༼ན༽
༄༅། །སྒྲོལ་མའི་མངོན་རྟོགས་བཞུགས།།
༄༅། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲུབ་པའི་གང་ཟག་གིས། དུས་གང་ཡང་རུང་བ་ལ་གྲུབ་ན་ཁྲུས་བྱ། མ་གྲུབ་ན་ཁ་དག་པ་ཙམ་བྱ་སྟེ། སྟན་བདེ་བ་ལ་བསྡད་ནས། སྐྱབས་འགྲོ་སེམས་བསྐྱེད་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་བསམ། དེ་ལས་འོད་འཕྲོས་པས་མདུན་གྱི་ནམ་མཁར་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བླ་མ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན་སྟེང་གི་ཆ་ལ་བཞུགས་པ་སྤྱན་དྲངས། དེ་དག་ལ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དང༌། ཡིད་ལས་བྱུང་བ་དང་གདན་དབུལ་བའི་བར་དུ་བྱ། དེའི་སྤྱན་སྔར་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། སྐྱབས་སུ་འགྲོ་བ་སེམས་བསྐྱེད་པ། ཡོངས་སུ་བསྔོ་བ་རྣམས་རྒྱས་པར་བྱ་བའམ། བསྡུས་པ་རྡོ་རྗེ་གུར་ལས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པ་ལན་གསུམ་བརྗོད། དེ་ནས་བྱམས་པ་ལ་སོགས་པའི་ཚད་མེད་བཞི་བསྒོམ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་པའི་ཕྱིར་ཐོག་མར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྶརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པ་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་ཟུང་འཇུག་གི་སྐུར་བལྟ་བ་ནི། པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལྗང་གུ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་ཏཱཾ་གིས་མཚན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་སྤྲོས་པས། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་བདག་རང་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ལང་ཚོ་ལ་བབ་ཅིང་མཛེས་མ་ཞབས་གཡས་པ་ཅུང་ཟད་བརྐྱང་པའི་ཕྱེད་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་འདོད་པ་སྦྱིན་པའི་ཕྱག་རྒྱ་ཅན། གཡོན་པ་མེ་ཏོག་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་བ། མེ་ཏོག་གི་ཁ་སྙན་གྱི་དྲུང་དུ་རྒྱས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་གྱི་ན་བཟའ་ཅན། ཡོན་ཏན་མ་ལུས་པས་ཕུལ་དུ་ཕྱུང་བའི་དམ་ཚིག་སེམས་མའི་སྐུ་བསྐྱེད། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཚོན་གང་པ་དམ་ཚིག་སེམས་དཔའ་ཇི་ལྟ་བ་བཞིན་བསྐྱེད། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལྗང་གུ་འོད་ཟེར་དང་བཅས་པ་བསྒོམ། དེ་ལས་འོད་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་བདག་དམ་ཚིག་སེམས་མ་ཇི་ལྟ་བ་བཞིན་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་མཆོད། ཛཿཞེས་བརྗོད་པས་བདག་ལ་ཉེ་བར་བྱོན། ཧཱུྃ་ཞེས་པས་བསྟིམ། བཾ་གྱིས་དབང་དུ་བྱ། ཧོཿས་མཉེས་པར་བསམ། དེ་ནས་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །སྙིང་གར་ཧཱུྃ་སྔོན་པོས་བྱིན་གྱིས་བརླབ། ཡང་སྙིང་གའི་ཏཱཾ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ཁྱོད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །དེས་རང་གི་དོན་རྫོགས་ནས་གཞན་དོན་ལ་འཇུག་པའི་ཕྱིར། སྙིང་གའི་ཏཱཾ་ལས་འོད་འཕྲོས་ཏེ་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ལ་ཕོག དེ་དག་ཐམས་ཅད་རྗེ་བཙུན་མ་སྒྲོལ་མར་གྱུར་པར་བསམ། དེ་བཞིན་དུ་དམིགས་ཏེ་འོད་ཟེར་སྤྲོ་བསྡུ་ཡང་ནས་ཡང་དུ་བྱ། དེ་དག་ཐམས་ཅད་ཀྱང་རང་བཞིན་མེད་པ་རྨི་ལམ་གྱི་ཚུལ་དུ་བསྒོམ། བསྒོམ་པས་སྐྱོ་ན་སྔགས་བཟླས་ཏེ་སྙིང་གའི་ཏཱཾ་ལས་སྔགས་ཀྱི་ཕྲེང་བ་བྱུང་ནས་ཁའི་ལམ་ནས་ལྟེ་བའི་ནང་དུ་ཞུགས་ཏེ། ཏཱཾ་ཉིད་ལ་ཐིམ། ཡང་དེ་བཞིན་དུ་ཁའི་ལམ་ནས་ལྟེ་བའི་ནང་དུ་འཇུག་པའི་ཚུལ་གྱིས་མ་ཡེངས་ཤིང་ཡིག་འབྲུ་གསལ་བ་དང༌། རྨི་ལམ་ལྟ་བུའི་ངང་ལ་སྔགས་ཀྱི་བཟླས་པ་བྱས་ཏེ། དེ་ལ་སྔགས་ཀྱི་ཚིག་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བཟླས་སོ། །བཟླས་པས་སྐྱོ་ན་བཛྲ་མུཿཞེས་བརྗོད་ལ་བཟོད་པར་གསོལ་ཏེ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བར་བྱའོ། །གཞན་ཟ་བ་དང༌། ཉལ་བ་དང༌། འཆག་པ་ལ་སོགས་པ་ཐམས་ཅད་རྗེ་བཙུན་མ་སྒྲོལ་མའི་ང་རྒྱལ་གྱིས་སྤྱད་པར་བྱའོ། །གང་ལ་རྒྱལ་བའི་ཡུམ་དེས་རྗེས་བཟུང་བ། །སྡོམ་བརྩོན་དམ་པ་ཤཱཀྱ་དཔལ་གྱི་གསུང༌། །འགྲོ་ལ་ཕན་ཕྱིར་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་ཚིག་གི་སྡེབ་སྦྱོར་སྤངས་ཏེ་བྲིས། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply