་པས་མདུན་བསྐྱེད་གཙོ་བོར་མཆོད་པ་འཇུག་པ་བདེ་གསུང༌། གཉིས་པ་ཕྱི་ནང་གི་མཆོད་པ་བཤམ་པ་ནི། དགྱེས་པ་རྡོ་རྗེ་བ་ཆུ་གསུམ་མམ་བཞི། བདེ་མཆོག་པ་མཆོད་ཡོན་ཞབས་བསིལ་གཉིས་སུ་བསྡུས་ནས་མཛད། ཆུ་དེ་རྣམས་མཆོད་ཡོན་གྱི་ཡན་ལག་ཡིན་པས། མཆོད་ཡོན་འབུལ་ཞེས་མཆོད་ཡོན་གྱི་མིང་དུ་བཏགས་པའང་ཡོད། ཆུ་བཞིར་བྱེད་ན་ཞབས་བསིལ་ལ་ག་པུར་གུར་གུམ་ལ་སོགས་པའི་དྲི་བཟང་གདབ། ཞལ་བསིལ་ལ་མངར་གསུམ། འཐོར་འཐུང་ལ་ཆུ་གཙང་མ་ཉིད། མཆོད་ཡོན་ལ་མེ་ཏོག་དཀར་པོ་གདབ། མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་ཅི་འབྱོར་པའམ། གྲུབ་ན་རྒྱ་ཆེར་བཤམས། དགྱེས་རྡོར་བདེ་མཆོག་གི་གཞུང་ལུགས་དང་མཐུན་པའི། འཇིག་རྟེན་ལས་འདས་པའི་གཏོར་མ་གཅིག་དང༌། ཆོས་སྐྱོང་གིས་གཙོ་བྱས་པའི་འཇིག་རྟེན་པ་ལ་གཅིག གཞི་བདག་ལ་གཅིག རང་ལ་དགོས་པ་ཡོད་ན་གཏོར་མ་གཞན་ཡང་བཤམ་པར་བྱའོ། །འབྱོར་ན་མང་དུ་བཤམས་ཀྱང་ཆེས་བཟང༌། པདྨ་བྷཉྫ་ན་ར་མ་ད་ན་བླུགས་ཏེ། དཔྲལ་བ་རང་ལ་བསྟན་པ་རང་གི་མདུན་དུ་བཞག དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཡང་གཡས་གཡོན་དུ་གོ་མ་ནོར་བར་བཞག གཞན་ཡང་ལོངས་སྤྱོད་པའི་ཡོ་བྱད་ཅི་འབྱོར་པའམ། གང་དགོས་པ་ཐམས་ཅད་སྟ་གོན་བྱ། གསུམ་པ་རྡོ་རྗེ་སློབ་དཔོན་བཞུགས་པ་ནི། རྡོ་རྗེ་སློབ་དཔོན་ལ་མཎྜལ་དང་མེ་ཏོག་ཅི་འབྱོར་བ་ཕུལ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མཆོད་པའི་ཕྱིར་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་བདག་བསྐྱེད་གཙོ་བོར་མཆོད་ན། རྡོ་རྗེ་སློབ་དཔོན་དབུས་སུ་མདུན་བསྐྱེད་གཙོ་བོར་མཆོད་ན། ཚོགས་པའི་གྲལ་མགོར་གདན་བཤམས་པ་ལ་བཞུགས་པར་བྱའོ། །བཞི་པ་དབྱུག་སྔོན་ཅན་གྱི་ང་རྒྱལ་འཛིན་པའི་རྡོ་རྗེ་སློབ་མས་ལས་ཐམས་ཅད་པའི་བུམ་པ་དང་ལྡན་པ་སྒོ་དྲུང་དུ་བཞག་ལ་བརྡ་དང་བརྡའི་ལན་བྱས་ཏེ་མི་འཕྲོད་པ་རྣམས་ཕྱིར་བསྐྲད། འཕྲོད་པ་རྣམས་ནང་དུ་འཇུག་པའི་དོན་དུ་འདི་ལྟར་གསོལ་བ་གདབ་སྟེ། ཁྱོད་ཀྱི་དམ་ཚིག་ལ་ནི་ཁྲོ་བོ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱུག་ཏོ་རིན་ཆེན་བཅིངས་པ་འཛིན། །དཔལ་ལྡན་དཔའ་བོ་དཔའ་མོ་འདུ་བར་འཁོར་སྒྲོལ་ཁུམས། །མཁའ་མཛེས་རྣལ་འབྱོར་པ་ཡིས་ནང་དུ་བདག་ཐོངས་ཤིག །ཅེས་བརྗོད་དོ། །དེ་ནས་དབྱུག་སྔོན་ཅན་གྱིས་ལས་ཐམས་ཅད་པའི་བུམ་ཆུས་བསངས་ལ། འདི་སྐད་ཅེས་བརྗོད་དོ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ནི་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་བྱ་བའི་ཚིགས་བཅད་བརྗོད་ལ། ནང་དུ་གཏང༌། འདིའི་ཆོ་ག་རྣམས་ཤེས་པ་དཀའ། བྱས་ནས་མ་རྫོགས་ན་ཆོ་ག་ཉམས་པར་འགྱུར་བས་མི་ཤེས་པ་རྣམས་ཀྱིས་ལྷའི་ང་རྒྱལ་དང་ལྡན་པས། བག་ཡོད་པར་བྱས་ལ་འཇུག་གོ །རྡོ་རྗེ་སློབ་དཔོན་གྱིས་གཙོ་བྱས་པའི་རྒན་རིམ་ལྟར་གྲལ་ལ་འཁོད་དོ། །ལྔ་པ་གསོལ་བ་གདབ་པ་ནི། ལས་ཀྱི་རྡོ་རྗེ་སློབ་མས་སྤྱིར་མཎྜལ་ཕུལ། སོ་སོའི་ཕྱག་ཏུ་མེ་ཏོག་བཞག་ལ། ཕྱག་འཚལ་ཐལ་མོ་སྦྱར་ལ། ངག་ཏུ། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཆེན་གྱིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་པའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་གསོལ། །ཞེས་བྱ་བའམ། ཡང་ན་སོ་སོ་ནས་ལྷའི་རྣལ་འབྱོར་ལ་གནས་པར་ཞུ་ཞེས་བསྡུ་བའི་ཚིག་གིས་གསོལ་བ་གདབ། དེ་ནས་མེ་ཏོག་རྣམས་བསྡུས། བླ་མ་ལ་ཡོན་དུ་ཕུལ། བླ་མས་ཀྱང་བླ་མ་བརྒྱུད་པ་དང་ཡི་དམ་གྱི་ལྷ་ལ་དབུལ་ཏེ། མཎྜལ་གྱི་དབུས་སུ་སྤུང༌། དྲུག་པ་རྒྱུད་སྦྱང་བ་ནི། ཐམས་ཅད་ཀྱིས་དམ་ཚིག་གི་ཉེས་པ་བཤགས་པའི་ཕྱིར། སྤྱི་བོར་རྡོ་རྗེ་སེམས་དཔའ་མན་ངག་ལྟར་བསྒོམ། ཡི་གེ་བརྒྱ་པ་ཅི་རིགས་པར་བཟླས་ལ། ཨ་བྷི་དྷ་ན་ནས་འབྱུང་བའི་ཚིག་འདི་བརྗོད། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་སྐྱབས་སུ་མཆི། །ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་ཚིམ་པ་དྲུག་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་དགོངས་པ་བསྡུས་པ། སཾ་བུ་ཊ་ལས་འབྱུང་བའི་ཚུལ་བཤད་ན། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པ་རྒྱས་པས་ཚིམ་པ། སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱངས་པས་ཚིམ་པ། ཕྱི་རོལ་གྱི་འབྱུང་པོའི་ཚོགས་གཏོར་མས་ཚིམ་པ། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ནང་གི་སྦྱིན་སྲེག་གི་ཚིམ་པ། ཕྱི་ནང་གི་མཁའ་འགྲོ་མ་རྣམས་གླུ་གར་གྱིས་ཚིམ་པ། ལུས་ཀྱི་དཀྱིལ་འཁོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམ་པའོ། །དང་པོ་ནི་དགྱེས་པའི་རྡོ་རྗེ་ལྟར་ན། ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་སྲུང་བའི་འཁོར་ལོའི་བར་མངོན་རྟོགས་རྒྱས་འབྲིང་ལྟར་བསྒོམས་ནས། དེ་ཁོ་ན་ཉིད་བཅུའི་བསྲུང་བའི་དེ་ཁོ་ན་ཉིད་དང༌། ཕྱིར་བཟློག་པའི་དེ་ཁོ་ན་ཉིད་བསྒྲུབ་པའི་ཕྱིར། ཨུཥྞཱ་ཥའི་སྔགས་ཅི་རིགས་བཟླས། འདི་ད་ལྟར་བར་ཆད་བསྲུང་བ། ཕྱིས་འཚང་རྒྱ་བ་ན་སྲོད་ལ་བདུད་འདུལ་བའི་རྟེན་འབྲེལ་ཡིན། བདེ་མཆོག་ལྟར་ན་སྲུང་འཁོར་བསྒོམ་པ་ཙམ་ལས་སྔགས་ཟློ་བ་སྐབས་འདིར་མི་མཛད་དེ། དེ་ནས་དགྱེས་རྡོར་བདེ་མཆོག་ལ་སོགས་པ་ཆོ་ག་གང་བྱེད་ཀྱང་རང་རང་གི་རིམ་པ་གཉིས་རིམ་པ་ལྟར་ཚར་བར་བསྒོམ། གཙོར་རང་རང་གི་རྩ་སྔགས། སྙིང་པོ། ཉེ་སྙིང༌། འཁོར་གྱི་ལྷ་རྣམས་དང་བཅས་པ་རྣམས་ཀྱི་སྔགས་ཅི་ནུས་པ་བཟླས། དེ་ལྟར་རིམ་པ་གཉིས་བཟླས་པ་དང་བཅས་པ་ནི། དེ་ལྟར་རྒྱུ་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་སྨིན་པར་བྱེད་པ། ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་སྦྱོང་ཞིང༌། སྐུ་གསུམ་མམ་བཞིའི་རྟེན་འབྲེལ་བསྒྲུབ་པ། འབྲས་བུའི་དུས་སུ་འོག་མིན་དུ་སངས་རྒྱས་ནས་ཞིང་ཁམས་དཔག་ཏུ་མེད་པར་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པའི་རྟེན་འབྲེལ་ཡིན། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལྟར་བསྒོམས་པ་ལ། མཆོད་པ་རྒྱས་པས་ཚིམ་པ་ནི། དང་པོ་ཕྱི་མཆོད་དངོས་སུ་བཤམས་པ་དགྱེས་རྡོར་ལྟར་ན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་རྡོ་རྗེའི་རྩེས་མ་ད་ན་གཏོར་ཞིང་བསང༌། བདེ་མཆོག་ལྟར་ན། སུམ་བྷ་ནིའི་སྔགས་ཀྱིས་བསང༌། དེ་ནས་སྭ་བྷཱའི་སྔགས་ཀྱིས་མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་མཆོད་པའི་ཡུལ་དང༌། མཆོད་པར་བྱེད་པ་པོ་བདག་ཉིད་གཉིས་ཀ སྔར་བཞིན་དུ་རྨི་ལམ་སྒྱུ་མ་ལྟ་བུའི་ལྷའི་སྐུར་བསམས་ལ། མཆོད་པ་ཐམས་ཅད་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། དྭངས་ཤིང་ཐོགས་པ་མེད་པ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་གནས་པའི་བར་དུ་རྒྱུན་མི་འཆད་པར་བསམས་ལ། རྒྱུད་ལས་གསུངས་པའི་སྔགས་དང༌། ཏིང་ངེ་འཛིན་དང་ཕྱག་རྒྱས་དབུལ། རྒྱུད་ལས་མ་གསུངས་པའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་བྱས་ཀྱང་ཆོ་ག་མ་དག་པའི་ཕྱིར་སངས་རྒྱས་དགྱེས་པའི་མཆོད་པར་མི་འགྲོ། སངས་རྒྱས་དགྱེས་པ་ལ་སངས་རྒྱས་ཀྱིས་གསུངས་པ་ཉིད་བྱེད་དགོས། དེ་བཞིན་དུ་ནང་བདུད་རྩིའི་མཆོད་པའང་གཏོར་མ་བཞིན་བྱིན་གྱིས་བརླབས་ལ་གཡོན་པའི་མཐེབ་སྲིན་གྱིས་གཏོར་ཞིང་ནང་མཆོད་ཀྱི་ཕུད་རྩ་བའི་བླ་མ་ལ་དབུལ། དེ་ནས་བླ་མ་བརྒྱུད་པ་རྣམས་ལ། དེ་ནས་ཡི་དམ་གྱི་ལྷ་ལ། དེ་ནས་ཆོས་སྐྱོང་དང་འབྱུང་པོ་ལ་སོགས་པ་ཕུད་ལ་དབང་བ་རྣམས་ལ་རང་རང་གི་སྔགས་ཀྱི་དབུལ། གཉིས་པ་སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱངས་པས་ཚིམ་པ་ནི། དེ་ནས་སྲིན་ལག་གིས། ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་རྣམས་སུ་ཐིག་ལེ་རེ་བྱ། དེ་སྐད་དུ། རྣལ་འབྱོར་མ་ནི་ཐམས་ཅད་ལ། །མཐེ་བོའི་འཐོར་མས་སོ་སོར་དབུལ། །དེ་འོག་རང་གི་རྣམ་པ་ཡིས། །བདག་ཉིད་ལ་ནི་བསམ་པར་བྱ། །ལྕེ་རྩེ་ཐིག་ལེ་སྟེང་དུ་ཡང༌། །བློ་དང་ལྡན་པས་གནས་གསུམ་མཆོད། །ཅེས་གསུངས་པ་ལྟར་རོ། །དེ་ནས་དགྱེས་རྡོར་ལྟར་ན་དྲིལ་བུ་འཁྲོལ་ཞིང༌། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་བྱ་བ་ལྷ་མོ་བརྒྱད་ཀྱི་མཆོད་པ་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར་ཞེས་བྱ་བའི་བསྟོད་པ་དང༌། བསྟོད་པ་ཉི་ཤུ་པ་ལ་སོགས་པ་ཅི་ཤེས་པས་བསྟོད། བདེ་མཆོག་ལྟར་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་བསྟོད་པའམ། སློབ་དཔོན་བྷུ་རི་པས་མཛད་པའམ། བཅོམ་ལྡན་འདས་ཀྱི་རྩ་སྔགས་རྐང་པ་བརྒྱད་པ་ལ་སོགས་པ་ཅི་ཤེས་པས་བསྟོད། དེ་དག་འདིར་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས། སློབ་དཔོན་རིན་པོ་ཆེས་མཛད་པའི་མཆོད་ཕྲེང་ལ་སོགས་པར་བལྟ་བར་བྱའོ། །གསུམ་པ་འབྱུང་པོའི་ཚོགས་གཏོར་མས་ཚིམ་པ་ནི། དབང་བསྐུར་མ་ཐོབ་པའི་འབྱུང་པོ་ལ་གཏོར་མ་གཏོང་ན་ཡོལ་བའི་ཕྱི་རོལ་དུ་གཏོང༌། དབང་བསྐུར་ཐོབ་པའི་འབྱུང་པོ་ལ་ཡོལ་བས་གཅད་མི་དགོས། འཇིག་རྟེན་ལས་འདས་པའི་གཏོར་མ་དགྱེས་རྡོར་དང་བདེ་མཆོག་རང་རང་གི་རྒྱུད་ནས་འབྱུང་བའི་གཏོར་མའི་ཆོ་གས་གཏང༌། འཇིག་རྟེན་པའི་གཏོར་མའི་ཕུད་ཆོས་སྐྱོང་ལ་དབུལ། དེའི་ཆོ་ག་རང་རང་གི་གཞུང་ནས་འབྱུང་བ་ལྟར་བྱ། དེའི་རྗེས་ལ་མཁའ་འགྲོ་སྤྱིའི་གཏོར་མས་འབྱུང་པོ་ཐམས་ཅད་ལ་སྦྱིན། གཞི་བདག་ལ་སོགས་པའི་གཏོར་མ་རྣམས་གང་ལ་གཏོང་བའི་མགྲོན་དེ་དམིགས་ཡུལ་དུ་བྱས་ནས། ཨོཾ་ཨ་ཀཱ་རོ་ལ་སོགས་པའི་སྔགས་ཀྱི་བཏང་བས་ཐམས་ཅད་མཉེས་ཤིང་ཚིམ་པར་འགྱུར་རོ། །གཏོར་མའི་ཆོ་ག་རྣམས་གཞུང་གཞན་དུ་ཤེས་པར་བྱའོ། །བཞི་པ་དམ་ཚིག་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ལ་གྲུབ་ན་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་ཀྱང་མཆོད། ཚོགས་ཀྱི་ཡོ་བྱད་ལ་ལུགས་གཉིས་ལས་རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་ལུགས་ནི། མཆོད་པ་དང་གཏོར་མ་ལ་ཤ་དང་ཆང་ལ་སོགས་པ་འབུལ། སྡོམ་བརྩོན་རྣམས་ཀྱིས་ལྕེ་ལ་མྱང་བ་ཙམ་བྱ། གཞན་ཡང་བུ་རམ་དང་ཤིང་ཐོག་ལ་བསང་བ་ལ་སོགས་པ་གཏོར་མ་བྱིན་གྱིས་བརླབ་པ་ལྟར་བྱ། ཤ་ལྔ་བདུད་རྩི་ལྔར་བསམས་ཏེ་ཟོས་པས། རྩ་ལྟུང་བཅུ་གསུམ་པའི་ཉེས་པ་མི་འབྱུང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། གསང་བ་འདུས་པ་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམས་པས་རྣམ་པར་བརྟག །རྡོ་རྗེའི་སྦྱོར་བས་ཟོས་པ་ཡིས། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་བྱ་བ་དང༌། སཾ་བུ་ཊ་ལས་ཀྱང༌། ཤ་གང་ཡང་མེད་ན་རྣམ་པར་རྟོག་པ་ཤའི་རང་བཞིན་དུ་བྱས་ལ་འཇིག་རྟེན་པ་གང་ཟ་བ་དེ་བཟའ་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ནས་བཟུང་སྟེ། ཇོ་བོ་ཆེན་པོ་རྗེ་དང༌། ཁོ་བོའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་འདི་ཡིན་ནོ། །སྡོམ་བརྩོན་རྣམས་ཀྱིས་དབང་བསྐུར་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ། །རྣལ་འབྱོར་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་ནི། མ་ད་ན་དང་བ་ལ་ལ་སོགས་པ་དམ་ཚིག་གི་རྫས་ཅི་འཚོགས་པ་ལ་བསང་བ་ལ་སོགས་པ་བྱིན་རླབས་སྔར་དང་མཐུན་པ་བྱ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་བརྗོད་ཅིང་བསང་གཏོར་བྱ། ཧས་ཁ་དོག་ཕུན་སུམ་ཚོགས་པ། ཧོས་དྲི་ཕུན་སུམ་ཚོགས་པ། ཧྲཱིཿས་ནུས་མཐུ་ཕུན་སུམ་ཚོགས་པར་བསམ། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་གནས་གྱུར་པར་བསམས་ལ། མ་ད་ན་ཅུང་ཟད་རེ་བླུགས་ལ། ཐམས་ཅད་སྣོད་གཅིག་ཏུ་འཐུང་བར་བསམ། དེ་ནས་ཕུད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་དབུལ། དེ་ནས་གཏོར་མ་རྣམས་ལ་ཅི་འབྱོར་དབུལ། དེ་ནས་དབང་བསྐུར་གྱིས་དུས་སུ་བླ་མས་རང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བསྒྲུབས། མཉམ་གཞག་གི་དུས་སུ་རང་གིས་ལམ་རིམ་པ་གཉིས་ཀྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བསྒོམ་སྟེ། རབ་གནས་ཀྱི་ལྷ་ལ་མཆོད་པའི་ཚུལ་དུ་བསྒོམ། གཏོར་མའི་མགྲོན་འབྱུང་པོ་ཐམས་ཅད་ཀྱང་སངས་རྒྱས་སུ་བསྒོམས་ལ་མཆོད། དེ་ལྟར་མ་ཡིན་ན་རྒྱལ་པོས་འབངས་ལ་གུས་པ་བྱས་པའམ། དགེ་སློང་གིས་ཁྱིམ་པ་ལ་གུས་པ་བྱས་པ་ལྟར་ལྟུང་བ་འབྱུང་བར་བཤད། དེ་ལྟར་བྱས་པས་སངས་རྒྱས་ཀྱང་མཉེས། འབྱུང་པོ་ཡང་ཚིམ་པའི་རྟེན་འབྲེལ་ཡོད་གསུང༌། དེ་ནས་པདྨ་བྷཉྫ་ནར་མ་ད་ན་བླུགས་ལ་གཡོན་པའི་མཐེབ་སྲིན་གྱིས་བ་ལ་ཅུང་ཟད་བཟུང་ལ་པདྨའི་བསྐོར་བ་བྱ་སྟེ། གཡས་པས་པདྨ་བྷཉྫ་ན་བཟུང༌། གཡོན་པས་དེའི་སྟེང་ནས་ཅུང་ཟད་བཀབ་ལ་དབུལ། ལེན་པ་པོས་ཀྱང་པདྨའི་བསྐོར་བ་བྱས་ཏེ་དེ་བཞིན་དུ་བླང༌། དེའང་བརྟག་པ་གཉིས་པ་ལས། པདྨའི་ལག་པས་དབུལ་བ་དང༌། །དེ་ཉིད་ཀྱི་ནི་ལག་པས་བླང༌། །ཞེས་བྱ་བའི་དོན་ཡིན། འདྲེན་པ་པོས་ངག་ཏུ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱིམ་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་བརྗོད། ལན་པ་པོས་ཀྱང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཞེས་བརྗོད་ལ། དེ་དག་གི་དོན་ཡང་ཤེས་པར་བྱའོ། གཉི་ཀས་ཨ་ཧོ་སུ་ཁ་ཞེས་བརྗོད་ལ་བླང༌། ཚིགས་བཅད་འདི་གཉིས་སཾ་བུ་ཊའི་རྒྱུད་ན་བཞུགས། སཾ་སྐྲྀ་ཏའི་སྐད་མིན། པྲ་ཀྲྀ་ཏའི་སྐད་ཡིན། དེའི་སྟོབས་ཀྱིས་ལོ་ཙཱ་བས་མ་གོ་བར་བསྒྱུར་བས་ནོར་པ་བག་རེ་སྣང༌། འགྱུར་འདི་ནི་མ་ནོར་བ་ཡིན། དེ་ནས་ཕུད་སྔར་བཞིན་དུ་གཏོར་ལ་དཀྱིལ་འཁོར་ལ་མཆོད་པའི་བསམ་པས་ལོངས་སྤྱད། འཁོར་ལོ་བདེ་མཆོག་པ་ལག་པའི་མཆོད་པ་སྐབས་འདིར་བྱ། སྣོད་གཅིག་ཏུ་ལོངས་སྤྱོད་པ་བརྟག་གཉིས་ལས་བཤད། སྣོད་ཐ་དད་དུ་བྱེད་པ་སཾ་བུ་ཊའི་དགོངས་པ་ཡིན། ལས་ཀྱི་རྡོ་རྗེ་སློབ་མས་མ་ཐོབ་བར་དུ་སྣོད་གཞི་སྟེགས་མེད་པའི་ས་ལ་མི་གཞག རྡོ་རྗེ་སློབ་མས་ཐོབ་ནས་ས་ལ་བཞག་ཀྱང་ཉེས་པ་མེད། དང་པོ་བླངས་ནས་འགྲོ་བའི་བར་དུ་སྣོད་ཁ་མི་སྦུབ། སྟོང་པར་མི་གཞག བཟའ་བཏུང་བག་ཙམ་འཇོག་པ་རྟེན་འབྲེལ་ཡིན། ཚོགས་ཀྱི་འཁོར་ལོའི་ནང་དུ་རྩོད་པ་དང་ཤགས་འགྱེད་པ་མི་བྱ། སེམས་དགའ་བའི་གཏམ་དང་ཆོས་ཀྱི་འབེལ་གཏམ་ལ་སོགས་པ་བྱ། བླ་མའམ་གྲོགས་པོ་ལ་མ་ཞུས་པར་ཕྱིར་མི་འགྲོ། རབ་ཏུ་མྱོས་པའི་ཆང་མི་བཏུང༌། །ཐ་མལ་གྱི་འདུ་ཤེས་མི་བསྐྱེད། ཡི་དམ་ལྷའི་འདུ་ཤེས་མི་བརྗེད་པར་བྱའོ། །དམ་ཚིག་དང་ལྡན་པ་རྣམས་ལ་བཟང་བ་དང་ངན་པའི་རྣམ་རྟོག་མི་བྱ། བྱིན་གྱིས་བརླབས་པའི་རྫས་ལ་གཙང་བ་དང་མི་གཙང་བའི་རྣམ་རྟོག་མི་བྱ། འདི་དག་གི་ཕན་ཡོན་དང་ཉེས་དམིགས་ཚོགས་ཀྱི་འཁོར་ལོའི་གཞུང་དམ་ཚིག་ལྔ་པ་དང་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ལ་སོགས་པར་ཤེས་པར་བྱའོ། །གཞན་ཡང་ལས་དང་པོ་པས་ཚོགས་ཀྱི་འཁོར་ལོའི་དུས་དང༌། སེམས་བརྟན་པ་ཐོབ་པས་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་སྤྱོད་པའི་དུས་སུ་བརྡའི་སྐད་ཀྱིས་མ་སྨྲས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་མི་རློབ། ལས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བར་ཆད་འབྱུང་སྟེ། དེའང་བརྟག་པ་གཉིས་པ་ལས། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །གསང་བའི་སྐད་ནི་མཚར་ཆེ་བ། །ང་ཡིས་ཁྱོད་ལ་གང་བཤད་པ། །དེ་རྣམས་ཐམས་ཅད་གུས་པས་ཟུང༌། །ཀྱེ་རྡོ་རྗེ་འདིར་དབང་བསྐུར་གང༌། །གསང་བའི་སྐད་ཀྱི་མི་སྨྲ་བ། །དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་དང༌། རང་གི་དམ་ཚིག་རིགས་རྙེད་ནས། །གལ་ཏེ་ཚིག་འདི་མི་སྨྲ་ན། །གནས་བཞི་ལས་སྐྱེས་མཁའ་འགྲོ་མ། །དེ་ཡི་ཚེ་ན་ཁྲོ་བར་བྱེད། །ཅེས་གསུངས་ལ། བདེ་མཆོག་ལ་སོགས་པའི་རྒྱུད་ཐམས་ཅད་ནས་དེ་དང་འདྲ་བར་གསུངས་པས། བརྡའི་སྐད་ལ་བྱང་བར་བྱ་སྟེ། དེ་ཡང་ཆང་ལ་མ་ད་ན། ཤ་ལ་བ་ལ། ཟན་ལ་སོགས་པའི་བཟའ་བ་ལ་ཏྲི་པི་ཏ། ཚོད་མ་ལ་མ་ལ་ཏིན་དྷ་ན། ཐོད་པ་ལ་པདྨ་བྷཉྫ་ན། དེ་བཞིན་དུ་སྣོད་གཞན་ལ་ཡང་ཐོད་པར་བསྒོམས་ལ། པདྨ་བྷཉྫ་ནར་གདགས། ཅང་ཏེའུ་ལ་ཀྲི་པི་ཏ། དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པ་ལ་ཀ་ལིཉྫ་ར། དབང་བསྐུར་མ་ཐོབ་ཅིང་དམ་ཚིག་དང་མི་ལྡན་པ་ལ་དུན་དྷུ་ར། འོང་པ་ལ་ཕྲེམ་ཁ་ན། འགྲོ་བ་ལ་ཁེ་ཊ་བ། རུས་པའི་རྒྱན་ལ་ནི་རཾ་ཤུ། དེ་ལ་སོགས་པའི་ངག་གི་བརྡ་དང༌། སྐྱེས་པ་ལ་ཌ། བུད་མེད་ལ་ཌི། ཞེས་བྱ་བ་ལ་སོགས་པའི་ཡི་གེའི་བརྡ་དང་དགྱེས་པ་རྡོ་རྗེའམ་འཁོར་ལོ་བདེ་མཆོག་ལས་གསུངས་པའི་བརྡ་རྣམས་ལ་བྱང་བར་བྱའོ། །བརྡ་མི་ཤེས་པར་ཚོགས་ཀྱི་འཁོར་ལོ་བྱེད་པ་དང༌། ཡུལ་ཉི་ཤུ་རྩ་བཞིར་འགྲོ་བ་ལ་བར་ཆད་འབྱུང་ལ། བརྡ་ཤེས་པ་རྣམས་ལ་དངོས་གྲུབ་མྱུར་དུ་འབྱུང་བར་རྒྱུད་ལས་གསུངས་སོ། །ལྔ་པ་གླུ་དང་གར་གྱིས་ཚིམ་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུ་བ་དང༌། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དམིགས་པ་བརྟན་པ་དང་བདག་དང་ཚོགས་པ་རྣམས་བསྲུང་བར་བྱ་བའི་དོན་དུ་སྐྱེས་པ་གླུ་ལེན་པ་ན་སྣང་བ་མཐའ་ཡས། གར་བྱེད་པ་ན་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་བྱའོ། །བུད་མེད་གླུ་ལེན་པ་ན་གོས་དཀར་མོ། གར་བྱེད་པ་ན་སངས་རྒྱས་སྤྱན་གྱི་ང་རྒྱལ་གྱིས་བྱ་སྟེ། བརྟག་གཉིས་ལས། རྡོ་རྗེ་ཆོས་དང་སངས་རྒྱས་སྤྱན། །རྣལ་འབྱོར་མ་དང་མ་མོ་ཡིས། །གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུ་བླང་གར་ཡང་བྱ། །འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང༌། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །འདིས་ནི་སྔགས་ཀྱི་བཟླས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མས། གླུ་དང་གར་བྱས་པའི་མཐར་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདུ་བའི་རྟགས། སྒོག་པ་དང༌། བྱ་རྒོད་དང༌། ག་པུར་དང༌། ཙནྡན་ལ་སོགས་པའི་དྲི་དང༌། ངང་པ་དང༌། བུང་བ་དང༌། བ་ལང་ཚེའི་སྒྲ་འབྱུང་བ་ལ་སོགས་པ་བརྟག་གཉིས་ལས་འབྱུང་བ་ལྟར་རོ། །དྲུག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཚིམ་པ་ནི། རྣལ་འབྱོར་པ་རླུང་གི་ནུས་པ་དང་ལྡན་ཞིང་ཕོ་ཉའི་ལམ་བསྒོམས་པ་ཡིན་ན། ཕོ་ཉའི་ལམ་དངོས་བསྒོམ་པའང་ཡོད། རླུང་གི་ནུས་པ་དང་མི་ལྡན་ཞིང་ཕོ་ཉའི་ལམ་མི་བསྒོམ་པ་རྣམས་ཀྱིས། སྙིང་གར་མར་དང་མར་གྱི་ཉིང་ཁུའམ། མ་ད་ན་ཅུང་ཟད་གཏོར་ལ་ལེགས་པར་མཉེས་ཏེ། རང་ཧེ་རུ་ཀ་ཡབ་ཡུམ། སྤྱི་བོར་བླ་མ། སྣང་བ་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དྲན་པ་བྱ། བདེ་སྟོང་གི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ །དེ་ཉིད་སློབ་དཔོན་ཌོཾ་བི་ཧེ་རུ་ཀས། མར་དང་མར་གྱི་ཉིང་ཁུ་ཡིས། །སྙིང་ག་རུ་ནི་བྱུག་པར་བྱ། །ཞེས་གསུངས་པ་ལྟར་རོ། །དངོས་གཞིའི་ཚིམ་པ་དྲུག་བཤད་ཟིན་ཏོ། །རྗེས་ཀྱི་ཆོ་ག་ལ་དྲུག་སྟེ། ཕྱི་རོལ་གྱི་འབྱུང་པོ་ལ་ཕྲིན་ལས་གཞོལ་བའི་ཕྱིར་ལྷག་མའི་གཏོར་མ་སྦྱིན་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཏེ་དགེ་ཞིང་བཀྲ་ཤིས་པར་བྱ་བ། ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་པ། ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པ། མདུན་བསྐྱེད་ཀྱི་མགྲོན་གཤེགས་སུ་གསོལ་ཏེ། གཏོར་མ་གཏང་བ། བསྲུང་བ་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱ་བའོ། །དང་པོ་ནི་ལྷག་མ་མདུན་དུ་བཞག་པ་ལ། མ་ད་ན་ཅུང་ཟད་ཁར་འཐུངས་ཏེ་ལག་པར་འབར་བའི་ཕྱག་རྒྱ་བཅས་པའི་ནང་དུ་ངག་ཏུ་བྷྲཱུྃ་ཞེས་བྱ་བའམ། ཡང་ན་ཕཻཾ་ཞེས་བརྗོད་པ་དང་བསྟུན་ལ་གཏོར་མ་ལ་ཁ་ཕྲུ་བཏབ། དེ་ནས་ཡི་གེ་གསུམ་དང་ཨ་ཀཱ་རོའི་སྔགས་ཀྱི་བྱིན་གྱི་བརླབ། ཡང་ན་ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ་ཞེས་པའི་སྔགས་དེ་དག་ལན་གསུམ་མམ་བདུན་ལ་སོགས་པ་བརྗོད། དེས་ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་ཚིམ་པར་བསམ་མོ། །དེ་ནས་གཉིས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཤིང་བྱིན་གྱིས་རློབ་པ་དང་བཀྲ་ཤིས་པར་བྱ་བའི་ཕྱིར། རྡོ་རྗེ་དྲིལ་བུ་འཛིན་པས། ཀོལླ་ཨི་རེ་ཊེཋ་ཞེས་བྱ་བའི་རྡོ་རྗེའི་གླུ་དང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་བྱ་བ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སྐབས་འདིར་མིས་བྱས་པའི་གླུ་དང་བཀྲ་ཤིས་བྱས་ཀྱང་ཆོ་གར་མི་འགྱུར་བས། སངས་རྒྱས་ཀྱིས་གསུངས་པའི་གླུ་དང་བཀྲ་ཤིས་ཉིད་དགོས། ལྷག་མ་ནང་དུ་གཏོང་ན་གཏོར་མའི་སྔོན་དུ་གླུ་དང་བཀྲ་ཤིས་བརྗོད་ཀྱང་འགལ་བ་མེད། ཕུད་དང་ལྷག་མ་བསྲེས་ཏེ། ལམ་གྱི་བཞི་མདོ་ལ་སོགས་པའི་ཕྱི་རོལ་དུ་གཏོང་ན། སཾ་བུ་ཊ་ནས་འབྱུང་བ་བཞིན་རྐང་པ་གཡས་པའི་མཐེ་བོས་དཀྱིལ་འཁོར་བྲི་བ་དང༌། ཐོད་པ་ལྟག་སྤྲོད་ཀྱི་ཌ་མ་རུས་གཡས་དང་གཡོན་དུ་བསྐོར་ཞིང་བརྡུངས་ལ། ལས་གང་ལ་འཆོལ་བའི་མཁའ་འགྲོ་མའི་མིང་ནས་བཏོན་ལ། ཕྲེཾ་ཧཱུྃ་ཞེས་བརྗོད་དེ་དཔེར་ན་གཡོ་ལྡན་མ་ལ་ལས་འཆོལ་ན་གཡོ་ལྡན་མ་ཕྲེཾ་ཧཱུྃ་ཞེས་བརྗོད་པ་ལྟ་བུ་ཡིན། དེ་ལྟར་ཕྱི་རོལ་གྱི་གཏོར་མ་ཐོངས་པ་དང༌། ནང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཕྱིར་རྡོ་རྗེའི་གླུ་དང༌། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། གང་ལྟར་ཡང་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་གཏོར་མ་ལ་མར་མེ་བཙུགས་ཏེ་གཏང་ངོ༌། །ཆོས་སྐྱོང་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བ་དང༌། ཡོན་བདག་གིས་ཡོན་དབུལ་བ་དང༌། བཀྲ་ཤིས་པའི་ཆོ་ག་བྱེད་ན་ལྷག་མའི་གཏོར་མ་མ་བཏང་བའི་གོང་དུ་བྱའོ། །དམ་ཚིག་གསོ་བ་ལ་སོགས་པའི་ཆོ་ག་བྱེད་ན་ཡང་སྐབས་འདིའམ། ཡང་འཇིག་རྟེན་ལས་འདས་པའི་གཏོར་མ་བཞག གཞན་ཐམས་ཅད་བཏང་བའི་རྗེས་ལ་བྱའོ། །གསུམ་པ་ཡི་གེ་བརྒྱ་པ་བརྗོད་དེ། ཆོ་ག་ལྷག་ཆད་ཁ་བསྐང་བ་ནི། ལུས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། སེམས་ཀྱིས་སྡིག་པ་ཐམས་ཅད་བཤགས་པ་དང༌། ཆོ་ག་ལྷག་ཆད་ཁ་བསྐང་བར་བསམས་ལ་ཡི་གེ་བརྒྱ་པ་བརྗོད་དེ། ངག་ཏུ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབ་མཛོད་ཅིག །ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ནི་མགོན་པོས་བཟོད་པར་མཛོད། །ཅེས་པ་དང༌། གང་ཡང་བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང་བྱིང་བ་དང༌། རྒོད་པ་དང༌། ཆོ་ག་དང༌། ཡོ་བྱད་མ་ཚང་བ་དང༌། ལྷག་པ་དང༌། ཉམས་པ་དང༌། ཕྱིན་ཅི་ལོག་ཏུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོ་མཛད་དུ་གསོལ་ཞེས་བརྗོད་དོ། །བཞི་པ་ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པ་ནི། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་དགྱེས་པའི་རྡོ་རྗེ་ལས་འབྱུང༌། བདེ་མཆོག་ལས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་མཆོག་ཏུ་ཚད་མར་གྱུར་པ་སྟེ། །བདེན་པར་གྱུར་པ་འདིས་ཀྱང་ལྷ་མོ་རྣམས་ཀྱིས་ནི། །བདག་ནི་རྗེས་སུ་འཛིན་པའི་རྒྱུར་ནི་འགྱུར་བར་ཤོག །ཅེས་བྱ་བ་དང༌། སཾ་བུ་ཊ་ལས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བྱ་བ་ལ་སོགས་པ་རྒྱུད་ནས་འབྱུང་བའི་སྨོན་ལམ་དང༌། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ལ་སོགས་པ་མདོ་ནས་འབྱུང་བའི་བསྔོ་བ་དང༌། གཞན་ཡང་གང་ཤེས་པའི་བསྔོ་བ་རྣམས་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་དུག་མེད་པའི་བསྔོ་བ་རྒྱ་ཆེན་པོ་བྱའོ། །གནས་སྐབས་སུ་ཚེ་རིང་ནད་མེད། ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པ་ལ་སོགས་པ་གང་འདོད་པའི་དོན་གསོལ་བ་གདབ་བོ། །ལྔ་པ་མདུན་བསྐྱེད་ཀྱི་མགྲོན་གཤེགས་སུ་གསོལ་བ་ནི། ཡི་གེ་བརྒྱ་པ་བརྗོད་པའི་མཐར། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། སྤྲུལ་པ་བདག་ལ་བསྡུའོ། །བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་བ་རྣམས་རྣལ་འབྱོར་ཆེན་པོའི་ལུགས་ལ་མི་དགོས། དྲུག་པ་བདག་ཉིད་བསྲུང་སྟེ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་ནི། དགྱེས་པ་རྡོ་རྗེ་ལྟར་ན་རང་ཐུན་མཚམས་ཀྱི་ཧེ་རུ་ཀ་དྲན་པར་བྱས་ཏེ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། བདེ་མཆོག་ལྟར་ན། སུམ་བྷ་ནིའི་སྔགས་དང་བཅས་པས་སེ་གོལ་གྱི་སྒྲས། ཕྱོགས་མཚམས་བསྲུང་བ་དང༌། དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆ་དང༌། གོ་ཆ་ཆེན་པོ་རྣམས་ཀྱིས་བསྲུངས་ཏེ། རྐང་པ་བརྒྱད་པའི་སྔགས་ཀྱི་བྱིན་གྱིས་བརླབས་ལ་ལས་ཀྱི་རྗེས་མི་མངོན་པར་བསྡུས་ཏེ། ཅི་བདེར་གནས་སོ། །མཇུག་གི་ཆོ་ག་བཤད་ཟིན་ཏོ།། །།སྤྱི་དོན་དྲུག་པ་དགོས་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་འདིར་འདུས་ཏེ། རྡོ་རྗེ་གུར་ལས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་དང༌། འདིས་ནི་རྡོ་རྗེ་མཉེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པས། སངས་རྒྱས་ཐམས་ཅད་མཉེས། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ཐམས་ཅད། ཉན་ཐོས་ཀྱི་གང་ཟག་བརྒྱད། རང་སངས་རྒྱས་དབང་པོ་རྣོ་རྟུལ་གཉིས། འཇིག་རྟེན་པའི་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་ལྷ་ཐམས་ཅད། ཆོས་སྐྱོང་བའི་སྲུང་མ་ནས་བཟུང་སྟེ། དམྱལ་བ་ཡི་དྭགས་ཀྱི་བར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་མཉེས་ཤིང་ཚིམ་པར་བཤད་དོ། །ལུང་ཡི་གེ་མངས་པས་མ་བྲིས་པས་རྡོ་རྗེ་གུར་ཉིད་དུ་བལྟ་བར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་སྟེ། བརྟག་གཉིས་ལས། གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར། །ཞེས་བྱ་བ་དང༌། གཞན་ཡང་རྒྱུད་སྡེ་དཔག་ཏུ་མེད་པ་ལས་ཕན་ཡོན་གསུངས་པས་རྒྱུད་སྡེ་དེ་དག་ཉིད་དུ་བལྟ་བར་བྱའོ། །སྤྱི་དོན་གཉིས་པ་རྩོད་པ་སྤང་པ་ལ་གསུམ་སྟེ། ལྟ་བ་དང༌། སྒོམ་པ་དང༌། སྤྱོད་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི་འཕགས་མ་ཉན་ཐོས་པ་དག ཐོག་མར་ཐེག་པ་ཆེན་པོའི་ལྟ་བ་ནོར་ཏེ། དེའི་རྒྱུ་མཚན་ནི་གཟུགས་ལ་སོགས་པ་ཚད་མར་གྲུབ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་མེད་ཚོར་བ་མེད་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མེད་ཅེས་བྱ་བ་ལ་སོགས་པ་ལུང་རིགས་དང་འགལ་བར་བཤད་པའི་ཕྱིར་དང༌། གཉིས་པ་སྒོམ་པ་ནོར་ཏེ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སོ་སོ་སྐྱེ་བོ་ཡིན་བཞིན་དུ་སངས་རྒྱས་སུ་བསྒོམས་པ་ཙམ་གྱིས་སངས་རྒྱས་སུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་སྤྱོད་པ་ནོར་ཏེ་རབ་ཏུ་བྱུང་བ་ལུས་ངག་གི་ཀུན་སྤྱོད་གཙང་དགོས་པ་ལ། གཙང་བ་དང་མི་གཙང་བ་མཉམ་པའི་ཕྱིར་རོ་ཞེ་ན། དེའི་ལན་སོ་སོར་བཏབ་པ་ལ་གསུམ་ལས། ཐོག་མར་ལྟ་བ་སྟོང་པ་ཉིད་ལ་སྐྱོན་མེད་དེ། གཟུགས་ལ་སོགས་པ་སྣང་བ་འགོག་ན་ཁྱེད་བདེན་མོད། བདེན་པ་འགོག་པས་སྐྱོན་མེད་དོ། །འདིའི་ལན་ནི་རྒྱས་པར་མདོ་སྡེ་རྒྱན་ལ་སོགས་པ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བསྒྲུབ་པའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་བསྒོམ་པ་ལའང་སྐྱོན་མེད་དེ་ཁྱེད་ཀྱང་ཟད་པར་ས་ལ་སོགས་པ་བསྒོམས་པས་ས་ལ་སོགས་པའི་ཏིང་ངེ་འཛིན་འབྱུང་བ་ལྟར། འདིར་ཡང་ཡི་དམ་གྱི་ལྷ་བསྒོམས་པས། ཡི་དམ་གྱི་ལྷའི་ཏིང་ངེ་འཛིན་འབྱུང་བ་མཚུངས་སོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཀེང་རུས་བསྒོམ་པ་ལ་སོགས་པ་ཐམས་ཅད་སྤྲོས་ཏེ་ཤེས་པར་བྱའོ། །གསུམ་པ་སྤྱོད་པ་ལ་རྩོད་པ་སྤང་བ་ལ་གསུམ། མཆོད་པར་བྱ་བའི་ཡུལ་ལ་རྩོད་པ་སྤང་བ། དུས་ལ་རྩོད་པ་སྤང་བ། ཡོ་བྱད་ལ་རྩོད་པ་སྤང་བའོ། །དང་པོ་ནི་ཉན་ཐོས་པ་ན་རེ། རང་ཉིད་མཆོད་པས་སངས་རྒྱས་མཆོད་པར་འགྱུར་བ་མི་འཐད་དེ། ལུས་མི་གཙང་བ་ལས་གྲུབ་ཅིང༌། སེམས་ཆགས་སྡང་ཅན་ཡིན་ནོ་ཞེ་ན། དེ་ལྟར་ན་ཁྱེད་ཀྱི་བྲིས་སྐུ་ཡང་མཆོད་པར་མི་འཐད་དེ། ལྷ་བཟོ་བ་ཆགས་སྡང་ཅན། ཚོན་རྩི་ལ་སོགས་པ་འབྱུང་བ་མ་དག་པ་ལས་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་སངས་རྒྱས་སུ་མོས་པ་བྱས་པས་བསོད་ནམས་ཐོབ་པར་མདོ་ལས་གསུངས་སོ་ཞེ་ན། དེ་ལྟར་ན་རང་གི་ལུས་ཀྱང་སངས་རྒྱས་སུ་བསྒོམས་ནས་མཆོད་པས་སངས་རྒྱས་མཆོད་པའི་བསོད་ནམས་ཐོབ་པར་མདོ་རྒྱུད་གཉིས་ཀ་ནས་གསུངས་ཏེ། བྱམས་པ་སེངྒེ་སྒྲའི་མདོ་ལས། གང་སངས་རྒྱས་མཆོད་པར་འདོད་པས་བདག་ཉིད་མཆོད་པར་བྱའོ། །སངས་རྒྱས་ཀྱི་རིང་བསྲེལ་མཆོད་པར་འདོད་པ་དེས། བདག་ཉིད་མཆོད་པར་བྱའོ། །ཞེས་བྱ་བ་དང༌། ངན་སོང་སྦྱོང་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་སྟེ། །ཐམས་ཅད་ཟོས་ཏེ་ཀུན་བྱས་ཀྱང༌། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་གསུངས་ལ། རྒྱུད་སྡེ་གཞན་ལས་ཀྱང་རྒྱས་པར་གསུངས་ཏེ། ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཉིས་པ་དུས་ལ་རྩོད་པ་སྤང་བ་ནི། །སངས་རྒྱས་མཆོད་པའི་དུས་སྔ་དྲོ་ཡིན་གྱི་མཚན་མོར་མཆོད་པ་མི་འཐད་ཅེ་ན། ཁྱེད་ཀྱང་ཚེས་བརྒྱད་ལ་སོགས་པ་དུས་བཟང་པོ་ལ་ལྷ་འདུ་བས་མཆོད་པའི་དུས་བཟང་བ་ལྟར། འདིར་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདུ་བའི་དུས་མཚན་མོ་ཡིན་པས་བཟང་སྟེ། རྡོ་རྗེ་མཁའ་འགྲོ་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོར་འཕྱན་པ་དང༌། །རྟག་ཏུ་མཚན་མོར་འདུ་བར་བྱེད། །མཁའ་སྤྱོད་ཤིན་ཏུ་རྙེད་དཀའ་བའི། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །ཞེས་བྱ་བ་དང༌། གསང་བ་སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱི་རླབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་པར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། །ཞེས་གསུངས་པས་བྱིན་གྱིས་རློབ་པའི་དུས་མཚན་མོ་བཟང་བར་གསུངས་སོ། །གཞན་ཡང་ཉན་ཐོས་ཀྱི་ལྟུང་བ་ལ་དངོས་པོ་གཙོ་བ་དང་འདུ་ཤེས་གཙོ་བ་གཉིས་ཡོད་པ་ལས། དེ་ལའང་སྔ་དྲོ་དང་ཕྱི་དྲོ་དང༌། འབགས་པ་དང་མ་འབགས་པ་དང༌། གསོད་པ་དང་རྐུ་བ་ལ་སོགས་པའི་སེམས་ཀྱིས་དམིགས་པ་འབའ་ཞིག་ལ་འདུ་ཤེས་གཙོ་བ་ཡིན། དཔེར་ན་སྔ་དྲོའི་འདུ་ཤེས་ཀྱིས་ཕྱི་དྲོ་ཟས་ཟོས་ཀྱང་ལྟུང་བ་མེད། ཕྱི་དྲོའི་འདུ་ཤེས་ཀྱིས་སྔ་དྲོ་ཟོས་ཀྱང་ཉེས་པ་ཡོད། སྐྱེས་པའི་འདུ་ཤེས་ཀྱིས་བུད་མེད་ལ་རེག་ན་ལྟུང་བ་མེད། བུད་མེད་ཀྱི་འདུ་ཤེས་ཀྱིས་སྐྱེས་པ་ལ་རེག་ཀྱང་ལྟུང་བ་ཡོད། བུད་མེད་ཡིན་པར་ཤེས་ཀྱང་འདུ་ཤེས་བསྒྱུར་བས་ལྟུང་བ་མེད་པའི་སྐབས་ཀྱང་སྲིད་དེ། དཀོན་མཆོག་བརྩེགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཚོགས་ཅན་རབ་མཆོག་གིས། ཕྱི་རོལ་སའི་ཁམས་དང་ནང་གི་སའི་ཁམས་སུ་གཅིག་པའི་ཆོས་ཀྱི་སྒོ་དེས་བུད་མེད་ཀྱི་ལག་པ་ནས་བཟུང་སྟེ། ཁྲིའི་སྟེང་དུ་འདུག་པ་ལ་ཀུན་དགའ་བོ་མ་དད་པ་སྐྱེས། དེའི་ཚེ་བྱང་ཆུབ་སེམས་དཔས་རྫུ་འཕྲུལ་བསྟན་ནས། ཀུན་དགའ་བོའི་ལོག་པར་རྟོག་པ་ཞི་བར་བྱས། དེ་ལྟ་བུ་ལ་ལྟུང་བ་མེད་པར་གསུངས་སོ། །དེ་བཞིན་དུ་ནམ་མཁའ་ལྡིང་དུ་བསྒོམས་ཏེ་དུག་ཟོས་ཀྱང་ཉེས་པས་མི་གོས་ལ། ཁྱད་པར་དུ་བཅུད་ལེན་དུ་འགྲོ། བསྒོམ་མ་ཤེས་ན་འཆི་བ་ལྟར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བསྒོམ་ཤེས་ན་ཁ་ཟས་ཟོས་པ་སངས་རྒྱས་ཀྱི་རྒྱུར་འགྲོ། མ་ཤེས་ན་ངན་སོང་གི་རྒྱུར་འགྱུར་ཏེ། དེ་ཉིད་སློབ་དཔོན་ཨཱརྻ་དེ་བས། ནམ་མཁའ་ལྡིང་དུ་བསྒོམས་པ་ཡིས། །དུག་རྣམས་ཐམས་ཅད་ཟ་བར་བྱེད། །ཅེས་བྱ་བ་དང༌། ལྕགས་ཀྱི་གོང་བུ་ཆུང་ངུ་ཡང༌། །ཆུ་ཡི་གཏིང་དུ་འབྱིང་བར་འགྱུར། །ལྕགས་གོང་སྣོད་དུ་བྱས་ནས་ནི། །ཐམས་ཅད་སྒྲོལ་བའི་གྲུ་རུ་འགྱུར། །ཞེས་གསུངས་པ་ལྟར་རོ། །ཡོ་བྱད་ལ་རྩོད་པ་སྤང་བ་ལ་གཉིས་ལས། ཐོག་མར་བཟའ་བ་དང་བཏུང་བ་ལ་རྩོད་པ་སྤང་བ་ནི། ཉན་ཐོས་རྣམས་ན་རེ། སངས་རྒྱས་མཆོད་པའི་ཡོ་བྱད་དཀར་གསུམ་མངར་གསུམ་ལ་སོགས་པ་དག་པའི་ཡོ་བྱད་ཡིན་གྱི། ཤ་ཆང་ལ་སོགས་པ་མ་དག་པས་མཆོད་པར་མི་རིགས་སོ་ཞེ་ན། དགེ་སྦྱོང་དང་གཙང་སྦྲའི་རྣམ་པ་ཅན་གྱི་སངས་རྒྱས་མཆོད་པའི་རྫས་དཀར་གསུམ་དང་མངར་གསུམ་དང་ཆུ་ལ་སོགས་པ་ཡིན་མོད། ཡེ་ཤེས་ཀྱི་མཁའ་འགྲོ་མ་མཆོད་པ་ལ། ཤ་དང་ཆང་ལ་སོགས་པ་དགོས་པ་ཡིན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡུད་པའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །དཔེར་ན་ངང་པ་སྡུད་པ་ལ་ཆུའམ། བུང་བ་སྡུད་པ་ལ་མེ་ཏོག་གམ། ཤ་སྦྲང་སྡུད་པ་ལ་ཤ་དགོས་པ་ལྟ་བུའོ། །གཞན་ཡང་དངུལ་ཆུ་དང་རྡོ་ཆུ་ལ་སོགས་པ་མ་ཤེས་ན་ནད་དུ་འགྱུར་ལ། ཤེས་ན་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པའི་བཅུད་ལེན་དུ་འགྱུར་རོ། །དེ་བཞིན་དུ་ཤ་ལྔ་བདུད་རྩི་ལྔ་ཡང་དེ་ཉིད་མ་ཤེས་ན་ངན་སོང་གི་རྒྱུར་འགྱུར་ལ། ཤེས་ན་སངས་རྒྱས་ཀྱི་རྒྱུར་འགྱུར་རོ། །གཞན་ཡང་འབྲས་བུ་གསུམ་པ་ལ་སོགས་པའི་བཅུད་ལེན་གྱིས། འཆི་བར་ཡང་མི་ནུས། ཚེ་ཉི་ཟླ་གནས་ཀྱི་བར་དུ་གནས་པར་ཡང་མི་ནུས། དེ་བཞིན་དུ་དཀར་གསུམ་ལ་སོགས་པ་ཟོས་པས་དམྱལ་བར་འགྲོ་བའི་རྫས་ཀྱང་མིན། སངས་རྒྱས་པའི་རྫས་ཀྱང་མ་ཡིན་ཏེ། སློབ་དཔོན་ཉི་མ་སྦས་པས། གང་ཞིག་གནོད་པར་བྱེད་ནུས་པས། །དེ་ཡི་ཕན་པར་བྱེད་ཀྱང་ནུས། །ཉི་མས་སྐེམ་བྱེད་ཆར་ཉིད་ཀྱང༌། །འབེབས་པར་ནུས་ཀྱིས་ཟླ་བས་མིན། །ཞེས་གསུངས་པ་ལྟར་རོ། །དེ་ན་ཤ་ལྔ་བདུད་རྩི་ལྔ་ཡང༌། རྙེད་སླ་ལ་ཁ་ན་མ་ཐོ་བ་མེད། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་ཅེས་ཡོན་ཏན་གསུམ་ལྡན་དུ་གསུངས་པ་ཡང་དེ་ཡིན་ནོ། །གཉིས་པ་སྣོད་དང་རྒྱན་ལ་རྩོད་པ་སྤང་བ་ནི། ཉན་ཐོས་ན་རེ་སྣོད་དང་ཉ་ཕྱིས་དང་དུང་ཆོས་ལ་སོགས་པ་བཟང༌། རྒྱན་ཡང་མུ་ཏིག་དང་བ་སོ་ལ་སོགས་པ་བཟང༌། སྲད་བུ་ཡང་དར་སྐུད་ལ་སོགས་པ་བཟང་ལ། ཁྱེད་ཅི་ནས་ཀྱང་སྣོད་ཐོད་པ། རྒྱན་མི་རུས། སྲད་བུ་མིའི་སྐྲ་ལ་སོགས་པ་མི་གཙང་བ་ཁོ་ན་ལ་བྱེད་པ་མི་འཐད་དོ་ཞེ་ན། དེ་ལ་འདི་འདྲིའོ། །མི་བཟང་ངམ། དུད་འགྲོ་བཟང༌། མི་ལུས་བསོད་ནམས་ལས་གྲུབ་པས་ཆེས་བཟང༌། དུད་འགྲོ་སྡིག་པ་ལས་གྲུབ་པས་ངན་ནོ་ཞེ་ན། དེ་ལྟར་ན་བསོད་ནམས་ལས་གྲུབ་པ་ངན་ན་སྐྲ་དང་རུས་པ་ངན་ལ། སྡིག་པ་ལས་གྲུབ་པའི་རུས་པ་བཟང་བའི་རྒྱུ་མཚན་ཅི་ཡིན། སེམས་རྣལ་དུ་ཕོབ་ལ་སོམས་ཤིག དེ་ཉིད་བདེ་མཆོག་ལ་སོགས་པའི་རྒྱུད་ནས། དུང་དང་ཉ་ཕྱིས་མུ་ཏིག་སོགས། །གསུམ་པར་རྒྱུ་ལས་བྱུང་ཡིན་ན། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །མཆོད་ཕྱིར་ཐོགས་དང་དག་བྱེད་ཀྱང༌། །དམ་པའི་ཆོས་ཀྱི་རིམ་པས་གསུངས། །ཞེས་གསུངས་པ་ལྟར་རོ། །དེས་ན་གསང་སྔགས་ཀྱི་ལྟ་བ་དང༌། བསྒོམ་པ་དང༌། སྤྱོད་པ་ཐམས་ཅད་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་བོ་ཞེས་ཁོ་བོའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཉིད་གསུང་ངོ༌། །འདི་དག་གི་ལུང་རིགས་རྒྱས་པ། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་གཞུང་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བདག་གྲུབ་པ་ལ་འཇུག་པ་དང༌། སློབ་དཔོན་ཞི་བ་འཚོའི་དེ་ཁོ་ན་ཉིད་གྲུབ་པ་ལ་སོགས་པ་གསང་སྔགས་ཀྱི་གྲུབ་མཐའ་རིགས་པས་བསྒྲུབས་པ་དེ་དག་ཏུ་བལྟ་བར་བྱའོ། །སྤྱི་དོན་གསུམ་པ་ཆོ་གའི་རབ་ཏུ་དབྱེ་བ་ལ་ལྔ་སྟེ། གང་ཟག་གི་དབྱེ་བ། དུས་ཀྱི་དབྱེ་བ། ལྷའི་རྣལ་འབྱོར་གྱིས་དབྱེ་བ། དགོས་པས་དབྱེ་བ། མཆོད་བྱས་དབྱེ་བའོ། །དང་པོ་ལ་གསུམ་སྟེ། དཔའ་བོ་དང་རྣལ་འབྱོར་མ་གཉིས་ཀ་ཚོགས་པ་ལ་ཚོགས་ཀྱི་འཁོར་ལོ། །རྐྱང་པ་སོ་སོ་ལ་དཔའ་བོའི་སྟོན་མོ་དང༌། དཔའ་མོའི་སྟོན་མོ། །གཉིས་པ་དབང་བསྐུར་རབ་གནས། སྦྱིན་སྲེག་ལ་སོགས་པའི་མཆོད་པ་ལ་ཙ་རུའི་བཟའ་བ། གསུམ་པ་དགྱེས་རྡོར་བདེ་མཆོག་ལ་སོགས་པའི་ལྷའི་རྣལ་འབྱོར་མི་འདྲ་བ་དུ་མ་འདུས་པ་ལ་མཛའ་བ་འདུས་པ། བཞི་པ་འཇིག་རྟེན་པའི་གནོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཐུགས་རྗེ་བསྐུལ་བའི་དོན་དུ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་གར་མཁན་གྱི་ཚུལ་དུ་བཞུགས་པ་ལ། གླུ་དང་གར་གྱི་སྦྱོར་བས་ཁྲོ་བོའི་རྒྱལ་པོ་བཞད་གད་དང་སེམས་གར་མཁན་གྱི་ཚུལ་གྱིས་སངས་རྒྱས་ཀྱི་ཐུགས་གནད་དུ་བསྐུལ་ཏེ། སེམས་ཅན་གྱི་སྡུག་བསྔལ་ཞི་བར་མཛད་པ་ནི་སངས་རྒྱས་ཀྱི་གར། ལྔ་པ་མཆོད་བྱས་དབྱེ་བ་ནི་གཉིས་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ཀྱི་རྟེན་ཐོད་པ་དང་དགྲ་སྟ་ལ་སོགས་པའི་མཚན་མ་རྣམས་བྲིས་ཏེ། གཙོ་བོར་མཆོད་པ་ནི། རིགས་ལྡན་མ་མཆོད་པ། དཀྱིལ་འཁོར་གྱི་ཁང་བའི་ནང་དུ་དེ་དག་མཆོད་ཅིང༌། ཡོལ་བའི་ཕྱི་རོལ་དུ་གྲོང་བའི་ཆོས་ཀྱིས་མ་ཕོག་པའི་བུ་མོ་ལྔའམ་བདུན་ནམ། སུམ་ཅུ་རྩ་བདུན་ལ་སོགས་པ་ལྷ་གྲངས་དང་མཐུན་པ་བསགས་པ་ལ། བཟའ་བཏུང་དང་གོས་ལ་སོགས་པའི་བསྙེན་བཀུར་བྱེད་པ་ལ་གཞོན་ནུ་མའི་སྟོན་མོ་ཞེས་མི་འདོགས་སོ། །དེ་དག་གིས་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང༌། གྲུབ་ཐོབ་རྣམས་ཀྱི་བསྟན་བཅོས་དང༌། བླ་མ་རྣམས་ཀྱི་མན་ངག་ལ་བརྟེན་ནས། ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཕྱག་ལེན་གྱི་རིམ་པ་བཤད་ཟིན་ཏོ།། །།དྲི་མེད་རྒྱུ་ལས་ཇི་ལྟར་གསུངས་པའི་དོན། །གྲུབ་པ་བརྙེས་པའི་བླ་མ་ལས་བརྒྱུད་པ། །རྡོ་རྗེ་འཆང་ཆེན་མི་ཡི་སྐུ་གཟུགས་ཅན། །ས་སྐྱར་བཞུགས་པ་དེ་ཡིས་བསྡུས་ཏེ་གསུངས། །དེ་ཡི་གསུང་རབ་ཅུང་ཟད་མི་གསལ་བ། །གསོལ་བ་འདེབས་པ་དག་གི་ངོར་བྱས་ནས། །དེ་ཡི་ཞབས་རྡུལ་གུས་པས་ལེན་པ་ཡི། །ཀུན་དགའི་མིང་ཅན་དེ་ཡིས་གསལ་བར་བྱས། །དགེ་བ་འདི་ཡིས་ནམ་མཁའི་མཐས་ཀླས་པའི། །ལུས་ཅན་རྣམས་ཀྱིས་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབ་ཏེ་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་གནས་པར་ཤོག །རྣལ་འབྱོར་བླ་ན་མེད་པའི་ཚོགས་ཀྱི་འཁོར་ལོའི་ལག་ཏུ་བླང་བའི་རིམ་པ། ཆོས་ཀྱི་རྒྱལ་པོ་རྒྱལ་མཚན་གྱི་མཐས་རྣམ་པར་བརྒྱན་པས་མཛད་པ་ཅུང་ཟད་མི་གསལ་བ་དེ། གསོལ་བ་འདེབས་པ་དག་གི་ངོར། དཔལ་ལྡན་ས་སྐྱ་པཎྜི་ཏས་གསལ་བར་བྱས་པ་ཡིན་ནོ།།
༄༅། །དེ་ལ་དགོས་པའི་ལུང་སྦྱོར་བཞུགས།།
༄༅། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། ཕྱི་དང་ནང་གི་སྦྱིན་སྲེག་གི་ཕན་ཡོན་ཐུན་མོང་དུ་བཀའ་སྩལ་པ། འདི་ལྟ་སྟེ། འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ནི་རབ་དགྱེས་བྱ། །རྒྱལ་བ་ཕན་པ་མཉེས་པ་དང༌། །གསེར་གྱི་མངའ་བདག་མཉེས་པ་དང༌། །པདྨ་གར་དབང་མཉེས་པ་དང༌། །ལྕགས་མཆོག་བདག་པོ་མཉེས་པ་དང༌། །ཚངས་པ་བརྒྱ་བྱིན་དབང་ཆེན་དང༌། །ཁྱབ་འཇུག་རླུང་དང་མེ་ཆེན་དང༌། །མཐོང་ལྡན་ཉིད་དང་འདོད་ལྷ་དང༌། །ཟླ་བ་ཉི་མ་གདོན་གཞན་དང༌། །ས་ནི་ཞགས་པས་འཛིན་པ་དང༌། །ལུས་ངན་དེ་བཞིན་མཚམས་སྐྱོང་དང༌། །ཆོས་རྒྱལ་དང་ནི་ཀླུ་དང་ནི། །དྲི་ཟ་ལྷ་མིན་མི་འམ་ཅི། །སུམ་ཅུ་རྩ་གསུམ་གནས་པའི་ལྷ། །འོག་མིན་དུ་ནི་གནས་པ་དང༌། །གང་ཞིག་རྒྱལ་ཆེན་གནས་པ་དང༌། །གཞན་འཕྲུལ་དབང་སྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང༌། །གང་ཞིག་དག་པའི་གནས་སོན་དང༌། །འོད་ཟེར་འཇིག་རྟེན་ཁམས་གནས་དང༌། །མི་མཇེད་ཁམས་སུ་གནས་པ་དང༌། །གླིང་བཞིར་གནས་པའི་སེམས་ཅན་དང༌། །གང་ཞིག་ཁམས་གསུམ་གནས་པ་དང༌། །སྣོད་ལྡན་སེམས་ཅན་འཇིག་རྟེན་དང༌། །ལྕུག་མའི་ཚོགས་དང་རྩྭ་སོགས་དང༌། །གང་ཞིག་རབ་དགའི་སར་གནས་དང༌། །ཕ་རོལ་དྲི་མེད་གང་ཕྱིན་དང༌། །འོད་འཕྲོ་ཅན་དུ་གནས་པ་དང༌། །མི་གཡོའི་གནས་སུ་བྱས་པ་དང༌། །གང་ཞིག་ཆོས་སྤྲིན་རྗེས་སོང་དང༌། །གང་ཞིག་སྦྱང་དཀར་སོན་པ་དང༌། །གང་ཞིག་རིང་སོང་ཐོབ་པ་དང༌། །འོད་བྱེད་དུ་ནི་གནས་པ་སྟེ། །ས་བཅུའི་དབང་ཕྱུག་མགོན་པོ་དང༌། །འཕགས་པའི་གང་ཟག་བརྒྱད་པོ་དང༌། །རྫོགས་སངས་རྒྱས་དང་ཉན་ཐོས་ཉིད། །རྭ་ནི་རལ་གྲིའི་གཟུགས་ཅན་དང༌། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་སྲེག་ཆོ་གས་དགྱེས་པ་ཉིད། །དེ་བཞིན་ཚོགས་ཀྱི་དཀྱིལ་འཁོར་ལོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྒྱ་མཚོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་གསུངས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply